༡༠༽ ལོ་ཙཱ་བ་རབ་ཞི་བཤེས་གཉེན།

༡༠༽ ལོ་ཙཱ་བ་རབ་ཞི་བཤེས་གཉེན།

 

ལོ་ཙཱ་བ་རབ་ཞི་བཤེས་གཉེན་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། རྗེ་འདིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་འཛིན་པ་ཆེན་པོར་གྱུར། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ནས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་རྒྱ་གཞུང་དང་།

རྒྱ་ཡིག་བཅས་ལ་སྦྱངས་པ་ཕུལ་དུ་བྱུང་བ་མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། སྒྱུར་རྩོམ་ནི། བཀའ་འགྱུར་ལས། བྱ་རྒྱུད་དང་། གནོད་སྦྱིན་སྡེ་དཔོན་གར་མཁན་མཆོག་གི་བརྟག་པ་སྔ་ཕྱི་གཉིས་ལ་ལེའུ་བཅུ་དྲུག་པ་དང་། བསྟན་འགྱུར་ལས། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་ཞེས་བྱ་བའམ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ་ཞེས་བྱ་བ་དང་། རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་ཆོ་ག །རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་ཆོ་གའི་འགྲེལ་པ། ལས་ཀྱི་མཐའ་བཅོ་བརྒྱད་པའི་མན་ངག །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་མདོར་བསྡུས་སོགས་ཤིན་ཏུ་མང་པོ་བཞུགས་སོ།།[1]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༩༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༠ ནས་ ༣༥༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *