དྲུག་པ། རྒྱལ་སྲས་ཞི་བ་ལྷའི་གསུང་གི་དཀར་ཆག དང་པོ། རྒྱུད་ཀྱི་སྐོར།

དྲུག་པ། རྒྱལ་སྲས་ཞི་བ་ལྷའི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག

དང་པོ། རྒྱུད་ཀྱི་སྐོར།

༡༽ རྒྱུད་ ༼ཝི༽ པ་ལ། རྒྱ་གར་སྐད་དུ། སཔྟ་མི་སིདྡྷཱནྟ་ནཱ་མ། བོད་སྐད་དུ། གྲུབ་མཐའ་བདུན་པ་ཞེས་བྱ་བ། བྷུ་སུ་ཀུ་སོགས་ཀྱིས་མཛད། ས་ར་ཧའི་ཞབས་དང་བར་མ་ཆད་པ། དཔལ་ཀླུ་སྒྲུབ་ཞབས་ཀྱིས་རྒྱ་མཚོ་ལས་ཕྱུང་བ། པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་དང་། གཞོན་ནུ་དཔལ་གྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

༄༅། །གྲུབ་མཐའ་བདུན་པ་བཞུགས་སོ།།

 

རྡོ་རྗེའི་ནང་དུ་རྣམ་ཞུགས་རོལ་པ་དང་བཅས་དགའ་བའི་རྣམ་པ་དྲི་མ་མེད། །

ཡངས་པར་ཀུན་ཏུ་སོང་བའི་སེམས་ཀྱི་ཡིད་སྐྱེ་དང་བཅས་དགའ་ཐོབ་དལ་བུ་ཡིས། །

ཇི་སྲིད་གཡོ་མེད་མ་ཐོབ་ཡུན་རིང་དེ་སྲིད་དུ་ནི་དེ་བཞིན་ཡང་དག་གནས། །

ཀུན་ཕན་བྱེད་པ་རབ་ཏུ་འབྱུང་ལྡན་སྐར་མའི་བདག་པོའི་སྣང་བར་མི་འདོར་རོ། །

བྷུ་སུ་ཀུའི་འོ། །པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་དང་། གཞོན་ནུ་དཔལ་གྱིས་བསྒྱུར་བའོ[1]།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼མི༽ ཚན་གྲངས་ ༤༥ ལྡེབ་ ༣༦༧བ༦ ནས་ ༣༦༨བ༣ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༡༣-༨། ༡༧-༢༤ ཚེག་ཁྱིམ་ ༥༨༥། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༤༥ ལྡེབ་ ༣༥༧ན༢ ནས་ ༣༥༧བ༧ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༡༣-༨། ༡༧-༢༤ ཚེག་ཁྱིམ་ ༥༨༥། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝི༽ དེབ་ཨང་ ༢༦ ཤོག་གྲངས་ ༩༣༧ ནས་ ༩༣༩ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་སྡེ་དགེ་བསྟན་དང་། ཅོ་ནེ་བསྟན་འགྱུར་གྱི་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།

༢༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། ཞི་བ་ལྷ་སོགས་གྲུབ་ཐོབ་ལྔ་བཅུས་མཛད་པ། མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ[2]། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༤ ལྡེབ་ ༧༡བ༡ ནས་ ༧༤ན༧ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ། ༢༡༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༤ ལྡེབ་ ༩༠ན༨ ནས་ ༩༤ན༣ བར་ཡིག་ཕྲེང་ ༦༠ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༤ ལྡེབ་ ༧༧བ༢ ནས་ ༨༠བ༦ བར་ཡིག་ཕྲེང་ ༤༧ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༤ ལྡེབ་ ༧༡ན༧ ནས་ ༧༤ན༧ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་ ༢༧ པའི་ཤོག་གྲངས་ ༣༤༡ ནས་ ༣༤༩ བར་གསལ་བ་བཅས་སོ།།

༣༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ་ཞེས་བྱ་བ། ཞི་བ་ལྷ་སོགས་གྲུབ་ཐོབ་བཞི་བཅུས་མཛད་པ། འགྱུར་བྱང་མི་གསལ་ལོ། །[3]འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༩ ལྡེབ་ ༨༣ན༡ ནས་ ༨༥བ༦ བར་ཡིག་ཕྲེང་ ༤༡ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༠༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༩ ལྡེབ་ ༡༠༤བ༤ ནས་ ༡༠༨ན༤ བར་ཡིག་ཕྲེང་ ༥༧ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༩ ལྡེབ་ ༩༠བ༦ ནས་ ༩༣བ༧ བར་ཡིག་ཕྲེང་ ༤༤ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༢༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༩ ལྡེབ་ ༨༣ན༢ ནས་ ༨༥བ༦ བར་ཡིག་ཕྲེང་ ༣༩ ཚིག་རྐང་ ༧-༦༡། ༩-༥༢། ༡༡-༣༦། ༡༣-༡༢ ཚེག་ཁྱིམ་ ༢༡༠༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ ཤོག་གྲངས་ ༣༨༢ ནས་ ༣༩༠ བར་བཞུགས་པ་བཅས་སོ།།

༤༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། ས་ཧཱ་ཛ་གཱི་ཏི། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་གླུ། རྣལ་འབྱོར་གྱི་དབང་ཕྱུག་ཤཱནྟ་དེ་བས་མཛད་པ། བླ་མ་དྷི་རི་ཤྲཱི་ཛྙཱ་ནའི་ཞབས་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢ན༡ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༡༩༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢བ༡ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༢༠༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢བ༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༢༠༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢ན༡ བར་ཡིག་ཕྲེང་ ༦ ཚིག་རྐང་ ༩-༡༦ ཚེག་ཁྱིམ་ ༡༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ ཤོག་གྲངས་ ༣ ནས་ ༤ བར་བཞུགས་པ་བཅས་སོ།།

༥༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བདེ་མཆོག་འཁོར་ལོའི་ཊཱིཀ །སློབ་དཔོན་བྷུ་སུ་ཀུས་མཛད་པ་བཞུགས་སོ། །ཞེས་དང་། མཆོད་བརྗོད་དང་བརྩམ་པར་དམ་བཅའ་ལས[4]། རྒྱལ་པོའི་རིགས་ལྡན་ན་ལེན་ཏྲར། །བྱམས་དང་སྙིང་རྗེའི་མེ་ཏོག་ལས། །འཇམ་པའི་མགོན་གྱིས་གེ་སར་གཟིགས། །བྷུ་སུ་སྐུ་ལ་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོའི་སྒྲུབ་པའི་ཐབས། །དེ་དོན་ཅུང་ཞིག་བཀྲོལ་བར་བྱ། །སློབ་དཔོན་བྷུ་སུ་སྐུས་མཛད་པའི། །བདེ་མཆོག་འཁོར་ལོའི་བསྒྲུབ་ཐབས་འདི་ལ། །དོན་གཉིས་ཏེ། ལོ་རྒྱུས་དང་གཞུང་ངོ་། །དང་པོ་གཉིས་ཏེ། བསྡུས་པ་དང་། རྒྱས་པའོ། །དང་པོ་ནི། སློབ་དཔོན་འདིའི་རིགས་རྒྱལ་པོ་ཡིན། གྲུབ་པ་འཕགས་པ་འཇམ་དཔལ་ལས་མཉེས་པའོ། །བཞུགས་པའི་གནས་ན་ལེན་ཏྲའོ། །རྒྱས་པ་ཞལ་ལས་ཤེས་སོ། །ཞེས་དང་། མཇུག་བྱང་ལས[5]། སློབ་དཔོན་བྷུ་སུ་ཀུས་མཛད་པའི་བདེ་མཆོག་འཁོར་ལོའི་ཊཱིཀ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ལ། མཆོད་བརྗོད་དང་བརྩམ་པར་དམ་བཅའ་སོགས་ལ་གཞིགས་ཏེ་སློབ་དཔོན་བྷུ་སུ་ཀུའི་གསུང་ཡིན་མིན་དོགས་གཞི་ཆེ་བས་དཔྱད་དགོས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼པུ༽ ཚན་གྲངས་ ༥༩ ལྡེབ་ ༢༩༣ན༥ ནས་ ༢༩༥བ༥ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༡༥༣༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼པུ༽ ཚན་གྲངས་ ༥༩ ལྡེབ་ ༢༧༢བ༤ ནས་ ༢༧༤བ༦ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༥༣༨། ག༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[6]། རྒྱུད་འགྲེལ། ༼པུ༽ བདེ་མཆོག་འཁོར་ལོའི་ཊཱིཀྐ། སློབ་དཔོན་བྷུ་སུ་ཀུས་མཛད། ལྡེབ་གྲངས་ ༤༡༠ན། ༤༡༣ན། བར་བཞུགས་ལ། ང༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ པའི་ཤོག་གྲངས་ ༡༡༥༣ ནས་ ༡༡༥༨ བར་བཞུགས་ཤིང་། སྡེ་དགེ་དང་ཅོ་ནེ་གཉིས་སུ་མི་གསལ་བ་བཅས་སོ།།

༦༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་དུ། ཙཀྲ་ཤཾ་བྷ་ར་ས་དྷ་ན་མ། བོད་སྐད་དུ། བདེ་གཤེགས་འཁོར་ལོའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རི་རབ་སྟེང་དུ་སྣ་ཚོགས་པདྨ་མཛེས། །ཁྱབ་འཇུག་དབང་ཕྱུག་དབུ་མའི་གདན་ལ་བཞུགས། །རྡོ་རྗེ་ཕག་མོས་འཁྱུད་ནས་གར་བྱེད་པ། །ཆུ་སྐྱེས་མཉམ་ཉིད་རྡོ་རྗེ་སྒྲོག་པར་བྱེད། །གཞོན་ནུ་རྣལ་འབྱོར་མ་བཞི་དགའ་བཞི་བསྐོར། །གླང་ཆེན་བཤག་ནས་ནམ་མཁའི་དབྱིངས་སུ་འཛིན། །འཁོར་ལོ་གསུམ་ལས་དཔའ་བོ་ཉི་ཤུ་བཞི། །ནང་དུ་ཀུན་དཀྱིལ་འཁོར་ཕྱི་རུ་ཁྲོ་བོ་བརྒྱད། །རྒྱན་དྲུག་མགོ་ཕྲེང་ཁྲག་འཛག་ཕྲེང་བས་བརྒྱན། །འདུས་པས་ཉེ་བའི་མཚན་མོ་གར་བྱེད་དོ། །ཕྱོགས་སྐྱོང་ཤིང་བརྒྱད་དུར་ཁྲོད་ཕྱི་རྣམས་ལ། །མགོ་ཐོད་ཀེང་རུས་སྟན་ལ་གནས་པ་ནི། །དེ་བས་བདག་ཉིད་སྟོང་ཉིད་དོན་རྟོགས་པ། །རང་བྱུང་མཆོད་རྟེན་རྣམས་ལ་སྐོར་བ་བྱ། །ཞི་ལྷ་བྷུ་སུ་ཀུ་ནི་སྲ་བར་བྱེད། །བདེ་མཆོག་འཁོར་ལོའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་བྷུ་སུ་ཀུས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། ། ༼གཞུང་ཆ་ཚང་འདི་ལྟར་གསལ་བས་འདིར་བཀོད་པའོ།།༽ འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼པུ༽ ཚན་གྲངས་ ༦༠ ལྡེབ་ ༢༩༥བ༥ ནས་ ༢༩༦ན༣ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༨༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼པུ༽ ཚན་གྲངས་ ༦༠ ལྡེབ་ ༢༧༤བ༧ ནས་ ༢༧༥ན༣ བར་ཡིག་ཕྲེང་ ༥ ཚེག་ཁྱིམ་ ༨༦། ག༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[7]། རྒྱུད་འགྲེལ། ༼པུ༽ བདེ་མཆོག་འཁོར་ལོའི་སྒྲུབ་ཐབས། སློབ་དཔོན་བྷུ་སུ་ཀུས་མཛད། ལྡེབ་གྲངས་ ༤༡༣ན། ༤༡༣བ། བར་བཞུགས་ལ། ང༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ པའི་ཤོག་གྲངས་ ༡༡༥༩ ནས་ ༡༡༦༠ བར་བཞུགས་ཤིང་། སྡེ་དགེ་དང་ཅོ་ནེ་གཉིས་སུ་མི་གསལ་བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དཀར་ཆག་གི་ཟུར་མཆན། གོང་གསལ་ཆོས་ཚན་འདི་ཉིད་ནང་སྟོན་པ་སངས་རྒྱས་ཀྱི་གསུང་ཚིགས་སུ་བཅད་པ་གཅིག་དང་། དེ་རྗེས་སློབ་དཔོན་དགེ་བའི་མགོན་པོ་དང་། གྲུབ་ཆེན་བི་རུ་ཝ། སློབ་དཔོན་བྷུ་སུ་ཀུ། གྲུབ་ཆེན་ནག་པོ་སྤྱོད་པ། མགོན་པོ་ཀླུ་སྒྲུབ། ལཀྵྨི་ཆེན་མོ། གྲུབ་ཆེན་དཱ་རི་ཀ་བཅས་ཀྱི་གྲུབ་ཐོབ་རེ་རེར་ཚིགས་སུ་བཅད་རེ་སྣང་བ་བཅས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་མགོན་པོ་ཀླུ་སྒྲུབ་དང་། རྒྱལ་སྲས་ཞི་བ་ལྷའི་གསུང་ཚིགས་སུ་བཅད་པ་རེ་རེ་གསལ་བ་ཟུར་འདོན་གྱིས་སློབ་དཔོན་སོ་སོའི་གསུང་གི་སྐབས་སུ་ཞལ་སྐོང་ཞུས་ཤིང་། གྲུབ་མཐའ་བདུན་པ་ལས་འདི་ཉིད་གསུམ་པ་ཡིན་ནོ།།

[2] ཆོས་ཚན་འདི་ཉིད་ནང་། ཀླུ་སྒྲུབ་དང་། ཤཱནྟ་དེ་བ། ཕྱོགས་ཀྱི་གླང་པོ། ཟླ་བ་གྲགས་པ་བཅས་པཎ་གྲུབ་ཞལ་གྲངས་བཞིའི་ཚིགས་སུ་བཅད་པ་རེ་རེ་མཆིས་པ་ཟུར་འདོན་གྱིས་སློབ་དཔོན་སོ་སོའི་གསུང་གི་སྐབས་སུ་ཞལ་སྐོང་ཞུས་པའོ།།

[3] ཆོས་ཚན་འདི་ཉིད་ནང་། ཀླུ་སྒྲུབ་དང་། ཕྱོགས་ཀྱི་གླང་པོ། བྷུ་སུ་ཀུ་བཅས་པཎ་གྲུབ་ཞལ་གྲངས་གསུམ་གྱི་ཚིགས་སུ་བཅད་པ་རེ་རེ་མཆིས་པ། ཟུར་འདོན་གྱིས་སློབ་དཔོན་སོ་སོའི་གསུང་གི་སྐབས་སུ་ཞལ་སྐོང་ཞུས་པའོ།།

[4] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ པ། ༢༠༠༨ལོ། ཤོག་གྲངས་ ༡༡༥༣

[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ པ། ༢༠༠༨ ལོ། བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༡༥༨

[6] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༩

[7] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༩

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༣ ནས་ ༥༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *