གསུམ་པ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་དཀར་ཆག ༡༽ དབུ་མ།

གསུམ་པ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་དཀར་ཆག

གཅིག །བསྟན་འགྱུར་དུ་བཞུགས་པའི་གསུང་གི་དཀར་ཆག

༡༽ དབུ་མ།

 

༡༽ དབུ་མ་ ༼ཙ༽ པ་ལ། རྒྱ་གར་སྐད་དུ། བུདྡྷཿཔཱ་ལི་ཏ་མཱུ་ལ་མ་དྷྱ་མ་ཀ་བྲིཏྟི། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་བུདྡྷཿཔཱ་ལི་ཏ་ཞེས་དང་། གཞུང་དངོས་ཀྱི་མཇུག་བྱང་ལས[1]། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་གཞག་པ་དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ།

སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་། ཐུགས་རྗེར་ལྡན་པ་དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ། དེའི་འགྲེལ་པ་དྲི་མ་སེལ་བར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གཏན་ལ་འབེབས་པ། དོན་དམ་པའི་བདེན་པ་གསལ་བར་བྱེད་པ། སློབ་དཔོན་བཙུན་པ་སངས་རྒྱས་བསྐྱངས་འཕགས་པ་འཇམ་དཔལ་གྱི་བཀའ་གྲུབ་པ་བསྟན་བཅོས་དུ་མའི་རྣམ་པར་བཤད་པ་མཛད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་[2]དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཆ་ཤས་ཙམ་བཞུགས་སོ།།

༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[3]། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེ་སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་མདུན་དུ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཇི་སྙེད་ཅིག་གསན་བཞེས་བཀའ་དྲིན་ཆེ་ཞིང་། དེ་ཡང་ཐོག་མར་ཆོས་འབྲེལ་ཇི་ལྟར་བྱུང་བའི་ཚུལ་ནི། སྐྱབས་རྗེ་རི་རྫོང་རིན་པོ་ཆེར་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཀུན་དང་། རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏི་དང་། ཚིག་གསལ་གྱི་ལུང་རྒྱུན་ཡོད་པས་གཞུང་ཆེན་དེ་དག་གི་ལུང་གི་རྒྱུན་ནོད་པར་མ་བྱས་ན་ཤིན་ཏུ་ཕངས་སོ་སྙམ་དུ་དགོངས་པ་དང་། གཞུང་ཆེན་མོའི་བཤད་པའི་རྒྱུན་ཉམས་ན་བསྟན་པ་རིན་པོ་ཆེ་ཉམས་པའི་རྐྱེན་ཡང་དེ་ལས་ཆེ་བ་མེད་པ་དང་། གཞུང་ཆེན་འདི་དག་གི་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ་བ་ཞིག་མ་བྱུང་ན་འཆད་ཉན་གྱི་རྒྱུན་ཆད་པའི་ཉེས་སུའང་གཟིགས་ནས་ཁྲི་རིན་པོ་ཆེ་གང་ཉིད་ལ་མངའ་བའི་གཞུང་ཆེན་དེ་དག་གི་རྒྱུན་གསན་ཅིང་བཞེས་པར་མཛད་དོ།།

ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེའི་ཞལ་སྔ་ནས་ལས་གསན་བཞེས་གང་མཛད་པ་རྣམས་ཀྱི་ཐོ་ཡིག་རིམ་པར་འགོད་པ་ལ། བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཆ་ཚང་གི་ལུང་དང་། སྐྱེས་རབས་དང་བྱང་ས་དང་ཚོམས་བཅས་ཀྱི་ལུང་། འགྲེལ་པ་བུདྡྷ་པཱ་ཏི་ལ་དང་། དབུ་མ་ཚིག་གསལ་གཉིས་ཀྱི་ལུང་། བསྟན་འགྱུར་བསྟོད་ཚོགས་ཀྱི་ཁྲོད་དུ་བཞུགས་པའི་སེམས་ཅན་མགུ་བར་བྱེད་པའི་བསྟོད་པའི་ལུང་བཅས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེ་སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཞལ་སྔ་ནས་ལས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་བྱུང་བ་ལྟར་རོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༩ རབ་བྱེད་ ༢༧ བམ་པོ་ ༡༠ ལྡེབ་ ༡༥༨ན༧ ནས་ ༢༨༡ན་༤ བར་ཡིག་ཕྲེང་ ༡༧༡༩ ཚེག་ཁྱིམ་ ༡༠༣༦༦༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༩ རབ་བྱེད་ ༢༧ བམ་པོ་ ༡༠ ལྡེབ་ ༡༧༨བ༢ ནས་ ༣༡༧བ༡ བར་ཡིག་ཕྲེང་ ༢༢༢༣ ཚེག་ཁྱིམ་ ༡༠༣༥༥༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༩ རབ་བྱེད་ ༢༧ བམ་པོ་ ༡༠ ལྡེབ་ ༡༦༩ན༦ ནས་ ༣༡༠བ༣ བར་ཡིག་ཕྲེང་ ༡༩༧༩ ཚེག་ཁྱིམ་ ༡༠༣༥༣༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཙ༽ ཚན་གྲངས་ ༡༩ རབ་བྱེད་ ༢༧ བམ་པོ་ ༡༠ ལྡེབ་ ༡༥༤བ༧ ནས་ ༢༧༨ན༤ བར་ཡིག་ཕྲེང་ ༡༧༣༣ ཚེག་ཁྱིམ་ ༡༠༣༦༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༤༤༣ ནས་ ༧༤༥ བར་བཞུགས་པ་བཅས་སོ།།

ལུང་གི་བརྒྱུད་པ་ནི། ༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ (1708-1757) མཛད་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[4]། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བཤད་བུདྡྷ་པཱ་ལི་ཏ་པཎྜི་ཏ་ཛྷཱ་ན་གརྦྷ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་ལུང་གི་བརྒྱུད་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ནས་རིམ་པར་བརྒྱུད། འཇམ་དབྱངས་བཞད་པའི་རྡོ་རྗེ། ཁྲི་ཆེན་དགེ་འདུན་ཕུན་ཚོགས། བྱང་ཆེན་བླ་མ་བློ་བཟང་བསྟན་འཛིན། དཀའ་ཆེན་ཡེ་ཤེས་ཡར་འཕེལ། ཞང་ཞུང་པ་དགེ་སློང་ཡེ་ཤེས་མཐའ་ཡས། ཉག་རེ་ཆོས་གྲགས་སྤྲུལ་སྐུ་ངག་དབང་བློ་བཟང་། འཕགས་པ་ཞི་བ་ལྷ་དགེ་ལེགས་རྒྱལ་མཚན། ཁྲི་ཆེན་རྡོ་རྗེ་འཆང་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་ངག་དབང་མཆོག་ལྡན། དེས་བདག་ལའོ། །ཞེས་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༧༤༥

[2] ཕལ་ཆེར་དུས་རབས་དགུ་པའི་ནང་བྱོན་པ་དང་། ལེགས་སྦྱར་གྱི་མཚན་ལ་ཛྙཱ་ན་གརྦྷ་ (janagarbha) དང་། བོད་སྐད་དུ་དཔལ་ཡེ་ཤེས་སྙིང་པོའམ་ཡོངས་གྲགས་ཡེ་ཤེས་སྙིང་པོ་ཞེས་ཞུ།

[3] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༢༧

[4] ༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༥༠༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༥ ནས་ ༤༣༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *