གཉིས། སངས་རྒྱས་བསྐྱངས་ཀྱི་གསུང་གཞན་གྱི་སྐོར།

གཉིས། སངས་རྒྱས་བསྐྱངས་ཀྱི་གསུང་གཞན་གྱི་སྐོར།

 

དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། སློབ་དཔོན་དཔའ་བོ་ལ་སོགས་པས་མཛད་པའི་བསྟན་བཅོས་མང་པོ་ལ་རྣམ་བཤད་མཛད། ཅེས་དང་། དེ་བཞིན་ལམ་རིམ་བླ་མ་བརྒྱུད་པའི་ལམ་རྣམ་ཐར་དང་། ཆོས་འབྱུང་ཀུན་གསལ་མེ་ལོང་གཉིས་ཀར། སློབ་དཔོན་འདིས་གཞན་ཡང་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་མང་དུ་མཛད་དོ། །ཞེས་གསུངས་པར་མ་ཟད།

སློབ་དཔོན་སངས་རྒྱས་བསྐྱངས་རང་ཉིད་ཀྱིས་མཛད་པའི་བུདྡྷཿཔཱ་ལི་ཏའི་མཇུག་བྱང་ལས་[2]ཀྱང་། འཕགས་པ་འཇམ་དཔལ་གྱི་བཀའ་གྲུབ་པ་བསྟན་བཅོས་དུ་མའི་རྣམ་པར་བཤད་པ་མཛད་པ། ཞེས་གསལ་ནའང་སློབ་དཔོན་འདི་ཉིད་ཀྱི་གསུང་ད་ལྟ་ང་ཚོས་མཇལ་དུ་ཡོད་པ་ནི། གོང་གསལ་དཀར་ཆག་ལྟར་སློབ་དཔོན་རང་ཉིད་ཀྱི་མཚན་བསྟན་བཅོས་ལ་བཏགས་པ་བུདྡྷཿཔཱ་ལི་ཏ་ཞེས་པ་འདི་ཉིད་ཁོ་ན་ལས་མི་སྣང་བས། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[3]། སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་པ་ནི་བཤད་ཟིན་ལ། བསྟན་བཅོས་མང་དུ་མཛད་པར་གྲགས་ནའང་གཞན་རྣམས་ནི་བོད་དུ་མ་འགྱུར་སྣང་ངོ༌། །ཞེས་གསུངས་པ་ནི་བདེན་གཏམ་ལགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༧༡

[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༧༤༥

[3] ལྕང་སྐྱ་གྲུབ་མཐའ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༡༩༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༩ ནས་ ༤༣༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *