༣༽ ཕ་དམ་པའམ་རྗེ་དམ་པ་རྒྱ་གར་བའི་གསུང་།

༣༽ ཕ་དམ་པའམ་རྗེ་དམ་པ་རྒྱ་གར་བའི་གསུང་།

 

གཞན་ཡང་སྡེ་དགེ་བསྟན་འགྱུར་དང་། བསྟན་འགྱུར་དཔེ་བསྡུར་མ་གཉིས་ཀྱི་དཀར་ཆག་ལྟར་ན། རྗེ་དམ་པ་རྒྱ་གར་བའི་མཚན་གསལ་བའི་ཆོས་ཚན་ཁག་ ༡༤ རྒྱུད་ཟི་པར་བཞུགས་པ་དག་ནི། ༡༽ རྒྱུད་ཟི་པ་ལ། ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ་དམ་པ་རྒྱ་གར་ལ་བདེ་བར་གཤེགས་པ་བཅུ་གཉིས་ཀྱིས་གསུངས་པ། སངས་རྒྱས་གཉིས་པ་ལྟར་གྲགས་པ་བླ་མ་རྒྱ་གར་ནག་གུའི་ཞབས་དང༌།

བོད་ཀྱི་བནྡེ་ཞ་མ་ལོ་ཙཱ་བས་བྱིན་རླབས་ཀྱི་གནས་མཆོག་དིང་རིར་བསྒྱུར་ཏེ་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གསུངས་པ། ༢༽ རྒྱུད་ཟི་པ་ལ། རྡོ་རྗེ་མཁའ་འགྲོ་མའི་བརྡའི་མགུར་ཞེས་བྱ་བ། དབྱིངས་ཀྱི་གཙོ་མོ་རྣམས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བ། སླད་ཀྱིས་དིང་རི་བླ་འཁོར་དུ་ཞ་མ་ལོ་ཙཱས་བསྒྱུར་ནས་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད། ༣༽ རྒྱུད་ཟི་པ་ལ། ཐུགས་ཀྱི་གསང་བ་གླུར་བླང་བ་ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ་གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་རྟོགས་པ་བརྗོད་པ། དབྱིངས་ཀྱི་གཙོ་མོ་རྣམས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བ། ཞ་མ་ལོ་ཙཱ་བས་ལེགས་པར་བསྒྱུར་བ། ༤༽ རྒྱུད་ཟི་པ་ལ། གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། མཁའ་འགྲོ་བའི་གསང་མཛོད་ནས་ཕྱུང་སྟེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་། ཞ་མ་ལོ་ཙཱ་བས་བསྒྱུར། ༥༽ རྒྱུད་ཟི་པ་ལ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་ངག་ཅེས་བྱ་བ། རྗེ་དམ་པ་ལ་མཁའ་འགྲོ་མས་གཏད་པ། ཞ་མ་ལོ་ཙཱའི་འགྱུར་ལ་དུམ་བུ་དྲུག་དང་ལེ་ཕྲན་ལྔ་བཅུ་རྩ་ལྔ་ཡོད་དོ།།

༦༽ རྒྱུད་ཟི་པ་ལ། མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་ཞེས་བྱ་བ་བྲུལ་ཚོ་བདུན་དུ་བསྟན་པ། མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས་དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་ཀ་མ་ལ་ཤཱི་ལ་ལ་གཏད་པ། ཞ་མ་ལོ་ཙཱ་བ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར། ༧༽ རྒྱུད་ཟི་པ་ལ། རྔོན་པ་ཆེན་པོས་ཀ་མ་ལ་ཤཱི་ལ་ལ་གནད་ཀྱི་གདམས་པ་བསྟན་པ། ༨༽ རྒྱུད་ཟི་པ་ལ། སེམས་ཀྱི་གསང་བ་ཟབ་དོན་བརྡའི་གླུར་བླངས་པ་ཞེས་བྱ་བ། ཤ་བ་རི་དབང་ཕྱུག་གིས་དམ་པ་ལ་གནང༌། དམ་པའི་ཞལ་སྔ་ནས་ཞ་མ་ལོ་ཙཱ་བས་གཏན་ལ་ཕབ་སྟེ་དཔལ་དིང་རི་མཁན་པའི་ཁྲོད་དུ་བསྒྱུར་བ། ༩༽ རྒྱུད་ཟི་པ་ལ། དཔལ་ཨོ་རྒྱན་གྱི་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ་ཞེས་བྱ་བ།

༡༠༽ རྒྱུད་ཟི་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོགས་པ་བརྗོད་པ། མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས་དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བ། ཞ་མ་ལོ་ཙཱ་བའི་འགྱུར། ༡༡༽ རྒྱུད་ཟི་པ་ལ། མཁའ་འགྲོ་མའི་འབྱམས་གླུ་ཞེས་བྱ་བ། ཁྱད་པར་གྱི་བརྒྱུད་པ་བརྒྱད་ལས་དོན་སྐོར་རྣམ་པ་བཞི་འབྱམས་གླུ་དང་བཅས་པ། དམ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པ། ༡༢༽ རྒྱུད་ཟི་པ་ལ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ། དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་གསུངས་པ། དམ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པ། ༡༣༽ རྒྱུད་ཟི་པ་ལ། རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མགུར། རྒྱལ་སྲས་མིའི་སེང་གེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པ། ༡༤༽ རྒྱུད་ནུ་པ་ལ། འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས། རྗེ་བཙུན་དམ་པ་རྒྱ་གར་གྱི་གདམས་པ། ཞ་མ་སེང་རྒྱལ་གྱི་འགྱུར།

དེ་ལྟར་གོང་གསལ་རྒྱུད་ཟི་པར་བཞུགས་པའི་ཀ་མ་ལ་ཤཱི་ལ་དང་། རྗེ་དམ་པ་རྒྱ་གར་བའི་མཚན་འཁོད་པའི་ཆོས་ཚན་ ༡༤ བཞུགས་པ་རྣམས་ཀྱི་ཁྲོད་ནས་བོད་ཀྱི་བནྡེ་ཞ་མ་ལོ་ཙཱ་བ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་བའི་འགྱུར་གཞུང་ ༡༠ དང་། ཀ་མ་ལ་ཤཱི་ལ་ལ་གནད་ཀྱི་གདམས་པ་བསྟན་པ་ཞེས་པ་ལས་འགྱུར་བྱང་མི་གསལ་བ་གཅིག་དང་། རྗེ་དམ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པའི་ཆོས་ཚན་ ༣ མཆིས་པ་རྣམས་ཀྱང་འདིར་ཞར་བྱུང་དུ་དཔྱད་གཞིར་བསམས་ནས་བཀོད་པའོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༦ ནས་ ༡༩༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *