ག༽ བསྟན་བཅོས་ཀྱི་དབྱེ་བ།

ག༽ བསྟན་བཅོས་ཀྱི་དབྱེ་བ།

 

དེ་ཡང་བསྟན་བཅོས་ཀྱི་དབྱེ་བ་ནི། མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[1]། དེ་ནི་བསྟན་བཅོས་ཀྱི་དབྱེ་བ་བསྟན་པའི་ཕྱིར། བསྟན་བཅོས་ལ་ཡང་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་ལྔ་སྟེ་བྱེ་བྲག་གཉིས། ཞེས་སྨོས་ཏེ། སྤྱིར་ནི་རིག་པའི་གནས་ལྔ་ལ་བསྟན་བཅོས་སུ་གྲགས་སོ། །དེ་སྐད་དུ་ཡང་། རྒྱལ་བ་བྱམས་པས[2]།

རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །

འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །

དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །

བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །

ཞེས་གསུངས་པས་སོ། །བྱེ་བྲག་ཏུ་ལུང་གི་བསྟན་བཅོས་དང་རིགས་པའི་བསྟན་བཅོས་སོ། །ལུང་གི་བསྟན་བཅོས་ལ་བཞིའོ། །ལུང་བསྡུ་བ། ལུང་འགྲེལ་བ། ལུང་ལས་སུ་བཏུས་པ། ལུང་འབྱེད་པའི་བསྟན་བཅོས་སོ། །རིགས་པའི་བསྟན་བཅོས་ལ་དགུ་སྟེ། དེ་སྐད་དུ་ཡང་།[3]

དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང་། །

ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དོན་ནི་རྣམ་པ་དགུ། །

ཞེས་པས་སོ། །དེ་ལ་ལུང་བསྡུ་བ་ནི། མདོ་སྡེ་བརྒྱད་ཅུའི་ཁུངས་སམ། སྐྱེས་རབས་ལྟ་བུའོ། །ལུང་འགྲེལ་བ་ནི་བཀའ་རྣམས་ལ་འགྲེལ་པ་བཤད་པ་ལྟ་བུའོ། །ལུང་ལས་བཏུས་པའི་ལུང་སྟོན་པ་ནི་བསྟན་བཅོས་ལྟ་བུའོ། །འབྱེད་པ་ནི་གཞུང་ལས་ས་བཅད་བསྡུས་དོན་དུ་བརྩམས་པ་ལྟ་བུའོ།།

རིགས་པ་གཉིས་ཏེ། རིགས་པ་སྐྱེད་པ་དང་། རིགས་པ་སྤྲོས་པའོ། །དེ་ཡང་དོན་དགུར་བརྩམས་པ་ལས། དོན་མེད་པ་ནི་བྱ་རོག་སོ་བཏོག་པ་ལྟ་བུའོ། །དོན་ལོག་པ་མུ་སྟེགས་ཀྱི་བསྟན་བཅོས་སོ། །དོན་དང་ལྡན་པ་ནང་པའི་བསྟན་བཅོས་ལྟ་བུའོ། །ལྷུར་ལེན་གསུམ་ལས་ཐོས་པ་ཕྱི་པའི་བཤད་པ་ལྷུར་ལེན་པ། སྒྲུབ་པ་ནང་ལྷུར་ལེན་པ། རྩོད་པ་སྒྲ་ཚད་མ་ལྷུར་ལེན་པའོ། །ངན་གཡོ་ནི་བྲེ་སྒྱུར་སྲང་སྒྱུར་ལྟ་བུའོ། །བརྩེ་བྲལ་ནི་སེམས་ཅན་གྱི་ཤ་གཅོད་རྣ་བ་འབིག་པ་ལ་སོགས་པའོ། །ཡང་ན་སྲོག་དང་འབྲལ་ཐབས་ཏེ་དུག་དང་མཚོན་གྱི་བྱ་ཐབས་ལྟ་བུའོ། །སྡུག་བསྔལ་སྤོང་བ་ནི་ནང་པའི་བསྟན་བཅོས་སོ།།

དེ་ལྟར་བསྟན་བཅོས་ལ་ཐོས་རྩོད་སྒྲུབ་པ་ལྷུར་ལེན་པའི་ཆ་ནས་གསུམ་དུ་དབྱེ་བ་ནི། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས[4]། བསྟན་བཅོས་ནི་གསུམ་སྟེ། ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང་། རྩོད་པ་ལྷུར་ལེན་པའི་བསྟན་བཅོས་དང་། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་སོ། །དེ་ལ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། བྲམ་ཟེའི་གསང་ཚིག་རྣམས་སོ། །རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་རྣམས་ཀྱི་གཏན་ཚིགས་ཀྱི་བསྟན་བཅོས་སོ། །དེ་ལ་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་བཀའོ།།

བསྟན་བཅོས་ལ་དོན་མེད་དོན་ལོག་དོན་ལྡན་གསུམ་གྱི་ཆ་ནས་དབྱེ་བ་ནི། གཞན་ཡང་བསྟན་བཅོས་གསུམ་སྟེ། འདི་ལྟ་སྟེ། དོན་མེད་པའི་བསྟན་བཅོས་དང་། དོན་ལོག་པའི་བསྟན་བཅོས་དང་། དོན་དང་ལྡན་པའི་བསྟན་བཅོས་སོ། །དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་རིགས་པར་བྱའོ། །གཞན་ཡང་བསྟན་བཅོས་གསུམ་སྟེ། ངན་གཡོའི་བསྟན་བཅོས་དང་། སྙིང་པོ་མེད་པའི་བསྟན་བཅོས་དང་། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ། །དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་རིགས་པར་བྱའོ། །ཞེས་བྱུང་བ་ལྟར། བསྟན་བཅོས་ལ་དོན་མེད་དོན་ལོག་དོན་དང་ལྡན་གསུམ་དུ་དབྱེ་བ་དང་། ཐོས་རྩོད་སྒྲུབ་པ་ལྷུར་ལེན་གསུམ་དུ་དབྱེ་བ། ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་བའི་བསྟན་བཅོས་གསུམ་བཅས་བསྟན་བཅོས་ལ་དབྱེ་བ་དགུར་ཕྱེ་བའོ།།

གཞན་ཡང་བརྩམ་བྱ་བསྟན་བཅོས་ཀྱི་དབྱེ་བ་ནི། ཆོས་རྗེ་ས་སྐྱ་པཎྜི་ཏས་ (1182-1251) མཛད་པའི་ཆོས་འབྱུང་ཆེན་མོ་ལས[5]། གསུམ་པ་དབྱེ་བ་ལ་གསུམ་སྟེ། བཤད་བྱ་བཀའི་དབང་གིས་དང་། བྱེད་པ་ལས་ཀྱི་དབང་གིས་དང་། རང་གི་ངོ་བོའི་དབང་གིས་དབྱེ་བའོ། །དང་པོ་ལ་གཉིས་ལས་བཀའ་ཙམ་གྱི་དགོངས་འགྲེལ་གྱི་ཆོས་ནི་སྒྲ་དང་ཚད་མ་སྟེ། གསུང་རབ་ཀྱི་གཞུང་དང་དོན་གྱི་ཆ་གསལ་བར་བྱེད་པ་བརྡ་སྤྲོད་པ་བཞི་དང་། སློབ་དཔོན་ཙནྡྲ་གོ་མིའི་སྒྲ་ཙནྡྲ་པ་དང༌། སློབ་དཔོན་ཟླ་བ་གྲགས་པའི་སྒྲ་ཀུན་ཏུ་བཟང་པོ་ལ་སོགས་པ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་ལས་བཏུས་པ་དང་། ཆོས་ཀྱི་གྲགས་པས་མཛད་པའི་སྡེ་བདུན་ (རྣམ་ངེས། རྣམ་འགྲེལ། རིགས་ཐིགས། འབྲེལ་པ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིགས་པ། གཏན་ཚིགས་ཐིགས་པ་སྟེ་ཚད་མ་) ལ་སོགས་པའོ།།

གཉིས་པ་བཀའ་བྱེ་བྲག་གི་རྣམ་འགྲེལ་ལ་འཁོར་ལོ་གསུམ་ལས། དང་པོ་བདེན་པ་བཞིའི་འཁོར་ལོའི་ལྟ་བ་གང་ཟག་གི་བདག་མེད་འགྲེལ་བའི་བསྟན་བཅོས་ནི། ཐུབ་པ་ཞི་བར་གཤེགས་ནས་ལོ་བརྒྱ་བཅུ་གཉིས་ན་གྲོང་ཁྱེར་བཅོམ་བརླག་ཏུ་དགྲ་བཅོམ་པ་ཉི་མ་གུང་པ་ལ་སོགས་པས་མཛད་པའི་བྱེ་བྲག་ཏུ་བཤད་མཛོད་ཆེན་མོ་དང་། སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་འགྲེལ་ལ་སོགས་པ་ཡིན་ལ། ཀུན་རྫོབ་སྤྱོད་པ་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བ་འདུལ་བ་ལུང་གི་དགོངས་པ་འགྲེལ་བ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་དང་། ལས་ཀརྨ་ཤ་ཏམ་དང་། ཤཱཀྱ་འོད་ཀྱི་སུམ་བརྒྱ་པ་དང་དེའི་འགྲེལ་པ་འོད་ལྡན་དང་། ཀཱ་རི་ཀཱ་དང་། ཤཱཀྱ་བཤེས་གཉེན་གྱི་རྒྱ་ཆེར་འགྲེལ་པ་ལ་སོགས་པའོ།།

བར་པ་མཚན་ཉིད་མེད་པའི་འཁོར་ལོའི་ལྟ་བ་འགྲེལ་བ་དབུ་མ་རྩ་བ་ཤེས་རབ་དང་། མངོན་རྟོགས་རྒྱན་གཉིས་མི་འདྲ་བའི་རྒྱུ་མཚན་ནི། ཡུལ་དང་ཡུལ་ཅན་ནམ་དངོས་ཤུགས་ཀྱིས་བྱེད་པའོ། །ཞེས་འཆད་དོ། །འདི་ལྟར་མདོ་སྡེ་དངོས་སུ་བརྗོད་པ་སྟོང་ཉིད་གསལ་བར་བྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་དང་། སྟོང་ཉིད་བདུན་པ་དང་། རྩོད་ཟློག་དང་། ག་ལས་འཇིགས་མེད་དང༌། ཞིབ་འཐག་དང་། ཐ་སྙད་གྲུབ་པ་སྟེ། རིགས་པའི་ཚོགས་དྲུག་དང་། ཨཱརྱ་དེ་བའི་བཞི་བརྒྱ་པ་དང་། (ལག་ཚད་རབ་བྱེད་དང་།) ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་ (ཚིག་གསལ་དང༌། སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལ་སོགས་) རྩ་འགྲེལ་ལ་སོགས་ཡིན་ལ། ཤུགས་ལ་བསྟན་པ་ལམ་རིམ་མངོན་རྟོགས་བརྒྱད་དུ་འགྲེལ་བ་བྱམས་པ་མགོན་པོའི་མངོན་རྟོགས་རྒྱན་དང་། ཕྱོགས་གླང་གི་བརྒྱད་སྟོང་པའི་དོན་བསྡུ་བ་དང་། དཾཥྚ་སེ་ནའི་འབུམ་ཊཱིཀ་དང༌། ཐོགས་མེད་ཀྱི་དེ་ཉིད་རྣམ་པར་ངེས་པ་དང་། དབྱིག་གཉེན་གྱི་ཉི་ཁྲི་གཞུང་འགྲེལ། འཕགས་པ་གྲོལ་སྡེའི་ཉི་ཁྲི་སྣང་བ་དང་། བཙུན་པ་གྲོལ་སྡེའི་ཉི་ཁྲི་རྣམ་འགྲེལ། སེང་བཟང་གི་བརྒྱད་སྟོང་འགྲེལ་པ་དང་། རིན་ཆེན་སྒྲོན་མ་དང་། སངས་རྒྱས་ཡེ་ཤེས་ཀྱི་སྡུད་འགྲེལ་དང་། བི་མ་ལ་མི་ཏྲའི་ཤེར་སྙིང་རྒྱ་ཆེར་འགྲེལ་དང་། ཤཱནྟི་པའི་དག་ལྡན་ལ་སོགས་པའོ།།

མཐའ་མ་དོན་དམ་ངེས་པའི་ལྟ་བ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པར་སྣང་བ་འདི་དག་སེམས་ཙམ་མོ་ཞེས་པའི་དོན་འགྲེལ་བ། སློབ་དཔོན་ཐོགས་མེད་ཀྱི་མངོན་པ་ཀུན་ལས་བཏུས་དང༌། བྱམས་པ་མགོན་པོའི་མདོ་སྡེ་རྒྱན་དང་། དབུས་མཐའ་དང་། དབྱིག་གཉེན་གྱི་ཉི་ཤུ་པ་དང་། སུམ་ཅུ་པ་དང༌། ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང་། རྟེན་འབྲེལ་ཆེན་མོ་དང་། དབུས་མཐའི་ཊཱིཀཱ། །རྣམ་བཤད་རིགས་པ་དང་། ཕྱོགས་གླང་གི་དམིགས་པ་བརྟག་པ་ལ་སོགས་པའོ།།

བར་པ་དང་ཐ་མ་གཉིས་ཀྱི་སྤྱོད་པ་གཞན་དོན་སྙིང་རྗེ་ཆེན་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པ་སློབ་དཔོན་ཐོགས་མེད་ཀྱི་ས་སྡེ་ལྔ་དང་། ཞི་བ་ལྷའི་བསླབ་བཏུས་དང༌། སྤྱོད་འཇུག་དང༌། མདོ་ཀུན་ལས་བཏུས་པ་དང༌། ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་དང་། བཤེས་སྤྲིང་དང་། སེམས་འགྲེལ་དང་། མདོ་ཀུན་ལས་བཏུས་པ་ལ་སོགས་པ་དང་། ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པ་དང་། སློབ་མ་ལ་སྤྲིང་ཡིག་དང་། རྟ་དབྱངས་ཀྱི་མི་དགེ་བ་བཅུ་བསྟན་པ་དང༌། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་དང༌། སྤྱོད་པ་བསྡུས་པའི་སྒྲོན་མ་དང་། ལམ་རིམ་ལ་སོགས་པའོ།།

གཉིས་པ་བྱེད་ལས་ཀྱིས་དབྱེ་ན་གསུམ་སྟེ། རྩ་ཤེར་མངོན་རྟོགས་རྒྱན་ལྟ་བུ་བཀའ་ཟབ་མོ་འབྱེད་པའི་བསྟན་བཅོས་དང་། སྤྱོད་འཇུག་ལྟ་བུ་རྒྱ་ཆེན་པོ་སྡུད་པའི་བསྟན་བཅོས་དང་། མདོར་བྱས་སམ་མཚོ་སྐྱེས་ལྟ་བུས་འཁྲུགས་པ་གོ་རིམ་བསྡེབས་པའི་བསྟན་བཅོས་སོ།།

གསུམ་པ་རང་གི་ངོ་བོས་དབྱེ་ན་གསུམ་སྟེ། ས་སྡེ་ལྔ་ལས[6]། དོན་མེད་(བྱ་རོག་སོ་རྟོག་ལྟ་བུ།)དོན་ལོག་(མ་བག་མ་ལེན།)དོན་དང་ལྡན། །(སངས་རྒྱས་སོ།།)ངན་གཡོ་(དང་)བརྩེ་བྲལ་(དང་)སྡུག་བསྔལ་སྤོངས། །ཐོས་(པ་དང་)རྩོད་(པ་)སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པས། བརྗོད་བྱ་ཀུན་སློང་བྱེད་པ་གསུམ་མོ། །ཞེས་གསུངས་སོ།།

གཞན་ཡང་༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས[7]། བསྟན་བཅོས་ལ་དབྱེ་ན། འཁོར་ལོ་གསུམ་གྱི་དགོངས་འགྲེལ་ལས། དང་པོ་ལ་ལྟ་བའི་ཆ་གཙོ་བོར་འགྲེལ་བ་མངོན་པ་སྡེ་བདུན། མངོན་པ་གོང་འོག །སྤྱོད་པའི་ཆ་གཙོ་བོར་འགྲེལ་བ་མདོ་རྩ་ལྟ་བུ། གཉིས་པ་ལ་ལྟ་བའི་ཆ་ལ་རིགས་ཚོགས་དྲུག །སྤྱོད་པའི་ཆ་ལ་མངོན་རྟོགས་རྒྱན་ལྟ་བུའོ། །གསུམ་པ་ལ། ལྟ་བའི་ཆ་ལ་འབྱེད་རྣམ་གཉིས། པྲ་ཀ་ར་ན་སྡེ་བརྒྱད། སྤྱོད་པའི་ཆ་ལ་མདོ་རྒྱན། ས་སྡེ་ལྔ། སྡོམ་རྣམ་པ་གཉིས་ལྟ་བུའོ། །དེས་ན།

དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །

ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །

ཅེས་པ་ལས། སྔར་བཤད་པ་རྣམས་གསུམ་པོའི་ནང་དུ་གཏོགས་ལ། དྲུག་པོ་ནི་བྱ་རོག་སོ་ཐོགས་ཀྱི་བསྟན་བཅོས། འཇོག་པོའི་གཙུག་རྒྱན་ལེན་པའི་བསྟན་བཅོས། ཕྱི་རོལ་པའི་ཐོས་པ་ཙམ་དང་། རྩོད་པ་ཙམ་ལྷུར་ལེན་པའི་བསྟན་བཅོས། བྲམ་ཟེའི་གསང་ཚིག་སྟོན་པའི་བསྟན་བཅོས། ཕྱུགས་ཀྱི་མཆོད་སྦྱིན་བྱེད་པའི་བསྟན་བཅོས་རྣམས་སོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་བསྟན་བཅོས་ཀྱི་དབྱེ་ལུགས་ཞལ་གསལ་ཞིབ་རྒྱས་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་གསོ་རིག་སྨན་གྱི་ཁོག་འབུགས་ལས[8]། གསུམ་པ་དབྱེ་བ་ལ། མཆོག་དམན། བྱེད་ལས། བརྗོད་བྱ། བཤད་བྱ་བཀའ་རྣམས་ཀྱི་སྒོ་ནས་དང་། བསྟན་བཅོས་ཀྱི་རིགས་བསྡུ་བ་སྟེ་ལྔ་ལས། དང་པོ་ནི། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་ནང་ཚན་ས་གཏན་ལ་དབབ་པ་བམ་པོ་ཉེར་གཉིས་པ་ལས[9]། བསྟན་བཅོས་ནི་གསུམ་སྟེ། ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང་། རྩོད་པ་ལྷུར་ལེན་པའི་བསྟན་བཅོས་དང་། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་སོ། །དེ་ལ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། བྲམ་ཟེའི་གསང་ཚིག་རྣམས་སོ། །རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་རྣམས་ཀྱི་གཏན་ཚིགས་ཀྱི་བསྟན་བཅོས་སོ། །དེ་ལ་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་བཀའོ།།

གཞན་ཡང་བསྟན་བཅོས་གསུམ་སྟེ། དོན་མེད་པའི་བསྟན་བཅོས་དང་། དོན་ལོག་པའི་བསྟན་བཅོས་དང་། དོན་དམ་པའི་བསྟན་བཅོས་སོ། །དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་རིགས་པར་བྱའོ། །གཞན་ཡང་བསྟན་བཅོས་གསུམ་སྟེ། ངན་གཡོའི་བསྟན་བཅོས་དང་། སྙིང་པོ་མེད་པའི་བསྟན་བཅོས་དང་། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ། །དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བ་རིགས་པར་བྱའོ། །ཞེས་གསུངས་པའི་དོན་སྔོན་གྱི་མཁས་པས་བསྡེབས་ཤིང་བཀྲལ་བ་བོད་རྩོམ་རྣམས་སུ་འདྲེན་རྒྱུན་ལྟར་ན།

དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་སྙིང་མེད་སྡུག་བསྔལ་སྤོང་། །

ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །[10]

ཅེས་བྱ་རོག་གི་སོ་བརྟག་པ་ལྟ་བུ་དོན་མེད་པའི་བསྟན་བཅོས། མཐོ་རིས་ཀྱི་ཐབས་སུ་སྲོག་གཅོད་པའི་མཆོད་སྦྱིན་ལྟ་བུ་ལོག་པ། ཕུང་ཁམས་སྐྱེ་མཆེད་རྫོགས་པར་སྟོན་པ་མངོན་པ་མཛོད་ལྟ་བུ་དོན་དང་ལྡན་པ། སྒྱུ་མ་དང་མིག་འཕྲུལ་གྱི་ཐབས་སྟོན་པ་ལྟ་བུ་ངན་གཡོ། ངལ་ཞིང་དུབ་པ་ལུས་ལ་མེ་ལྔ་བསྟེན་པའི་བསྟན་བཅོས་ལྟ་བུ་སྙིང་པོ་མེད་པ། བྱམས་པའི་ཆོས་ལྔ་ལྟ་བུ་སྡུག་བསྔལ་སྤོང་བ། ཉན་ཐོས་སེནྡེ་པའི་བསྟན་བཅོས་ལྟ་བུ་ཐོས་པ་ལྷུར་ལེན་པ། རྟོག་གེའི་ཚིག་དོན་བརྒྱད་ལྟ་བུ་རྩོད་པ་ལྷུར་ལེན། སྤྱོད་འཇུག་ལྟ་བུ་སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་ཏེ། དོན་ལྡན་སྡུག་བསྔལ་སྤོང་བ་སྒྲུབ་པ་ལྷུར་ལེན་གསུམ་མཆོག་དང་། གཞན་དྲུག་པོ་དམན་པ་བསྟན་བཅོས་ལྟར་སྣང་དུ་བཞེད།

གཉིས་པ། བྱེད་ལས་ཀྱིས་དབྱེ་ན། བཀའ་རྒྱ་ཆེན་པོ་སྡུད་པ་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་ལྟ་བུ། ཟབ་མོ་རྣམ་པར་འབྱེད་པ་རྒྱལ་བ་བྱམས་པའི་མངོན་རྟོགས་རྒྱན་ལྟ་བུ། འཁྲུགས་པ་སྡེབ་པའི་བསྟན་བཅོས་(བྱམས་པ་མགོན་པོའི་)མདོ་སྡེ་རྒྱན་ནམ་(རྒྱལ་སྲས་ཞི་བ་ལྷའི་)བསླབ་བཏུས་ལྟ་བུའོ།།

གསུམ་པ། བརྗོད་བྱའི་སྒོ་ནས་དབྱེ་བ་ལ། ཤེས་བྱ་ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པ་གསུམ་ལས། དང་པོ་ལའང་ཕལ་པ་དང་ཁྱད་པར་ཅན་གཉིས་ཀྱི་དང་པོ་ནི། བརྟག་པ་བརྒྱད་དམ་བཅོ་བརྒྱད་ལ་སོགས་པ་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་རྣམས་དང་། རིག་གནས་ལྔ་སྟོན་བྱེད་ཀྱི་བསྟན་བཅོས་ཏེ་གཉིས་སུ་བཤད། གཉིས་པ་ཤེས་བྱ་ཇི་ལྟ་བ་སྟོན་བྱེད་ནི། བདེན་བཞི་རྣམ་པ་བཅུ་དྲུག་ཏུ་སྟོན་པའམ། གཟུང་འཛིན་གཉིས་མེད་ཀྱི་དོན་སྟོན་པའམ། རང་བཞིན་མེད་པའི་བདེན་པ་སྟོན་པ་སྟེ་(དཔལ་ལྡན་ཆོས་གྲགས་ཀྱི་)རྣམ་ངེས་དང་(སློབ་དཔོན་དབྱིག་གཉེན་གྱི་)སུམ་ཅུ་པ་དང་(ཞི་བ་འཚོའི་)དབུ་མ་རྒྱན་ལྟ་བུའོ། །གསུམ་པ་ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་བྱེད་ནི་(རྒྱལ་སྲས་ཞི་བ་ལྷའི་)སྤྱོད་འཇུག་ལྟ་བུའོ།།

བཞི་པ། བཤད་བྱ་བཀའི་སྒོ་ནས་དབྱེ་ན། བཀའ་སྤྱིའི་དགོངས་འགྲེལ་དང་། བྱེ་བྲག་གི་དགོངས་འགྲེལ་གཉིས་ལས། དང་པོ་ནི། བཀའ་སྤྱིའི་ཚིག་གི་ཆ་གསལ་བར་བྱེད་པ་ལ་སྒྲ་དང་། དོན་གྱི་ཆ་གསལ་པོར་བྱེད་པ་ཚད་མ་ལ་གྲགས་ཀྱང་། ཕྱི་རོལ་པའི་སྒྲ་ཚད་སོགས་ཀྱིས་མ་ངེས་པའི་ཕྱིར་རོ།།

གཉིས་པ་བཀའ་བྱེ་བྲག་གི་དགོངས་འགྲེལ་ལ་གསུམ་ལས། འཁོར་ལོ་དང་པོའི་ལྟ་བའི་ཆ་གསལ་བར་བྱེད་པ་ཁ་ཆེ་བྱེ་བྲག་སྨྲ་བ་བཀའ་དང་། མདོ་སྡེ་པའི་བསྟན་བཅོས་སུ་བཞེད་པ་མངོན་པ་སྡེ་བདུན། དེ་དག་གི་དོན་བསྡུས་བྱེ་བྲག་བཤད་མཛོད་ཆེན་མོ། དེ་ལས་ཀྱང་བསྡུས་པ་དབྱིག་གཉེན་གྱི་མཛོད་ལྟ་བུ། གཉིས་པ་སྤྱོད་པའི་ཆ་གསལ་བར་བྱེད་པ། གཞི་བཅུ་བདུན་གྱི་རབ་བྱུང་གི་གཞི་དང་པོར་བསྟན་ནས་རྣམ་འབྱེད་དང་གཞི་བཅུ་དྲུག་སྟོན་པ་གཞིར་བྱས་པ་ལ། གཞུང་དམ་པའི་ཞུ་བ་འདུལ་བྱེད་སོགས་དང་། ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་རྣམས་ཇི་ལྟར་རིགས་པར་སྦྱར་བ་ (སློབ་དཔོན་ཡོན་ཏན་འོད་ཀྱི་) མདོ་རྩ་དང་། རྣམ་འབྱེད་གཞིར་བཞག་ནས་གཞན་ཇི་ལྟར་རིགས་པར་སྦྱར་བ་ (དགྲ་བཅོམ་ས་ག་ལྷའི་) མེ་ཏོག་ཕྲེང་རྒྱུད་དང་(སློབ་དཔོན་ཤཱཀྱ་འོད་ཀྱི་)སུམ་བརྒྱ་པ་ལྟ་བུའོ།།

གཉིས་པ་བཀའ་བར་པའི་ལྟ་བའི་ཆ་གསལ་བར་བྱེད་པ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་པ་ལས། མདོ་ལས་དངོས་སུ་བརྗོད་པའི་དོན་ནམ་སྙིང་པོའི་དོན་སྟོན་པ་(མགོན་པོ་ཀླུ་སྒྲུབ་ཀྱི་)དབུ་མ་རྩ་བ་ཤེས་རབ་དེའི་རབ་བྱེད་དང་པོ་ལས་འཕྲོས་པ་རྩོད་བཟློག །བདུན་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་རིགས་ཚོགས་ལྔ་རྩོད་མེད་ཀྱི་སྟེང་། སྔ་རབས་རྣམས་ཐ་སྙད་གྲུབ་པ་དང་རིན་ཆེན་ཕྲེང་བ་ག་ལས་འཇིགས་མེད་གསུམ་གང་རུང་དུ་སྦྱར་བའི་སོ་སོའི་བཞེད་པའི་རིགས་ཚོགས་དྲུག་འདྲེན་པ་དང་། མཐའ་དག་བགྲངས་ན་རིགས་ཚོགས་བརྒྱད་དུའང་བཞེད་དགོས་པ་ལྟ་བུ་དང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས་སྔ་རྩོམ་གསེར་ཕྲེང་[11]དུ་སྔ་རབས་ཀྱི་བཞེད་པ་བཞིན་མཛད་ནའང་། ཕྱིས་རྩོམ་རིགས་པའི་རྒྱ་མཚོར་[12]རིན་ཆེན་ཕྲེང་བ་བསྣན་པའི་ཡོངས་གྲགས་དྲུག་ཏུ་བཞེད་པ་དང་། ཤུགས་བསྟན་གྱི་དོན་ནམ་མངོན་པར་རྟོགས་པའི་དོན་གཙོ་བོར་དངོས་པོ་བརྒྱད་ཀྱི་སྒོ་ནས་སྟོན་པ་(བྱམས་པ་མགོན་པོའི་)མངོན་རྟོགས་རྒྱན་ལྟ་བུའོ། །སྤྱོད་པའི་ཆ་གསལ་བར་བྱེད་པ། (མགོན་པོ་ཀླུ་སྒྲུབ་ཀྱི་)མདོ་ཀུན་ལས་བཏུས་དང་། (ཀ་མ་ལ་ཤཱི་ལའི་) སྒོམ་རིམ་ལ་སོགས་པ་ལྟ་བུའོ།།

གསུམ་པ་བཀའ་མཐའ་མའི་ཆ་གསལ་བར་བྱེད་པ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་ཐོགས་མེད་ཀྱིས་མཛད་པ། བློ་གྲོས་མི་ཟད་པའི་མདོ་འགྲེལ་དབྱིག་གཉེན་གྱིས་མཛད་པ། སངས་རྒྱས་ཀྱི་སའི་རྣམ་གཞག་ངང་ཚུལ་བཟང་པོས་མཛད་པ། དཀོན་བརྩེགས་འོད་སྲུངས་ལེའུའི་རྣམ་བཤད་བློ་བརྟན་པའི་ཆ་ཙམ་སྟོན་པ་དང་། རགས་པའི་དུས་བྱམས་པ་དང་འབྲེལ་བའི་ཆོས་སྡེ་རྣམས་ཐེག་ཆེན་ཐམས་ཅད་ཀྱི་དགོངས་པ་འགྲེལ་ཞིང་། འཁོར་ལོ་གསུམ་པའི་དོན་གཙོ་བོར་སྟོན་པ་ཙམ་ལ་བརྟེན་ནས་འཁྱོག་བཤད་ཀྱི་རིགས་སྣང་ཡང་། མངོན་རྟོགས་རྒྱན་ནི་ཞིབ་ཆའི་དུས་ནམ་ཡང་འཁོར་ལོ་བར་པ་ལས་མ་འདས་སོ།།

ལྔ་པ། བསྟན་བཅོས་ཀྱི་རིགས་བསྡུ་བ་ལ་གསུམ་སྟེ། བཀའ་ལ་བརྟེན་པ་དང་། མི་བརྟེན་པ། བཀའ་བསྟན་གྱི་ཁྱད་པར་བཤད་པའོ། །དང་པོ་ལ། བཀའ་ཉིད་ལ་འགྲེལ་པ་བཏབ་པ་དང་། བཀའི་དོན་རྒྱུད་དུ་བརྩམས་པ་གཉིས། དང་པོ་ལ། ཚིག་གི་ཆ་དོན་གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་གཉིས་ལྟ་བུའི་དཀའ་འགྲེལ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལྟ་བུའི་ཚིག་འགྲེལ། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུས་ལྟ་བུའི་བསྡུས་དོན་གྱི་འགྲེལ། ངག་དོན་དྲིལ་ནས་སྟོན་པ་ངག་དོན་གྱི་འགྲེལ་པ། ཚིག་དོན་གཉིས་ཀ་རྒྱ་ཆེར་འགྲེལ་བ་སོ་སོ་ཐར་པའི་འགྲེལ་པ་བམ་པོ་ལྔ་བཅུ་པ་ལྟ་བུའི་རྒྱ་ཆེར་འགྲེལ་བ་དང་ལྔར་འདུས།

གཉིས་པ་བཀའི་དོན་རང་རྒྱུད་དུ་བརྩམས་པ་ལ། བཀའ་གཅིག་གི་དོན་རྫོགས་པར་སྟོན་པ་(བྱམས་མགོན་གྱི་)མངོན་རྟོགས་རྒྱན་ནམ་(ཡོན་ཏན་འོད་ཀྱི་)མདོ་རྩ་ལྟ་བུ། ཐོར་བུ་སྟོན་པ་(ཀླུ་སྒྲུབ་ཀྱི།)དགེ་ཚུལ་གྱི་ཀཱ་རི་ཀཱ་ལྟ་བུ། བཀའ་མང་པོའི་དོན་སྟོན་པ་(ཞི་བ་ལྷའི་)བསླབ་བཏུས་དང་(ཀླུ་སྒྲུབ་ཀྱི་)བཤེས་སྤྲིང་ལྟ་བུ། སྤྱིར་གྱི་འགྲེལ་པ་ཙམ་དང་། བཤད་པ་དང་། རྣམ་བཤད་དང་། བཤད་སྦྱར་དང་། དོན་བསྡུས་དང་། དཀའ་འགྲེལ་དང་། རྒྱ་ཆེར་འགྲེལ་དང་། ལེགས་པར་སྦྱར་བ་དང་། རྣམ་པར་ཕྱེ་བ་ལ་སོགས་ཏེ་མིང་གིས་དབྱེ་བ་མང་དུ་འབྱུང་ལ། དེའི་ཁོངས་ནས་བསྟན་བཅོས་ཡང་དག་དང་ལྟར་སྣང་གི་ཁྱད་པར་ཤེས་པར་བྱ་ཞིང་། གཉིས་པ་བཀའ་ལ་མི་བརྟེན་པའི་བསྟན་བཅོས་ནི། ཐུན་མོང་བའི་དུས་སྒྲ་ཚད་དུ་བཞེད་ནའང་། ཐུན་མོང་མིན་པར་ཚད་མ་ལ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་དགོངས་པ་སོགས་སྒྲ་ཚད་གཉིས་ཀ་ལ་དོན་གྱི་བཀར་མི་བཞེད་པ་དཀའ་གཤིས་དཔེར་བརྗོད་ཙམ་དུ་སྙན་ངག་མེ་ལོང་དང་ཟློས་གར་ལྟ་བུའོ།།

གསུམ་པ་ཁྱད་པར་ནི། སངས་རྒྱས་ཀྱིས་དངོས་སུ་གསུངས་པ་ལྟ་ཅི་སྨོས། བདག་རྐྱེན་ཙམ་མཛད་ནས་འཁོར་གྱིས་སྤོབས་པ་བསྐྱེད་དེ་བཤད་པ་དང་། འདི་ལྟར་གྱིས་ཞེས་གདམས་པ་རྣམས་བཀའ་ཡིན་ཅིང་། དེ་ལས་གཞན་པ་རྣམས་བསྟན་བཅོས་ཡིན། ཞེས་གསལ་བར་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༢༩

[2] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༨༣༧

[3] བསྟན་འགྱུར་དཔེ་བསྡུར་མ། ཞོལ་བཀའ་འགྱུར་དཀར་ཆག །དེབ་ཨང་ ༡༠༧ པ། ༢༠༠༨ ལོ། ཤོག་ ༤༩

[4] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཞི༽ དེབ་ཨང་ ༧༤ པ། ༢༠༠༨ ལོ། ཤོག་གྲངས་ ༤༧༧

[5] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༤

[6] བསྟན་འགྱུར་དཔེ་བསྡུར་མ། ཞོལ་བཀའ་འགྱུར་དཀར་ཆག །དེབ་ཨང་ ༡༠༧ པ། ༢༠༠༨ ལོ། ཤོག་ ༤༩

[7] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད། ༼པ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༤

[8] གསོ་རིག་སྨན་གྱི་ཁོག་འབུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༨༣

[9] བསྟན་འགྱུར་དཔེ་བསྡུར་མ། ཞོལ་བཀའ་འགྱུར་དཀར་ཆག །དེབ་ཨང་ ༡༠༧ པ། ༢༠༠༨ ལོ། ཤོག་ ༤༧༦

[10] བསྟན་འགྱུར་དཔེ་བསྡུར་མ། ཞོལ་བཀའ་འགྱུར་དཀར་ཆག །དེབ་ཨང་ ༡༠༧ པ། ༢༠༠༨ ལོ། ཤོག་ ༤༩

[11] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཙ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣

[12] རྗེ་ཙོང་ཁ་པའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩ ནས་ ༢༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *