རྒྱ་གར་ལོ་རྒྱུས་སྟེང་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་མྱོང་།

རྒྱ་གར་ལོ་རྒྱུས་སྟེང་དབྱིག་གཉེན་སྔ་ཕྱི་གཉིས་བྱོན་མྱོང་།

 

དེ་ཡང་ཇི་སྐད་དུ་མཁས་དབང་དགེ་ཆོས་ཀྱིས། རྒྱ་གར་རིགས་པའི་འབྱུང་གནས་ལྟ་བུ་འདི་ལ་མི་ཟད་པའི་ཉམ་ཐག་པ་ཆེན་པོ་ཞིག་བྱུང་བ་ནི། འདི་ལྟར་སྔོན་གྱི་ཚེ་སྐྱེས་བུ་ཆེན་པོ་སའི་རྒྱན་དུ་གྱུར་པ་ཇི་སྙེད་ཅིག་བྱུང་ཡང་དེ་དག་ལ་རིས་དང་། རྒྱུད་པ་དང་། བྱ་བ་ན་ཚོད་སོགས་མིའི་ལུགས་སུ་བྱས་ནས་དུས་བསྒྲིགས་པའི་རྒྱལ་རབས་རྒྱ་ནག་དང་ཏ་ཟིག་དང་རོ་མན་སོགས་ཀྱིས་བྲིས་པ་དེ་ལྟ་བུ་ཀསྨིར་རྒྱལ་རབས་ར་ཛ་རདྷིནི་བྱ་བ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་བཅད་དུ་བྱས་པ་ཀླ་ཀློ་སླེབས་ཀྱི་བར་ཁ་ཆེའི་ཡུལ་དུ་གང་བྱུང་བྲིས་པ་འདི་གཅིག་པུ་མ་གཏོགས་ཡེ་མ་བྱུང་བ་ཡིན་ནོ།།

འདིའི་ཆ་ནས་རྒྱ་གར་གྱི་རྒན་པོ་དེ་རྣམས་རྒྱ་ནག་དང་། ཏ་ཟིག་སོགས་ལས་སྨོས་ཅི་དགོས། བོད་ལས་ཀྱང་ཅུང་ངན་ཏེ། བོད་རྣམས་གཉའ་ཁྲི་བཙན་པོ་ནས་མངའ་རིས་ཆོས་རྒྱལ་ཡབ་སྲས་ཀྱི་བར་སྒྲོ་འདོགས་ཅི་རིགས་པར་བསྲེས་སུ་ཟད་མོད། རྒྱལ་རབས་ཀྱི་མིང་བཏུ་ནུས་པ་ཙམ་ཡོད་པ་ཡིན་ལ། ཆོས་རྒྱལ་མྱ་ངན་མེད་དང་། ཟླ་བ་སྦས་པ་ལྟ་བུ་ཡང་རྒྱལ་ཐོག་རེ་གཉིས་ཙམ་ལས་སྔར་གང་བྱུང་དང་། ཕྱིས་སུ་གང་དུ་སོང་མི་ཤེས་པ་ཡིན་ནོ། །ཞེས་བཤད་པ་ལྟར། གནའ་བོའི་རྒྱ་གར་ནི་ཤར་ཕྱོགས་མཚན་ཉིད་རིག་པའི་འགོ་ཁུངས་ལྟ་བུ་ཞིག་ལགས་པས། དེར་འགྲོ་མིའི་ཤེས་རིག་གི་ལོ་རྒྱུས་ཀྱི་ནང་དུ་འོད་ལྟར་འཚེར་བའི་བསམ་བློའི་མི་བོ་ཆེ་དང་། ལྟ་གྲུབ་སྨྲ་བ་དང་མཚན་ཉིད་རིག་པ་བ་མང་དག་ཅིག་བྱོན་མྱོང་ཡང་། གནའ་བོའི་རྒྱ་གར་གྱི་མི་རིགས་ནི་ཆོས་ལུགས་དང་ལྟ་གྲུབ་ལས་ལོ་རྒྱུས་ལ་དང་དོད་མི་བྱེད་པའི་རིགས་ཤིག་ཡིན་ཙམ། མཚན་ཉིད་རིག་པ་བ་མཁས་ཆེན་དེ་དག་གི་སྐུ་ཚེའི་བྱུང་བ་ཇི་བཞིན་ཡང་དགྲོལ་དཀའ་བའི་ལོ་རྒྱུས་ཀྱི་གསང་བ་དང་། ཕྱི་རབས་པ་རྣམས་ཀྱི་རྩོད་གླེང་མཚམས་མི་ཆད་པར་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད། དེའི་གྲས་སུ་རང་རེའི་ཀླུ་སྒྲུབ་དང་ཐོགས་མེད། བྱམས་པ་དང་དབྱིག་གཉེན་ལྟ་བུའི་མཁས་ཆེན་དག་ཀྱང་འདུ་བ་རེད།

དེས་ན་ཁོང་རྣམས་ཀྱི་སྐུ་ཚེའི་བྱུང་བ་ལ་དོ་སྣང་བྱེད་ཕྱིན། དེ་དག་གི་བརྩམས་ཆོས་ལ་ལྟ་རྟོག་བྱེད་རྒྱུ་ནི་ཅིས་ཀྱང་བརྗེད་དུ་མི་རུང་བ་ཞིག་ཡིན་པར་འདུག་ལ། དེ་རུ་ད་གཟོད་རང་རེས་ལོ་རྒྱུས་སུ་མི་གསལ་བའི་གནད་དོན་མང་དག་ཅིག་ཀྱང་མཐོང་ཐུབ་པར་འདུག་སྟེ། ཕྲན་གྱིས་ཀྱང་ཐེངས་འདིའི་དཔེ་ཀློག་གི་ཁྲོད་ནས་ཐོབ་པའི་བློ་སྐྱེད་ཅིག་སྟེ། དབྱིག་གཉེན་སྔ་ཕྱི་གཉིས་བྱུང་ཡོད་སྐོར་གྱི་སྐད་ཆ་ཞིག་ཁྱེད་རྣམས་ལ་སྐྱེས་སུ་དབུལ་བར་བྱའོ། །

མཛོད་རང་འགྲེལ་དང་འགྲེལ་བཤད་རྣམ་གཉིས་སུ་གསལ་བའི་དབྱིག་གཉེན་སྔ་མའི་སྐོར། སློབ་དཔོན་དབྱིག་གཉེན་ནི་གནའ་བོའི་རྒྱ་གར་དང་། ལྷག་ཏུ་ནང་བསྟན་མཚན་ཉིད་རིག་པའི་ལོ་རྒྱུས་ཀྱི་ཁྲོད་ནས་ཆེས་གླེང་དུ་རི་བའི་མི་སྣ་དམིགས་བསལ་བ་ཞིག་ཡིན་པ་དང་། ཁོང་གི་བརྩམས་ཆོས་ཁག་གི་རིན་ཐང་དུས་ད་ལྟ་ཡང་ཉམས་མེད་དུ་གནས་ཐུབ་ཀྱིན་ཡོད་པ་ནི་རང་རེ་ཀུན་ལ་གསལ་བ་དེ་འདྲ་ཞིག་ལགས། འོན་ཀྱང་རང་རེས་སློབ་དཔོན་དབྱིག་གཉེན་ཞེས་གླེང་ཚེ་ཐེ་ཚོམ་ཙམ་ཡང་མེད་པར་མངོན་མཛོད་བརྩམས་མཁན་གྱི་དབྱིག་གཉེན་ལ་གོ་བ་ཡིན་ན་ཡང་། ཆེས་ཡ་མཚར་བ་དང་རང་རེར་དོགས་པ་ཙམ་ཡང་མ་ཞུགས་པ་ནི་རྒྱ་གར་གྱི་ལོ་རྒྱུས་སུ་དབྱིག་གཉེན་སྔ་ཕྱི་གཉིས་བྱུང་མྱོང་ཞིང་། དེ་ཡང་བཤད་རྒྱུན་ཙམ་ལས་འགོངས་ཏེ་ཚད་ལྡན་གྱི་ཡིག་ཆ་ཁག་ཏུ་ཤིན་ཏུ་གསལ་པོར་འཁོད་འདུག་ཅེས་པའོ།།

བྱིངས་གསལ་ལྟར་མངོན་པ་མཛོད་ནི། ནང་པའི་མཚན་ཉིད་རིག་པ་དང་ཡོད་སྨྲའི་ཆོས་མངོན་པའི་གཞུང་ལུགས་དག་གི་ནང་ནས་ཆེས་རྩ་བ་དང་སྡོམ་ལྟ་བུ་ཞིག་ཡིན་པས་དེར་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ཆ་ནས་རིན་ཐང་བླ་མེད་ཡོད་པར་མ་ཟད། དེ་རུ་ནང་པའི་མཁས་པ་སྔ་མ་རྣམས་ཀྱི་འདོད་ཚུལ་མང་དག་ཅིག་བཀོད་དེ་དེར་རྩོད་སྒྲུབ་དང་དགག་སྒྲུབ་བྱས་ཡོད་པས་ལྟ་གྲུབ་དང་བྱུང་རབས་ཀྱི་ངོས་ནས་ཀྱང་ཤིན་ཏུ་གལ་ཆེན་ཞིག་ཡིན་པར་བདག་འདོད། དེར་མ་ཟད། དེ་རུ་སློབ་དཔོན་དབྱིག་གཉེན་སྔ་མའི་འདོད་ཚུལ་བཀོད་དེ་སྐྱོན་བརྗོད་བྱས་ཡོད་པ་ནི་ལྷག་ཏུ་གལ་ཆེན་ཞིག་ཡིན་པར་སྙམ་སྟེ། དེས་ནི་ཏག་ཏག་རང་རེས་གླེང་གིན་པའི་གནད་དོན་ཏེ། སློབ་དཔོན་དབྱིག་གཉེན་སྔ་ཕྱི་གཉིས་བྱུང་ཡོད་མེད་ཤིན་ཏུ་གསལ་པོར་དབྱེ་འབྱེད་བྱེད་ཐུབ་པའི་ཕྱིར་རོ། །

དེ་ཡང་དེ་རུ་གཟུགས་ཀྱི་ངོ་བོ་འཇོག་ཚུལ་དང་རྡུལ་ཕྲ་རབ་དང་རིག་བྱེད་མ་ཡིན་པའི་གཟུགས་དག་རེ་རེ་ནས་གཟུགས་སུ་ཇི་ལྟར་འགྱུར་ཚུལ་གླེང་སློང་བྱས་ཡོད་པའི་ཐད་ཀྱི་མཛོད་རང་འགྲེལ་དུ། གཞན་དག་ན་རེ། རྟེན་གྱི་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟ་ན་ནི་འོ་ན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་རྟེན་གཟུགས་སུ་ཡོད་པའི་ཕྱིར་གཟུགས་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་རིག་མིན་གྱི་གཟུགས་གཟུགས་སུ་འཇོག་ཚུལ་ལ་སློབ་དཔོན་སྔ་མ་ཞིག་གི་འདོད་པ་བཀོད་དེ་ལྟ་ཚུལ་དེ་ཉིད་མི་འཐད་པའི་ཚུལ་གསལ་བོར་གསུངས་ཡོད་ལ། དེའི་དོན་ཡང་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པའི་མཛོད་ཀྱི་འགྲེལ་བཤད་ལས། གཞན་དག་ན་རེ། རྟེན་གྱི་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའོ། །ཞེས་དང་། ཡང་དེ་ལས། ཉེ་བར་བཀོད་པ་འདི་ནི་མི་མཐུན་ཏེ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའི་ཕྱོགས་པ་འགའ་ཞིག་ལན་འདེབས་པ་ཡིན་ནོ། །ཞེས་རིག་མིན་གྱི་གཟུགས་དེ་རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་ཡོད་པར་སྨྲ་མཁན་དེ་སློབ་དཔོན་དབྱིག་གཉེན་སྔ་མ་ཡིན་པར་གསལ་པོར་གསུངས་པར་མ་ཟད། དེའི་རྗེས་སུ་སློབ་དཔོན་གྱི་རྩོད་པར་ལན་འདེབས་མཁན་དག་ཀྱང་དབྱིག་གཉེན་སྔ་མའི་ཕྱོགས་འཛིན་པ་ཁག་ཅིག་ཡིན་པར་གསུངས་པས་དེ་ལྟར་ན་སློབ་དཔོན་དབྱིག་གཉེན་གྱི་སྔ་དུས་སུ་དབྱིག་གཉེན་གཞན་ཞིག་བྱུང་མྱོང་བ་གསལ་པོར་ཆགས་པ་མིན་ནམ།

གཞན་ཡང་། རང་འགྲེལ་གྱི་ཚིག་དེའི་ཐད་ཀྱི་སློབ་དཔོན་གང་སྤེལ་གྱི་མཛོད་འགྲེལ་མཚན་ཉིད་རྗེས་འབྲང་དུ། གཞན་དག་ན་རེ་རྟེན་གྱི་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མ་སྟེ། ཞེས་འདོད་ཚུལ་དེ་ནི་དབྱིག་གཉེན་སྔ་མའི་འདོད་ཚུལ་ཡིན་པ་སློབ་དཔོན་རྒྱལ་པོའི་སྲས་དང་ཁ་གཅིག་མཐུན་དུ་འབྱུང་བས་ཀྱང་སློབ་དཔོན་དབྱིག་གཉེན་སྔ་མ་ཞིག་བྱུང་ཡོད་མེད་ཀྱི་དོགས་པ་ནང་ནས་ཆོད་ཐུབ། དེ་དག་ཏུ་སློབ་དཔོན་དབྱིག་གཉེན་སྔ་མ་ཞེས་འབྱུང་བ་ཙམ་གྱིས་གང་དེ་མཛོད་རྩོམ་མཁན་གྱི་དབྱིག་གཉེན་མིན་པ་ཇི་ལྟར་ཤེས་ཐུབ་ཅེ་ན། གཅིག་ནས་སློབ་དཔོན་གང་དེའི་འདོད་ཚུལ་ནི་མཛོད་རང་འགྲེལ་དུ་ཕྱོགས་སྔར་བླངས་ཏེ་གསལ་པོར་བཀག་ཡོད་ལ་རང་གི་འདོད་པ་རང་གིས་འགོག་པ་ནི་མི་སྲིད་པའི་ཕྱིར་དང་། གཉིས་ནས་མཛོད་རྩོམ་མཁན་སློབ་དཔོན་དབྱིག་གཉེན་རང་ཉིད་ཀྱི་འདོད་པ་ནི་དེའི་འོག་ཏུ་གསལ་པོར་བཀོད་པའི་ཕྱིར་འདི་ནི་མཛོད་རྩོམ་མཁན་གྱི་དབྱིག་གཉེན་ལས་གཞན་ཞིག་ཡིན་པ་ཤིན་ཏུ་གསལ་པོར་ཤེས་བཏུབ་བོ། །

ཇོ་བོ་རྗེའི་དབུ་མའི་མན་ངག་ཏུ་གསལ་བའི་དབྱིག་གཉེན་སྔ་ཕྱི་གཉིས་ཀྱི་སྐོར། ཡི་གེ་འདི་འབྲི་སྐབས་གནད་དོན་འདི་དང་འབྲེལ་བའི་ཡིག་ཆ་གཞན་ལ་ཡང་ལྟ་ཀློག་བྱས་པའི་འབྲས་བུ་རུ། མངོན་མཛོད་རང་འགྲེལ་དང་འགྲེལ་བཤད་རྣམ་གཉིས་ལས་གཞན་གནའ་བོའི་མཁས་པའི་གསུང་རྩོམ་གལ་ཆེན་གཞན་ཞིག་ཏུ་ཡང་སློབ་དཔོན་དབྱིག་གཉེན་སྔ་ཕྱི་གཉིས་ཀྱི་སྐོར་བཀོད་ཡོད་འདུག་པ་མཐོང་བྱུང་སྟེ། དེ་ནི་དུས་རབས་བཅུ་བའི་དུས་མཇུག་དང་བཅུ་གཅིག་པའི་ནང་དུ་བྱོན་པའི་མཁས་པ་ཆེན་པོ་ཇོ་བོ་རྗེས་མཛད་པའི་དབུ་མའི་མན་ངག་ཅེས་པའི་བསྟན་བཅོས་སུ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱོགས་རེ་རེ་མཛད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དྷརྨ་ཀཱིརྟི་ལ་སོགས་པས་ཚད་མའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཆོས་སྐྱོབ་དང་། སློབ་དཔོན་སངས་རྒྱས་ལྷ་དང་། དབྱིག་བཤེས་དང་། དབྱངས་སྒྲོགས་དང་། ཡིད་འོང་ལ་སོགས་པས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུང་རྒྱས་པར་མཛད་དོ། །སློབ་དཔོན་དགེ་སྲུངས་དང་། ཆོས་མཆོག་དང་། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་དང་། བློ་བརྟན་དང་། ཤེས་རབ་འབྱུང་གནས་སྦས་པ་དང་། ཀ་ལིང་ཀ་དང་། ལྷ་དབང་བློ་དང་། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོ། །ཞེས་དབྱིག་གཉེན་སྔ་ཕྱི་བྱུང་ཡོད་སྐོར་གསལ་པོར་བྱུང་བར་མ་ཟད། ལྷག་ཏུ་དེ་རུ་སྔ་མ་གཉིས་དང་མི་མཐུན་པར་དབྱིག་གཉེན་སྔ་མ་ནི་མདོ་སྡེ་པའི་གཞུང་རྒྱས་པར་བྱེད་མཁན་དང་། ཕྱི་མ་ནི་སེམས་ཙམ་པའི་གཞུང་རྒྱས་པར་བྱེད་མཁན་ཞིག་ཡིན་པར་གསུངས་ཤིང་། ཧོབ་སྟེ་བལྟས་ན་ཁོང་གིས་མངོན་པ་མཛོད་རང་འགྲེལ་དང་བཅས་པ་རྩོམ་མཁན་ནི་དབྱིག་གཉེན་སྔ་མ་དང་། དམིགས་བརྟག་སོགས་སེམས་ཙམ་པའི་ལྟ་གྲུབ་སྟོན་པའི་གཞུང་རྩོམ་མཁན་ནི་དབྱིག་གཉེན་ཕྱི་མ་ཡིན་པར་གསུང་གིན་མི་འདུག་གམ་སྙམ་པ་ཞིག་ཀྱང་འདུག །

འདི་ནི་དེང་རབས་ཀྱི་ཉམས་ཞིབ་མཁས་པ་འགའི་བཤད་ཚུལ་དང་ཡང་མཐུན་ཞེས་གཞན་དག་སྨྲ། གང་ལྟར་ཇོ་བོས་ཀྱང་དབྱིག་གཉེན་སྔ་ཕྱི་གཉིས་བྱུང་ཡོད་པ་ཤིན་ཏུ་གསལ་པོར་གསུངས་སོ། །དེ་བས་རང་རེས་ཀྱང་སློབ་དཔོན་དབྱིག་གཉེན་སྔ་ཕྱི་གཉིས་ཡོད་པ་ཤེས་དགོས་པ་ནི་ཅིས་ཀྱང་གནད་ཀྱི་དོན་ནོ། །འོ་ན་སློབ་དཔོན་དབྱིག་གཉེན་སྔ་ཕྱི་གཉིས་བྱུང་ཡོད་ཚེ་དབྱིག་གཉེན་སྔ་མ་ག་དུས་བྱུང་མིན་དང་ཁོང་ལ་བརྩམས་ཆོས་ཅི་ཡོད། དེ་དང་དབྱིག་གཉེན་ཕྱི་མ་གཉིས་ཀྱི་དབར་འབྲེལ་བ་ཅི་ཞིག་སོགས་ནི་དེང་གི་ཉམས་ཞིབ་པ་ཆེན་པོ་དག་ཀྱང་ཁ་མི་མཐུན་པ་ཡིན་པར་འདུག་ན་བདག་འདྲས་དཔྱད་པའི་རྔོ་མི་ཐོགས་ཏེ། ངའི་དམིགས་ཡུལ་རང་རེའི་ཡིག་ཆར་ཀྱང་གནད་དོན་འདི་གསལ་པོར་བཤད་འདུག་ཅེས་ངོ་སྤྲོད་འདོད་པ་ཙམ་མོ།།

 

ཡོང་ཁུངས། https://www.facebook.com/photo?fbid=852109089637712&set=a.146772603504701

Leave a Reply

Your email address will not be published. Required fields are marked *