༄༅། །གཡུའི་ཐང་མ་སྐས་དགུ་བཞུགས་སོ།།[1]
༄༅། །དཔལ་ཀུན་ཏུ་བཟང་པོ་སེམས་ཀྱི་རང་བཞིན་གང་ཡིན་པ་ཉིད་ལ་ཕྱག་འཚལ་ལོ། །རྒྱུ་འབྲས་ལུང་གི་རྗེས་ཞུགས་རིགས་པ་ཡིས། །གང་ཟག་བློ་དམན་རྣམས་ཀྱི་དོན་ཕྱིར་དུ། །རིན་ཆེན་ལྟ་བུ་དགོངས་མཛེས་ཀུན་ཁྱབ་དོན། །ཐེག་དགུའི་རིམ་པ་སྐས་གདང་ལྟ་བུ་འདི། །ཀུན་བཟང་དགོངས་དོན་རྡོ་རྗེ་སེམས་ལ་བསྟན། །ན་ག་རྫུ་ན་བདག་བློ་མུན་པར་ཤར། །
འཇམ་དཔལ་བཤེས་གཉེན་ཀུན་དགའ་ལ་སོགས་པ། །ཕྱི་རབས་རྡོ་རྗེ་འཆང་གྲལ་འབྱུང་བའི་མི། །ས་གསེར་ལྟ་བུར་མི་འགྱུར་བརྟན་པའི་བློ། །དད་ཅན་རྒྱལ་བའི་ཐུགས་དང་འདྲ་རྣམས་ཁྱེར། །སྐལ་ལྡན་དབང་ཕྱུག་རྒྱལ་བའི་གདུང་འཚོབ་པ། །དམ་ཅན་ལྟ་བུའི་བརྩས་སུ་བཞག་པ་ཡིན། །
༈ ཤིན་ཏུ་རྣལ་འབྱོར་མཆོག་གི་མཆོག །འཕགས་པ་ལས་ཀྱང་འཕགས་པའི་དོན། །གསེར་གླིང་རིན་ཆེན་ལྟ་བུའི་མཆོག །འདོད་ལ་སྒྲིབ་བྱེད་ཆུ་སྦྲང་དང་། །ཆུ་སྲིན་ཉ་མིག་ལྟ་བུའི་དགྲ། །འཇིག་རྟེན་བརྟེན་པའི་རྒྱུར་ཞུགས་པའི། །ཐེག་པ་ཆེ་ཆུང་རིམ་པ་དང་། །ཡོ་ག་བཞི་སོགས་གོལ་སྒྲིབ་རྣམས། །སོ་སོའི་ཁྱད་པར་རྟོགས་ཆུད་ནས། །མི་གནས་མི་སྤོང་ཐེག་པའི་མཆོག །ལྷུན་པོ་བཞིན་འཕགས་རྩེ་རྒྱལ་ཉིད། །ཆེ་བ་རྟོགས་ཕྱིར་ཁྱད་པར་དབྱེ། །སྤྲུལ་པའི་གསུང་རབ་རྒྱུ་ཡི་དོན། །འདུལ་དབང་བློ་བཞིན་གྲགས་པ་དག །བསྡུ་བ་ཆེ་ཆུང་གཉིས་ཀྱིས་སོ།།
༈ ཆུང་བསྡུས་ཉན་ཐོས་རང་རྒྱལ་ཏེ། །ཉན་ཐོས་འདོད་པ་གཉིས་སུ་འགྱུར། །མདོ་སྡེ་པ་དང་བྱེ་བྲག་པ། །རང་རང་ཤེས་རབ་ལྟ་བའི་དངོས། །སྤྱིར་ནི་ཡང་དག་ལྟ་བ་ཉིད། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །མི་རྟག་ལ་སོགས་དངོས་སུ་འཛིན། །ཀུན་རྫོབ་བྱེ་བྲག་འདོད་གཞུང་ཉིད། །སྣོད་ཀྱི་རྫས་རྣམས་དངོས་པོ་འདི། །རྡུལ་ཕྲན་སིལ་བུ་ཕན་ཚུན་པས། །མ་འདྲེས་ནེའུ་གསིང་ལྟ་བུ་སྟེ། །མཐུའམ་སྟོབས་ཀྱིས་འདུས་པར་འདོད། །དོན་དམ་ཤེས་པ་སྐད་ཅིག་མ། །རེ་རེ་ཡོད་པར་འདོད་པའོ། །
༈ མདོ་སྡེ་ཀུན་རྫོབ་ཕྲ་རབ་རྣམས། །འདུས་པའི་རྣམ་པ་གཅིག་ཏུ་འདོད། །དོན་དམ་ཤེས་པ་མཐུན་པར་འདོད། །སྤྱོད་པའང་རང་དོན་འབའ་ཞིག་པའོ། །ཡུལ་སེམས་དངོས་སུ་འཛིན་བཅས་པས། །དངོས་ལྟར་འཇོག་པའི་ཉན་ཐོས་ཁྱོད། །འཁོར་བ་འདི་ལས་མི་འདས་པས། །འབྲས་བུའི་སྐྱོན་དུ་འགྱུར་བ་ཉིད། །བཀའ་ཡི་བདེན་པ་རྣམ་བཞི་ལས། །དངོས་པོར་འཛིན་པས་བཀའ་དོན་འགལ། །འཇིག་རྟེན་དངོས་འཛིན་རྒྱུ་འདི་ལས། །མྱ་ངན་འདས་པ་ཐོབ་འདོད་པ། །ལམ་དང་འབྲས་བུ་འགལ་བའི་ཕྱིར། །ཁྱོད་ཀྱི་འདོད་པ་བདེན་པ་མིན། །
༈ རང་རྒྱལ་ཉན་ཐོས་དོན་དམ་འདྲ། །ཀུན་རྫོབ་སྣང་བའི་ཁྱད་པར་ནི། །གཟུགས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན། །རྟེན་འབྲེལ་རྒྱུ་རྐྱེན་དབང་གྱུར་པས། །རྨི་ལམ་ཚུལ་ཏེ་ལེགས་ན་མེད། །དེས་ན་ཀུན་རྫོབ་ཁྱད་པར་འཕགས། །སྤྱོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཞན་དོན་ཤས་འགའ་སྤྱོད་པའོ། །
༈ དབུ་མའི་ཐེག་པས་བརྩད་པ་ནི། །ཡུལ་རྣམས་རྨི་ལྟར་མ་གྲུབ་ན། །དེ་དང་འདྲ་བའི་ཤེས་པ་རྫུན། །དེ་མིན་རྫུན་གྱི་ཡུལ་ཉིད་ལ། །དོན་དམ་པ་ཡི་ཤེས་པ་ཉིད། །སྐྱེ་ཞིང་དམིགས་པའི་རིགས་པ་མིན། །དེས་ན་རྒྱུ་འབྲས་འཁྲུལ་གྱུར་ཏེ། །རྒྱུ་འབྲས་མི་མཐུན་འགལ་བའང་ཡོད། །རྫུན་རྒྱུས་ཡང་དག་འབྲས་མི་འགྲུབ། །དེ་ཕྱིར་ཕན་ཚུན་སྤངས་ཏེ་འགལ། །
༈ བསྡུ་བ་ཆེན་པོ་དབུ་མ་ཡི། །ཐེག་པའང་ཕྱི་ནང་རྣམ་པ་གཉིས། །ཕྱི་པ་རྣམ་པར་རིག་པ་ལ། །ཀུན་ཀྱང་རང་རིག་ཡུལ་མེད་འདོད། །དེ་ཡང་རྣམ་བཅས་རྣམ་མེད་གཉིས། །རྣམ་བཅས་དབྱིག་གཉེན་ཐོགས་མེད་གཞུང་། །ཡུལ་ལྟར་སྣང་བ་འདི་དག་ཀུན། །རབ་རིབ་སྐྲ་མཐོང་མིག་གཟུགས་ལྟར། །ཤེས་པ་འཁྲུལ་པའི་གཟུགས་བརྙན་ཕྱིར། །དེ་ཡའང་དེ་ཡིས་ངོ་བོར་འདོད། །རྣམ་མེད་ཤཱནྟ་རཀྵི་ཏ། །རྗེ་འབྲང་བཅས་པའི་འདོད་པ་སྟེ། །རང་རིག་གཉིས་མེད་ཤེལ་ལྟར་དག །དེ་ཉིད་དམ་པར་ཡོད་པར་སྨྲ། །ཆོས་སྐྱོང་འཁོར་བཅས་འདོད་པ་ནི། །གཟུགས་བརྙན་གཟུགས་ལ་སོགས་པའི་ཡུལ། །གང་ལྟར་སྣང་ཡང་སྒོ་ལྔ་ཡི། །མི་རྟོག་ཤེས་པ་རྣམ་པར་ལྔ། །རྗེས་འཇུག་ངོ་བོ་འབྲེལ་བར་འདོད། །བརྟགས་པས་འཁོར་བའི་ཆོས་རྣམས་ནི། །ཡིད་དེ་ཤེས་པར་ན་རྒྱུ་གསོག །དེ་ལྟར་གྲུབ་པར་བྱེད་པའོ། །
༈ དེ་ལ་ནང་པས་སྐྱོན་བརྗོད་པ། །རང་སེམས་གཉིས་མེད་ཤེལ་ལྟ་བུ། །དག་པར་ལྟ་བ་དངོས་གཙེས་སྐྱོན། །ཡུལ་རྣམས་འཁྲུལ་བ་རྫུན་རྒྱུ་དང་། །ཤེས་པ་རང་སྣང་དོན་དམ་གཉིས། །ངོ་བོ་གཅིག་པར་འདོད་པ་ནི། །ཕན་ཚུན་སྤངས་ཏེ་འགལ་བར་འགྱུར། །དེ་མིན་ཡུལ་རྫུན་ཤེས་པའང་རྫུན།།
༈ མདོ་སྡེ་དབུ་མས་བརྗོད་པ་ནི། །ཡུལ་རྫུན་ཕྱིར་ན་སེམས་ཀྱང་རྫུན། །ངོ་བོ་གཅིག་ཕྱིར་དེ་ལྟར་འགྱུར། །རང་རིག་གཉིས་མེད་དོན་དམ་མིན། །སྐད་ཅིག་རྒྱུན་དུ་ཡོད་ཕྱིར་རོ། །གལ་ཏེ་ཀུན་རྫོབ་ཙམ་དུ་ཡང་། །ཡུལ་སེམས་གཉིས་སུ་མེད་གྱུར་ན། །ཐ་སྙད་ཆད་པར་འགྱུར་བ་སྟེ། །གཟུགས་སྒྲ་དྲི་མིན་ལ་སོགས་པ། །ནམ་དུའང་ཤེས་པར་མི་འགྱུར་རོ། །
༈ ནང་པ་རྣལ་འབྱོར་དབུ་མ་ནི། །ཀུན་རྫོབ་རྫུན་པ་ཙམ་དུ་ཡང་། །ཡུལ་སེམས་གཉིས་མེད་ཡུལ་སྣང་སེམས། །ཀུན་རྫོབ་རྣམ་རིག་ཇི་ལྟར་བའོ། །དོན་དམ་མ་སྐྱེས་སྟོང་པར་ལྟ། །དེ་ལ་མདོ་སྡེའི་བརྒལ་བའི་ཚིག །ཀུན་རྫོབ་རྫུན་པ་མི་འགལ་ལམ། །དོན་དམ་ཤེས་པ་ཡོད་འདོད་ན། །ཡུལ་རྣམས་རྫུན་ཞིང་ཤེས་པའང་རྫུན། །རང་སེམས་གཉིས་མེད་དོན་དམ་ན། །འབྲས་བུ་ལ་ཡང་བོགས་མེད་འགྱུར། །ཡུལ་དེ་སྣང་དུ་མི་རུང་འགྱུར། །ལམ་གྱི་སྟེགས་སུའང་མི་འགྱུར་ཏེ། །འབྲས་བུ་གྲུབ་པར་མི་འགྱུར་རོ། །བརྟག་བྱ་རང་གི་དོན་དམ་སྟེ། །གལ་ཏེ་རྒྱུ་ལས་མ་བྱུང་བའི། །རང་རིག་གཉིས་མེད་བརྟག་པའམ། །རྒྱུ་ལ་བརྟེན་ནམ་རང་བྱུང་བ། །གློ་བུར་པར་རམ་དོན་དམ་ཡོད། །དེ་དག་དེ་བཞིན་རིགས་པ་མིན། །
༈ མདོ་སྡེ་དབུ་མས་ཀུན་རྫོབ་ཏུ། །ཡུལ་སེམས་རྫུན་པ་རྒྱུ་ཙམ་སྟེ། །སྣང་བ་ཡུལ་སེམས་སོ་སོར་འདོད། །དམ་པའི་དོན་གཉིས་སུ་མེད། །དབུ་མ་ཕྱི་མོ་པ་རྣམས་ནི། །དོན་དམ་གཙོ་བོར་མི་དམིགས་ལྟར། །ཀུན་རྫོབ་མདོ་སྡེ་རྣལ་འབྱོར་གཉིས། །གང་ཡང་རུང་སྟེ་སྤང་མི་བྱེད། །དེ་ཀུན་བྱང་ཆུབ་སྤྱོད་པ་མཆོག །རྒྱ་ཆེར་གཞན་དོན་རྫོགས་པར་བྱེད། །གཞན་ལ་དམིགས་པ་མཚན་མོའི་མེ། །སྦར་བ་ལྟར་དུ་བདག་དོན་འབྱུང་། །དེ་ལ་གསང་སྔགས་ཀྲི་ཡ་པས། །རྩོད་པ་ཁྱོད་ཀྱི་བདེན་པ་གཉིས། །སོ་སོར་ལྟ་བ་བདེན་མིན་ཏེ། །རྒྱལ་བའི་ཡེ་ཤེས་གཉིས་མེད་ལ། །རེས་མོས་སྣང་བ་རྒྱུས་མི་འགྲུབ། །དེ་ཕྱིར་རྒྱུ་འབྲས་འཁྲུལ་ཏེ་འགལ། །གལ་ཏེ་ཀུན་རྫོབ་སྒྱུ་མ་ཉིད། །དོན་དམ་བདེན་པ་ཐ་དད་ན། །དོན་དམ་བདེན་པར་གཅིག་མི་རུང་། །གཅིག་ལ་སྔ་ཕྱི་སྣང་མི་རིགས། །ཤེས་པ་གཉིས་ཀྱི་ཡུལ་འགྱུར་བས། །སྔ་ཕྱི་རེ་མོས་འགྱུར་སྣང་ཕྱིར། །ལྷན་ཅིག་མི་གནས་སྐྱོན་དུ་འགྱུར། །གལ་ཏེ་ངོ་བོ་མི་གཅིག་ན། །ཕན་ཚུན་སྤངས་ཏེ་འགལ་བ་ཡིན། །བསོད་ནམས་ཚོགས་དང་འབྲེལ་བ་མེད། །དེས་ན་སངས་རྒྱས་སྐུ་མི་འགྲུབ། །ཐམས་ཅད་དོན་དམ་འབའ་ཞིག་ན། །ཐ་སྙད་ཆད་པར་འགྱུར་བ་སྟེ། །སྒྱུ་མ་ཙམ་དུའང་སྣང་མི་རིགས། །འབྲས་བུ་ཉིད་ལངའང་དམིགས་མི་འབྱུང་། །བདག་གཞན་དོན་ཡང་འགག་པར་འགྱུར། །གལ་ཏེ་བདེན་གཉིས་དབྱེར་མེད་ན། །རང་ཚིག་གསལ་ཕྱིར་སྣང་བ་འགལ། །ཀུན་རྫོབ་བདེན་པར་གཅིག་ཅེ་ན། །དོན་དམ་མཚན་མར་སྣང་མི་རུང་། །དེ་མིན་དོན་དམ་ངང་སྒོམ་ནས། །རྗེས་ལ་སྒྱུ་མ་སྣང་ཞེ་ན། །དོན་དམ་མཚན་མའི་ས་བོན་ཅན། །རིག་པ་མ་ཡིན་གཞན་མ་ཡིན། །ཀུན་རྫོབ་རང་རྒྱུད་ཅན་འདོད་པ། །སྒྱུ་མ་ཙམ་ཡང་མི་རུང་འགྱུར། །དེ་བས་དམིགས་པའི་ཤེས་པ་ཡང་། །གཅིག་ལ་ཕྱེད་ཕྱེད་བདེན་རྫུན་འགྱུར། །ཁྱོད་དང་བྱ་མེད་འདོད་དོ་ཞེས། །བསོད་ནམས་ཅི་ནུས་སྤྱོད་བྱེད་འཁྲུལ།།
༈ དེས་ན་ད་རུང་ཤེད་མ་བྱེད། །བྱིས་པ་གཙོ་མཆོག་ཁྱེད་རྣམས་ཀྱིས། །གསང་བ་རང་ལ་རེག་མི་ནུས། །དེ་ཕྱིར་ཁོ་བོ་ཡེ་ཤེས་སྐུ། །དོན་དམ་ངང་ཉིད་སྣང་བས་འདོད། །སྣང་བ་དོན་དམ་དབྱེར་མེད་པས། །མཐའ་ཡིས་མ་གོས་ཆོས་ཉིད་དག །གྲུབ་པར་བྱ་ཕྱིར་རྗེས་མཐུན་སྦྱོར། །དེ་ལ་རྒྱུ་འབྲས་འཁྲུལ་མི་འགྱུར། །ལོངས་སྤྱོད་རྫོགས་པའི་བཀའ་ལུང་རྒྱད། །
༈ གསང་སྔགས་ཕྱི་ལ་རྣམ་པ་གསུམ། །བྱ་བྱེད་རྒྱུ་དང་གཉིས་ཀའི་རྒྱུ། །རྣལ་འབྱོར་རྒྱུད་དང་རྣམ་པ་གསུམ། །གདུལ་བྱའི་ཤེས་རབ་དབང་པོས་ཕྱེ། །དེ་དག་ལྟ་སྤྱོད་ཁྱད་པར་འགྱུར། །
༈ བྱ་བྱེད་ཀྲི་ཡ་དོན་དམ་དུ། །ཀུན་ཀྱང་དག་པའི་ཆོས་ཉིད་ལ། །མཐའ་ཡི་དྲི་མ་ཡེ་ནས་མེད། །ཀུན་རྫོབ་རང་བཞིན་རིགས་གསུམ་སྐུར། །ཀུན་ཀྱང་དག་ཕྱིར་དྲུག་གསུམ་གསུམ། །ལྷ་ཡི་དཀྱིལ་འཁོར་ཡིན་པར་འདོད། །མ་གྲུབ་ཚུལ་ནས་འཇིག་རྟེན་ཆོས། །མཐུན་པར་བྱ་ཕྱིར་རྗེ་ཁོལ་ལྟར། །དམ་ཚིག་ཆོ་ག་རྫོགས་བྱས་ནས། །བཤགས་དང་མཆོད་བསྟོད་དྲུག་ལྡན་པའི། །བཟླས་པའི་སྡིག་སྒྲིབ་དག་པའི་སེམས། །ཆུ་དྭངས་ལྟ་བུར་གྲུབ་ཤར་བ། །ལྷ་མཆོད་རྒྱུད་ཕྱིར་ལྷགས་ལ་སྨྲ། །ཁྲུས་དང་གཙང་སྦྲའི་སྤྱོད་ལ་འབད། །འདི་ལ་ཡོ་གས་བརྩད་པའི་དོན། །ཀུན་རྫོབ་ལྷ་དང་རྗེ་ཁོལ་ན། །ཆོས་ཉིད་ངང་ལ་བཟང་ངན་འགྱུར། །རང་བཞིན་དག་པར་གཅིག་མི་རུང་། །ཀུན་རྫོབ་དོན་དམ་ཐ་དད་ན། །ལྷ་ཡང་ཡེ་ཤེས་སྐུ་མིན་ཏེ། །བསྒོམས་པས་འབྲས་བུ་སྣང་མི་རིགས། །དོན་དམ་དག་རྟོགས་ཀུན་རྫོབ་ཏུ། །ཁྲུས་དང་གཙང་སྦྲ་ཅི་ཞིག་སྦྱང་། །གལ་ཏེ་བདེན་པ་རེ་ མོས་ན། །གསང་བའི་དོན་དུའང་མི་རུང་སྟེ། །རྒྱུ་འབྲས་མི་མཐུན་འགལ་བའང་འབྱུང་། །མ་གྲུབ་ཆུ་ཡིས་ཁྲུས་བྱེད་ཅེས། །ལྟ་སྤྱོད་ཡ་ཆ་བདུད་ཀྱི་ལས། །
༈ གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །སྤྱོད་པ་བྱ་བའི་རྗེས་མཐུན་ཡང་། །ལྟ་བ་རྣལ་འབྱོར་རྗེས་མཐུན་ཕྱིར། །རིགས་དང་ལྟ་བས་ཁྱད་པར་འགྱུར། །འདི་ལ་ཡོ་གས་བརྩད་པའི་ཚིག །སྤྱོད་པ་འོག་ལ་ལྟ་བ་གོང་། །ལྟ་སྤྱོད་ཡ་ཆ་བདུད་དུ་འགྱུར། །དེ་མིན་རིགས་ལ་ངེས་མེད་པས། །གྲུབ་པའི་འབྲས་བུ་ཐོབ་མི་འགྱུར། །
༈ རྣལ་འབྱོར་ཕྱི་པའི་འདོད་པ་ཉིད། །རང་རིག་དངོས་སྟོང་མཚན་མ་གཉིས། །དབྱེར་མེད་དབྱིངས་དང་ཡེ་ཤེས་ལས། །བྱིན་རླབས་རྗོ་རྗེ་དབྱིངས་ཀྱི་ལྷ། །ཤར་ལྟ་གྲོགས་པོའི་ཚུལ་དུ་མཆོད། །མ་གྲུབ་ཚུལ་ནས་འཇིག་རྟེན་ཆོས། །གྲོགས་ལ་བརྟེན་ནས་ནོར་འཚོལ་མཚུངས། །སྤྱོད་པས་ཏིང་འཛིན་གཙོར་བྱེད་པ། །འདི་ལ་ནང་པས་སྐྱོན་བརྗོད་པ། །གཉིས་མེད་རྣམ་དག་ཡེ་ཤེས་ལས། །བརྒྱུད་ལས་སྐུར་སྣང་བདེན་ཞེ་ན། །རྒྱལ་བའི་ཡེ་ཤེས་སྐད་ཅིག་འགྱུར། །དེ་མིན་འབྱུང་འཇུག་ཆ་ཡིས་ནི། །བདེན་པ་རེས་འཇོག་སྐྱོན་ཡིན་པས། །ཡེ་ཤེས་སྐུ་རུ་མི་སྣང་སྟེ། །ལྷན་ཅིག་མི་གནས་འགལ་བར་འགྱུར། །འགྲོགས་པའི་ཚུལ་དུ་ལྟ་བྱེད་པས། །ལྷ་དང་བདག་ཏུ་ཐ་དད་དེ། །འབྲེལ་པ་མེད་པས་མི་འགྲུབ་དང་། །དེས་ན་དོན་དམ་ཉིད་ལ་སྐྱོན། །གཉིས་པ་ཡོད་འགྱུར་གཅིག་ཅེ་ན། །རང་ལ་གྲོགས་སུ་ལྟ་མི་རིགས། །དེས་ན་བདག་ཉིད་ཆེན་པོའི་དོན། །རང་གི་ཞེན་པས་མཐོང་བ་མིན། །ཏིང་འཛིན་གཙོར་བྱེད་དངོས་པོའི་ཐབས། །ཇི་སྙེད་བྲལ་བས་ཐེག་པ་མིན། །དེ་མིན་རྒྱལ་བ་ཉིད་མི་འགྱུར། །དམ་རྫས་འདོད་ཡོན་སྨད་པ་རྣམས། །ཆུ་ལ་མཚོན་བཞིན་གཅོད་མི་ནུས། །དེ་ཕྱིར་གཉིས་མེད་དོན་ལའང་སྐྱོན། །ཡང་ན་ཤེས་པའང་གཉིས་འགྱུར་བས། །གཅིག་ལ་རྒྱུ་གཉིས་ལྡན་མི་སྲིད། །དེས་ན་ཁྱོད་ཀྱི་ལྟ་སྤྱོད་རྫུན། །
༈ ལྷུན་གྲུབ་བཀའ་ལུང་བསྐྱེད་རྫོགས་གསུམ། །ཐོག་མར་བསྟན་པ་རྣལ་འབྱོར་ཆེ། །དངོས་པོ་གཉིས་ཀྱིས་བསྡུས་པ་རྣམས། །རང་རིག་ཉིད་ཕྱིར་སྣང་བ་ཀུན། །ཡེ་ནས་ཡེ་ཤེས་སྐུར་གསལ་བས། །དཀྱིལ་འཁོར་གཉིས་དྲུག་ལ་སོགས་ཤར། །སྣང་བ་ཉིད་ན་རང་བཞིན་མེད། །དེས་ན་མཐའ་ཡི་སྐྱོ་དང་བྲལ། །སྣང་སྟོང་བྲལ་བའི་དེ་བཞིན་ཉིད། །ངང་ལས་རིག་པ་ལྟར་བསྐྱེད་པས། །ཐ་མལ་རྟོག་ཚོགས་མ་སྤངས་དག །གསེར་འགྱུར་མུན་སྣང་ཇི་ལྟ་བུའོ། །ཅིར་སྣང་རང་རིག་སྣང་བའི་ཕྱིར། །ལྟ་དོང་ལྟ་བ་ཡོངས་ཀྱིས་མེད། །ཏིང་འཛིན་ཡེ་ཤེས་སྐུར་ཤར་བ། །སུས་ཀྱང་མ་བྱས་བྱས་མེད་དེ། །ངོ་བོས་གཞན་ནས་འོངས་ས་མེད། །དེས་ན་བདག་ཉིད་ཆེན་པོར་ལྟ། །སྤྱོད་པའང་བཟང་ངན་གཙང་སྦྲ་སོགས། །གང་ལའང་ཆགས་སྡང་བླང་དོར་མེད། །བདེ་མྱོང་མི་འགོག་མི་འཛིན་ཕྱིར། །ཚོགས་གཉིས་རྒྱུན་དུ་རྫོགས་པར་བྱེད། །
༈ དེ་ལ་རྗེས་སུ་རྣལ་འབྱོར་པས། །སྐྱོན་བརྗོད་ཁྱོད་ཀྱི་ལྟ་བའི་དོན། །མཉམ་ཉིད་སྣང་སྟོང་དབྱེར་མེད་བདག །ཡིན་ན་རིམ་པར་བསྐྱོད་ཅི་དགོས། །ཡེ་ཤེས་སྐུ་ཡང་འདུས་བྱས་འགྱུར། །གལ་ཏེ་བདག་གིས་བདག་བསྐྱེད་པ། །སྔ་བར་བདག་ཉིད་མ་གྲུབ་བམ། །དེ་མིན་ཐུག་པ་མེད་པར་འགྱུར། །ཡང་ན་བདག་དང་དཀྱིལ་འཁོར་གཉིས། །ཐ་དད་མིན་ན་འབྲེལ་མེད་པས། །བསྐྱེད་དུའང་མི་བཏུབ་འགྲུབ་མི་འགྱུར། །སྤྱོད་པ་བླང་དོར་མེད་ཅེ་ན། །དེ་ཉིད་གཙོར་སྤྱོད་བླང་དོར་མེད། །རྣལ་འབྱོར་མཆོག་གི་བརྗེད་པ་ནི། །མཉམ་པ་བདག་ཉིད་ཆེན་པོ་ན། །རང་ལ་རང་གིས་བསྒོམ་ཅི་དགོས། །བདག་གིས་བདག་ལ་དམིགས་པ་ན། །མཛུབ་མོས་རང་ལ་རེག་པར་རིགས། །ཐ་དད་རང་གི་ཚིག་གིས་འགལ། །གལ་ཏེ་མི་བསྒོམ་བྱ་མེད་ན། །རྣམ་གསུམ་རིག་པ་སྨོས་ཅི་དགོས། །ཐ་དད་དག་ལ་མཚན་མའི་སྐུ། །གསེར་ལ་གསེར་བཞིན་འབྱུང་མི་རིགས། །ཡུལ་མེད་དོན་ལ་གཙོར་ལེན་པ། །དེ་ཉིད་དམིགས་ལྟའི་རྩ་བ་མེད། །ཁྱོད་དང་གལ་ཏེ་ལྷུན་གྲུབ་ན། །སྤྱོད་དང་འཕྲིན་ལས་དད་ལེན་འཁྲུལ། །བྱ་བ་མེད་པར་སྤྱོད་དོ་ཞེས། །དེ་ཉིད་སྤྱོད་དང་ཐབས་རྟེན་འཁྲུལ། །སྣང་སྟོང་ཡེ་ནས་དག་འདོད་ན། །སྒྲིབ་པ་གནས་འགྱུར་དྲི་མའི་ཕུལ། །བླང་དོར་མེད་པར་སྤྱོད་བྱེད་ན། །དེ་ཉིད་དང་ལེན་སྨྱོས་སམ་ཅི། །ཀུན་ཀྱང་རང་རིག་སེམས་ཡིན་ན། །དབུགས་འབྱིན་དཀྱིལ་འཁོར་བསྐྱེད་ཅི་དགོས། །ལས་བཞིའི་འགྲོ་དོན་བརྩམས་པ་ཡིས། །ལྷུན་གྲུབ་མཛད་པ་ག་ལ་མཐོང་། །གུལ་ཇོའི་སྤྱོད་དང་མ་བྲལ་ཕྱིར། །རྩོལ་བའི་ཆུ་བོར་བྱིང་བའོ། །
༈ རྗེས་སུ་རྣལ་འབྱོར་པ་ཉིད་ནི། །སྣང་སྲིད་བཟང་མོའི་མཁའ་ཀློང་ལ། །མ་བསྐྱེད་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ན་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་པོ། །ལྷུན་རྫོགས་རང་ལ་སྐད་ཅིག་གིས། །སྙིང་པོ་དྲན་བརྗོད་སྐུར་ཤར་བ། །འདི་ལ་རིམ་པའི་རྩོལ་བ་མེད། །རྒྱ་མཚོར་ཉི་ཟླ་ཤར་བ་འདྲ། །དོན་གཉིས་མ་བཙལ་རྫོགས་པར་བྱེད། །སྤྱོད་པ་བླང་དོར་མེད་པར་སྤྱོད། །དེ་ལྟར་མ་ནུས་ཉམས་མི་ལྟ། །དེ་ལ་གོང་མས་སྐྱོན་བརྗོད་པ། །ཐམས་ཅད་བདེ་བ་ཆེན་པོ་ལ། །མ་འདྲེས་ཡོངས་སུ་རྫོགས་འདོད་ན། །མཚན་མའི་སྐུ་བསྐྱེད་མྱོས་སམ་ཅི། །ཁྱེད་བཞིན་རྟོག་འབྱུང་མི་འགལ་ལམ། །མཚན་མས་འགྲོ་དོན་རྫོགས་འདོད་ནོར། །ཡབ་ཡུམ་འབྱེད་དང་ཁ་དོག་གྲངས། །རྩོལ་བ་བདེ་ཆེན་དོན་དང་འགལ། །དེ་ཕྱིར་བྱ་བྲལ་མཐོང་བ་མེད། །གལ་ཏེ་མ་གྲུབ་པས་བྱེད་ན། །རྒྱུ་འབྲས་འཁྲུལ་པའི་འགལ་བར་འགྱུར། །དོན་གཉིས་མ་བརྩལ་རྫོགས་ཤེ་ན། །སྐད་ཅིག་དཀྱིལ་འཁོར་བསྐྱོད་ཅི་བྱ། །རང་གིས་བཅིངས་པའི་རྨོངས་པ་ཁྱོད། །བླ་མེད་དོན་ལ་བཏང་སྙོམས་བྱེད། །དེ་ཉིད་རྩོལ་བ་མ་ཡིན་ནམ། །སྤྱོད་ཡུལ་བྲལ་བ་དམིགས་པར་བྱེད། །དེ་ཉིད་ཡུལ་དང་ཡུལ་ཅན་མེད། །བསམ་མེད་ངང་ལ་གསལ་བར་འདོད། །དེ་ཉིད་བསམ་བརྗོད་རྟོག་པའི་གཞི། །གྲུབ་མེད་ངང་ལ་ནོར་དུ་གཉེར། །དེ་ཉིད་རེ་དོགས་རྩ་བ་ཡིན། །དེ་ལྟའི་ལྟ་སྤྱོད་སེམས་པ་ཡིས། །ཀློང་ཆེན་ངང་ལ་ཕྱོགས་མི་འགྱུར། །དེ་དག་སྐབས་ཀྱི་རང་རང་གི །ལྟ་ལ་ཞེན་པས་ལྡོངས་པ་ཡིན། །ལྷུང་བའི་ཕྱིར་ན་གོལ་ས་དང་། །དེས་ན་གོལ་སྒྲིབ་ཐུན་མོང་འགྱུར། །ལྟ་བའི་མིག་གི་དབུལ་བ་དག །ཡེ་ཤེས་ཉིད་ལ་བདག་ཏུ་འཛིན། །རང་ལ་རང་ཉིད་ཡུལ་དུ་འཛིན། །དོན་དམ་དོན་ཉིད་རྗེས་སུ་འབྲང་། །ཡེ་ཤེས་ཉིད་ལ་གསལ་བར་འདོད། །བདག་ལ་བདག་ཉིད་སྤྱོད་མཐའ་འཚོལ། །ཟིན་པའི་དོན་ལ་སྒྲུབ་པར་བྱེད། །བྱ་བྲལ་ཉིད་ཀྱིས་བྱ་བ་བྱེད། །བགྲོད་མེད་ལམ་ལ་བགྲོད་པར་བྱེད། །མི་དམིགས་པ་ཡིས་དམིགས་པར་བྱེད། །ཀྱེ་མའོ་ཐུགས་རྗེའི་གནས་སུ་རུང་། །དེས་སང་དུས་ཀྱི་གང་ཟག་རྣམས། །མ་རིག་ལིང་ཏོག་མ་སོལ་བས། །ལྟ་བའི་ལ་ཤན་མ་ཕྱེད་དེ། །ལྷག་པའི་ཆེ་བ་མ་མཐོང་བས། །རྒྱུད་ལུང་མན་ངག་དགོངས་པའི་ས། །རྨངས་དང་རྗེ་དང་རྒྱལ་འདྲ་བ། །ཀུན་རྫོབ་མི་མཉམ་དོན་དམ་མཉམ། །དེ་སྐད་སྨྲ་བའི་མུས་ལོང་དག །ཁྱེའུ་འབྲུ་ཐུས་ས་གཞི་ཆེ། །མ་མཐོང་ཚུལ་དང་མཚུངས་པའོ། །དམིགས་ལྟ་བསྟན་པ་འདི་དག་གིས། །གཟའ་བྲལ་ངང་ལ་དམིགས་མི་འགྱུར། །དེས་ན་སྐལ་ལྡན་སྐྱེས་མཆོག་བུས། །མ་བགྲོད་ས་ལ་གནས་བྱའི་ཕྱིར། །རྫོགས་ཆེན་ང་ཡི་དོན་ལ་ལྟོས། །ཡོད་མེད་སྟོང་འདས་ང་ལ་འཐུད། །ཀུན་གྱི་སྐུ་མཆོག་ཡེ་ཤེས་ཞལ། །གདངས་པས་རྨོངས་འཁྲུལ་དུས་གསུམ་གྱི། །སྙིང་ཁྲག་འཐུང་ཞིང་ཀུན་གཞི་ཉིད། །གཏན་ནས་ཕུང་བྱེད་ང་ལ་འཐུད། །
ཟད་པའི་དུས་ན་བསྐལ་པའི་མེ་འབར་བ། །མི་བཟད་འཇིགས་གཟུགས་མངའ་བ་ང་ལ་འཐུད། །བསྐལ་པའི་ཆུ་ཆེན་རབ་ཏུ་འཁྲུག་པ་འབུམ། །འཇིགས་བྱེད་དེས་ཀྱང་ལྗགས་ཀྱི་མཐའ་མ་སྣུབས། །ཁྲག་ཚོ་མཐའ་མེད་སྐྱེམས་ལ་ཕྱག་འཚལ་འདུད། །འཐོར་རླུང་དྲག་པོས་འཇིག་རྟེན་ཀུན་ཁྱབ་པ། །དེས་ཀྱང་ང་ཡི་སྤུ་ཙམ་བསྐྱོད་མི་ནུས། །ཟིལ་གནོན་སྐུ་ཚད་མངའ་བ་ང་ལ་འཐུད། །གཡོ་དང་མི་གཡོ་ཀུན་གསལ་བའི། །འཇིགས་བྱེད་ང་ལྟ་བུ་ལ་ཇི་སྐད་བྱ། །སངས་རྒྱས་ཐམས་ཅད་གསོལ་ཡང་ང་མ་བཤོས། །བྱང་ཆུབ་སེམས་དཔའ་གསོལ་བས་ཁ་བྱུག་ཙམ། །ད་རུང་འགྲོ་ཀུན་གསོལ་བྱེད་བསྒྲིབས་ཤིང་སྐྱེམས་པས་ང་ལ་འཐུད། །
སྣང་སྲིད་ཀུན་གསོལ་བདེ་བར་བཞེས། །ཐམས་ཅད་ཀུན་གསོལ་འདག་ལས་མེད། །འོན་ཀྱང་མ་བགྲོད་རྫོགས་ཆེན་ཉིད་དུ་འགྱུར། །ལྷག་པའི་རྣལ་འབྱོར་ལུགས་ཉིད་ཀྱིས། །བསླབ་པ་མེད་པའི་བསླབ་པ་ཉིད། །བསླབ་རྣམས་འཇིགས་བྱེད་བསླབ་པའི་མཆོག །དངོས་པོ་སྤྱོད་ཅིང་མཐའ་མི་འཚོལ། །དོན་ལ་ངན་དུ་འདོར་མེད་འཛིན། །གཟའ་བྲལ་ངང་ལ་གཟའ་མི་བྱེད། །བྱ་མེད་དོན་ལ་དེ་ཉིད་ཀྱང་། །ཆེད་དུ་ལེན་ཅིང་རྩོལ་མི་བྱེད། །རང་སེམས་ཅི་ལའང་འབྲང་བ་དང་། །འདོད་པའི་སེམས་དང་ཡེ་ནས་བྲལ། །དེ་ལ་སྙོམས་ལས་གྱུར་པའང་མེད། །ཐིག་ལེ་ཆེན་པོ་རྒྱལ་བའི་ཐུགས། །བརྟགས་ན་མེད་ལ་བསམས་ན་སྣང་། །དངོས་མེད་ཆ་ལུགས་ཀུན་ལ་སྟོན། །རང་བཞིན་གཅིག་ཏུ་མ་ངེས་པས། །རྫས་སྣང་རྣམ་པ་གཅིག་ལ་ཡང་། །ལོག་མཐོང་དྲུག་དང་ཡང་དག་དགུ། །ཅིར་ཡང་སྣང་བའི་ངོ་བོ་ཉིད། །རང་བཞིན་མེད་པའི་རང་བཞིན་ཅན། །འདི་འདྲར་རྒྱལ་བས་བརྗོད་དུ་མེད། །
གལ་ཏེ་བརྗོད་ཀྱང་ཕེབས་མི་འགྱུར། །སྣ་ཚོགས་སྣང་བ་ང་ཡི་སྐུ། །ཇི་སྐད་བརྗོད་པ་ང་ཡི་གསུང་། །དྲན་རྟོགས་རིག་ཤེས་ང་ཡི་ཐུགས། །སྣ་ཚོགས་སྣང་པ་ངོ་བོ་མེད། །ཆེ་བ་ལྔ་ཡིས་ཡེ་ནས་འཕགས། །ཐིག་ལེ་དྲུག་དང་རང་བཞིན་ལྡན། །ཁམས་གསུམ་བདེ་སྡུག་ང་ལ་རྫོགས། །དེ་ལ་བདེ་སྡུག་ངང་གིས་བྲལ། །དུས་གསུམ་རྒྱལ་བར་རང་ཉིད་ཤར། །དེ་ལ་བྱུང་ཤར་གདོད་ནས་མེད། །གཟའ་གཏད་མེད་པ་ལྟ་མཆོག་ལ། །དེ་ཉིད་དུ་ཡང་ལྟ་བ་མེད། །གལ་ཏེ་འདུག་ན་དམིགས་ལྟ་མེད། །ཐམས་ཅད་མཁྱེན་པ་བསྒོམས་པའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །སྣང་བ་མེད་པ་ཆོས་སྐུ་ལ། །མ་བཙལ་བཞག་ན་བསྒོམས་པ་ཡིན། །དེ་ལ་བཞག་པར་བྱ་བའང་མེད། །བྱ་མེད་དོན་ལའང་ཡིད་མི་རྟོག །དེ་ལྟར་གང་ཤེས་ཏིང་འཛིན་མཆོག །དམིགས་པའི་སྐྱོན་འབྱུང་འགྱོད་མི་བྱེད། །དེ་ལ་དེ་གསལ་དབབ་མི་དགོས། །དྲོད་རྟགས་སྣང་ལ་རེ་བ་མེད། །ཐམསཅད་བདག་ཉིད་ཆེན་པོའི་ཕྱིར། །སྣོད་བཅུད་མཆོད་རྟེན་བདེ་སྡུག་བསྔལ། །ཉི་ཟླ་དྲོད་བསིལ་བྱེད་སོགས་པའི། །ཅིར་སྲིད་ཅིར་སྣང་སྤྱོད་པ་ཀུན། །བདག་ཉིད་ཆེན་པོའི་སྤྱོད་པས་ན། །དེ་ཉིད་གསལ་བ་སྤྱོད་པ་སྟེ། །དེ་ལ་སྤྱོད་དང་མི་སྤྱོད་མེད། །འགྲོ་དོན་རྒྱུན་དུ་མ་བྱས་རྫོགས། །ཡང་དག་ས་ལམ་མ་བགྲོད་ཕྱིན། །ཚོགས་གཉིས་མ་བཙལ་ལྷུན་གྱིས་རྫོགས། །མ་བསྒྲལ་ཁམས་གསུམ་གནས་སུ་སྟོབ། །མ་ཕུལ་མཆོད་པ་ཀུན་ལ་ཐིམ། །མ་བླངས་དངོས་གྲུབ་རང་ལ་ཤར། །མ་བསྲུངས་དམ་ཚིག་ཉམས་པ་མེད། །མ་ནོས་ཐམས་ཅད་རང་དབང་འགྱུར། །མ་བལྟས་ལྟ་བ་ཀུན་ལ་གསལ། །མ་བསྒོམས་ཏིང་འཛིན་ཡེངས་ས་མེད། །
མ་བཅོས་རྣམ་རྟོག་རྒྱུ་འགྲུལ་བྲལ། །མ་བསྒྲུབས་འབྲས་བུ་བདག་ཉིད་ཆེ། །མ་སྦྱར་དུས་གསུམ་འདུ་འབྲལ་མེད། །མ་སྦྱངས་སྒྲིབ་པ་ཀ་ནས་དག །མ་བཟུང་ཐུགས་རྗེས་ཀུན་ལ་སྣུམ། །དེས་ན་བྱས་ཟིན་བྱ་བ་མེད། །བྱ་བ་གང་ཡང་འགོག་པའང་མེད། །དེ་ལྟར་སུས་རྟོགས་བྱས་པའི་མཆོག །བྱ་མེད་བརྩོན་འགྲུས་བར་ཆད་མེད། །སྐྱེས་མཆོག་གང་ཞིག་འདི་ལྟར་ལྟོས། །ཐམས་ཅད་སྣང་བ་ང་ཡི་སེམས། །ཐེག་པ་མཐོ་དམན་ཇི་སྙེད་པ། །ཉི་ཟེར་ལྟ་བུར་ང་ལ་སྣང་། །བསྐལ་པར་དགེ་སྤྱོད་བརྩོན་བྱས་ཀྱང་། །ང་དང་མ་འཕྲད་འཚང་མི་རྒྱ། །དེས་ན་གདེང་ཆེན་དོན་ལ་སོགས། །མཐོང་བ་ཉིད་ན་ཆོས་ཀྱི་སྐུ། །གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ལ་འཇིག་རྟེན་རང་བཞིན་མེད། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཇི་བཞིན་བྱང་ཆུབ་སྙིང་པོ་ལ། །བསྒྲུབ་བྱ་ལྷུན་རྫོགས་ཟླ་མེད་པས། །ང་ཞེས་མིང་དུ་བསྙད་པར་ཟད། །དོན་དུ་ང་ལ་འདི་འདྲ་ཞེས། །དངོས་གཞི་བསྟན་པར་ནུས་པ་མེད། །བརྟན་གཡོ་དངོས་པོ་འཛིན་མེད་ཅིང་། །རྟག་ཆད་གཉིས་ཀ་བློ་ཞེན་པའི། །སྙིང་པོ་དོན་ལས་གོལ་བར་གསུངས། །ཤིན་ཏུ་རྣལ་འབྱོར་ཆེན་པོ་ཉིད། །དངོས་པོར་ཞེན་དང་གདོད་ནས་བྲལ། །འཇིག་རྟེན་ཕལ་པར་ལྟུང་བ་མེད། །རྟག་ཆད་གཉིས་ལ་མི་གནས་པས། །མུ་སྟེགས་ལྟར་ལ་གནས་པ་མེད། །སྟོང་ཉིད་དོན་དམ་མ་སྐྱེས་པའི། །ཕྱོགས་ལ་བྱ་བྲལ་མི་བལྟ་བས། །སྟོན་མུན་ལྟ་བས་ང་མི་མཐོང་། །མཚན་མར་འཆོལ་བའི་སྐུ་མི་བསྒོམ། །གཉིས་མེད་དོན་ལ་གཙོར་མི་འཛིན། །སྐུར་བསྐྱེད་འགྲོ་དོན་མི་རྩོམ་པས། །ཡོ་ག་ཕྱི་ནང་སར་མི་ལྟུང་། །བྱ་མེད་ངང་ལ་བྱ་བ་རྫོགས། །དེ་ལ་རྩོལ་བའི་གདུང་བ་མེད། །དེ་ཉིད་དོན་ལ་བདག་འཛིན་ན། །དེ་ལྟར་ལྟ་བ་ཏིར་ཏི་ཀའོ། །
སྙིང་རྗེ་མེད་པའི་གང་ཟག་ནི། །དེང་སང་དུས་ན་འབྱུང་བ་དག །ཀུན་བཟང་ཚིག་ཙམ་སྨྲ་མེད་ཅིང་། །གདེང་ཆེན་དོན་དང་མི་ལྡན་པར། །ཕད་རལ་རྩིང་ཆོས་ན་རག་སྣོད། །རྒྱུ་འབྲས་དོན་ལ་ཡིད་འབྱུང་ཞིང་། །ཚིག་ཙམ་ལྟ་ལ་བརྟེན་པ་དག །གདེང་མེད་སྦྱོད་ཅིང་འཆོལ་བའི་རྒྱུས། །བསྐལ་པར་དཀའ་བ་ཅི་སྤྱོད་ཀྱང་། །སྙིང་པོ་དོན་དང་འཕྲད་མི་འགྱུར། །དེས་ན་བཟང་མོའི་སྤྱོད་ལམ་ནོས། །ཅི་སྤྱོད་ཀུན་བཟང་སྤྱོད་པར་འགྱུར། །གདེང་ཆེན་དོན་དང་གང་ལྡན་ཡང་། །རྣམ་པར་དཀར་སྤྱོད་སྤང་མི་བྱ། །བསམ་གཏན་རོ་མཆོག་རླུང་གནས་ཀྱང་། །འགྲོ་བའི་བླ་མ་སྤྱི་བོར་བཀུར། །སྟོང་གསུམ་སངས་རྒྱས་སར་ཤེས་ཀྱང་། །སྙིང་རྗེའི་དོན་དང་འབྲལ་མི་བྱ། །སྐྱེ་ཤི་མེད་པའི་གདེང་ལྡན་ཡང་། །སེམས་ཅན་སྦོམ་ཕྲའི་སྲོག་མི་དབྲོད། །འདུ་འབྲལ་མེད་པའི་དོན་རྙེད་ཀྱང་། །འཇིག་རྟེན་འཚོ་གཡེངས་ལས་མི་བྱ། །རང་བཞིན་མ་ངེས་དོན་ཤར་ཡང་། །དོན་དུ་མི་འགྱུར་རྫུན་མི་བྱ། །བདག་ཉིད་ཐིག་ལེའི་ངང་གནས་ཀྱང་། །ཕ་རོལ་རྫས་ལ་བརྐམ་མ་བྱེད། །ཁྲོ་གཏུམ་ངང་ཐུག་འཁྲུག་པའི་བདུད། །སྣང་བའི་སྤྱོད་ཡུལ་བྱ་བ་མིན། །དེ་ཉིད་ངང་ལ་དེ་མེད་ཕྱིར། །རྗེས་འཇུག་དེ་ཡང་དེ་བཞིན་ནོ། །དེ་བཞིན་མི་སྤྱོད་དེ་དག་ཀྱང་། །རཀྵ་ཡཀྵའི་བརྒྱུད་འཛིན་པས། །ཐེག་ཆེན་རིས་སུ་ག་ལ་ཚུད། །རྣལ་འབྱོར་ཆེན་པོའི་མིང་ཅི་ཡོད། །སངས་རྒྱས་ཁས་འཆེས་དཔྱང་ཐག་ཡན། །བྱ་མེད་རྣལ་འབྱོར་མཆོག་སྤྱོད་པ། །སྤང་མེད་ཤེས་ནས་དཀར་ཕྱོགས་ཀྱང་། །ཆེད་དུ་བྱ་བ་མེད་ཅེ་ན། །སྡིག་ལས་མི་བྱ་སྨོས་ཅི་དགོས། །ལྷུན་གྲུབ་སྤྱོད་དང་བྱ་བྲལ་སྤྱོད། །ཐུགས་རྗེ་ཆེན་པོའི་མཛད་སྤྱོད་དང་། །ནམ་ཡང་འབྲལ་བར་མ་བྱེད་ཅིག །དེ་ལྟར་རྟོགས་དྲན་སྤྱོད་པའོ།།
གོལ་སྒྲིབ་ལྟུང་བ་གཡང་ས་ཡང་། །སྤང་དུ་མེད་དེ་ཐིག་ལེའི་དབྱིངས། །ལྟུང་དང་མི་ལྟུང་ཐ་སྙད་བྲལ། །ཆོས་ཉིད་དོན་ལ་མཆོག་འཛིན་ན། །མེ་དང་དུ་ལྟར་གོལ་སྒྲིབ་འབྱུང་། །གང་དུ་འདུ་ཤེས་མ་སྐྱེས་ན། །གོལ་མ་གོལ་གྱི་མིང་ཅི་ཡོད། །ཀུན་ཏུ་རྒྱུ་ལ་འཇིགས་པ་འབྱུང་། །ཕྱིན་པ་མེད་ལ་འཇིགས་བྲལ་འདྲ། །དེས་ན་གང་ལའང་དོགས་མི་བྱ། །རེ་བའི་སེམས་སྤྱོད་དེ་བཞིན་ཏེ། །རེ་དོགས་བྲལ་བའི་དོན་ཞེས་བསྟན། །གང་དག་ཤེས་མིག་ལྡོག་འདྲེས་པའི། །ལིང་ཏོག་བསལ་ཕྱིར་ཐུར་མ་འདི། །རབ་རིབ་ནང་བྲལ་རྫོགས་ཆེན་སྐུ། །མངོན་མཐོང་ཀུན་གྱིས་མཆོག་ཐོབ་ཤོག །ཕོ་དྲེགས་ཕྱི་མ་དང་ཐུང་འཁྲུག །བཅོས་དཀའ་གདུང་བྲལ་གདོང་འདས་ཅན། །དད་མེད་ཆགས་ཤིང་བསླུ་བྲིད་མཁན། །དེམ་མེད་ཡལ་འཇོག་སྣང་འཚོད་བྱེད། །ལྕི་བའི་སེམས་བྲལ་རང་གར་སྤྱོད། །བྱིལ་མ་ནོར་ཆུང་མཚང་རྫོགས་པ། །ལྕེ་མཁན་ཐབས་སུ་ཚོལ་བ་ལ། །སྙིང་སྒོར་བྱུང་ཡང་བསྟན་མི་བྱ། །གཡུའི་ཐང་མ་སྐས་དགུ་རྫོགས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །བི་མ་ལས་འཕན་ཡུལ་དུ་ཛྙཱ་ན་ལ་གཏད། ཨི་ཐི།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། ༼ཀཿ་ཐོག༽ པོད། ༨༠ རྒྱུད་དོན། ༼ཝུ༽ དབུ་ཅན་དཔེ་ཐུང་། ཤོག་གྲངས་ ༡ན༡ ནས་ ༡༤ན༥ བར་ཤོག་གྲངས་ ༡༤ ཅན་བཞུགས་པ་ལས་བཏུས་པའོ།།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༩ ནས་ ༩༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།