ང༽ རྒྱལ་སྲས་ཞི་བ་ལྷའི་གསུང་བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།

ང༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།

 

སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་རྣམས་ལེགས་སྦྱར་ལས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་འབེབས་མཛད་མཁན་གྱི་རྒྱ་གར་དང་། ཁ་ཆེ། བལ་ཡུལ། བོད་བཅས་ཀྱི་མཁས་པའི་སྐྱེས་མཆོག་མཁན་པོ་དང་། གནས་ལྔ་རིག་པའི་བདག་ཉིད་ཅན་གྱི་པཎྜི་ཏ། འཇིག་རྟེན་མིག་འབྱེད་ཀྱི་ལོ་ཙཱ་བ་གང་དག་ཡོད་པ་ནི། དང་པོ། རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ནི། བླ་མ་དྷི་རི་ཤྲཱི་ཛྙཱ་ནའི་ཞབས།

རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི། པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། རྒྱ་གར་མཁན་པོ་དཱ་ན་ཤཱི་ལ། རྒྱ་གར་གྱི་མཁན་པོ་དྷརྨ་རཱ་ཛ། རྒྱ་གར་གྱི་མཁན་པོ་བུདྡྷ་ཤྲཱི་ཛྙཱ་ན། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་གོ་ཏ་མ་ཤྲི་བཅས་ ༡༠ དང་། གཉིས་པ། ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང༌། གསུམ་པ། བལ་པོའི་པཎྜི་ཏ་རཱ་མ་དང་། བལ་པོ་རྫོང་གི་རྒྱལ་པོ་བླ་མ་པཎྜི་ཏ་བུདྷ། ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་བཅས་གསུམ་མོ།།

བཞི་པ། བོད་གངས་ཅན་ལྗོངས་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། ལོ་ཙཱ་བ་ཤཱཀྱ་བློ་གྲོས། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ། གཞོན་ནུ་དཔལ། ཞ་མ་ལོ་ཙཱ་བ། བོད་ཀྱི་ལོ་ཙཱ་བ་གནས་བརྟན་ཉི་མ་རྒྱལ་མཚན་དཔལ་བཟང་པོ། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་བཅས་ཁྱོན་རྒྱ་གར་གྱི་མཁན་པོ་དང་པཎྜི་ཏ་ ༡༠ དང་། ཁ་ཆེའི་པཎྜི་ཏ་ ༡ བལ་པོའི་པཎྜི་ཏ་ ༣ བོད་ཀྱི་ལོ་ཙཱ་བ་ ༡༢ བཅས་ཁྱོན་རྒྱལ་ཁབ་བཞི་ཡི་ལོ་པཎ་མཁན་གསུམ་ཞལ་གྲངས་ ༢༦ ཡིས་སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་རྣམས་ལེགས་སྦྱར་གྱི་སྐད་ཤ་སྟག་ལས་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་ཅིང་། གསུང་དེ་དག་གི་ཁྲོད་དུ་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༨ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་ ༥ དང་། འགྱུར་བྱང་གསལ་བའི་ཆོས་ཚན་ ༡༠ དང་། འགྱུར་བྱང་མི་གསལ་བའི་ཆོས་ཚན་ ༣ མཆིས་སོ།།

དེ་ལྟར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་ཆོས་ཚན་ ༡༣ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་ཡིག་ལྷག་མར་ལུས་པ་ཆོས་ཚན་ ༦ དང་། ལེགས་སྦྱར་བསྐྱར་གསོའི་ངོ་བོར་བཞུགས་པའི་ཆོས་ཚན་ ༡ ལེགས་སྦྱར་གྱི་མ་ཡིག་རྩ་བརླག་ཏུ་སོང་བའི་ཆོས་ཚན་ ༦ ཡོད་ལ། གོང་གསལ་ཆོས་ཚན་ ༡༣ ལས་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་པར་མ་གཉིས་སུ་མི་གསལ་བའི་ཆོས་ཚན་ ༤ ཡོད་པ་སྣར་ཐང་དང་པེ་ཅིང་པར་མ་གཉིས་སུ་བཞུགས་པ་ལས་ཁ་སྐོང་ཞུས་པ་བཅས་སོ།།

གཞན་ཡང་། སློབ་དཔོན་ཤཱནྟི་དེ་ཝའི་འགྱུར་ལ། བསྟན་འགྱུར་ལས། རྒྱུད་ཀྱི་སྐོར་ན་བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་དང་ལྷན་དུ་བསྒྱུར་བའི་ཆོས་ཚན་ ༡ བཞུགས་[1]པ་ཞི་བ་ལྷའི་འགྱུར་གཞུང་ཡིན་མིན་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་། འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༣༢༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༡ ནས་ ༨༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *