༦༽ བི་ཀྲ་མ་ལ་ཤཱི་ལའི་གདན་རབས་རིམ་བྱུང་།
དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899/1900) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[1]།
ཕྱིས་སུ་དྷརྨ་པཱ་ལས་བཞེངས་པ་ཡི། །
རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ལག་ཏུ། །
ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་དང༌། །
མཁས་པ་སྒོ་དྲུག་ཇོ་བོ་འཇིགས་མེད་འབྱུང༌། །
ཤཱཀྱ་ཤྲཱི་སོགས་ཀྱིས་བསྟན་པ་བསྐྱངས། །
འཕགས་པའི་ཡུལ་དུ་ཐེག་པ་ཆེ་ཆུང་གི་ཆོས་གྲྭ་དཔག་ཏུ་མེད་པ་བྱུང་ཡང་། སྔགས་ཀྱི་ཆོས་གྲྭ་ཡོངས་སུ་གྲགས་པ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་རྫོགས་པའི་ཕྱིས་སུ་པཱ་ལའི་རིགས་ཅན་བཅུ་བཞི་བྱུང་བའི་བཞི་པ་རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས། མ་ག་དྷཱའི་བྱང་ངོས་གངྒཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བཞེངས་པ་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོར་བསྟན་པ་གསལ་བྱེད་ཀྱི་པཎྜི་ཏ་དང༌། ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེས་ཆེ་བ་མང་ངོ༌། །མཁས་པ་སྒོ་དྲུག་ཏུ་གྲགས་པ་རྣམས་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྩོད་དུས་ཀྱི་སངས་རྒྱས་གཉིས་པ་ཨ་བྷཱ་ཡཱ་ཀ་ར་གུཔྟ། མ་བྱོན་སངས་རྒྱས་བདུན་པ་པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ་རིམ་པར་བྱོན་པ་རྣམས་ཀྱིས་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱངས་སོ། །ཞེས་གསུངས་པ་ལྟར་རོ།།
དེ་ཡང་སྔགས་ཀྱི་སློབ་དཔོན་རིམ་པར་བྱོན་པའི་སྡོམ་ནི[2]། ཡེ་ཤེས་ཞབས་དང་མར་མེ་མཛད་བཟང་པོ། །ལང་ཀ་རྒྱལ་བཟང་དཔལ་འཛིན་བྷ་བ་ལྷ། ། སྐལ་ལྡན་གྲགས་པ་ལཱི་ལ་བཛྲ་དང༌། །མི་ཐུབ་ཟླ་བ་དམ་ཚིག་རྡོ་རྗེ་དང༌། །དེ་བཞིན་གཤེགས་སྲུང་བྱང་ཆུབ་བཟང་པོ་དང༌། །པདྨ་སྲུང་བ་ཞེས་བྱ་བཅུ་གཉིས་[3]པོ། ། རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་ཡིན། ། དེ་ནས་མཁས་པ་སྒོ་དྲུག་ལ་སོགས་དང༌། །གསང་སྔགས་སློབ་དཔོན་རྣམ་པ་སྣ་ཚོགས་བྱོན། །ཞེས་རྗེ་བཙུན་ཆེན་པོས་གསུངས་པ་ལྟར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899/1900) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[4]། དེ་ལས་སློབ་དཔོན་སེང་གེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཨོ་ཌྱན་དུ་བྱོན་ནས། ལཀྵྨཱི་ཆེན་མོ་མཉེས་པར་བྱས། གཞན་ཡང་སྲུང་བའི་ཞབས་དང་། འཇམ་དཔལ་བཤེས་གཉེན་སོགས་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་བཅས་པ་མནོས་ནས་བསྒོམས་པས་ཀྱང་གྲུབ་སྟེ། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཛད་དེ་ཀྲི་ཡོག་སྡེ་གསུམ་དང༌། ནང་རྒྱུད་སྡེ་ལྔ་སྟེ། འདུས་པ། སྒྱུ་འཕྲུལ་དྲྭ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་རྣམས་དང༌། ཁྱད་པར་གསང་བ་འདུས་པའི་རྒྱུད་གཙོ་བོར་བཤད་པས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད། སྒྲུབ་ཐབས་ཀུན་བཟང༌། རྫོགས་རིམ་གྲོལ་བའི་ཐིག་ལེ་སོགས་མཛད་ཅིང་འདུས་པ་ཡེ་ཤེས་ཞབས་ལུགས་ཞེས་སྲོལ་ཆེན་གཅིག་ཏུ་གྲགས། འཇམ་དཔལ་གྱི་གསུང་ལ་ཟིན་བྲིས་སུ་མཛད་པ་འཇམ་དཔལ་ཞལ་ལུང་སོགས་གཞུང་བཅུ་བཞི་དང་གཞན་ཡང་གཞུང་མང་པོ་མཛད། སློབ་མ་ཤིན་ཏུ་མང་ཡང་གཙོ་བོར་རྒྱལ་ཚབ་ཀྱི་ས་ལ་གནས་པ་བཅོ་བརྒྱད་དང༌། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་སྟེ་མཆོག་བཞི་བྱོན་ནོ།།
དེ་ཡང་རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་ཐོག་མར་གདན་རབས་དང་པོ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བསྟན་པ་སྐྱོང་ཚུལ་ནི།[5] ཉིད་ཀྱི་སློབ་དཔོན་སེངྒེ་བཟང་པོ་འདས་པའི་རྗེས་སུ་སློབ་དཔོན་འདི་ཉིད་རྒྱལ་པོ་དྷརྨ་པཱ་ལའི་བླ་མར་གྱུར་ཅིང་། སློབ་དཔོན་གྱིས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ལ་རབ་གནས་མཛད། རྒྱལ་པོས་མཆོག་ཉིད་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། སྐལ་ལྡན་ཆོས་ཉན་པའི་སློབ་མ། རབ་ཏུ་བྱུང་བ་དང་བཅས་འཁོར་འབངས་ཡོངས་ལ་ཆོས་སོ་སོར་བསྟན་ཏེ་སྨིན་པར་མཛད། རྒྱལ་པོ་ལ། ཁྱོད་ཀྱི་རྒྱལ་སྲིད་འཇིག་པའི་མཚན་མ་འདུག་པས། སྦྱིན་སྲེག་གི་ཆོ་ག་ཞིག་བྱས་ན་མ་འོངས་ཁྱོད་ཀྱི་རྒྱལ་སྲིད་ལ་ཕན་པར་གསུངས་པས། དེས་ཀྱང་དངུལ་ཏོ་ལ་འབུམ་ཕྲག་དགུ་དང་ཉིས་སྟོང་གི་ཡོ་བྱད་སྦྱར། སློབ་དཔོན་གྱིས་སྦྱིན་སྲེག་མཛད་ཅིང་རྒྱལ་པོ་ལ། ཁྱོད་ཀྱི་རྗེས་སུ་རྒྱལ་པོ་བཅུ་གཉིས་འབྱུང་ཞིང་བསྟན་པ་དར་བར་བྱེད་དོ་ཞེས་ལུང་བསྟན། སློབ་དཔོན་གྱིས་ཀྲི་ཡོག་སྡེ་གསུམ་ཅུང་ཟད་གསུངས། གསང་བ་འདུས་པ། སྒྱུ་འཕྲུལ་དྲྭ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་སྟེ་རྒྱུད་སྡེ་ལྔ་པོ་མང་དུ་གསུངས། ལྷག་པར་དུ་གསང་བ་འདུས་པ་རྩལ་བཏོན་གནང་བའི་སྒོ་ནས་བསྟན་པ་བསྐྱངས་པར་མཛད།
གདན་རབས་གཉིས་པ། མར་མེ་མཛད་བཟང་པོ་ཞེས་བྱ་བས་གནས་དེར་བསྟན་པ་དུས་ཡུན་རིང་པོར་བསྐྱངས། གདན་རབས་གསུམ་པ། རྒྱལ་པོ་མ་སུ་རཀྵི་ཏའི་དུས་སུ་བྱོན་པ་ལངྐ་རྒྱལ་བ་བཟང་པོ་ནི། ཡུལ་ལངྐའི་ཡུལ་ཏེ་སིངྒ་ལར་སྐུ་འཁྲུངས་ཤིང་ཆུང་དུས་ནས་རིག་གནས་མཐའ་དག་ཐུགས་སུ་ཆུད་པར་མཛད། ཉན་ཐོས་ཀྱི་སྡེ་སྣོད་ཐམས་ཅད་ལའང་མཁས་པར་གྱུར། སླད་ཡུལ་མ་ག་དྷར་བྱོན་ཏེ་ཐེག་པ་ཆེན་པོའི་གཞུང་ལུགས་ལ་ལེགས་པར་སྦྱངས། ཁྱད་པར་དུ་གསང་སྔགས་ལ་མཁས་པ་ཞིག་བྱུང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་འཁོར་ལོ་སྡོམ་པ་བསྒྲུབས་པས་ཞལ་གཟིགས། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པ་སོགས་བརྩམས། དེར་སྔགས་ཀྱི་སློབ་དཔོན་ཡང་མཛད་པའི་སྒོ་ནས་བསྟན་པ་བསྐྱངས་པ་ཡིན་ནོ།།
གདན་རབས་བཞི་པ། བྲམ་ཟེ་སློབ་དཔོན་དཔལ་འཛིན་ནི། རྒྱ་གར་ལྷོ་ཕྱོགས་སུ་རྫུ་འཕྲུལ་ཆེན་པོ་བསྟན་པར་ཐོས་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་པ་སྟེ། སློབ་དཔོན་གཤིན་རྗེ་དམར་ནག་གི་གཞུང་སོགས་མཛད། དེས་ཀྱང་གསང་སྔགས་ཀྱི་སློབ་དཔོན་མཛད་པས་བསྟན་པ་བསྐྱངས། གདན་རབས་ལྔ་པ། བྷ་ཝ་བྷ་ཊ་ཞེས་བྱ་བ་ནི། རིག་གནས་མཐའ་དག་མཁྱེན་ཅིང་ཁྱད་པར་རྣམ་རིག་གི་གྲུབ་མཐའ་ལ་མཁས་པར་གྱུར། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་ཅིང་སྒྲོལ་མས་ཞལ་གཟིགས། རིལ་བུའི་དངོས་གྲུབ་ཐོབ། བཅུད་ལེན་སོགས་བསྒྲུབས་པས་འགྲུབ་སྟེ་སྐལ་ལྡན་གྱི་གདུལ་བྱ་མང་པོ་ཆོས་ཀྱིས་སྨིན་པར་མཛད་དོ།།
གདན་རབས་དྲུག་པ། སྐལ་ལྡན་གྲགས་པ་ནི། སློབ་དཔོན་འདི་ཡང་མདོ་སྔགས་མཐའ་དག་གི་དོན་ལ་མཁས་པ་ཆེན་པོ་ཞིག་དང་། ཁྱད་པར་དུ་མངོན་ཤེས་ཐོགས་མེད་དུ་མངའ་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་། གདན་རབས་བདུན་པ། ལཱི་ལ་བཛྲ་མཆོག་ནི། གཤིན་རྗེ་གཤེད་ཀྱི་གྲུབ་པ་བརྙེས་པའི་སྐྱེས་བུ་ཞིག་ཡིན། འདིའི་སྐབས་སུ་ཏུ་རུཥྐའི་དམག་བྱུང་བའི་དུས་གཤིན་རྗེ་གཤེད་ཀྱི་འཁོར་ལོ་བྲིས་ཏེ་དམག་དཔུང་ལ་མནན་པ་བྱས་པས་དམག་དཔུང་ཕྱིར་བཟློགས་པའི་ལོ་རྒྱུས་དང་ལྡན་པའི་སྐྱེས་བུ་ནུས་པ་དང་ལྡན་པ་ཞིག་བྱུང་བར་གྲགས། གདན་རབས་བརྒྱད་པ། མི་ཐུབ་ཟླ་བ་ཞེས་བྱ་བས་ཀྱང་གཙུག་ལག་ཁང་དེར་བསྟན་པ་བསྐྱངས།
གདན་རབས་དགུ་པ། ནག་པོ་དམ་ཚིག་རྡོ་རྗེ་ནི། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པའི་སྐྱེས་བུ་ཞིག་བྱུང་བར་གྲགས། ར་རའི་ཡུལ་ཞེས་པའི་གནས་ཤིག་ཏུ་དགྱེས་པ་རྡོ་རྗེའི་ཞལ་ཐང་བཀྲམ་ཞིང་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས། དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་ནུས་པ་དཔག་ཏུ་མེད་པ་ལ་མངའ་བརྙེས་པའི་སྐྱེས་བུ་ཆེན་པོ་ཞིག་བྱུང་། གདན་རབས་བཅུ་པ། ཏ་ཐཱ་ག་ཏ་རཀྵི་ཏ་ནི། ཕྱི་ལོའི་དུས་རབས་བཅུ་པའི་ནང་བྱོན། རྒྱུད་གཤིན་རྗེ་གཤེད་དང་བདེ་མཆོག་ལ་མངའ་བརྙེས་པའི་སྐྱེས་བུ་ཞིག་ཡིན། ཁྱད་པར་དུ་མ་བསླབས་པར་བསྟན་བཅོས་མང་པོ་ཐོགས་མེད་དུ་མཁྱེན། ནང་གི་རྩའི་གནས་རེ་རེར་དམིགས་པ་ལ་མཁས་པའི་ཕུལ་དུ་ཕྱིན། དུད་འགྲོ་ལ་སོགས་པའི་སྐད་ཤེས་པ་ཞིག་བྱུང་།
གདན་རབས་བཅུ་གཅིག་པ། བོ་དྷི་བྷ་དྲ་ཞེས་པས་སངས་རྒྱས་ཀྱི་བསྟན་པ་བསྐྱངས་པར་མཛད། གདན་རབས་འདི་དང་གདན་རབས་བརྒྱད་པ་གཉིས་ཀྱི་རྣམ་ཐར་ལོ་རྒྱུས་ཕལ་མོ་ཆེའི་ནང་མི་གསལ། གདན་རབས་བཅུ་གཉིས་པ། ཀ་མ་ལ་རཀྵི་ཏ་ནི། དགེ་སློང་རྟེན་ཅན་མདོ་སྔགས་མཐའ་དག་གི་དོན་ལ་མཁས་ཤིང་། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསང་བ་འདུས་པ། གཤིན་རྗེ་གཤེད་སོགས་མདོ་རྒྱུད་རྣམས་ལ་ཤིན་ཏུ་མཁས་པ་ཞིག་བྱུང་། མཆོག་ཉིད་མ་ག་དྷའི་ལྷོ་ཕྱོགས་ཨཾ་ད་གི་རི་ཞེས་བྱ་བའི་རི་ཞིག་ལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་མཛད་དེ་གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། དེ་དུས་སློབ་དཔོན་གྱི་སློབ་མ་རྣལ་འབྱོར་མང་པོ་ལ་ཀརྞའི་ཡུལ་གྱི་ཏུ་རུཥྐའི་རྒྱལ་པོའི་བློན་པོ་ཏུ་རུཥྐ་ལྔ་བརྒྱ་འོངས་ཏེ་གནོད་པར་བརྩམས་པ་ན། སློབ་དཔོན་ཤིན་ཏུ་ཁྲོས་ཏེ་བུམ་པ་སྔགས་ཀྱི་ཆུས་གང་བ་བརྡབས་ཏེ། དེ་མ་ཐག་ཏུ་རླུང་འཚུབ་ཆེན་པོ་བྱུང་ཞིང་རྫུ་འཕྲུལ་སྣ་ཚོགས་པའི་སྒོ་ནས་གནོད་པ་ཞི་བར་མཛད། གོང་གསལ་གདན་རབས་བཅུ་གཉིས་པོ་དེ་དག་ལས་སྔ་མ་གཉིས་པོ་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་རེ་འཛིན་སྐྱོང་མཛད་པ་རྒྱ་གར་ཆོས་འབྱུང་དུ་གསལ་ལ། སློབ་དཔོན་འདི་དག་གི་རྣམ་ཐར་རྒྱས་པ་དཔལ་ནཱ་ལེནྡྲའི་མཁན་རབས་ཀྱི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ།
དེ་རྗེས་མཁས་པ་སྒོ་དྲུག་རྣམས་བྱོན་པ་སྟེ། དེ་ཡང་རབ་འབྱམས་ལེགས་བཤད་རྒྱ་མཚོས་ (1903-1960) མཛད་པའི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ལ་བསྟོད་པ་ལས[6]།
ཤར་སྒོ་ཤནྟི་ལྷོ་སྒོ་ངག་དབང་གྲགས། །
ནུབ་སྒོ་རིན་འབྱུང་བྱང་སྒོ་ནཱ་རོ་པ། །
དབུས་ཀྱི་ཀ་ཆེན་རིན་རྡོར་ཛྙཱ་ན་ཤྲཱི། །
འཕགས་ཡུལ་མཁས་པ་སྒོ་དྲུག་རྣམས་ལ་འདུད། །
ཅེས་བསྔགས་པའི་མཁས་པ་སྒོ་དྲུག་ནི། ཤར་པ་ཆེན་པོ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས[7]། དེའང་བི་ཀ་ལ་ཤཱི་ལའི་གཙུག་ལག་ཁང་ན་དུས་མཉམ་པའི་མཁས་པ་སྒོ་དྲུག་ཅེས་བྱ་བ་ཡོད་དེ། ཤར་ཕྱོགས་ཀྱི་སྒོ་སྲུང་སློབ་དཔོན་ཤཱནྟི་པ་དེ་ལ་སྒྲ་ཚད་འདྲི་བ་འོང་པས་དེའི་རྩོད་པ་བཟློག །ལྷོ་ན་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་དེ་ནས་རྩོད་པ་ཐམས་ཅད་བཟློག །ནུབ་ན་ཤེས་རབ་འབྱུང་གནས་བློ་གྲོས་དེས་མུ་སྟེགས་ཀྱི་རྩོད་པ་བཟློག །བྱང་ན་ཇོ་བོ་ནཱ་རོ་པ་དེ་ནས་ཐེག་པ་ཆེན་པོའི་ལུང་འདྲི་བའི་རྩོད་པ་བཟློག །དབུས་ནས་ཇོ་བོ་ཛྙ་ན་མི་ཏྲ་དང་རིན་ཆེན་རྡོ་རྗེ་ཞེས་པ་གཉིས་བཞུགས་ཏེ། དེ་གོང་མ་རྣམས་དང་ཆེ་ཆུང་གང་ཡང་མེད་ཀྱང་དབུས་ཀྱི་ཀ་ཆེན་ཞེས་གྲགས་སོ། །དེ་ལ་གཞན་རྣམས་ཀྱི་མིང་ནི་རབ་ཏུ་བྱུང་བའི་མིང་ཡིན་ལ། ཇོ་བོ་ནཱ་རོ་ཏ་པ་ནི་རིགས་ལ་མིང་བཏགས་པ་ཡིན་ཏེ། བྲམ་ཟེ་ལ་དཀར་པོ་རིགས་བརྒྱད་དང་། ནག་པོའི་རིགས་བརྒྱད་དེ་བཅུ་དྲུག་ཡོད་པ་ལས། འདིར་བྲམ་ཟེའི་རིགས་བཟང་ཞིང་དཀར་པོ་ཡིན། དེའི་ནང་ནས་བཟང་བ་ནཱ་རོ་ཏ་ཞེས་བྱ་བ་དང་། ཀ་ཤ་བྱ་བ་གཉིས་ལས་འདི་དང་པོ་ཡིན་ནོ། །པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པ་བསྐུར་ཚིག་ཡིན་པས། ནཱ་རོ་ཏ་པ་ཞེས་གྲགས་པ་ཡིན་ནོ། །ཞེས་གསལ་ལོ།།
དེ་ལྟར་མཁས་པ་སྒོ་དྲུག་རྣམས་ནི། སྔར་རྒྱ་གར་གྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་མུ་སྟེགས་པའི་རྒོལ་བ་སོགས་རིགས་པ་དང་ནུས་པས་སྲུང་བ་པོ་སྟེ། ༡ དེའང་ཤར་སྒོ་སྲུང་བ་རྩོད་ལྡན་དུས་ཀྱི་ཐམས་ཅད་མཁྱེན་པ་ཤནྟཱི་པ་དང་། ༢ ལྷོ་ཕྱོགས་ཀྱི་སྒོ་སྲུང་བ་ཤེས་རབ་འབྱུང་གནས། ༣ ནུབ་ཕྱོགས་ཀྱི་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ༤ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ། ༥ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་། ༦ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་བཅས་ཡིན་ལ། མཁས་པ་སྒོ་དྲུག་དེ་དག་ནི་མདོ་སྔགས་ཀྱི་བསྟན་བཅོས་མང་པོ་རྩོམ་པ་པོ་དང་། ཆེས་ངོ་མཚར་བའི་མཛད་པ་མང་པོས་དེ་སྐབས་ཀྱི་སྐྱེ་བོ་དག་ཆོས་ལ་བཙུད་དེ་བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པ་ཡིན་ནོ། །དེ་དག་གི་རྣམ་ཐར་ཞིབ་ཕྲ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་རབས་རིམ་བྱོན་གྱི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།
གཞན་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་ལས[8]། བི་ཀྲ་མ་ཤི་ལར་པཎྜི་ཏ་བརྒྱ་རྩ་དང་། མཁས་པ་གཞན་དོན་བྱེད་ནུས་གཉིས་དང་། འགྲན་ཟླ་མེད་པ་སོ་བདུན་དང་། གཙུག་གི་ནོར་བུ་གཅིག་དང་། འཛམ་གླིང་གི་རྒྱན་བརྒྱད། མིག་གཉིས་སོགས་ཡོད་ཟེར་བའི་ནང་ནས་རབ་གདན་ཅི་དྲོངས་དང་། འབྲིང་གདམས་ངག་ཅི་ལོན་དང་། མཐའ་མ་ལུང་དང་དཔེ་གང་ལོན་བྱས་ལ་ཤོག་གསུངས་ནས་མངགས་ཤིང་། གུ་གེའི་ཞང་ཞུང་གི་མཐོ་ལིང་གསེར་ཁང་བསམ་ཡས་འདྲ་བ་དེ་ཡང་བརྩིགས། ཞེས་བྱུང་བ་ལྟར། ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བི་ཀྲ་མ་ཤཱི་ལ་དང༌། ཨོ་ཏནྟ་པུ་རིར་གཙོ་བོར་བསྟན་པ་བསྐྱངས་ཏེ་འདི་ནི་གཙོ་བོར་གསེར་གླིང་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ལྷག་པར་བསྒོམས་པ་ཞིག་ཡིན་ལ། མཁས་གྲུབ་ཀྱི་ཡོན་ཏན་དང་བསྟན་པ་སྤེལ་བའི་མཛད་པ་ནི་སློབ་དཔོན་སྔ་མ་རྣམས་ལས་མི་དམན་པར་གྲགས། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ལ་མཁས་ཤིང་མཐོང་ལམ་གྱི་ཡོན་ཏན་བརྙེས། སློབ་མའང་པི་ཊོ་བ་ཆེན་པོ་སོགས་རྡོ་རྗེ་འཛིན་པ་མང་དུ་བྱོན། ཁྱད་པར་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་དང་འཕྲིན་ལས་ལྷག་པར་ཆེའོ། །
ཞེས་གསུངས་པ་ལྟར་རོ།།
དེ་ལྟར་སྔར་རྒྱ་གར་འཕགས་ཡུལ་དུ་དཔལ་ནཱ་ལནྡཱ་དང་། བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ཞེས་ནང་བསྟན་གྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ཆེན་པོ་གཉིས་བྱུང་བ་ལས། བི་ཀྲ་མ་ཤི་ལའི་ནང་མདོ་སྔགས་གཉིས་ཀ་ཡོད་ལ། སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན་ཏེ། དང་པོ་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་། དེ་རྗེས་མར་མེ་མཛད་བཟང་པོ་དང་། ལངྐ་རྒྱལ་བ་བཟང་པོ་སོགས་བྱོན་ཚུལ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[9]། སྔོན་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་ནས་ཕྱིས་རྒྱལ་པོ་ཙ་ན་ཀ་མ་བྱུང་གི་བར་དུ་རྒྱལ་རབས་ལྔ་ཙམ་གྱི་རིང་ལ་བི་ཀྲ་མ་ལ་ཤཱི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན་ཏེ། རྒྱལ་པོ་དྷརྨ་པཱ་ལ་རང་གི་དུས་དང་པོར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང༌། དེ་རྗེས་མར་མེ་མཛད་བཟང་པོས་བསྟན་པ་བསྐྱངས་ཞེས་སོགས་བྱུང་བ་ལྟར། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང་། དེ་རྗེས་མར་མེ་མཛད་བཟང་པོ་རྣམ་གཉིས་དང་། རྒྱལ་པོ་མ་སུ་རཀྵི་ཏའི་དུས་སུ་ལངྒ་རྒྱལ་བ་བཟང་པོ་བྱོན་པ་དང་། དེའི་འོག་ཏུ་བྲམ་ཟེའི་སློབ་དཔོན་དཔལ་འཛིན་དང་། དེ་རྗེས་བྷ་ཝ་བྷ་དྲ། དེ་རྗེས་སྐལ་ལྡན་གྲགས་པ[10]། དེ་རྗེས་ལཱི་ལ་བཛྲ། དེ་རྗེས་མི་ཐུབ་ཟླ་བ། དེ་རྗེས་ནག་པོ་དམ་ཚིག་རྡོ་རྗེ། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ་བྱོན། དེ་རྗེས་བོ་དྷི་བྷ་དྲ། དེ་རྗེས་ཀ་མ་ལ་རཀྵི་ཏ་བཅས་རིམ་པར་བྱོན་པ་དང་། ཡང་དེ་ཉིད་ལས[11]། དེ་ལྟར་སློབ་དཔོན་བཅུ་གཉིས་པོ་དེ་དག་ལས་དང་པོ་གཉིས་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་རེ་རིམ་པ་བཞིན་གདན་ས་མཛད་དོ་ཞེས་ཟེར། ཀ་མ་ལ་རཀྵི་ཏའི་རྗེས་སུ་མཁས་པ་སྒོ་དྲུག་བྱུང་། དེའི་འོག་ཏུ་སྔགས་ཀྱི་སློབ་དཔོན་ཐོར་བུ་ཤིན་ཏུ་མང་བར་བྱུང་། མར་མེ་མཛད་ཡེ་ཤེས་ལ་སོགས་པ་བསྟན་པ་སྤྱིར་སྐྱོང་བའི་གདན་རབས་ཀྱང་མ་ཆད་ཙམ་དུ་བྱུང་སྟེ། མཁས་པ་སྒོ་དྲུག་གི་འོག་ཏུ་ལོ་འགའ་ཞིག་ཐོར་བུར་གནས་པ་ལས་མཁན་པོ་མེད། དེ་ནས་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་མཁན་པོ་མེད། དེ་རྗེས་རྡོ་རྗེ་གདན་པ་ཆེན་པོས་མཁན་པོ་ཅུང་ཟད་མཛད། དེ་རྗེས་ན་རེནྡྲ་ཤྲཱི་ཛྙཱ་ན་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་དཱ་ན་རཀྵི་ཏས་མཛད། དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་བུ་བྷ་ཡཱ་ཀ་ར་གུཔྟས་མཛད། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། དེ་ནས་བི་ཀྲ་མ་ལ་ཤཱི་ལ་ནུབ་བོ། །ཞེས་བྱུང་ངོ་།།
དེ་ཡང་རྒྱ་གར་ཆོས་འབྱུང་ལས། མཁས་པ་སྒོ་དྲུག་འདས་པའི་འོག་ཙམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གྲགས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཁན་པོར་སྤྱན་དྲངས་ཤིང་། དེ་རྗེས་རིམ་བཞིན་རྡོ་རྗེ་གདན་པ་ཆེན་པོ་དང་། ཀ་མ་ལ་ཀུ་ལི་ཤ །ན་རེནྡྲ་ཤྲཱི་ཛྙཱ་ན། དཱ་ན་རཀྵི་ཏ། ཨ་བྷ་ཡཱ་ཀ་ར། ཤུ་བྷ་ཨཱ་ཀ་ར་གུཔྟ། ན་ཡ་ཀ་པ་ཤྲཱི། ཆོས་འབྱུང་ཞི་བ་སོགས་རྡོ་རྗེ་སློབ་དཔོན་ཤིན་ཏུ་མང་བ་བྱུང་། གདན་རབས་སོ་སོའི་དུས་སུ་གཏོར་མའི་སློབ་དཔོན། རབ་གནས་ཀྱི་སློབ་དཔོན། སྦྱིན་སྲེག་གི་སློབ་དཔོན། བྱི་བ་སྲུང་བ་དང་། ཕུག་རོན་སྲུང་བའི་ལས་དང་། ཟླ་བ་རེ་རེའི་མཚམས་སུ་ཆོས་ཉན་པ་པོ་ཐམས་ཅད་ལ་རྟག་ཏུ་རེས་འཁོར་གྱི་སྟོན་མོ་དང་ཡོན་བཟང་པོ་རེ་འབུལ་བའི་སྲོལ་འདུག མཐར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་བསྟན་པ་བསྐྱངས་པ་ཡིན་ནོ། །པཎ་གྲུབ་འདི་དག་གི་རྣམ་ཐར་ཡང་ནཱ་ལེནྡྲའི་མཁན་རབས་ཀྱི་སྐབས་སུ་རྒྱས་པར་བཀོད་ཟིན་ཏོ།།
དེ་ལྟར་བོད་ཡུལ་དུ་སྙན་གྲགས་ཤིན་ཏུ་ཆེ་བའི་མཁས་གྲུབ་ལོ་པཎ་དུ་མ་ཞིག་ཀྱང་ཆོས་གཞི་འདིར་བྱོན་ནས་གསན་བསམ་མཛད་པ་སྟེ། མཁས་པ་སྒོ་དྲུག་རྣམས་འདི་ནས་ཡིན་ལ། ཇོ་བོ་རྗེ་ལྷ་གཅིག་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་དགེ་བསྐོས་མཛད་སྐབས་པཎ་ཆེན་མཻ་ཏྲི་པས་ཕག་མོ་མཆོད་པའི་མཆོད་ཆང་བསྣམས་པ་གཟིགས་ཏེ་གནས་ནས་ཕྱུང་བ་ན། ཉམས་པ་སྒོ་ནས་འགྲོར་མི་རུང་ཞེས་རྩིག་པ་ལ་ཐལ་གྱིས་བཞུད་ཅིང་། མདུན་གྱི་ཆུ་བོ་གངྒཱ་ལ་གདིང་བ་བཏིང་སྟེ་ཕེབས་པ་ཡང་ཆོས་སྡེ་འདི་ནས་ཡིན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡང་འདི་ནས་བོད་དུ་བྱོན་ཅིང་། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱང་གཙུག་ལག་ཁང་འདིར་བྱོན་ནས་སྦྱངས་པ་མཛད་ལ། སྒྲ་སྒྱུར་གྱི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱང་ཐོག་མར་གཙུག་ལག་ལག་འདིར་བྱོན་པས་མཚོན་མང་དུ་བྱུང་ངོ་།།
དེ་བཞིན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པའི་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་ལས[12]། དེ་ནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ། མི་ཟད་དུ་བའི་ཚུལ་ཁྲིམས་ངག་རྣམ་པར་གནོན་པ་ཞེས་བྱ་བས་བླ་མ་ཉིད་ལ། དབང་བསྐུར་ཞུས་པས་བུམ་པའི་ཆུ་བདུད་རྩིར་གྱུར་པ་ཁོལ་ཞིང་ཡུན་རིང་དུ་བབས་ཤིང་མི་ཟད་པ་བྱུང་བ་དང་། རབ་ཏུ་བྱུང་བའི་དགེ་འདུན་སྟོང་ཕྲག་མང་པོའི་གཙོ་བོར་ཆོས་རྗེ་ཉིད་དབང་བསྐུར་ནས་རང་རང་གི་བློ་དང་བསྟུན་པའི་ཐེག་པ་སྣ་ཚོགས་ཀྱི་ཆར་ཕབ་སྟེ་ཚིམ་པར་མཛད་པ་ལ། གནུབས་ལོ་ཆེན་པོས།
མཉམ་མེད་བི་ཀྲ་མའི་ལྷ་ཁང་དུ། །
སྟོང་ཕྲག་དགེ་སྦྱོང་གཙོ་བོར་དབང་བསྐུར་ཏེ། །
སྣ་ཚོགས་ལེགས་བཤད་བདུད་རྩིའི་ཆར་རྒྱུན་ཕབ། །
མ་ལུས་ཡོན་གནས་གྱུར་ལ་ཕྱག་འཚལ་ལོ། །
ཞེས་ཆེད་དུ་བརྗོད་དོ། །དེ་དག་ནི་བི་ཀྲ་མ་ལ་ཤཱི་ལའི་གདན་རབས་ཀྱི་སྐབས་སུ་གདན་རབས་སོ་སོའི་རྣམ་ཐར་དང་བཅས་པ་ཞིབ་ཕྲ་གསལ་བ་ལྟར་བི་ཀྲ་མ་ཤཱི་ལ་སྟེ་བསྒྱུར་ན་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོ་དེར་མཚན་སྙན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་མཁས་གྲུབ་ལོ་པཎ་གྱི་སྐྱེས་བུ་དམ་པ་བར་མ་ཆད་པར་བྱོན་པ་ལས་གཙོ་བོར་གྱུར་པ་ནི། སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེས་ཆེན་པོ་མང་དུ་བྱོན་པ་དང་། གཞན་ཡང་མཁས་པ་སྒོ་དྲུག་ཏུ་གྲགས་པ་རྣམས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྩོད་དུས་ཀྱི་སངས་རྒྱས་གཉིས་པ་ཨ་བྷྱ་ཀ་ར་གུཔྟ། པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་རིམ་པར་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱངས་པའི་གྲུབ་ཐོབ་དང་པཎྜི་ཏ་བགྲང་ལས་འདས་པ་བྱོན་པའི་སློབ་གཉེར་གྱི་བསྟི་གནས་ཆེན་པོ་ཞིག་ཡིན་ལ། བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་འདིར་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ཉན་པ་པོའི་སྣོད་དུ་བྱ་བ་དང་། བསྟན་པའི་རྣམ་གཞག་ངེས་པ་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཀྱང་ཡིན་ནོ།།
བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་བྱོན་པའི་པཎ་གྲུབ་ཀྱི་ཆ་ནས་བརྗོད་ན། ༡༽ བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང༌། ༢༽ དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ་མཛད་པ་པོ། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་རཏྣ་ཀཱིརྟི། ༣༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་དང་། བསླབ་པ་ཀུན་ལས་བཏུས་པའི་ཕྱོགས་ཙམ་ཞིག་བླངས་པའི་བཤད་པ་བསླབ་པའི་མེ་ཏོག་སྙེ་མ་སོགས་མཛད་པ་པོ། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏ། ཇོ་བོ་ལྷ་གཅིག་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། དཔལ་བི་ཀྲ་མ་ཤཱི་ལའི་མཁས་པ་ཆེན་པོ་ཤྲཱི་དཱི་པཾ་ཀ་ར་རཀྵི་ཏ་སོགས་བསྟན་བཅོས་མཛད་པ་པོ་དང་། སྒྲ་སྒྱུར་མཛད་གནང་མཁན་གྱི་པཎ་གྲུབ་མང་དུ་བྱུང་ཡོད།
དེ་ལྟ་བུའི་མཁས་པའི་འབྱུང་གནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནི། བསྟན་བཅོས་མཛད་ཡུལ་གྱི་ཆ་ནས་བརྗོད་ནའང་གལ་གནད་ཤིན་ཏུ་ཆེ་བ་སྟེ། གཙུག་ལག་ཁང་དེ་ཉིད་དུ་མཛད་པའི་བསྟན་བཅོས་དུ་མ་ཞིག་བསྟན་འགྱུར་དུ་བཞུགས་ཡོད། དེ་ཡང་། ༡༽ དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་དགེ་སློང་པཎྜི་ཏ་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ། བལ་པོའི་པཎྜི་ཏ་མཉྫུ་ཤྲཱི་དང་ཛེ་ཏཱ་ཀརྞའི་ཞལ་སྔ་ནས་མཉན་ཏེ། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་དུ་ལེགས་པར་བསྒྱུར་བ་སོགས་བསྟན་འགྱུར་ཁག་ཏུ་གསལ་བ་ལས་རྟོགས་ནུས་སོ།།
བསྟན་བཅོས་སྒྲ་སྒྱུར་མཛད་ཡུལ་གྱི་ཆ་ནས་བརྗོད་ནའང་། ༡༽ སློབ་དཔོན་དཔལ་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པའི་དམ་ཚིག་ལྔ་པ། རིག་པའི་འབྱུང་གནས་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་ཁམས་པ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིས་བསྒྱུར་བ་དང་། ༢༽ ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོར་བསྡུས་པ་ཞེས་བྱ་བ། མཁས་པ་ཆེན་པོ་མཉྫུ་ཤྲཱི་དང༌། ལོ་ཙཱ་བ་ཆེན་པོ་མལ་གྱོ་བློ་གྲོས་གྲགས་པས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ། ༣༽ སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ། ༤༽ སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་དཔལ་གྱིས་སྒྲ་བསྒྱུར་མཛད་པ། ༥༽ སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ་སོགས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནི་བཀའ་བསྟན་སྒྲ་སྒྱུར་མཛད་ཡུལ་གྱི་གནས་གལ་ཆེན་ཞིག་ཀྱང་ཆགས་ཡོད།
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས[13]། ཝི་ཀྲ་མ་ཤཱི་ལའི་གདན་རབས། ཝཱར་ཎ་ལྕགས་པར་མའི་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་(P.210.4) ལས། བྷེ་ཡ་པཱ་ལ་རྒྱལ་སྲིད་དུ་བསྐོས་ནས། བྷཾ་ག་ལའི་ཤར་ཕྱོགས་རྒྱ་མཚོ་དང་གངྒཱ་འདྲེས་མཚམས་ཀྱི་གླིང་ཕྲན་འདྲ་བ་བྷ་ཊི་ཞེས་བྱ་བའི་ཡུལ་དུ་བསྡད་ནས་ལོ་ལྔ་ནས་འདས་སོ། །དེ་སྐབས་སུ་བྱུང་བའི་མཁས་པ་སྒོ་དྲུག་ལས། ཤར་སྒོ་སྲུང་བ་པོ་རཏྣ་ཨཱ་ཀ་ར་སྟེ་ཤཱནྟི་པའི་ (Prajnakaramati) ནི་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པ། ཞེས་དང་། (210.16) ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ (Vagisvarakirti) ནི། ཡུལ་ཝཱ་རཱ་ཎ་སཱིར་སྐུ་འཁྲུངས། རིགས་ནི་རྒྱལ་རིགས་ཡིན། དགེ་འདུན་ཕལ་ཆེན་སྡེ་པ་ལས་རབ་ཏུ་བྱུང་བ། མཁན་པོས་བཏགས་པའི་མཚན་ནི་ཤཱི་ལ་ཀཱརྟི་ཞེས་བྱའོ། །ཞེས་དང་། (P213.17) བྱང་སྒོ་སྲུང་བ་ནི། ནཱ་རོ་པ་ (Naropa) ཡིན་ལ། དེའི་ལོ་རྒྱུས་གཞན་དུ་ཤེས། སློབ་དཔོན་དེ་ལ་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པས་ཀྱང་ཆོས་གསན། ཞེས་དང་། (P.214.20) དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། (Ratnavajra) ཞེས་དང་། (P.216.4) དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ (jnasrimitra) ནི་མཐའ་གཉིས་སེལ་བའི་བསྟན་བཅོས་མཛད་མཁན་དེ་ཡིན་ལ། དཔལ་ལྡན་ཨ་ཏི་ཤའི་ཡང་བཀའ་དྲིན་ཆེ་བའི་བླ་མ་ཞིག་ཡིན། ཞེས་དང་། (P.217.13) མཁས་པ་སྒོ་དྲུག་འདས་པའི་འོག་ཙམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གྲགས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ (Atisa or Dipamkarasrijnana 981-1054) མཁན་པོར་སྤྱན་དྲངས། འདིས་ཨོ་ཏནྟ་པུ་རི་ཡང་བསྐྱངས། དེ་ནས་མི་རིང་བ་ན་མངའ་བདག་མཻ་ཏྲི་པའི་ (Maitai) འཕྲིན་ལས་ཀྱང་དར། ཞེས་དང་། (P.223.7) སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟ་ (Abhayakaragupta) རྡོ་རྗེ་གདན་གྱི་མཁན་པོར་སྤྱན་དྲངས། དེ་ནས་ལོ་མང་པོ་ཞིག་སོང་བ་ཝི་ཀྲ་མ་ཤཱི་ལ་དང་། ནཱ་ལནྡཱའི་མཁན་པོར་སྤྱན་དྲངས། དེ་སྐབས་སྔོན་གྱི་རིམ་པ་དང་མི་འདྲ་བར་གྱུར་ཏེ། ཝི་ཀྲ་མ་ཤཱི་ལར་པཎྜི་ཏ་བརྒྱ་དྲུག་ཅུ་ཙམ་རེ་དང་། གཏན་དུ་བཞུགས་པའི་དགེ་སློང་སྟོང་རེ་ཡོད་ཅིང་། མཆོད་པ་ལ་སོགས་པའི་དུས་སུ་རབ་བྱུང་སྟོང་རེ་འདུ། རྡོ་རྗེ་གདན་ (Vajrasana) དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང་། ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང་། དུས་དུས་སུ་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་རེ་ཚོགས་པ་བྱུང་། ཨོ་ཏནྟ་པུ་རིར་ཡང་རྟག་ཏུ་དགེ་སློང་སྟོང་ཕྲག་རེ་བཞུགས། ཐེག་པ་ཆེ་ཆུང་གི་སྡེ་གཉིས་ཆར་ཡོད་ཅིང་། དུས་དུས་སུ་རབ་ཏུ་བྱུང་བ་རྣམས་འདུས་པ་སྟོང་ཕྲག་བཅུ་གཉིས་རེ་འབྱུང་བར་གྲགས། ཐེག་པ་ཆེན་པོ་མཐའ་དག་གི་གཙུག་གི་ནོར་བུ་སློབ་དཔོན་ཨ་བྷ་ཡཱ་ཀ་ར་ཡིན་ལ། ཉན་ཐོས་རྣམས་ཀྱིས་ཀྱང་འདུལ་བ་འཛིན་པ་ཆེན་པོ་ཞེས་གུས་པས་རབ་ཏུ་བཏུད་དོ། །ཞེས་དང་། (P.234.13) ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ (Sakyasri) དེ་ནས་ཝི་ཀྲ་མ་ཤཱི་ལ་ནུབ་བོ། །ཞེས་སོགས་གསལ་ལོ།།
གོང་གསལ་ཝི་ཀྲ་མ་ཤཱི་ལའི་མཁན་པོ་རྣམས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན། མཁས་པ་སྒོ་དྲུག་རྣམས་གསང་སྔགས་དང་འབྲེལ་བ་ཤིན་ཏུ་ཆེ་བར་མ་ཟད། ལྷག་པར་ནཱ་རོ་པ་ནི་བཀའ་བརྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སྒྲ་སྒྱུར་གྱི་མཁས་གྲུབ་མར་པ་ལོ་ཙཱའི་ཡོངས་འཛིན་དང་། ཇོ་བོ་རྗེ་ནི་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ཡོངས་འཛིན་དང་། ཁ་ཆེ་པཎ་ཆེན་ནི་ས་སྐྱ་གོང་མ་ལྔའི་ནང་ནས་ཀྱང་མངོན་པར་འཕགས་པ་ས་སྐྱ་པཎྜི་ཏའི་ཡོངས་འཛིན་ཡིན། ཨ་བྷ་ཡཱ་ཀ་ར་གུཔྟ་སྟེ་འཇིགས་མེད་འབྱུང་གནས་སྦས་པ་ནི་གསང་སྔགས་ཀྱི་བྲིས་འབུར་རིག་པའི་བསྟན་བཅོས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང་། རྫོགས་པའི་རྣལ་འབྱོར་ཕྲེང་བ་མཛད་མཁན་དེ་ཡིན། དེ་ཙམ་མ་ཟད་རྒྱ་བརྩོན་འགྲུས་སེངྒེ་དང་། ཀུན་གཟིགས་ཆེན་པོ་ནག་ཚོ་ལོ་ཙཱ་བས་མཚོན་བོད་ཀྱི་ལོ་ཙཱ་བ་མང་པོ་ཞིག་གིས་ཀྱང་སློབ་གཉེར་གནང་སའི་གདན་ས་ཡིན་པ་སོགས་ལ་གཞིགས་ན། གདན་ས་ཆེན་པོ་ཝི་ཀྲ་མ་ཤཱི་ལ་ནི་སྤྱིར་གསང་སྔགས་དང་། སྒོས་བོད་ཀྱི་ནང་ཆོས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན། ཞེས་གསུངས་པ་ལྟར་རོ།།
དེ་བཞིན་ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[14]། དེ་ཡང་སློབ་དཔོན་གྱི་ངག་དག་པ་ནི། མ་རྟོགས་ལོག་རྟོག་གི་ནོར་འཁྲུལ་མེད་པ་དང་། སློབ་མའི་རྒྱུད་དག་པ་ནི། མཁས་གྲགས་དང་ཀླན་ཀ་འཚོལ་འདོད་དང་། འགྲན་སེམས་དང་ཕྲག་དོག་སོགས་ཀྱིས་རྒྱུད་མ་བསླད་པ་དང་། བཤད་བྱའི་ཆོས་དག་པ་ནི། ཆོས་ཁུངས་བཙུན་ཞིང་སྐབས་ཀྱི་བརྗོད་དོན་ཚང་ལ་མ་ནོར་བ། ཐར་འདོད་རྣམས་ཀྱི་ཉེར་མཁོ་ཉམས་སུ་བླང་བྱར་གྱུར་པ་ཞིག་དགོས་པའོ། །འཆད་ཚུལ་གཉིས་ཀྱི་སྔ་མ་མི་འཐད་པ་མིན་ཡང་། ཇོ་བོ་རྗེ་ནི། བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་ཡིན་པས་འདིར་དེ་དག་གི་བཞེད་སྲོལ་དང་མཐུན་པའི་ཆེད་ཡིན་ནོ། །ཞེས་གསུངས་པ་ལྟར་ཁྱད་དུ་འཕགས་པའི་ཐུན་མིན་གྱི་ཁྱད་ཆོས་མང་དུ་མཆིས་སོ།།

གཞན་ཡང་དགེ་སློང་བསོད་ནམས་ལྷའི་དབང་པོས་ (དུས་རབས་14པ།) མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེའམ་གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་ལས[15]། ཡང་བྲི་ཀ་མ་ཤཱི་ལའི་གནས་བརྟན་སྡེ་སྣོད་གསུམ་པ། དགེ་འདུན་ལ་དབང་སྤྱོད་པ་ཞིག་དགེ་འདུན་ལ་མ་ཞུས་པར། སྤྱིའི་འབྲས་ཉེ་དུ་འབྲེལ་བ་ལ་བྱིན། དེའི་རྣམ་པར་སྨིན་པས་ཡི་དྭགས་དབང་ཆུང་བ་རྐང་པ་ཕྱིན་ཀ་ལོག་ཏུ་ཡོད་པ་ཞིག་ཏུ་སྐྱེས་ནས། ངམ་ཕུག་སྟོང་པར་ཡིབ་ནས་སྡོད་པ་ལ། བྱིས་པ་ཚན་གཅིག་གིས་ངམ་ཕུག་དེར་རྡོ་ཆར་བྱས་པས་ཁོས་བྱིས་པ་ཞིག་ལ་གནོད་ནས་རྐང་པ་ཕྱིན་ཀ་ལོག་ཏུ་སོང་ནས་ཟུག་ཚུགས་པ་མེད་པ་བྱུང་། དེ་སྔགས་ཀྱིས་བསྐྲད་པས་འགྲོ་མ་ཉན་ནས། གནས་བརྟན་ཞིག་གིས་བྱམས་སྙིང་རྗེ་ཅུང་ཟད་བསྒོམས་པས། གཞན་ཐམས་ཅད་སོང་ལ་དགེ་སློང་འདི་སྡོད་ཅིག་ཟེར་བས། ཁོས་ཟེར་བ་ལྟར་བྱས་ཏེ་དྲིས་པས། ང་གནས་བརྟན་མིང་འདི་ཞེས་བྱ་བ་ཡིན་ཟེར། ཁྱོད་ཡི་དྭགས་སུ་སྐྱེ་བ་ཅི་ཡིན་བྱས་པས། ངས་ཉེ་འབྲེལ་ལ་དགེ་འདུན་གྱི་ནང་ན་དབང་ཆེ་ཤོས་བྱས་པས་ཡི་དྭགས་དབང་ཆུང་ཤོས་སུ་གྱུར། མཆིམ་ལྷམ་གྱོན་ནས་དྲི་གཙང་ཁང་དུ་ཚིགས་བཅད་མ་བརྗོད་པར་ཕྱིན་པ་དང་། དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པས་རྐང་པ་ཕྱིན་ཀ་ལོག་གྱུར་པ་ཡིན། ད་བྱིས་པ་འདི་བཏང་གི་ངམ་ཕུག་འདིར་གཏོར་མ་རེ་མ་ཆག་པར་སྐྱོལ་ཅིག་ཟེར་རོ། །ཞེས་བྱུང་བ་ལས་དངོས་བྱུང་གཏམ་བརྒྱུད་ཀྱི་ལམ་ནས་སྤྱིར་ལས་འབྲས་ཀྱི་རྣམ་གཞག་གསལ་བར་བསྟན་ལ། ཞོར་ནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་དགེ་འདུན་པ་དག་གི་དམ་ཆོས་འདུལ་བའི་གཞུང་དང་མཐུན་པའི་གནང་སྒོའི་ཕྱག་ལེན་གྱི་ཁྲིམས་སོགས་ཀྱང་གསལ་བར་མཚོན་ནུས་སོ།།
ཆོས་སྡེ་དེར་གཙོ་བོ་གང་ལ་ཉམས་བཞེས་གནང་ཚུལ་སྐོར་ལོ་རྒྱུས་དག་ཏུ་ཁ་གསལ་མེད་པས། འདི་དང་འདིའོ་ཞེས་མཐའ་གཅིག་ཏུ་ཞུ་བར་མི་ནུས་ཀྱང་། གདན་རབས་རིམ་བྱོན་དག་གི་མཛད་རྗེས་ལ་དཔགས་ནས་མདོ་ཙམ་ཞུས་ན། གཙུག་ལག་ཁང་དེར་སྤྱིར་དབུ་ཚད་ཤེར་ཕྱིན་སོགས་མདོ་ཕྱོགས་རྣམས་འཆད་ཉན་གྱི་སྲོལ་ཡོད་མོད་ཀྱང་། བརྒྱུད་འཛིན་རིམ་བྱོན་དག་གིས་འཆད་ཉན་ཉམས་བཞེས་མཛད་རྒྱུའི་ཆོས་གཙོ་བོ་ནི་གསང་སྔགས་ནང་རྒྱུད་ཐུན་མོང་གི་སྡེ། གསང་བདེ་འཇིགས་གསུམ་དང་། ཀྱེ་རྡོ་རྗེ། གཤིན་རྗེ་གཤེད་རྣམས་རྩལ་བཏོན་གནང་ཡོད་པར་རྒྱ་གར་ཆོས་འབྱུང་དུ་གསུངས་པའི་བརྒྱུད་འཛིན་དག་གི་རྣམ་ཐར་ལས་དཔོག་ནུས་པར་མ་ཟད། གནས་དེར་སྒོམ་སྒྲུབ་ཀྱི་ཆེད་གསང་སྔགས་ནང་གི་ལྷ་ཁང་ཆུང་བ་ལྔ་བཅུ་ལྷག་ཙམ་བཞེངས་ཡོད་པ་དང་། དེང་སང་ས་གནས་ཞིབ་འཇུག་པའི་ཚན་རིག་པ་ (Archaeologist) དག་ལའང་གནས་དེར་གསང་སྔགས་ཀྱི་ཡོ་བྱད་མང་པོ་ཞིག་རྙེད་པ་དག་གིས་ཀྱང་མཚོན་ཐུབ་པར་སྙམ། འོན་ཀྱང་རབ་ཏུ་བྱུང་བ་ཁོ་ནའི་བསྟི་གནས་ཡིན་པའང་། སྔོན་ཇོ་བོ་རྗེས་འཛིན་སྐྱོང་གནང་སྐབས་མངའ་བདག་མཻ་ཏྲི་པས་གསང་སྔགས་ནང་གི་དམ་རྫས་ཆང་ལོངས་སུ་སྤྱོད་པ་ཇོ་བོ་རྗེས་མཁྱེན་ནས་མཻ་ཏྲི་པ་གནས་ནས་དབྱུང་བར་བརྩམས་པ་སོགས་ཀྱི་ལོ་རྒྱུས་ལས་རྟོགས་ནུས་སོ།།[16] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༤
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧
[3] རྣམ་གནོན་སློབ་དཔོན་བཅུ་གཉིས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ལངྐ་རྒྱལ་བ་ཅན། དཔལ་འཛིན། བྷ་ཝ་ལྷ། སྐལ་ལྡན་གྲགས་པ། ལི་ལ་བཛྲ། མི་ཐུབ་ཟླ་བ། དམ་ཚིག་རྡོ་རྗེ། དེ་བཞིན་གཤེགས་བསྲུང་། བྱང་ཆུབ་བཟང་པོ། པདྨ་བསྲུང་བ། ཡང་མཆོག་བརྒྱད་ཆེན་པོ་བཞི། རྨད་བྱུང་སློབ་དཔོན་གཉིས། ཞེས་པའང་མཆིས། ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༣༣ ཐོག་གསལ་ལོ།།
[4] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༤
[5] སྤྲུལ་སྐུ་སངས་རྒྱས་རིན་ཆེན་ཕུན་ཚོགས། བི་ཀྲ་མ་ཤཱི་ལའི་ལོ་རྒྱུས་སྙིང་བསྡུས། འཕྲུལ་དེབ།
[6] པདྨ་འཕྲིན་ལས་སྙིང་པོའི་བཀའ་འབུམ། ༼ཨོཾ༽ ཤོག་གྲངས་ ༨བ༤ ནས་ ༩ན༢ བར།
[7] ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པ། པོད། ༼ཁ༽ རྒྱལ་ཡོངས་གསུང་རབ་སློབ་ཁང་། དཔེ་རིང་། ཤོག་ ༡༦ན༥
[8] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ ༣༥༧
[9] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༠
[10] འདི་དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་མཛད་པ་པོ་ཡིན་པ་ལས། ལེགས་ལྡན་གྱི་མཚན་གྱི་རྣམ་གྲངས་སྐལ་ལྡན་གྲགས་པ་དེ་མིན་ནོ།།
[11] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༤
[12] ས་སྐྱ་པ་དང་ས་སྐྱ་པ་མ་ཡིན་པའི་བླ་མ་ཁ་ཤས་ཀྱི་རྣམ་ཐར། ༼ག༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་གྲངས་ ༥ན༣
[13] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༥༢
[14] ཨཱཀྱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༤
[15] གཏམ་རྒྱུད་རིན་ཆེན་ཕྲེང་མཛེས། ལག་བྲིས་དེབ་གཟུགས། ཤེས་རིག་དཔར་ཁང་། ཤོག་གྲངས་ ༩༤
[16] སྤྲུལ་སྐུ་སངས་རྒྱས་རིན་ཆེན་ཕུན་ཚོགས། བི་ཀྲ་མ་ཤཱི་ལའི་ལོ་རྒྱུས་སྙིང་བསྡུས། འཕྲུལ་དེབ།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༥ ནས་ ༡༣༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།