༄༅། །ཨ་ཙ་རའི་ཆར་ཆོག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ།།[1]
དེ་ནི་ཨ་ཙ་རའི་ཆར་དབབ་པའི་ཐབས་ལ་གཉིས་ཏེ། འཁོར་ལོ་བསྐོར་བ་དང་། ཆར་རྟ་བཀྲམ་པ་གཉིས་སོ། །དང་པོ་འཁོར་ལོ་བྲི་བ་ནི། ཤིང་ལེབ་ལ་སོགས་པའི་སྟེང་དུ། འཁོར་ལོ་མུ་ཁྱུད་དྲུག་ཏུ་བསྐོར། ལྟེ་བར་སྲོག་ཤིང་ས་སྟོང་སར་བཞག །དེ་རྒྱབ་པད་འདབ་བཞི་བྱ། དེ་ཡང་ཡིག་མགོ་ཐམས་ཅད་ཕྱིར་བསྟན། སྲོག་ཤིང་རྩར་ཧཱུཾ་བྲི།
འདབ་བཞི་ལ་ཛཿབཞི་བྲི། དེ་རྒྱབ་ལ། ནཱ་ག་ར་ཙ་ཆར་ཕོབ། བྱད་ཟེར་ལ། ནཱ་ག་ར་ཙ་ཆར་མི་ཕབ་ན། ནཱ་ག་ར་ཙའི་སྙིང་ལ་གཟིར་གཟིར། སྲོག་ལ་ཏུག་ཏུག །སྙིང་ཁྲག་ཤད་ཤད། དེ་བས་ཆར་ཆེན་པོ་མྱུར་དུ་ཕོབ། ཅེས་བྲི། དེ་རྒྱབ་ལ། ཀླུ་རྒྱལ་རིགས། རྗེའུ་རིགས། དམངས་རིགས། བྲམ་ཟེའི་རིགས། གདོལ་པ། ཀླུའི་རྒྱལ་པོ་དང་། བཙུན་མོ། བློན་པོ། བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ཁྱེད་རྣམས་ཀྱིས་འཛམ་བུའི་གླིང་དུ་ཆར་ཆེན་ཕོབ་ཅིག །ཅེས་བྲིས། དེ་རྒྱབ་མུ་ཁྱུད་ལ་ཆུ་རིས་བྲི། དེ་རྒྱབ་ལ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིག་རྟེན་སྐྱོང་བའི་ལྷ་ཀླུ་དང་གནོད་སྦྱིན། དྲི་ཟ་དང་། གཞི་བདག་ཁྱེད་རྣམས་ཀྱིས་འཛམ་བུའི་གླིང་དུ་ཆར་ཆེན་མ་ཆད་པར་མྱུར་དུ་ཕོབ་ཅིག །ཅེས་བྲིས། དེ་རྒྱབ་ཡེ་དྷརྨཱ་བྲི། ཟུར་བཞི་ལ་ཁྱུང་རེ་རེ་བྲིའོ།། །།

༈ དེ་ནས་ཆུ་མིག་བཟང་པོ་འཁོར་ལོ་བསྐོར་ནུས་པའི་རྩར་སོང་ལ། བླ་མ་ཡི་དམ་ཆོས་སྐྱོང་ལ་ཉེར་སྤྱོད་མཆོད་གཏོར་ཕུལ། གསོལ་བ་གདབ། སྡེ་བརྒྱད་ལྷ་ཀླུ་དང་བཅས་པ་ལ། ཀླུ་སྨན་དང་ཆར་གཏོར་མང་དུ་བསྔོ། བཀའ་བསྒོ་བྱ་ཞིང་འཕྲིན་བཅོལ། དེ་ནས་ཆུ་མིག་མགོའི་འདོམ་གང་གི་མཐར་རྫིང་བུ་བསྐྱིལ་ལ། དེའི་སྟེང་དུ་ཤིང་ལེབ་གཅིག་བཞག །དེའི་སྟེང་དུ་པདྨ་བཞི་བྲིས་ལ། དབུས་དང་ལྔར་ཕུ་རེ་རེ་བྲི། ལྟེ་བའི་ཕུ་ལ་འཁོར་ལོ་སྲོག་ཤིང་དྲངས། སྲོག་ཤིག་རྩར་དཀར་གཏོར་མགོ་དགུ་པ་གཅིག་བཞག །པད་འདབ་བཞི་ལ་ཀླུ་བྲན་བཞིའི་དཀར་གཏོར་རེ་དགོད། མཚམས་བཞིར་ཉ་སྦྲུལ་ལྕོང་མོ་དུང་དང་བཞི་དགོད། ར་བས་བསྐོར། སྔོ་ལོས་སྟེང་དགབ་ཅིང་བཟའ་ཀ་མི་གཟོང་བར་བྱའོ། །དེ་ནས་རང་ཉིད་ཨ་ཙ་ར་སྐུ་མདོག་སྔོན་པོར་བསྒོམས། གོས་སུ་ཆུ་དར་ཕྱར་བུ་གྱོན་པ། ཕྱག་གཡས་པས་བྲ་མའི་ལྕག་ཚན་བསྣམས་པ། གཡོན་ལྕགས་ཀྱུའི་ཀླུའི་སྙིང་ནས་འགུག་པར་བསམ། བྲ་མའི་ལྕག་གིས་བྲབ་པར་བསམ། ཡར་ལ་ཁྲག་སྐྱུག་མར་ལ་བཤལ་བར་བསམ། ལུས་ལ་རླངས་པ་འཐུལ་བར་གྱུར་པར་བསམ། སྐུ་ལས་ཁྲག་གི་ཆར་བབས་པས་ཐམས་ཅད་ཁྲག་གི་ཆར་པའི་རྒྱུན་དུ་བསམ་ལ། ངག་ཏུ། ནཱ་ག་ར་ཙ་ཆར་ཕོབ། བྷནྡ་བྷནྡ་ཆར་ཕོབ། བྷནྡེ་བྷནྡེ་ཆར་ཕོབ། དྲག་ལས་ལ། ནཱ་ག་ར་ཙ་ཆར་མི་ཕབ་ན། ནཱ་ག་ར་ཙའི་སྙིང་ལ་གཟིར་གཟིར། ཅེས་དྲག་ཏུ་བཟླའོ།།
གཉིས་པ་ཆར་རྟ་ནི། ཐར་ནུ་དང་བྱ་རྒོད་ཤ་གཉིས་རས་སྣོད་དུ་བཏུམ་ལ། གྲོ་སྲབ་ནང་དུ་བཏུམ་ལ། ཆུ་མིག་གང་རྙེད་ལ་སྦ། དེ་ཁྱུང་རེ་རེར་བསམ། ཀླུ་ཐམས་ཅད་བསྐུལ་བས་ཆར་དྲག་ཏུ་བབས་པར་བསམ།
༈ དེ་ནས་རླུང་མནན་བྱ་བ་ནི། རླུང་ལྷ་ཤ་བ་བཞོན་པ་སྔགས་ཀྱིས་བསྐོར། ཨོཾ་བྷ་ཡ་ནན། བྷ་ཡེ་ནན། ཐང་ཐང་གཤེད་རླུང་སྤྲིན་གཏོར་བ་ནན་ནན། འགུག་གཞུག་བྱ། ཛ་ཁ་སྤྲོད་ནང་དུ་བཅུག་ལ་རང་ངམ་རྟེན་གྱི་ཞབས་སམ། ས་རྡོ་ལ་ནང་དུ་བཅུག །སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་དོ། །དེ་ནས་སྤྲིན་བསྡུད་སྔགས་འདི་ནི། ཨོཾ་ནཱ་ག་ར་ཙ་ཨཱ་ཏི་ལི་ཡེ་སྭཱཧཱ། ཞེས་ཟབ་པར་འདུག་གོ །ཨ་ཙ་ར་སྔོན་པོའི་ཆར་ཆོག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།མངྒ་ལཾ། དགེའོ།། །།
ཡང་། གྲུབ་ཆེན་ཌོམ་བྷི་པའི་ཆུ་འཁོར་བཅའ་བ་ནི། ར་ཧུ་ལ་ཞལ་གསུམ་ཕྱག་དྲུག་པ་ནི་གསུམ་ལ་ཐིམ་པས་བྲི་མི་དགོས། རྩ་ཞལ་གསུམ་གྱིས་ཆོག་པས་རྒྱ་མཚོ་འདེགས་ཤིང་ཕྱག་གཉིས་ཀྱིས་རྒྱ་མཚོ་ཆུ་རིས་བཏེགས་ནས་ཆུ་གཏོར་བའི་ཚུལ་བྲིས། སྙིང་ཁར་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ར་ཧུ་ལ་ཞེས་བྲིས། དེའི་མཐར། ཨོཾ་ཛ་པུ་ཏ་ཡ་འཇིག་རྟེན་དུ་ཆར་ཕོབ་སྤྲིན་སྡུད། ཅེས་བྲི།
རྩིབས་ལ། ཨོཾ་ཧ་ཟུར་ཐུམ་རིལ་ནན་ཐུམ་སྭཱཧཱ། ཞེས་བྲིས། རྩིབས་མཆན་ལ། ཆར་ཆར་བླ་བླ། ཞེས་སོ། །མཆན་བརྒྱད་ལ། བཛྲ་དུན་ཏི་མི་ལི་མི་ལི་བྷ་རི་ཤ་ཡ་ཕོབ་ཤར་ཤར་ཕོབ། བྲི། སྐྲ་དང་གདོང་སོར། རྩིབས་དང་མཆན་གཙོ་བོ་ཆུ་རིས་སྔོ། སྒས་ཤིང་ཆོག །འཁོར་ལོ་ཕུབ་ཅིང་གཡོན་སྐོར་དྲག་པོ་གཡས་སྐོར་བྱེད། ལག་འཁོར་ཆུ་འཁོར་གང་བདེ་བྱའོ།།
སྔགས་ཀྱི་དག་ཡིག་ནི། ཨོཾ་ཛ་ཕུ་ཏ་ཡ་ནག་པོ་འདུས་འདུས། ནག་པོ་མ་བྷྱོ་ར་ཧུ་ལ་འཇིག་རྟེན་ཆར་ཆེན་ད་ལྟ་ཉིད་དུ་ཕོབ་ཅིག །སྤྲིན་སྡུས་ཤིག །བསྙེན་སྔགས། ཆར་ཆར། བླ་བླ། ཐིབ་ཪིབ། ཟིལ་ཟིལ། སྡུར་སྡུར། ཐུམ་ཐུམ། ཕྲོམ་ཕྲོམ། ཤར་ཤར། ཕོབ་ཕོབ་སྭཱཧཱ། བསྒྲུབ་སྔགས་སོ། །ཨོཾ་ཧ་ཟུར་ཐུམ་རིལ་ནན་ཐུམ་སྭཱཧཱ། ལས་སྦྱོར་རོ། །ཨོཾ་བཛྲ་དུན་ཏི་མི་ལི་མི་ལི་སྭཱཧཱ། བྷ་རི་ཤ་ཡ། ཤར་ཤར། ཕོབ་ཕོབ། ཤམ་བུའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དུ་བཞུགས་པའི་དཔེ་དཀོན་ཕྱོགས་བསྡུས་དང་པོ། པོད། ༼༤༨༽ པ་ ༼ཚི༽ ཤོག་གྲངས་ ༡ན༡ ནས་ ༢བ༨ བར་བྲིས་མ་མཚོན་ཅན་ཤོག་བུ་གཉིས་བཞུགས་པ་ལས་བཏུས་པའོ།།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༣ ནས་ ༥༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།