ཞ༽ བོ་དྷི་ས་ཏྭ་ཆེ་ཆུང་དང་། བདེན་གཉིས་དཀའ་འགྲེལ་མཛད་པ་པོ།

ཞ༽ བོ་དྷི་ས་ཏྭ་ཆེ་ཆུང་དང་། བདེན་གཉིས་དཀའ་འགྲེལ་མཛད་པ་པོ།

 

དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྨན་བླའི་མདོ་ཆོག་གི་ཕྱག་འཚལ་སྐབས་སུ་འཇུག་རྒྱུའི་བརྒྱུད་རིམ་ལས[1]།

བསྟན་པའི་རྩ་ལག་བོ་དྷི་སཏྭ་ཡི། །རིགས་དབོན་བོ་དྷི་སཏྭ་ཆུང་བའི་ཞབས། །

ཟ་ཧོར་ཆོས་ཀྱི་རྒྱལ་པོ་དགེ་བ་དཔལ། །དཱི་པཾ་ཀཱ་ར་རྣམས་ལ་ཕྱག་འཚལ་ལོ། །

ཞེས་བོ་དྷི་སཏྭ་ལ་ཆེ་ཆུང་གཉིས་དང་། དེ་ཡང་ཆུང་བ་དེ་ཉིད་རིགས་དབོན་ཡིན་པར་གསུངས་ལ། དེ་བཞིན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[2]། བདེ་བར་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་དང་སྨན་ལ་སྔགས་ཀྱིས་གདབ་པ་སོགས་ཀྱི་རྗེས་སུ་འབྲངས་ནས་མཁན་ཆེན་བོདྡྷི་ས་ཏྭས་བཀྲལ་བའི་སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་གི་བརྒྱུད་པ་ནི། སྨན་བླ། ཐུབ་དབང་། འཇམ་དཔལ། བོདྡྷི་ས་ཏྭ་ཆེ་བ། བོདྡྷི་ས་ཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཨ་ཏི་ཤ །ལྷ་བཙུན་བྱང་ཆུབ་འོད། ཅེས་གསལ་བ་ལྟར་ན། བོདྡྷི་ས་ཏྭ་ལ་ཆེ་ཆུང་གཉིས་ཡོད་པར་གསུངས། དེ་ལྟར་མཁན་ཆེན་བོདྡྷི་ས་ཏྭ་ཆེ་ཆུང་གཉིས་བྱོན་པའི་དབང་གིས་བདེན་གཉིས་དཀའ་འགྲེལ་[3]མཛད་པ་པོ་མཁན་ཆེན་གྱི་མཚན་གཡར་བ་ལས། དབུ་མ་རྒྱན་མཛད་པ་པོའི་མཁན་ཆེན་ཞི་འཚོའི་གསུང་མིན་པར་གསུངས་པའི་བར་འབྲེལ་བ་ཡོད་མེད་ལ་དཔྱད་དགོས་པར་སྣང་ངོ་།།

དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། བོད་ཀྱི་ཡུལ་དུ་ཨཱ་ཙཱརྱ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་པོ་དྷརྨ་པཱ་ལའི་བར་དུ་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་ཀུན་ན་ནི་བོད་ཀྱི་རྒྱལ་རབས་དགུ་མཁན་པོའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟར་ན་ནི། ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ། ཇི་བཞིན་ཡིན་པར་དཀའོ། །འདི་དང་དབུ་མ་རྒྱན་མཛད་པ་པོ་མཁན་ཆེན་ཞི་བ་འཚོ་གཉིས་གཅིག་པར་ཀུན་ཏུ་གྲགས་ཤིང༌། བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་གཅིག་པར་མཛད་འདུག་པས་རེ་ཞིག་དེ་ལ་ཡིད་བརྟན་བྱ་སྟེ། དེ་ལྟར་ན་རྒྱལ་པོ་གཽ་པཱ་ལའི་དུས་ཉིད་དུ་པཎྜི་ཏ་ཆེན་པོར་གྱུར་པ། རྒྱལ་པོ་འདིའི་དུས་སུ་གཙོ་བོར་འགྲོ་དོན་མཛད་པ་ཞིག་ཡིན་ནོ། །ཞེས་གསུངས་ལ། གུང་ཐང་འཇམ་དཔལ་དབྱངས་ཀྱིས་ཞི་འཚོས་དབུ་མ་རྒྱན་མ་བརྩམས་གོང་འཕགས་གྲོལ་གྱིས་ཕྱི་དོན་མེད་པའི་དབུ་མ་བཞེད་དེ་ཉི་སྣང་མཛད་པ་དང་། ཞི་བ་འཚོ་བོད་ཀྱི་རྒྱལ་རབས་དགུའི་རིང་སྒུག་པའི་སྐོར་ལ་རྒྱ་གར་ཆོས་འབྱུང་ནང་ཇི་བཞིན་ཡིན་པར་དཀའ་འོ། །ཞེས་ཀྱང་གསུངས་སོ།།

ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། འོན་ཀྱང་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བཤད་མཛད་མཁན་གྱི་ཞི་བ་འཚོ་དང་། དབུ་མ་རྒྱན་མཛད་པ་པོ་ཞི་བ་འཚོ་མི་གཅིག་པར་འདོད་པ་ལྟར་ན། དེ་གཉིས་ལས་གང་ཡིན་བརྟག་དགོས་པ་ཙམ་སྣང་ངོ༌། །ཞེས་གསུངས་པ་ལྟར་བདེན་གཉིས་ཀྱི་འགྲེལ་བཤད་མཛད་པ་པོ་དང་། དབུ་མ་རྒྱན་མཛད་པ་པོའི་ཞི་འཚོ་གཉིས་མི་གཅིག་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ཡང་རྗེ་བདག་ཉིད་ཆེན་པོའི་ (1357-1419) དྲང་ངེས་ལེགས་བཤད་སྙིང་པོ་ལས[6]། བདེན་གཉིས་རང་འགྲེལ་ལས།

གཞན་གྱིས་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །

གཞན་གྱི་མར་འདོད་གང་ཡིན་པ། །གཞན་གྱི་ཆུད་མར་ཡང་འདོད་བཞིན། །

ཞེས་ཁུངས་སུ་དྲངས་པ་དེ་ཀླུ་སྒྲུབ་ཀྱི་ཡིན་ཞེས་འགྲེལ་བཤད་ལས་འཆད་མོད་ཀྱང་དེ་མིན་པར་འཇུག་འགྲེལ་གྱིས་ཤེས་སོ། །འགྲེལ་བཤད་དེ་རྩོམ་པ་པོ་ཞི་བ་འཚོ་ཡིན་ཞེས་པ་ཡང་མིང་མཐུན་པའམ་ཁ་གཡར་བ་ཡིན་གྱི་དབུ་མ་རྒྱན་ལ་སོགས་པ་རྩོམ་མཁན་ནི་མིན་ཏེ། འདིས་བསྟན་བཅོས་རྩོམ་པའི་དགོས་པ་བཤད་པ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པར་བཀག་པའི་ཕྱིར་དང༌། གཟུང་འཛིན་ཇི་ལྟར་སྣང་བ་བཞིན་དུ་མེད་པར་སྨྲ་བ་མངོན་སུམ་དང་འགལ་ཞིང་གྲགས་པས་ཀྱང་གནོད་པར་བདེན་གཉིས་རང་འགྲེལ་ལས་བཤད་པ་སྒྲ་སོར་བཞག་གི་དོན་འཐད་ཕྱོགས་སུ་འགྲེལ་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་བདེན་གཉིས་དཀའ་འགྲེལ་ནི། དབུ་མ་རྒྱན་མཛད་པ་པོ་མཁན་ཆེན་ཞི་འཚོའི་གསུང་མིན་པར་ཁ་གཡར་བའམ་མཚན་མཚུངས་པ་ཙམ་ཡིན་པར་གསུངས་ལ། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[7]། སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་རང་འགྲེལ་དང་བཅས་པ་མཛད་ཅིང་། འདིའི་འགྲེལ་བཤད་ཞི་བ་འཚོས་མཛད་པར་གྲགས་པ་ནི་ཁ་གཡར་རོ། །ཞེས་ཀྱང་གསུངས་སོ།།

གཞན་ཡང་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་ (དུས་རབས་13པ།) མཛད་པའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་ལས[8]། གཉིས་པ་ནི། སློབ་དཔོན་ཞི་བ་འཚོའི་བཞེད་པས། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། གཞན་གྱི་སྦྱོར་བ་ངན་པ་བཟློག་པ་ཡིན་ཏེ། གཞན་དག་འདི་སྐད་དུ། བསྟན་བཅོས་འདི་ནི་བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་ལ་སོགས་པའི་ཆོས་བཞི་མེད་པའི་ཕྱིར་ཞེས་ཟེར་བ་ལ། རྟགས་ཐེ་ཚོམ་ཟ་བའི་སྒོ་ནས་མ་གྲུབ་པར་བསྟན་པའི་ཕྱིར་དགོས་འབྲེལ་བཞི་བསྟན་པ་ཡིན་ནོ་ཞེས་འཆད་དོ། །ཞེས་གསུངས་ཤིང་། དེ་བཞིན་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ་ལས། གཞན་གྱི་སྦྱོར་ངན་བཟློག་ཙམ་འདིའི་དགོས་པར། །ཚད་མའི་དེ་ཉིད་བསྡུས་པར་བཤད་པ་མིན། །རྟོགས་ལྡན་འཇུག་ཆེད་ཙམ་མིན་དགོས་སོགས་བཞི། །ཡོད་པར་རྟོགས་པ་ཡོངས་གཅོད་དགོས་པ་བཞི། །ཞེས་དང་། ཡང་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ལས[9]། དེས་ན་ལེགས་བཤད་སྙིང་པོ་ལས། འགྲེལ་བཤད་དེ་རྩོམ་པ་པོ་ཞི་བ་འཚོ་ཡིན་ཞེས་པ་ཡང་མིང་མཐུན་པའམ། ཁ་གཡར་བ་ཡིན་གྱི་དབུ་མ་རྒྱན་ལ་སོགས་པ་རྩོམ་མཁན་ནི་མིན་ཏེ། འདིས་བསྟན་བཅོས་རྩོམ་པའི་དགོས་པ་བཤད་པ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པར་བཀག་པའི་ཕྱིར་དང༌། གཟུང་འཛིན་ཇི་ལྟར་སྣང་བ་བཞིན་དུ་མེད་པར་སྨྲ་བ་མངོན་སུམ་དང་འགལ་ཞིང་། གྲགས་པས་ཀྱང་གནོད་པར་བདེན་གཉིས་རང་འགྲེལ་ལས་བཤད་པ། སྒྲ་སོར་བཞག་གི་དོན་འཐད་ཕྱོགས་སུ་འགྲེལ་བའི་ཕྱིར་རོ། །ཞེས་གསུངས་པ་འདི་ཁས་ལེན་ན། ཞི་འཚོས་གཟུང་འཛིན་སྣང་བ་ལྟར་མ་གྲུབ་པར་འདོད་ཅེས་མ་སྨྲ་ཞིག །དབུ་མའི་མཐའ་དཔྱོད་ཀྱི་དགག་བྱ་ངོས་འཛིན་དང་། དེར་དྲངས་པའི་དབུ་མ་རྒྱན་རང་འགྲེལ་གྱི་དོན་ཚུར་མཐོང་གི་ཤེས་པའི་སྣང་ཆ་ལ་མ་འཁྲུལ་བའི་ཆ་གཅིག་ཐལ་འགྱུར་བས་མི་འདོད་ཀྱང་། འདི་པས་འདོད་པའི་དོན་ནོ། །ཞེས་གསུངས་སོ།།

དེ་བཞིན་རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་ (འཁྲུངས་གཤེགས་མི་གསལ།) འདུལ་བ་ལས[10]། ཞི་འཚོས་གཞན་གྱི་སྦྱོར་ངན་བཟློག་པ་དགོས་པར་འདོད་ཀྱང་དེ་བཟློག་པ་ཙམ་འདིའི་དགོས་པར་བཞེད་པ་མིན་ལ། བཟློག་ཙམ་དགོས་པར་བཤད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་དེས་དགོས་པ་བཤད་ཚུལ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བར་བཀག་པའི་ཕྱིར་ན་དེ་ལྟར་བཤད་པའི་དཀའ་འགྲེལ་དེ་ཉིད་ཞི་འཚོས་བརྩམས་པ་མིན་ཏེ། ལེགས་བཤད་སྙིང་པོ་ལས། འགྲེལ་བཤད་དེ་རྩོམ་པ་པོ་ཞི་བ་འཚོ་ཡིན་ཞེས་པའང་མིང་མཐུན་པའམ་ཁ་གཡར་བ་ཡིན་གྱི་དབུ་མ་རྒྱན་ལ་སོགས་པ་རྩོམ་མཁན་ནི་མིན་ཏེ། འདིས་བསྟན་བཅོས་རྩོམ་པའི་དགོས་པ་བཤད་པ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བར་བཀག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཞེས་བྱུང་ངོ་།།

ཡང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་དྲང་ངེས་འཇུག་ངོགས་ལས[11]། འགྲེལ་བཤད་དེ་རྩོམ་པ་པོ་ཞི་འཚོ་དང་མིང་མཐུན་པའམ་ཁ་གཡར་བ་ལས་དབུ་མ་རྒྱན་སོགས་རྩོམ་མཁན་མིན་ཏེ། དེར་རབ་ཏུ་བྱེད་པ་འདི་ནི་དགོས་པ་མེད་པའི་ཕྱིར་བརྩམ་པར་བྱ་བ་མ་ཡིན་ཏེ། བྱ་རོག་གི་སོ་བརྟག་པ་དང་འདྲའོ་སྙམ་དུ་དོགས་པའི་གཏན་ཚིགས་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། ཞེས་བསྟན་བཅོས་རྩོམ་པའི་དགོས་པ་བཤད་པ་ཀ་ཤཱིའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བར་འགྲེལ་བཤད་ཀྱི་འདོད་པ་དེ་བཀོད་རྗེས། དེ་ནི་ཡང་དག་པ་མ་ཡིན་པ་ལྟ་བུར་མངོན་ཏེ། ཞེས་བཀག་པའི་ཕྱིར་དང་། བདེན་གཉིས་རང་འགྲེལ་ལས། གལ་ཏེ་མེད་པའི་ཕྱིར་མི་ལྟོས་སོ་ཞེ་ན། མངོན་སུམ་དང་འགལ་བ་ཀུན་ཏུ་སྤྱོད་དེ། གཟུང་བ་དང་འཛིན་པ་ནི་བརྟགས་པའི་ངོ་བོ་ཉིད་ཡིན་ལ། དེ་གཉིས་ཀྱང་མངོན་སུམ་ཁོ་ནར་གྲགས་པ་དེ་དག་ཡིན་ནོ། །ཞེས་བྱུང་བ་ལྟར་ཞིབ་ཏུ་དཔྱད་དགོས་སོ།།   །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼བ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༣༤༤

[2]  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། པོད། ༼ཀ༽ དཔེ་རིང་། ཤོག་གྲངས་ ༩༥ན༤

[3]  དཀའ་འགྲེལ་ནི། གཞུང་གི་ཚིག་དོན་རྣམས་མཐར་ཆགས་སུ་མ་བཤད་པར་དཀའ་བའི་གནད་རྣམས་རྩལ་དུ་བཏོན་ནས་བཤད་པའི་གཞུང་ཞིག སྤྱིར་འགྲེལ་པ་ལ། རྩ་བ་རྩོམ་པ་པོ་རང་ཉིད་ཀྱིས་འགྲེལ་པ་མཛད་པ་ལ་རང་འགྲེལ་དང་། མཚན་གཞི། མཛོད་རང་འགྲེལ་དང་། དབུ་མ་ལ་འཇུག་པའི་རང་འགྲེལ་ལྟ་བུ། རྩ་བའི་ཚིག་དོན་ཆ་ཚང་འགྲེལ་བ་ལ་ཚིག་འགྲེལ་ལམ་ཊཱིཀྐ་ཟེར། དཔེར་ན། འདུལ་ཊཱིཀ་རིན་ཆེན་ཕྲེང་བ་དང་མཚོ་ཊཱིཀ་ལྟ་བུ། དོན་གྱི་ཆ་གཙོ་བོར་འགྲེལ་བ་ལ་དོན་འགྲེལ། དཔེར་ན། འདུལ་བ་ལུང་སྡེ་བཞིའི་དོན་གྱི་ཆ་གཙོ་བོར་འགྲེལ་བ་ལ་མདོ་རྩ་བ་ལྟ་བུ། ཡང་འགྲེལ་པའི་འགྲེལ་པ་ལ་འགྲེལ་བཤད་ཟེར། མཚན་གཞི། མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་འགྲེལ་བཤད་ཚིག་གསལ་ལྟ་བུ། (ཚིག་མཛོད་མུན་སེལ་སྒྲོན་མེ། ཐེ་ཝན་དེབ་གཟུགས། ༢༠༠༩ ལོ། ཤོག་ ༣༡)

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༧

[5]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༧

[6]  དྲང་ངེས་ལེགས་བཤད་སྙིང་པོ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༦ ལོ། ཤོག་གྲངས་ ༡༠༦

[7]  ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༢༣༢

[8]  འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ༼ཀ༽ དཔེ་རིང་། ཤོག་ ༣བ༡

[9]  ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ། སྒོ་མང་དཔེ་མཛོད། ༢༠༠༠ ལོ། ཤོག་གྲངས་ ༤༤

[10]  རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་འདུལ་བ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༣༡

[11]  དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད། ༢༠༠༤ ལོ། དེབ་གཟུགས། ཤོག་གྲངས་ ༤༧༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༩ ནས་ ༢༩༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *