༄༅། །བླ་མ་གསང་བར་སྒྲུབ་པ་བཞུགས་སོ།།[1]
༄༅། །རྒྱ་གར་སྐད་དུ། གུ་རུ་གུ་ཧྱ་སིདྡྷི་ནམ། བོད་སྐད་དུ། བླ་མ་གསང་བ་སྒྲུབ་པ་ཞེས་བྱ་བ། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །དེ་བཞིན་མར་ལ་མར་བཞག་བཞིན། །བླ་མས་མཚན་པའི་སྐུ་གསུམ་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཨེ་གསང་ཆོས་ཀྱི་འབྱུང་གནས་སུ། །ཝཾ་རྐྱེན་སྦྱོར་བས་འབྱུང་བཞི་གྲུབ། །རྐང་པ་རླུང་ལ་སུམ་མདོར་མེ། །ལྟོ་ཆུ་བྲང་ངོས་སྒལ་ཚིགས་རི། །
དབང་ཆེན་པོ་ཡི་དཀྱིལ་འཁོར་ལས། །གསང་བ་མཆོག་གི་དགྱེས་པ་གྲུབ། །རླུང་ལྔ་རིན་ཆེན་ལྔ་ཡི་རྩིག །འདོད་ཡོན་དབང་པོ་ལྔ་ཡིས་མཛེས། །དེ་བཞིན་རིན་ཆེན་ཕ་གུ་སྣ། །རྩ་རྣམས་དྲྭ་བ་ཕྱེད་པས་ཏེ། །བྲེ་ཕག་སོ་ཡི་འཕྲེང་བས་བརྒྱན། །མི་མཉམ་མེད་པ་གྲུ་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞིར་སྣང་། །རྣམ་ཤེས་ཚོགས་བརྒྱད་དུར་ཁྲོད་བརྒྱད། །གནས་ཀྱི་བྱེ་བ་རབ་བསྟན་པ། །མདོར་བསྡུས་ནས་ནི་བཤད་པར་བྱ།།
མཚོགས་མ་པུ་ལླི་ར་མ་ལ། །སྤྱི་གཙུག་ཛཱ་ལེནྡྷ་ར་དང་། །རྣ་བ་གཡས་པ་ཨུ་རྒྱན་དང་། །སྤྱི་བོའི་རྒྱབ་ནི་ཨརྤུ་ཏ། །གོ་དཱ་ཝ་རི་རྣ་བ་གཡོན། །རཱ་མེ་ཤྭ་ར་སྨིན་མའི་དབུས། །མིག་གཉིས་དེ་ཝཱི་ཀོ་ཊི་དང་། །མ་ལ་ཝ་ནི་དཔུང་པའི་རྩ། །ཀཱ་མ་རུ་ནི་མཆན་ཁུང་གཉིས། །ཨོ་ཊེསྠ་ནི་ནུ་མ་གཉིས། །ཀོ་ས་ལ་ནི་ལྟེ་བར་ཤེས། །ཏཱི་ཤ་ཀུ་ནེ་སྣ་ཡི་རྩེ། །ཁ་ཡི་པདྨ་ཀ་ལིང་ཀ །མགྲིན་པ་ལམ་པ་ཀ་ནི་བརྗོད། །སྙིང་ནི་ཀནྩིར་ཤེས་པར་བྱ། །ཧི་མ་ལ་ཡ་འདོམས་སུ་ཤེས། །མཚན་མ་གྲི་ཧ་དེ་ཝ་དང་། །པྲེ་ཏཱ་པཱུ་རི་བཤང་བའི་ལམ། །བརླ་གཉིས་སུ་ཝ་རྣ་དཱི་པ་སྟེ། །སོ་སོ་རཥྚ་ནི་བྱིན་པ་གཉིས། །རྐང་པའི་བོལ་ནི་སིན་དྡྷུའི་ཡུལ། །སོར་མོ་རྣམས་ལ་ན་ག་ར། །མཐེ་པོ་གཉིས་ནི་མ་རུར་ཤེས། །ཀུ་ལུ་ཏྲཱ་ནི་རྐང་པའི་མཐིལ།།
དེ་ལྟར་གནས་ན་རྣམ་དག་པ། །ས་བཅུ་པར་ནི་དག་པ་ཉིད། །རྩ་རྣམས་དཔའ་བོའི་རང་བཞིན་ཏེ། །བདེ་བ་དཔའ་མོའི་རྣམ་པར་རྒྱུ། །རྩིབས་མ་རྡོ་རྗེའི་རྭ་སོགས་སྲུང་། །བ་སྤུ་མཚོན་ཆའི་དྲ་བར་འགྱུར། །སེན་མོ་མེ་རི་འབར་བས་སྲུང་། །སྐུ་ཡི་དཀྱིལ་འཁོར་ལེགས་པར་གྲུབ། །ཐིག་ལེ་ཟླ་བའི་རང་བཞིན་ལ། །རྣམ་ཤེས་ཨ་ཐུང་གཟུགས་དང་འགྲོགས། །སཾ་ཧླ་ཉི་མའི་རང་བཞིན་གནས། །ཞུ་བདེ་སྤྲོ་དང་བྲལ་བར་འགྱུར། །དེ་ཚོ་རིགས་ཀྱི་ཕྱག་མཚན་འཛིན། །མགོན་པོ་སྐུ་ཡི་རྡོ་རྗེར་བཞེངས། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་རྣམས་རིམ་བཞིན་བཞུགས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང་འདིའི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་མོ། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །གཤེར་བ་ལ་སོགས་ཆུ་ཁམས་ལ། །བཅོམ་ལྡན་རྡོ་རྗེ་མཱ་ཀཱི་བཞུགས། །ཡུལ་ལྔ་རྣམ་པར་དག་པ་ལ། །མངོན་པའི་ལྷ་མོ་ལྔ་རུ་གྱུར། །དེ་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་སའི་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེར་གཤེགས་ཕྱག་ན་རྡོ་རྗེ་བཞུགས། །དེ་ཡི་སྣ་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་ནམ་མཁའི་སྙིང་། །དེ་ཡི་ལྕེ་ལ་བཞུགས་པ་ནི། །དེ་བཞིན་གཤེགས་འཇིག་རྟེན་དབང་། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཤེས་བྱ་བར་བཏགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བའི། །དེ་བཞིན་གཤེགས་པ་དེ་བཞུགས་པའོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་རྣམས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གཞན་མི་ཐུབ། །ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་སྔོན་ནོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་བསྒྱུར། །རྐང་པའི་འོག་ཏུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་པོ། །ལུས་ནི་འདི་ཉིད་ཀུན་ལ་ཡང་། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་དབྱེ་བ་ཡིས། །རྫོགས་པའི་སངས་རྒྱས་མ་ལུས་འདི། །ལུས་པ་མེད་པས་སངས་རྒྱས་སྐུ། །སྐྱེ་བ་འདི་ལ་རྣལ་འབྱོར་པ། །མྱ་ངན་འདས་ལ་འཇུག་པར་འགྱུར། །མྱ་ངན་འདས་པ་མྱུར་དུ་ཐོབ། །ཁྱེད་ཀྱི་དགེ་བ་ཡོངས་སུ་སྨིན། །དེ་བས་རྡོ་རྗེ་སློབ་དཔོན་ནི། །མཐོང་ན་དོན་ནི་ཡོད་དོ་ཀྱེ། །ཕྱི་མའི་དུས་ཀྱི་སེམས་དཔའ་ཆེ། །དེས་ན་སེམས་ཅན་ཐམས་ཅད་ཀྱིས། །ལྷ་ལ་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་པས་བླ་མ་མཆོད། །དེ་ནས་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །དགའ་ཞིང་གུས་ནས་ཕྱག་བྱས་ཏེ། །བཅོམ་ལྡན་འདས་ལ་མཆི་མ་བླང་། །གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཞུས། །ལེགས་སོ་བྱ་བ་བྱིན་ནས་ནི། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ། ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ དབྱངས་དང་གསལ་བྱེད་རང་བཞིན་ཏེ། །ཀ་ཙ་ཊ་ཏ་པ་ཡི་སྡེ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། །གསུང་གི་དཀྱིལ་འཁོར་ཆེན་པོ་ཞེས། །ངག་ཀུན་རབ་ཏུ་སྤྲོ་བས་འདོན། །ཇི་ལྟར་འོ་མའི་ཁྱད་པར་ནི། །མར་གསང་གནས་པར་གྱུར་པར་ཡིན། །དེ་བཞིན་གོས་དཀར་ལ་སོགས་པ། །སྔགས་ཀྱི་རྒྱལ་པོར་རབ་ཏུ་གནས། །ཀློག་དང་བསམ་ཏན་མེད་མོད་ཀྱང་། །འོན་ཀྱང་བཟླས་པར་བཤད་པ་ཡིན། །འགོག་པའི་བཟླས་པར་རབ་ཏུ་གནས། །དེ་རིང་དག་ནི་རབ་ཏུ་སྨིན། །ཐུགས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། །རང་བྱུང་གསལ་བས་ཀུན་མཁྱེན་པ། །ང་ནི་མི་གནས་དབྱིངས་སུ་དག །གཉིས་མེད་བདེ་བའི་རྒྱན་གྱིས་བརྒྱན། །དེ་ནི་ལྷན་ཅིག་སྐྱེས་པའོ།།
གང་ཤར་བ་ནི་ང་ཡི་རྩལ། །ང་ནི་སྤྲོས་དང་བྲལ་བ་ཡིན། །ཡུལ་དྲུག་སྣང་བ་ང་ཡི་མདངས། །གང་ཡང་གཉིས་སུ་མེད་པའོ། །རྒྱུ་འབྲས་རྐྱེན་གྱི་བདག་ཉིད་ཅན། །དགེ་བ་རྡོ་རྗེ་ང་ཡི་སྲོག །ང་ཡི་རྒྱན་ནི་ཡེ་ཤེས་ལྔ། །བདེ་བར་གཤེགས་པ་ཀུན་ལ་མཛེས། །སྲིད་དང་ཞི་ལ་ང་ཡིས་ཁྱབ། །མི་གནས་པ་ནི་རྡོ་རྗེའི་ཐུགས། །བསྐྱེད་དང་རྫོགས་པ་གཉིས་སུ་གསལ། །གྲོལ་བའི་གཙོ་བོར་འཚང་རྒྱའོ། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །དབྱེར་མེད་རྡོ་རྗེ་ཞེས་བྱ་བ། །འཆང་བ་འཛིན་པ་ཞེས་གྲགས་ཡིན། །རྣམ་ཤེས་རྡོ་རྗེ་འཆང་དུ་འདོད། །ཁྱོད་ཀྱི་དགེ་བ་རབ་ཏུ་སྨིན། །བདག་དོན་གཞན་དོན་འབྲས་བུར་བཅས། །དེ་རིང་སངས་རྒྱས་སྲས་སུ་གྱུར། །གཙོ་བོའི་དབང་བསྐུ་རབ་ཏུ་ཐོབ། །དེ་ཡི་དགོངས་པ་རབ་ཏུ་རྟོགས། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གྱུར། །མྱ་ངན་འདས་ལ་རབ་ཏུ་ཞུགས། །མི་གནས་རྡོ་རྗེ་ཁྱོད་ལ་སྨིན། །དེ་སྐད་ཅེས་ནི་ཐོས་པ་དང་། །རྡོ་རྗེ་འཛིན་པ་རབ་དགའ་བས། །ནམ་མཁའ་མཉམ་པར་རྒྱལ་བ་མཆོད། །རྗེས་སུ་ཡི་རང་གུས་ཕྱག་འཚལ། །འཁོར་ལོ་སྒྱུར་བའི་གཙོ་བོ་ཡིས། །རྡོ་རྗེ་འཛིན་ལ་གསལ་བར་བསྟན། །སྡུད་པ་པོ་ལས་བདག་གིས་ཐོས། །ཏེ་ལོ་པ་ཡིས་མི་བརྗེད་བཟུང་། །འཕགས་པ་ལྷ་ཡིས་མངོན་པར་བྱས། །བླ་མ་གསང་བར་སྒྲུབ་པ་ཀླུ་སྒྲུབ་སྙིང་པོས་མཛད་པའོ། །པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་བསྒྱུར་བའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གདམས་ངག་མཛོད། བླ་སྒྲུབ། པོད། ༼ཐ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦ན༦ བར་ཤོག་བུ་དྲུག་ཅན་བཞུགས་པ་ལས་བཏུས་པའོ།།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥ ནས་ ༡༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།