ཇ༽ བསྟན་བཅོས་རྩོམ་པའི་ཡན་ལག་ལྔ། གཅིག །མཆོད་པར་བརྗོད་པ། ༡༽ ཤིས་པ་བརྗོད་པ།

ཇ༽ བསྟན་བཅོས་རྩོམ་པའི་ཡན་ལག་ལྔ།

 

ནང་པའི་བསྟན་བཅོས་དག་ལ་སྐབས་བབ་ཀྱི་བརྗོད་བྱ་དང་བྱེད་ལས་སོགས་ཀྱི་དབང་གིས་སྣ་ཚོགས་ཤིག་མཆིས་ཀྱང་། ཕྱིའི་རྣམ་པའི་འགོད་ཚུལ་གྱི་ཆ་ནས་ཕལ་ཆེ་བ་ཞིག་གྲུབ་ཆ་གསུམ་གྱིས་བསྟན་ཡོད་དེ། ཐོག་མར་དགེ་ཞིང་མངོན་པར་མཐོ་བ་ཀླད་ཀྱི་དོན་ཏེ་བསྟན་བཅོས་ལ་འཇུག་པའི་སྒོ་ཡན་ལག་གི་འགོད་ཚུལ་དང་བཅས་པ་བརྗོད་པ་དང་།

བར་དུ་དགེ་ཞིང་ངེས་པར་ལེགས་པ་གཞུང་གི་དོན་ཏེ་གང་རྩོམ་པར་བྱེད་པའི་གཞུང་དངོས་བརྗོད་པ་དང་། མཐའ་མར་དགེ་ཞིང་དོན་གཉིས་གྲུབ་པ་མཇུག་གི་དོན་ཏེ་རྩོམ་པ་མཐར་ཕྱིན་པའི་དགོས་པ་དང་བཅས་སྨོན་བྱང་སོགས་ཀྱིས་མཇུག་བསྡུ་བ་སྟེ[1]། མདོར་ན་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། མཐའ་བར་དགེ་བ་མཇུག་གི་དོན་བཅས་རྩ་བའི་གྲུབ་ཆ་གསུམ་དུ་བསྡུ་བ་ལས། དང་པོ་བསྟན་བཅོས་རྩོམ་པའི་ཡན་ལག་ལ་ལྔ་སྟེ། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་སྐུལ་བ། བར་གྱི་ངལ་གསོ་བའི་ཚིག །མཇུག་གི་བསྔོ་སྨོན་བཅས་ཀྱི་རྣམ་གཞག་སྐོར་བརྗོད་པ་ལ།

 

གཅིག །མཆོད་པར་བརྗོད་པ།

༡༽ ཤིས་པ་བརྗོད་པ།

 

དེ་ཡང་མཆོད་བརྗོད་ལ་ཤིས་པ་བརྗོད་པ་དང་། མཆོད་པ་བརྗོད་པ། ཕྱག་འཚལ་བ། བསྟོད་པ་བྱེད་པ་བཅས་བཞི་ཡོད་པ་ལས། ཡན་ལག་དང་པོ་ཤིས་པར་བརྗོད་པ་ནི། སྙན་ངག་མཁན་པོ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་ལས[2]།

ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་དེ་ཡིན་སྒོ། །

ཞེས་གསུངས་པ་ལྟར། ཤིས་བརྗོད་དང་། ཕྱག་བྱ་བ། དངོས་པོ་ངེས་བསྟན་གསུམ་ནི། བསྟན་བཅོས་གང་ཞིག་རྩོམ་པའི་སྒོ་དང་པོར་འགོད་པ་སྟེ། ལུས་མདོར་བསྟན་སོགས་ཀྱིས་གཞུང་རྩོམ་པར་བཤད་ལ། བསྟན་བཅོས་ཀུན་ལ་ཁྱབ་པ་མེད་ཀྱང་། བསྟན་བཅོས་ཕལ་མོ་ཆེ་རྩོམ་པའི་ཐོག་མར་ཤིས་བརྗོད་ཀྱི་ཚིག་གིས་སྔུན་བསུས་ཏེ་བརྗོད་པ་ཡིན། ཤིས་བརྗོད་ཅེས་པ་བཀྲ་ཤིས་པའི་ཚིག་བརྗོད་པ་སྟེ། སྙན་ངག་མེ་ལོང་མ་ལས[3]།

མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད་ཅེས་བྱ་དཔེར། །

ཞེས་བྱེད་པོ་རང་གིས་མངོན་པར་འདོད་པའི་དངོས་པོ་བསྲུང་བའམ་བསྒྲུབ་པ་ལ་ཕྱི་ནང་གི་བར་ཆད་མི་འབྱུང་བར་བཀྲ་ཤིས་པའི་སྨོན་ཚིག་བརྗོད་ནས་ཡིད་སྨོན་ཞུ་བ་ཡིན་ལ། ཤིས་བརྗོད་ཀྱི་དགོས་པ་ནི། ཨ་ལག་ཤ་བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལས[4]། ཤིས་བརྗོད་ཀྱི་དགོས་པ་ནི་རང་ལ་དངོས་གྲུབ་འབྱུང་བའི་ཆེད་དུའོ། །ཞེས་གསུངས་པ་ལྟར། མཆོད་བསྟོད་དང་བསྔགས་པ་རྒྱ་ཆེར་མཛད་པའི་དགོས་པ་ནི། གུས་ནི་ཞི་བའི་ཆེ་བ་ནི། །ཅེས་གསུངས་པ་ལྟར་གུས་བཀུར་དང་། ཆེ་བསྟོད་ཞུ་བ་པོ་རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པར་མཚོན་ཐུབ་པ་དང་། ཞིང་ཁྱད་པར་ཅན་དེ་དག་ལ་ཡོན་ཏན་རྨད་དུ་བྱུང་བ་ཇི་ལྟ་བུ་མངའ་བ་རྟོགས་ཐུབ་པ་དང་། ལྟོས་ས་གང་ལ་ལྟོས་ཏེ་ཇི་ལྟར་ཁྱད་པར་འཕགས་ཚུལ་དང་། སྐྱབས་ཡུལ་མཆོག་དང་མཆོག་མ་ཡིན་པའི་ཁྱད་པར་ཤེས་ཐུབ་པ་དང་། ཡོན་ཏན་དེ་དག་ལ་དམིགས་ནས་སྐྱབས་སུ་འགྲོ་བ་དང་། བཟློག་ཏུ་མེད་པའི་དད་གུས་འཕེལ་བ་དང་། ཡོན་ཏན་དེ་དག་རང་རྒྱུད་ལ་མངོན་དུ་བྱ་འདོད་ཀྱི་འདུན་པ་དང་སྤྲོ་ཤུགས་དྲག་པོ་སྐྱེས་ཐུབ་པ་དང་། གོང་མའི་ཁྱད་པར་དེ་དག་ལ་ཤེས་ནས་དད་པ་ཐོབ་ཐུབ་པ་དང་། དེ་དག་གི་བྱེད་པ་ལ་བརྟེན་ནས་རིམ་པས་སྟོན་པ་དང་བསྟན་པ་ལ་ཚད་མས་དྲངས་པའི་ངེས་པ་རྣམ་དག་འདྲེན་ཐུབ་པ་དང་སྦྲགས་དེའི་ལུང་རྟོགས་ཀྱི་བསྟན་པ་རྣམས་རང་རྒྱུད་ལ་དངོས་སུ་བསྐྲུན་ཐུབ་པའི་རྩོལ་བ་ལ་ཞུགས་འདོད་པ་དང་། དེ་བཞིན་དུ་མཆོད་ཅིང་བསྟོད་པའི་རྣམ་དཀར་གྱི་བྱ་བ་བཟང་པོ་དག་ལ་བརྟེན་ནས་བསོད་ནམས་རླབས་ཆེན་གསོག་ཐུབ་པ་དང་། སྐྱབས་ཡུལ་དེ་དག་གིས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པ་དང་། ཤེས་རྒྱུད་བྱིན་གྱིས་བརླབས་པ་དང་། གོང་མའི་ཁྱད་པར་དག་མྱུར་དུ་རྒྱུད་ལ་སྐྱེ་བའི་གྲོགས་དང་འཕྲིན་ལས་མཛད་པ་སོགས་དགོས་པ་ཤིན་ཏུ་མང་ངོ་།།[5]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འབའ་སྟོད་ཚེ་དབང་རྡོ་རྗེ། ཀྲུང་གོའི་བོད་རིག་པ། དེབ། ༼༢༽ ཕྱི་ལོ་ ༢༠༠༤ ལོ། ཤོག་གྲངས་ ༡༨

[2] བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་ ༡༡༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༣༠

[3] བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་ ༡༡༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༧༠

[4] བསྟན་དར་ལྷ་རམས་པའི་གསུང་འབུམ། པོད། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༩༡

[5] ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་རྣམ་པ་བཞི། ཝཱར་ཎ་དཔེ་མཛོད། ༢༠༠༡ ལོ། གླེང་བརྗོད། ཤོག་གྲངས་ ༢༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤ ནས་ ༣༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *