རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ། (ལེའུ་ཉེར་གཅིག་ཅན།)

༄༅། །དཔལ་མངོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་བཞུགས་སོ།།

ལེའུ་དང་པོ།

སྤྲང་ཆུང་ཟླ་བ་གྲགས་པ་ལ་རྒྱལ་བུ་བདེ་སྤྱོད་བཟང་པོ་ཞེས་མཚན་གསོལ་བ།

འདིར་སྡུག་རུས་དང་སྙིང་ཁམས་མེད་པ་རྣམས་ཀྱི་དོན་དུ། རྒྱལ་པོ་བདེ་སྤྱོད་བཟང་པོའི་རྣམ་ཐར་འཆད་རྒྱུ་ཡིན་པས་ཚང་མས་སྙན་གསན་པར་ཞུ། དེ་ཡང་གཏམ་རྒྱུད་ཉན་པ་ལ་དམ་ཚིག་རྣམ་པ་གསུམ་བསྲུང་དགོས་ཏེ། ཤེས་ཀྱང་མ་འཆད་པ་མི་བྱེད་པ་དང་གཅིག །བར་དུ་མི་ཡེངས་པར་ཉན་པ་དང་གཉིས། ཐ་མ་འཆལ་བར་མི་གཏོང་བ་དང་གསུམ་བསྲུང་དགོས་པ་ཡིན་པས་དེ་ཐུགས་ལ་འཇོག་པར་ཞུ།

སྔོན་རྒྱ་གར་ལྷོ་ཕྱོགས་སུ་སྐྱེ་བ་ནས་སྐྱེ་བའི་བར་དུ་པཎྜི་ཏའི་ལུས་རྩེ་གཅིག་ཏུ་ཐོབ་པ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ་ཞིག །ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །ལྷ་ཆོས་མི་ཆོས་བསྟན་བཅོས་རྣམས། །རྩོམ་གྱིན་བཞུགས་པའི་དུས་སུ་ནི། །དེ་ཡང་ཐུགས་བསམ་གཅིག་བཏང་བ་ལ། ང་ལ་སློབ་མ་སྣོད་དང་ལྡན་པ་ཞིག་དགོས་པ་འདུག་དགོངས་ནས་ཐུགས་དམ་ལ་བཞུགས་པའི་དུས་སུ། དགོན་པའི་ལྷོ་ཕྱོགས་དེ་ན་བྲག་ཅིག་ཡོད་པ་དེའི་ལྡེབས་ལ་བྱ་རོག་གི་ཚང་ཞིག་ཡོད་པ་ཡིན་པར་གདའ། ལུང་པའི་མདའ་ན་རྒྱལ་པོ་གཅིག་ཡོད་པ་དེ་ལ་སྲས་གཅིག་ཡོད་པར་གནས། དེའི་འཁོར་ན་ཕྱུག་པོའི་བུ་ཞིག་དང་། སྤྲང་པོའི་བུ་རིག་པ་ཅན་གྲུང་པོ་ཞིག་ཀྱང་ཡོད་པར་གདའ། རྒྱལ་པོའི་སྲས་དེས་ཕྱུག་པོའི་བུ་དང་། སྤྲང་པོའི་བུ་གཉིས་ཁྲིད་དེ་ལུང་པའི་ཕུ་ན་ཡར་སྐྱོ་བསང་ལ་ཕྱིན་པ་ཡིན་པར་གདའ། ལྷོ་ཕྱོགས་དཔལ་གྱི་རི་བོའི་རྩེ་ལ་ཡར་ཕེབས་པ་དང་། བྲག་ལྡེབས་དེ་ན་བྱ་རོག་གི་ཚང་ཞིག་ཡོད་པ་དེ་ལ་གཟིགས་ནས་རྡོ་ཐུ་བ་གང་རེ་བསྒྲུགས། བྲག་དེའི་སྒབ་ཏུ་ཕྱིན་ནས་རྒྱལ་པོའི་བུས་ཁོང་གཉིས་ལ་བཀའ་གནང་བར། ངེད་རང་གསུམ་པོ་འདི་ཡི་ཚང་མ་ཐོན་བར་དུ་ལོག་མི་འགྲོ་བའི་མནའ་བྱེད་གསུངས་པས་ཁོང་གསུམ་པོས་མནའ་རེ་རེ་བསྐྱལ་ལོ།།
དེར་ཁོང་གསུམ་པོས་བྱ་རོག་གི་ཚང་བརྡུངས་ཤིང་། ཉི་མ་དྲོས་པ་དང་རྒྱལ་པོའི་སྲས་ན་རེ། ཚེ་འདི་ལ་དགོས་པའི་འབངས་འཁོར་ལོངས་སྤྱོད་ནི་ང་ལ་ཡོད། ཕྱི་མ་དགོས་པའི་ཆོས་ཕྱོགས་སུ་སྦྱིན་པ་ནི་སྔར་ཡང་བཏང་། ད་དུང་ཡང་བཏང་བས་ཆོག །མནའ་ཁ་འདྲ་ལ་ཁའི་ཤྭ་བས་ཁྱེར། ང་ནི་ལོག་འགྲོ་ཟེར་ནས་རྒྱལ་པོ་བྱོན་སོང་བ་དང་། སྤྲང་པོའི་བུ་ན་རེ། ང་ནི་སྔར་ཡང་མནའ་ཟོས་ཁྲམ་པའི་ལས་ཀ་བྱེད་མ་མྱོང་། ད་རེས་ཀྱང་མནའ་ཟོས་ན་མི་འགྲིག་ཟེར་ནས་རྡོ་ཐུ་བ་གང་བསྒྲུགས་ཏེ་བརྡུངས་སོ། །ཕྱུག་པོའི་བུ་ན་རེ། དབང་ཆེ་བ་ལ་མནའ་དེ་བགག་དོན་མེད་པར་ཁོ་རང་གིས་བཀག །བྱོན་དོན་མེད་པར་ཁོ་རང་སྔོན་ལ་བྱོན། ངེད་རང་གཉིས་འདི་མ་ཕོད་བར་སྡོད་ཟེར་ནས་བརྡུངས་སོ། །ཉི་མ་ལ་ལ་སོང་ལ་ཁད་ཀྱང་བྱ་རོག་གི་ཚང་འདི་འདྲ་ནི་མི་ཕོད་པར་འདུག །མནའ་ཁ་འདྲ་ལ་ཁའི་ཤྭ་བས་ཁྱེར། ཚེ་འདི་ལ་དགོས་པའི་ནོར་ནི་ང་ལ་ཡོད། ནོར་ཡོད་ན་མཁས་གྲགས་ནི་ཤུགས་ཀྱིས་འོང་། ལོག་འགྲོ་ཟེར་ནས་ཕྱུག་པོའི་བུ་ཡང་ལོག་སོང་།
སྤྲང་པོའི་བུའི་བསམ་པར། ཁོ་ནི་ཕྱུག་པོའི་བུ་ཡིན་པས་སྡུག་མི་ཐེག་ཅིང་། སྤྲང་ཆུང་ཟླ་བ་གྲགས་པ་ང་ནི་ཤི་ན་ཡང་བྱ་རོག་གི་ཚང་འདི་བཏོན་མ་ཚར་བར་མི་འགྲོ་ཟེར་ནས་རྡོ་ཐུ་བ་གང་ཁྱེར་ཏེ་མུ་མཐུད་བརྡུངས་སོ། །ས་རུབ་པ་དང་བྱ་རོག་གི་ཚང་ནས་སྒྲུབ་པ་པོ་སྐྲས་དཔུང་པ་ནོན་པ་གཅིག་དོན་བྱུང་ནས་ཁོ་གན་རྐྱལ་དུ་ནམ་ལངས་པ་འདྲ་བ་གཅིག་བརྡབས། ཁ་བུབ་ཏུ་ས་རུབ་པ་འདྲ་བ་གཅིག་བརྡབས་ནས་ཁོ་ལ་སྨྲས་པ། སྤྲང་ཕྲུག་ཆུ་ལ་གསེར་གྱི་མདོག་བྱུང་། བྲག་ལ་འུག་པའི་སྐད་བྱུང་། བྱ་ཚང་ཡོད་རྣམས་ཚོ་ཚང་ལ་འགྲོ། ཚང་མེད་རྣམས་ཚོ་ཚང་འཚོལ་གྱི་འདུག །མི་གནས་ཡོད་རྣམས་ཚོ་གནས་ལ་འགྲོ། གནས་མེད་རྣམས་ཚོ་གནས་ཚང་འཚོལ་དུ་སོང་། ལུང་པ་འདི་ན་དབང་རྒྱལ་པོ་ལས་ཆེ་བ་མེད་རུང་ད་ནང་ནས་ལོག་སོང་། ནོར་ལོངས་སྤྱོད་ཕྱུག་པོའི་བུ་ལས་ཆེ་བ་མེད་པ་ལ་ད་གིན་ནས་ལོག་སོང་། མི་མཚམས་ལ་སྡོད་པ་ལ་མཚམས་སྒོ་རྡོ་ཡིས་བརྡུངས་ནས་འབུལ་རྒྱུ་དང་སྟེར་རྒྱུ་ཅི་ཡོད་གསུངས་པ་དང་། སྤྲང་པོས་སློབ་དཔོན་ལ་གསོལ་པ། སྒྲུབ་པ་ལ་བཞུགས་ཡོད་འགྲོ་བསམ་པ་མ་བྱུང་། རྒྱལ་པོའི་བུ་དང་ཕྱུག་པོའི་བུ་སྤྲང་པོ་བདག་གསུམ་མཐའ་བརྟེན་ནས་བྱ་རོག་གི་ཚང་འདི་མ་ཐོན་གྱི་བར་དུ་མི་འགྲོ་བའི་མནའ་བཞག །རྒྱལ་པོའི་སྲས་ནི་འཁོར་དང་ལོངས་སྤྱོད་དཔའ་དཔུང་འཛོམས་པ་ཡིན་པས་མནའ་ལ་མི་བརྩི་བར་གཤེགས་སོང་། ཕྱུག་པོའི་བུ་ཡང་ནོར་ལོངས་སྤྱོད་འཛོམས་པས་མནའ་ལ་མི་བརྩི་བར་ལོག་སོང་། བདག་ནི་དབུལ་པོའི་བུ་ཞིག་ཡིན་སྟབས་ང་ལ་ལོངས་སྤྱོད་མེད་པས་འབུལ་རྒྱུ་ག་ལ་ཡོང་། མནའ་ལ་འཛེམས་ནས་བྱ་རོག་གི་ཚང་འདི་བརྡུངས་པ་ལགས་ཞུས་པ་དང་། སློབ་དཔོན་གྱི་ཐུགས་དགོངས་ལ་འདི་ནི་སྐྱེ་ས་དཔོན་དང་ཕྱུག་པོ་མིན་རུང་ཤེས་རབ་ཆེ་བས་དཀའ་བ་སྤྱོད་ནུས་པ་གཅིག་ཡོང་བ་འདྲ་དགོངས་ནས་ཁྱོད་ལ་ཕ་མ་ཡོད་དམ་གསུངས་པ་དང་། ཕ་མ་ཡོད་ན་བསོད་ནམས་བསགས་པ་ཡིན། ལག་ན་ནོར་ཡོད་ན་དབུལ་པོའི་མིང་ཡང་མེད། བསོད་ནམས་ཀྱི་ཀྱི་ཧུད་ད་གིན་ནས་ཞུས་པ་ལྟར་ལགས་ཞུས་པས། དེར་བླ་མས་ཕྱག་ཕྱི་ལ་ཁྲིད་ནས་ལྷོ་ཕྱོགས་དཔལ་གྱི་རིར་དུར་ཁྲོད་ཆེན་པོ་གཅིག་ཡོད་པའི་མཐའ་ལ་རོ་བྲན་མང་པོས་བསྐོར་ཞིང་། དེའི་དཀྱིལ་ན་རོ་རྒན་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ། རོ་དེའི་ཁ་ནས་གཏམ་སྨྲ་མཁས་པ་ཞིག་ཡོད་པ་དེ་ལ་གཏམ་ལན་མ་ཤོར་བར་ལོན་ན་ལྷོ་ཕྱོགས་དཔལ་གྱི་རི་ལ་གསེར་ཁ་ཆེན་པོ་ཞིག་བྱུང་ནས་འགྲོ་དོན་ལ་ཕན་པ་ཞིག་ཡོང་རྒྱུ་ཡིན་པས་དེ་ལེན་པར་སྤྲང་ཆུང་ཟླ་བ་གྲགས་པ་ལ་རྒྱལ་བུ་བདེ་སྤྱོད་བཟང་པོའི་མཚན་གསོལ། དྲ་བ་དང་། རལ་གྲི། ཏོག་མ། ཞགས་པ་དང་བཅས་པ་གྲ་སྒྲིག །རྒྱལ་བུ་ལ་སློབ་དཔོན་གྱིས་སྨོན་ལམ་བཏབ། དུས་ཚེས་བཟང་པོ་ལ་རབ་གནས་མཛད་དེ་བླ་མས་འདི་སྐད་གསུངས། རྒྱལ་བུ་བདེ་སྤྱོད་བཟང་པོ་ཁྱོད། དཀའ་སྤྱད་དང་ཞེ་རུས་བསྐྱེད་ནས་རོ་ཁོ་རང་གིས་གང་ཟེར་ཀྱང་གཏམ་ལན་མ་བྱས་པར་ཤོག །བླ་བྲང་འདིའི་ཕྱོགས་བཞིར་མཚམས་ཐོ་རེ་རེ་ཡོད། སྔ་མ་ཕྱིན་འཕྲལ་ལ་རོ་ལོན་ན་མཚམས་ཐོ་བརྒལ་ནས་ཤོག །དེ་ནས་རོ་ལ་གཏམ་ལན་ཤོར་བ་བྱུང་ན་ཞག་པོ་བདུན་ལ་མར་ཟན་འདི་ཡིས་ཐུབ། དེ་ནས་མ་ལོངས་ན་ཤར་གྱི་མཚམས་ཐོའི་རྩར་ཤོག །ཞག་བདུན་ཐུབ་པའི་མར་ཟན་གཅིག་དེར་ཡོང་། རོའི་པུས་མོ་མན་ཆད་གསེར་དུ་མི་འགྱུར་རོ། །ཞེ་རུས་མ་བསྐྱེད་ན་གསེར་ཁ་མི་ཡོང་བས། ངས་ཀྱང་དམིགས་པ་དང་སྒྲུབ་པ་རིམ་ལ་བྱའོ། །ཁྱོད་ཀྱིས་ཀྱང་ཞེ་རུས་རིམ་ལ་སྐྱེད་ཅིག །འགྲོ་དོན་ལ་ཕན་ཐོགས་ངེས་ཀྱི་གསེར་ཁ་ཡོང་བ་ཞིག་ངེས་པར་བྱ་དགོས་སོ་གསུངས།
ཡང་ཐུགས་དགོངས་གཅིག་བཏང་བ་དང་། དེ་ནས་ཡང་ཞག་བདུན་གྱི་བར་རོ་དེ་མ་ལོན་ན་མཚམས་ཐོ་བརྒལ་ནས་ཡོང་བའི་དཔེ་ཡོད་དགོངས་ནས་ཉིན་བདུན་དང་བཅུ་བཞིའི་བར་ལ་རོ་མ་ལོན་ན་ལྷོ་སྒོའི་མཚམས་ཐོའི་འོག་ལ་ཤོག །ཐོ་ལ་གསལ་བའི་ཡི་གེ་བཏབ་ནས་ཡོད། རྒྱབ་ཏུ་རོ་འཁུར་རྒྱུ་མེད་པར་མཚམས་ཐོ་བརྒལ་ནས་ཡོང་དང་མ་ཡོང་མེད་དོ། །ཞེ་རུས་སྐྱེད་ཅིག་གསུངས་ནས་སློབ་དཔོན་ནང་དུ་བྱོན་ནོ། །དེ་ནས་རྒྱལ་བུ་བདེ་སྤྱོད་བཟང་པོ་དེས་དྲ་བ་གཅིག །ཏོག་མ་གཅིག །རལ་གྲི་གཅིག །ཞགས་པ་གཅིག །འཛའ་ར་མར་ཟན་རྐྱལ་པ་ཆེན་པོ་གཅིག་བཅས་ཁུར་ཏེ་དུར་ཁྲོད་ཆེན་པོ་དེར་བྱོན་ནོ།། །།

 

ལེའུ་གཉིས་པ།
བུ་མོ་དེ་ཉིད་འབུམ་སྐྱེ་བ་དྲན་པ།

དེ་ནས་རྒྱལ་བུ་ཤིང་སྡོང་དེའི་རྩར་ཕྱིན་ནས་བལྟས་པས་ཤིང་སྡོང་དེའི་རྩེ་ན་རོ་ཆེན་པོ་གཅིག་འདུག་པ་དེས། ང་མ་ལེན་ང་མ་ལེན་ཟེར། མཐའི་རོ་བྲན་རྣམས་ཀྱིས་ནི་ང་ལོངས་ང་ལོངས་ཟེར། དེར་རྒྱལ་བུས་རལ་གྲི་བཏོན་ནས་ཤིང་སྡོང་ལ་རྒྱག་པར་ཆས་ཏེ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་སྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་སྟེ་ཏོག་མ་དེས་བརྡུངས། དྲ་བ་དེའི་ནང་དུ་བརྫངས། ཞགས་པ་དེས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་ངོ་།།
དེ་ནས་གོམ་པ་བདུན་ཙམ་སླེབས་པ་དང་། རོ་དེས། རྒྱལ་བུ་རྒྱལ་བུ། ཡང་ན་རྒྱལ་བུས་སྒྲུང་གཅིག་ཤོད། ཡང་ན་ངས་སྒྲུང་གཅིག་བཤད་ཟེར་བས། རྒྱལ་བུའི་བསམ་པ་ལ། བླ་མའི་ཞལ་ནས་རོ་ཁོ་རང་གིས་ཅི་ཟེར་ཡང་གཏམ་ལན་མ་ལབ་གསུང་གི་འདུག་པས། གཏམ་ལན་བྱེད་མི་ཉན་བསམས་ནས་ཁ་རོག་བསྡད་པས། རོ་ན་རེ། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བ་མི་འདུག །ངས་སྒྲུང་གཅིག་བཤད་ཀྱིས་ཉོན་ཨང་ཟེར་ནས། ལུང་པ་གཅིག་ན་རྒྱལ་པོའི་བུ་ཞིག་ཡོད་ཅིང་། རྒྱལ་པོ་དེའི་འཁོར་ན་ཕྱུག་པོ་ཆེན་པོ་ཞིག་དང་། སྤྲང་པོའི་བུ་ཞིག་ཡོད་པར་གདའ། རྒྱལ་པོའི་སྲས་དང་། ཕྱུག་པའི་བུ། སྤྲང་ཆུང་དེ་གསུམ་པོས། ལུང་པའི་ཕུ་ན་བུ་མོ་དེ་ཉིད་འབུམ་ཟེར་བ་ཡིད་དུ་འོང་ཞིང་སྐྱེ་བ་སྔ་མ་དྲན་པ། སྐྱེས་པ་སུ་འདྲ་ཞིག་ལའང་གཏམ་མི་ལབ་པ་ཞིག་ཡོད། ལུང་པ་དེའི་རྒྱལ་པོ་དེས། ངས་བུ་མོའི་གཏམ་ཁ་ཁུགས་ན་ཕྱུག་པོའི་བུའི་ནོར་ཕྱེད་ཙམ་ང་ལ་བྱིན་དགོས་ལ། སྤྲང་པོའི་བུ་ཡང་ངའི་ཚེ་གཡོག་ཏུ་སྡོད་དགོས། ཕྱུག་པོའི་བུས་གཏམ་ཁ་ཁུགས་ན། རྒྱལ་སྲིད་ཕྱེད་ཕྱུག་པོའི་བུར་སྤྲོད་རྒྱུ་དང་། སྤྲང་པོའི་བུ་ཁོའི་ཚེ་གཡོག་ཏུ་སྡོད་དགོས། སྤྲང་ཆུང་གིས་བུ་མོའི་གཏམ་ཁ་ཁུགས་ན། རྒྱལ་པོས་རྒྱལ་སྲིད་ཕྱེད་སྤྲོད་རྒྱུ་དང་། ཕྱུག་པོའི་བུའི་རྒྱུ་ནོར་ཕྱེད་ཙམ་ཁོ་ལ་སྤྲོད་དགོས་ཞེས་ཁ་དན་བྱས། ཉིན་གཅིག་རྒྱལ་པོའི་བུས་བློན་པོ་དང་གླང་པོ་ཆེ་ལ་རྒྱན་གྱིས་སྤྲས་ཏེ་ལུང་པའི་ཕུ་ལ་བྱོན་ནས་གླུ་གར་སོགས་རྩེད་འཇོ་གང་བྱས་ཀྱང་བུ་མོའི་གཏམ་ཁ་མ་ཁུགས། ཡང་ཕྱུག་པོའི་བུས་གཟབ་འཆོར་སྤྲས། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཁྱེར་ནས་བུ་མོས་གཏམ་ཁ་ཨེ་ལེན་བལྟས་པས་མ་ཁུགས་བྱས་པར། དེའི་ཕྱི་ཉིན་སྤྲང་པོའི་བུས་གོས་རལ་པ་ཞིག་ཡོད་པ་དེ་གྱོན་ནས་ལུང་པའི་ཕུ་ལ་ཕྱིན། ལམ་བར་ལུང་པའི་ཕུ་ནས་རྒན་མོ་གཅིག་བྱུང་བ་དང་འཕྲད་པས། རྒན་མོས་སྤྲང་པོ་གང་དུ་འགྲོ་བྱས་པར། ཨ་མ་རྒན་མོ་ལགས། ང་ལུང་པའི་ཕུར་ཡོད་པའི་བུ་མོ་དེ་ལ་གཏམ་ཁ་ལེན་དུ་འགྲོ་བྱས་པས། རྒན་མོ་ཁྲེལ་དགོད་ཅིག་ཤོར་ནས་ན་རེ། ཁ་ཉིན་རྒྱལ་པོ་ཆེན་པོ་བྱོན་ནས་གླང་ཆེན་རྒྱན་གྱིས་སྤྲས། གླུ་གར་རྩེད་འཇོ་གང་བྱས་ཀྱང་བུ་མོའི་གཏམ་ཁ་མ་ཁུགས། ཁ་སང་ལུང་པའི་ཕྱུག་པོ་བྱོན་ནས་གཟབ་འཆོར་སྤྲས་ཤིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཁྱེར་ཡོད་ཀྱང་བུ་མོའི་གཏམ་ཁ་མ་ཁུགས་པར་ལོག་སོང་། སྤྲང་པོ་ཁྱོད་ཀྱིས་གཏམ་ཁ་ཨེ་ཁུག་བྱས་པར། སྤྲང་པོས་རྒན་མོ་ལ་སྨྲས་པ། བུ་མོ་དེ་རྒྱལ་པོས་ཀྱང་གཏམ་ཁ་མ་ཁུགས། ཕྱུག་པོས་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཁུར་ཡང་གཏམ་ཁ་མ་ཁུགས་ན། བུ་མོ་དེ་ལྐུགས་མ་ཡིན་ནམ་བྱས་པར། རྒན་མོས་སྨྲས་པ། བུ་མོ་དེ་ལྐུགས་མ་ག་ལ་ཡིན། སྨྲ་མཁས་ཤིང་། སྐྱེ་མཆེད་གཙང་བ། སྐྱེ་བ་མང་པོ་དྲན་པའི་ཡོན་ཏན་ཡོད་ཅེས་སྨྲས་པས། སྤྲང་པོ་ན་རེ། ལུང་པ་འདི་ན་རྒྱལ་པོ་ལས་དབང་ཆེ་བ་མེད། དེ་ལ་ཡང་གཏམ་མི་སྨྲ་ན་ལྐུགས་པ་ལས་ཀྱང་ལོད་བྱས་པར། རྒན་མོ་ཞེ་སྡང་ལངས་ནས། སྤྲང་པོ་ཁྱོད་རང་ལེགས་པར་ཉོན་དང་། བུ་མོ་དེང་སྐྱེ་བ་དཔག་ཏུ་མེད་པ་དྲན་པའི་ཡོན་ཏན་འདི་འདྲ་གདའ། སྐྱེ་བ་སྔོན་མ་བུ་མོ་སྟག་གི་ལུས་སུ་བླངས་པའི་དུས་ཁྱོ་བོ་དེ་རྔོན་པས་བསད། མོ་ལ་སྔོན་མ་བུ་མོ་སྟག་གི་ལུས་སུ་བླངས་པའི་དུས་ཁྱོ་བོ་དེ་རྔོན་པས་བསད། མོ་ལ་སྟག་ཕྲུག་བཞི་ལྔ་སྐྱེས་ཏེ་ཕ་མེད་པར་མོ་རང་ལྟོ་འཚོལ་དུ་ཕྱིན་པའི་དུས་སུ་ཡང་རྔོན་པས་སྟག་ཕྲུག་རྣམས་བསད། མོས་ཕྲུ་གུ་རྣམས་སེམས་ཀྱིས་མ་ཕོད་པར་བརྒྱུགས་པས་མོ་རང་ཡང་བསད། འཁོར་བ་ལ་སྐྱོ་བ་ཞིག་དེར་སྐྱེས་པ་ཡིན་པར་འདུག།
ཡང་སྐྱེ་བ་རྟིང་མ་ཞིག་ལ་བྱ་སྲེག་པའི་ལུས་བླངས། སྤེན་མའི་གསེབ་ཏུ་ཚང་བྱས་ཏེ་ཕྲུ་གུ་རྣམས་གཤོག་པ་མ་རྒྱས་ཙམ་ལ་ཕྱུགས་རྫི་ལུག་རྫི་མང་པོས་མེ་བརྒྱབ་སྟེ་བསྲེགས། མོ་རང་ཕྲུ་གུ་ལ་འཁོར་བས་མོ་རང་ཡང་མེས་ཚིག །ཁྱོ་བོ་དེ་ཡོང་ནས་གཤོག་པ་ཆུ་ལ་བཅུག་ནས་མེ་གསོད་པའི་ལུགས་བྱས། ཐབ་ཐབ་བྱས་པས་བཟའ་ཚོ་ཐམས་ཅད་མེས་ཚིག །ཁྱིམ་པ་ལ་སྐྱོ་བ་གཅིག་དེར་སྐྱེས་པ་ཡིན་པར་འདུག །ཡང་སྐྱེ་བ་རྟིང་མ་ཞིག་ལ་བྱ་ཅོ་ཀའི་ལུས་བླངས། ཕྱུག་པོ་ཆེན་པོ་ཞིག་གི་ཞིང་གི་དཀྱིལ་དུ་ཚང་སྐྱིད་པར་བཅས་སྒོ་ང་སྤུན་གསུམ་བྱུང་བ་ཕྲུ་གུ་རྣམས་བརྡོལ་ཏེ། སྔོ་ཆུ་བཏང་བའི་དུས་སུ་ཆུ་རྣམས་ཡར་ལུད་ཅིང་། ཕྲུ་གུ་རྣམས་གབ་པས་འོལ་ཀ་བསྒྱུར་བ་དང་ཐུག་སྟེ་མ་བུ་རྣམས་འདམ་འོག་ཏུ་ཤོར། སྐྱེ་བ་དཔག་ཏུ་མེད་པ་ནས་སྐྱེས་པ་ལ་གཏམ་མི་ལབ་པའི་རྒྱུ་མཚན་དེ་ཡིན་པར་འདུག་བྱས་སོ།།
དེ་ནས་ཁོ་ལུང་པའི་ཕུ་ལ་ཕྱིན། སྐབས་དེར་བུ་མོ་དེ་སྣམ་བུ་འཐག་གི་ཡོད་པས་ཁོས་ཐགས་ཁྲིའི་རྩར་ཕྱིན་ཏེ། ཝ་ཡེ། ངའི་བཟའ་མོ་དེ་འདྲ་བ་ལ་བྱས་ངུས་པས། བུ་མོ་ནི་ཁོ་ལ་མིག་ཀྱང་མི་བལྟ་བར་ཐགས་ཁྲི་གཞན་དུ་སྤོས། ཁོས་ཀྱང་བུ་མོའི་རྩར་ཕྱིན་ནས། ཝ་ཡེ། ངའི་བཟའ་མོ་དེ་འདྲ་བ་ལ་བྱས་ངུས་བསྡད་པར། བུ་མོ་དེས་གཏམ་ཁ་མི་ལེན་པར་མོ་རང་གི་ནང་དུ་སོང་། ཡང་རྗེས་ལ་ཕྱིན་པས་སྒོ་དེ་རྟ་སོ་ལས་འགྲིགས་པ་བསྡམས་ནས་སོང་བས། ཁོས་ཐེམ་པ་སྔས་སུ་བྱས་ནས་ངུ་བཞིན། ངའི་བཟའ་མོ་དེ་འདྲ་བ་ལ་ཨང་། དང་པོ་སྐྱེ་བ་སྔ་མ་སྟག་གི་ལུས་བླངས། ངའི་བཟའ་མོ་དེ་འདྲ་བ་ལ་ཨང་། དང་པོ་སྐྱེ་བ་སྔ་མ་སྟག་གི་ལུས་བླངས། ང་ས་མདས་བསད། ཁྱེད་རང་ཕྲུ་གུ་བློས་མ་ཐོང་བར་རྔོན་པས་བསད། ཁྱོད་ནི་དེའི་དུས་ཀྱི་སྟག་མོ་དེ་འདྲ་བ་ལ། དེ་ནས་ང་བྱ་སྲེག་པའི་ལུས་བླངས་པའི་དུས་ཀྱི་ཆུང་མ་དེ་འདྲ་བ་ལ། སྲེག་ཕྲུག་རྣམས་གཤོག་པ་མ་རྒྱས་ཙམ་ལ་རྫི་བོས་མེ་བརྒྱབ། ཁྱོད་ཀྱིས་ཕྲུ་གུ་རྣམས་སྐྱོབ་པར་འགྲོ་སྐབས་ཡོད་ཚད་མེ་ལ་ཤོར་བ་དེ་འདྲ་བ་ལ། དེའི་རྟིང་མ་བྱ་ཅོ་ཀའི་ལུས་བླངས་པའི་དུས་སུ། ང་ཟས་འཚོལ་དུ་འགྲོ་བའི་རིང་ལ་སྔོ་ཆུ་བཏང་། འོལ་ཀ་བསྒྱུར་བའི་འོག་ཏུ་ཁྱེད་མ་བུ་རྣམས་འདམ་ལ་ཤོར་བ་དེ་འདྲ་བ་ལ། དེའི་རྟིང་མ་བྱ་ཅོ་ཀའི་ལུས་བླངས་པའི་དུས་སུ། ང་ཟས་འཚོལ་དུ་འགྲོ་བའི་རིང་ལ་སྔོ་ཆུ་བཏང་། འོལ་ཀ་བསྒྱུར་བའི་འོག་ཏུ་ཁྱེད་མ་བུ་རྣམས་འདམ་ལ་ཤོར་བ་དེ་འདྲ་བ་ལ། ང་འཁོར་བས་ང་ཡང་བསད། སྐྱེ་བ་དེ་དག་གི་ཆུང་མ་དེ་འདྲ་བ་ལ་བྱས་ངུས་པས། མོ་སྔར་གྱི་སྐྱེ་བ་དྲན་ཏེ། མཆི་མ་ནར་གྱིས་ཕྱུང་། དེར་མོས་སྒོ་ཕྱེ་ནས་ཁོའི་རྩར་ཕྱིན། ཁོས་གོང་གསལ་རྣམས་བསྐྱར་བཤད་བྱས་པས། མོ་ན་རེ། སྐྱེ་བ་ནས་སྐྱེ་བ་དྲན་ནས་སྐྱོ་བ་སྐྱེས་པ་གཅིག་ཡིན་ཏེ། ཁྱོད་སྐྱེ་བ་ནས་སྐྱེ་བའི་ཆུང་མ་ངའི་གྲོགས་སུ་འདུག་པས་ནང་དུ་ཤོག །ལན་ཆགས་མ་འཁོར་བ་ཡིན་ཟེར་ནས་ནང་དུ་བོས་སོ། །ཁོའི་གོས་ལྷམ་ངན་པ་རྣམས་རྒྱང་ལ་བསྐྱུར། མོས་གོས་ལྷམ་ལེགས་པོ་དང་རྒྱན་ཆ་ལུགས་རྣམས་སྤྲས་སུ་བཅུག །ཁྲུས་བྱས་སྤོས་ཀྱིས་བདུགས། དེ་ནུབ་དེར་བསྡད། སང་བཟའ་མི་གཉིས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནོ། །རྒྱལ་པོས་སྤྲང་ཕྲུག་ལ་རྒྱལ་སྲིད་ཀྱི་ཕྱེད་གནང་། ཕྱུག་པོའི་བུས་ནོར་རྣམས་རྒྱལ་ལ་སྤྲད། དེ་ནས་ལོ་ཤས་སོང་བ་དང་བུ་མོ་དེ་ལུང་པ་དེའི་རྒྱལ་པོར་བཀོད། རྒྱལ་སྲིད་དར་ཞིང་རྒྱས་པ་བྱུང་བ་ཡིན་པར་གདའ་ཟེར་བས། རྒྱལ་བུས་མི་ཁོ་བསོད་ནམས་རང་ཆེ་ཟེར་བ་ཁ་ནས་ཤོར་བས། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་ལྡན་ལྕག་མེ་ལྟར་ཚ་བ་གསུམ་བརྒྱབ་ནས་ཤོར་རོ།། །།

 

ལེའུ་གསུམ་པ།
བུ་མོས་རྒྱལ་པོ་ཤི་ཡུལ་ནས་བླངས་པ།

དེ་ནས་ཡང་རྒྱལ་བུ་ཁ་སང་གི་དུར་ཁྲོད་དེར་ལོག་སྟེ་བལྟས་པས། རོ་དེ་ཤིང་སྡོང་གི་རྩེ་ན་སླེབས་འདུག་གོ །ཡང་བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་སྟེ། ཏོག་མ་དེས་བརྡུངས། དྲ་བ་དེའི་ནང་དུ་བརྫངས། ཞགས་པ་དེས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་ངོ་། །ཡང་རོ་ན་རེ། རྒྱལ་བུ་རྒྱལ་བུ། ལམ་ཐག་རིང་བས་ཡང་ན་རྒྱལ་བུས་སྒྲུང་ཞིག་ཤོད། ཡང་ན་ངས་རོ་སྒྲུང་དྲ་བའི་སེན་མོ་ཙམ་ཞིག་བཏང་གིས་ཉོན་ཨང་ཟེར། རྒྱལ་བུས་ཁྱོད་རྒྱུས་ཡོད་བསམས་ནས་ཁ་རོག་འོངས་པས། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བ་མིན་པར་འདུག །ཁྱོད་རང་ཉོན་ཨང་ཟེར་ནས་སྒྲུང་ཞིག་བཤད། ལུང་པ་ཞིག་ན་རྒྱལ་བུ་ཞིག་ཡོད་འདུག །རྒྱལ་པོའི་མངའ་འོག་ན་ཕ་མ་སྔ་མོ་ནས་ཤི་བའི་བུ་མོ་སྐྱེ་མཆེད་དང་པོ་ཞིག་ཡོད་ཅིང་། བུ་མོ་དེ་དང་རྒྱལ་བུ་དེ་གཉིས་འགྲོགས་ཡོད་པར་འདུག།
ནམ་ཞིག་རྒྱལ་བུ་དེ་བུ་མོའི་རྩར་བྱོན་ནས། ད་ང་ལ་ཆུང་མ་ཞིག་ལེན་པ་ཡིན་པར་འདུག །ཆུང་མ་དེ་བླངས་ང་འཆི་བར་འདུག་གསུངས་པ་དང་། བུ་མོ་དེས། ཇོ་མོ་བླངས་པ་ལོས་དྲག་ལགས། ཇོ་མ་སྔ་སེ་བླངས་ན་ཡབ་མ་བགྲེས་གོང་ལ་སྲས་སླེབས་ཡོང་བ་ཡིན། ཅི་ནས་ཇོ་མོ་བླངས་པ་དྲག་ལགས་ཞུས་པས། རྒྱལ་པོ་ན་རེ། ཆུང་མ་དེ་ལེན་རྒྱུ་ཡིན་པར་འདུག །བླངས་འཕྲལ་ལ་ང་འཆི་བར་འདུག་གསུངས། བུ་མོ་དེས་ཞུས་པར། ད་ཡབ་ནི་སྔ་མོ་ནས་སྐུ་གཤེགས་ནས་མེད། ད་ནི་ཡུམ་གྱིས་གསུང་ལ་གསན་པ་དྲག་ལགས་ཞུས། དེར་རྒྱལ་པོ་དེ་ལ་ཡུམ་དང་བློན་པོ་རྣམས་ཀྱིས་རྒྱལ་ས་འཛིན་དགོས་ཞུས་ནས། རྒྱལ་པོ་རང་དང་མཉམ་པའི་ཇོ་མོ་གཅིག་བླངས་སོ།།
བླངས་ནས་ཟླ་བ་གཅིག་སོང་བ་དང་། རྒྱལ་པོ་དེ་སྙུང་གཞི་དྲག་པོ་གཅིག་ཕོག་ནས་སྐུ་གཤེགས། སྔོན་རྒྱལ་པོ་རང་དང་མཛའ་བའི་བུ་མོ་དེའི་སྒོ་དྲུང་དུ་རྒྱལ་པོའི་བླ་འཁྱམས་ཏེ་ཕེབས་པ་ཡིན་པར་གདའ། ཚོངས་འཇོལ་ནར་བ་འདྲ་བ་ཞིག་བྱས། དབུ་དེ་ཟིང་ངེ་བ་ཞིག་བྱས། སྔར་གྱི་སྐུ་ཤའི་མདངས་མེད་པ་ཞིག་བྱས་ནས། བུ་མོ་དེའི་རྩར་ཕེབས། བུ་མོའི་བསམ་པ་ལ་རྒྱལ་པོ་ཇོ་མོ་བླངས་ནས་སྙུང་གཞི་དྲག་པོ་གཅིག་ཐེབས་པ་ཡིན་པ་འདྲ་བསམས་ནས། རྒྱལ་པོ་ལ་ཞུས་པ། ཁ་སང་ནས་བཙུན་མོ་བླངས་པ་དེ་ནས་གཤེགས་བཞུད་ཀྱང་ཉུང་། སྐུ་ཤའི་མདངས་ཡང་ཤོར་ལགས་ཞུས་པས། རྒྱལ་པོས་གསུངས་པ། ཁ་སང་སྔ་སོར་ནས་ཆུང་མ་དེ་བླངས་ན་ང་འཆི་བ་འདུག་བྱས་ཁྱོད་ལ་ལབ་པ་ཡིན། ད་ང་ན་བ་རང་གཅིག་བྱུང་གསུངས་པ་དང་། བུ་མོས་ཞུས་པ། སྙུང་རུང་སྙུང་བ་དྭངས་པའི་ཐབས་མཛོད། བཙུན་མོ་ཁབ་ཏུ་བཞེས་ཡོད་པ་ཐུགས་ལ་འཇོག་ཞུས། དེར་རྒྱལ་པོས། དོ་དགོང་ཕན་མོ་རང་བྱུང་བའི་ཚེ་དབང་གཅིག་བྱེད་ཀྱི་ཡོད། ཁྱོད་ལ་ཡང་ལུས་པོ་མཐོན་པོ་འདུག་པས་ཕྱིན་པ་དྲག་གསུངས། བུ་མོའི་བསམ་པར་སྔར་ཡིན་ན་རྒྱལ་པོ་གཟི་མདངས་དང་བཅས་རྒྱན་ཆ་ལུགས་ལེགས་པར་སྤྲས་ནས་འབྱོན་པ་ལ། ད་ལམ་ན་བཟའ་སྦོ་ལུག་མར་འབྱོན་པ་ཅི་ཡིན་བསམས་ནས་དོགས་པ་ཞིས་སྐྱེས་སོ།།
དེར་ཉི་མ་རྒས་པ་དང་རྒྱལ་པོའི་ཕྱག་ཕྱི་ལ་བུ་མོ་དེ་ཕྱིན་ནོ། །ས་སྲིབ་པ་དང་རྒྱལ་པོའི་ཕོ་བྲང་དུ་སླེབས། མདོ་ནས་ཉན་པ་དང་རྔ་སྒྲམ་སྒྲམ་ཟེར་བ་བུ་མོས་ཐོས་པས། རྒྱལ་པོ་ལ་ད་སྒྲ་འདི་རང་ཚེ་དབང་ཡིན་པ་འདྲ་ཞུས། རྒྱལ་པོས་གསུངས་པ། བུ་མོ་ཁྱོད་ལ་ངའི་ལུས་པོ་འདི་འཁོར་ཡོད་པས་ངའི་སེམས་འདི་ཁྱོད་ལ་འཁོར་བ་ཡིན། ང་ཤི་ནས་ཞག་བདུན་སོང་། དོ་དགོང་བདུན་ཚིགས་ཡིན་ཟེར། བུ་མོ་ན་རེ། རྒྱལ་པོ་གྲོངས་བསམ་པ་བློ་ལ་མ་བྱུང་། ཡུམ་བགྲེས་མོ་དང་ང་གཉིས་ཅི་བྱེད་ཞུས་པས། རྒྱལ་པོས། བུ་མོ་ཁྱོད་རང་ངེད་ཀྱི་གླང་རྭ་དེར་སྡོད་ཅིག་གསུངས་ནས་དེ་ནུབ་ཁོང་གཉིས་གླང་རྭ་དེར་བྱོན་ནོ། །དེར་གཟིམ་ནས་བཞུགས་པའི་དུས་སུ། རྒྱལ་པོའི་ཇོ་མོ་དང་ཨ་མ་གཉིས་སྟེང་ན་རྫི་དི་རི་འཁྲུག་གི་འདུག །སྒྱུག་མོ་ན་རེ། ངའི་བུ་ཤི་འཕྲལ་བླ་གཡུ་སྦས་ན་མི་འགྲིག་ཟེར། གཡུ་གཞན་རྣམས་ཁྱེད་རང་ཁྱེར་ཡང་ངའི་བླ་གཡུ་ཚུར་ཁྱེར་ཤོག་ཟེར། ཇོ་མོ་ན་རེ། གཡུ་དྲག་པའི་མགོ་བྱས་གསེར་གཡུ་བཅུ་ལྷག་ཙམ་ཞིག་རྒྱལ་པོ་རང་མ་གྲོངས་གོང་ལ་བསྣམས་སོང་ཟེར། ཤི་གསོན་ཐུག་པའི་གཏམ་དེ་ན་བྱེད་ཀྱི་འདུག་པ་དང་། རྒྱལ་པོས་བུ་མོ་དེར་གསུངས་པ། ང་ནི་འཆི་བར་འདུག་བསམ་སྐབས་ཁྱོད་ལ་གཟུགས་པོ་འཁོར་ཡོད་པས་གསེར་གཡུ་རྣམས་མོའི་ལག་ནས་བླངས་ཏེ་རང་རེའི་ཞིང་གུང་ཆེན་མོ་མ་གིའི་དཀྱིལ་ན་སྦས་ནས་དཀར་གོང་གི་རྡོ་ཆེན་པོ་གཅིག་གི་འོག་ན་བཞག་ཡོད། སང་ཆོ་ག་ལ་ཐོན་ནས་བུ་མོ་རང་ཨ་མ་འཚོལ་དུ་སོང་ལ། གོང་གི་གླེང་མོ་རྣམས་ཞིབ་པར་ལབ་ནས་ཨ་མ་དང་ཁོང་གཉིས་འཐབ་ཏུ་མ་འཇུག་ཅིག །ཞེ་རུས་སྐྱེད་ཅིག་གསུངས། སྟེང་ནས་ཟས་ཡོང་བའི་སྐད་དི་རི་རི་བྱུང་བ་དང་། རྒྱལ་པོ་སྟབས་སྟབས་པོར་བཞེངས་ཏེ། ང་ལ་ཟས་བསྟེར་གྱི་འདུག །ད་ང་འགྲོ་གསུངས་ནས་རྒྱལ་པོ་བྱོན་ནོ།།
བྱོན་པའི་རྗེས་སུ་བུ་མོ་དེ་ལ་བུ་ཆུང་ཞིག་སྐྱེས་སོ། །རྒྱལ་པོས་ཟས་བརྔོས་པའི་རྫག་རྫོག་ཐུ་བ་གང་ཁྱེར་ཡོང་ནས་མོ་ལ་བྱིན། ཁོང་རང་ཡང་བཟས། དེར་རྔ་སྒྲམ་སྒྲམ་ཟེར་བ་དང་། ང་ལ་ལམ་སྟོན་གྱི་འདུག་ལོག་འགྲོ་ཡི་གསུངས་ནས་བཞེངས་པ་དང་། བུ་མོས་རྒྱལ་པོའི་ཐུ་བ་ལ་འཆང་ངོ་། །རྒྱལ་པོ་ན་རེ། ང་ལ་དམ་པར་འཆང་ལུགས་དེ་ལས་སྙིང་ན་བ་མེད། གོང་དུ་ཇི་ལྟར་ལབ་པ་བཞིན་ཨ་མར་ལོབ་ལ། ཁྱོད་རང་མ་སྨད་ཕྱོགས་གཅིག་ཏུ་སྡོད་ཅིག་གསུངས་པ་དང་། བུ་མོས་མ་འཆང་བར་ཡུམ་དང་མཇལ་ཙམ་གནང་ཞུས་པར། རྒྱལ་པོས། ད་རེས་མཇལ་བའི་གོ་སྐབས་མེད། དུས་བཟང་ལ་ང་ཡོང་གསུངས། ཞེ་རུས་ཡོད་ན་གང་ཡང་ལས་སླ་བ་ཡིན་ཟེར་ནས་རྒྱལ་པོ་གཤེགས་སོ།།
བུ་མོ་དེ་བུ་ཆུང་སྐྱེས་པ་དང་རྒྱལ་བུར་སེམས་ཁྲལ་གྱིས་ཕྱི་ཉིན་ཉི་མ་ཤར་ཤར་བར་བརྒྱལ་ནས་ལུས། གླང་གཡོག་རྣམས་རྒྱལ་པོ་ཉི་མ་ལ་འདོན་དུ་ཡོང་དུས་བུ་མོ་དེ་ན་འགྱེལ་ཡོད་པ་མཐོང་སྟེ་གླང་གཡོག་རྣམས་བྲེད་ནས་སྟེང་དུ་བརྒྱུགས་ཏེ་རྒྱལ་པོའི་ཡུམ་ལ་ཞུས་སོ། །མདང་ནུབ་རང་རེའི་གླང་པོ་ཆེའི་རྭ་བ་ན་གླང་པོ་འཇུག་དུས་སུ་ཡང་མེད་པར་རྒྱལ་པོ་ཆེན་པོ་དང་ཐུགས་མཐུན་འདུག་ཟེར་བའི་བུད་མེད་དེར་གླང་བྲེས་ནང་བུ་ཆུང་གཅིག་སྐྱེས། མོ་རང་ཁྲག་བོར་ནས་ཤི་འདུག་ཞུས་པས། རྒྱལ་བུའི་ཡུམ་དེ་མགྱོགས་པར་བྱོན་ཙ་ན། མོ་སྒྲད་དེ་འགྱེལ་ཡོད་པ་མཐོང་། ཡུམ་གྱིས་བྱིས་པ་དེ་བུའམ་བུ་མོ་ཡིན་བལྟས་པས་བུ་ཡིན་པར་འདུག་སྟེ། བློན་པོ་རྣམས་ལ་ཞལ་ཏ་བྱོན་ནས་འབྲས་ཆང་ལ་བུ་རམ་ཕུལ་བ་དང་། ཙནྡ་གྱི་གདུས་ཁུ། བསུར་དུད་རྣམས་མགྱོགས་པར་ཁྱེར་ཤོག་གསུངས་པ་དང་། བློན་པོ་རྣམས་མི་འགྲོ་ཟེར་ནས་མི་ཉན་པར་འདུག །དེ་འདྲའི་སྔོ་ལོ་ཞིག་ན་ནིང་ནས་ཡོང་བསམས། རྒྱལ་པོ་གྲོངས་པའང་འདིས་ལན་པ་ཡིན་ཟེར། ཡུམ་གྱི་ཞལ་ཏ་ལ་བུ་གཅིག་ཤི་བའི་ཚབ་བྱུང་། བསུར་དུད་རྣམས་མགྱོགས་པར་ཁྱེར་ཤོག་གསུངས་པས། ཡུམ་གྱི་བཀའ་ནན་མ་ཐེག་པར་བློན་པོ་རྣམས་བྱོན་ནོ། །དེར་ཕྱིན་ནས་བསུར་དུད་ཀྱིས་བདུགས། བག་པ་བྱས། ནང་ནས་འབྲས་ཆང་བུ་རམ་ཕུལ་བ་གསོལ་བས། བ་མོ་དེ་དྲན་པ་གསོས་ནས་ཡར་ལངས་ཏེ་མིག་ཧུར་ཧུར་དུ་བལྟ་ཞིང་ཡུམ་མཐོང་བ་དང་ལག་པ་འཆང་ནས་ངུས་སོ།།
དེར་ཡུམ་གྱི་ཞལ་ནས་ཁྱོད་རང་ངུ་མི་དགོས། ཁྱོད་ལ་གཏམ་ཞིག་འདུག་ཤོད་ཅིག་གསུངས་པ་དང་། བུ་མོས་ཞུས་པ། ཨ་མ་ཡུམ་ཆེན་ཡུམ་གྱི་བདག་ཉིད་མ། ཆོས་རྒྱལ་ཆེན་པོ་ཞལ་ནས་འདི་གསུངས་པ། ཇོ་མོ་བླངས་ན་ང་ནི་འཆི་ཡོང་གསུངས། ཅི་ནས་བཙུན་མོ་ཁབ་ཏུ་བཞེས་པ་ཞུ་ཞུས་པས། ལེན་པ་འདུག་ན་ང་ནི་འཆི་བ་འདུག །གསུངས་པ་བཞིན་དུ་བྱུང་ཡང་། རང་རེའི་བཙུན་མོ་ཁབ་ཏུ་བཞེས་པ་འདི་སློག་གསུང་གི་འདུག་ལ། རང་རེའི་ཞིང་ཆེན་མོ་མ་གིའི་དཀར་གོང་གི་ཐོ་ཐོའི་འོག་ན་བླ་གཡུས་འགོ་བྱས་གསེར་གཡུ་རྣམས་སྐུང་ཡོད་གསུང་གི་འདུག །རྒྱལ་པོས་གསུངས་པ་བདེན་ན་དུས་བཟང་སོ་སོར་འབྱོན་པའི་ཞལ་བཞེས་ཡོད་ཞུས་པས། ཨ་མ་ན་རེ། ད་བུ་མོ་ཁྱོད་རང་སྟེང་དུ་འགྲོ་ཟེར་ཕོ་བྲང་དུ་ཁྲིད་དོ། །རྒྱལ་བུ་དེ་ཕྱི་དབྱི་དཀར་གྱི་པགས་པ་དང་། ནང་རྒྱ་དར་ལས་བྱས་པའི་འཇམ་སྟན་ཁ་རུ་བཞག །བློན་པོ་དང་རྒྱལ་འབངས་རྣམས་སྲས་དེ་བྱུང་བས་རྒྱལ་བརྒྱུད་མི་ཆད་པར་འདུག་ཟེར་ནས་དགའ་འོ།།
དེ་ནས་ཚེས་བཅོ་ལྔའི་ཐོ་རེངས་ཁར། སིལ་ཟེར་བའི་སྒྲ་ཞིག་བྱུང་སྟེ། བུ་མོ་དེའི་བསམ་པ་ལ། ནམ་རྒྱུན་སྐད་འདི་འདྲ་ཡོང་གི་མེད། རྒྱལ་པོ་དེ་འབྱོན་ཡོང་བ་མིན་ནམ། འབྱོན་གསུངས་པ་དེ་བདེན་ནམ། ཡང་ན་བུ། འདི་ཁྱེར་མཁན་འདྲེ་ཞིག་ཡོང་བ་མིན་ནམ་བསམས་ནས་བལྟ་སྐབས་རྒྱལ་པོ་དེ་བང་སོར་སྦས་པའི་རྒྱན་ཆ་ལུགས་རྣམས་སྤྲས་ཏེ་ཕེབས་བྱུང་ངོ་། །བུ་མོ་དེའི་རྩར་དུམ་ཞིག་བཞུགས་སོང་བས་གཟིམ་པའི་བར་ལ། བུ་མོ་དེས་རྒྱལ་པོའི་སྐེ་རགས་དེ་ག་ལེར་འཐེན་ནས་བུ་ཆུང་གི་སྔས་འོག་ཏུ་བརྫངས། ནམ་གསལ་ཆ་བཏང་བ་དང་། ད་ང་འགྲོ་རན་སོང་བཀའ་བཀྱོན་ཕོག་ཡོང་ཟེར། རྒྱལ་པོ་བཞེངས་པ་དང་། སྐེ་རགས་བུ་ཆུང་གི་འོག་ན་ཤོར་འདུག་ལགས་ཞུས་པས། བུ་ཆུང་དེས་ངུས་ཡོང་ཟེར། སྐེ་རགས་དེར་བཞག་ནས་རྒྱལ་པོ་གཤེགས་སོ། །དེར་སང་ཉི་མ་ཤར་བ་དང་བུ་མོས་རྒྱལ་པོའི་སྐེ་རགས་ཁྱེར་ནས་ཨ་མའི་རྩར་བྱོན་ཏེ། མདང་རྒྱལ་པོ་བྱོན་ལགས་ཞུས་པས། དེ་བྱོན་ན་ང་སྐད་མི་གཏོང་བ་གང་ཡིན། ཁྱོད་ཀྱི་སྐད་ཆ་དེ་རྫུན་ཡིན་གྱི། ཤི་ནས་འཕྲད་པ་མི་འདུག་གསུངས་པ་དང་། བུ་མོས། བྱོན་པ་བདེན་ངེས་ཡིན། སྐུ་རགས་འདི་ལགས་བྱས་བསྟན་པས། སྐུ་རགས་མཐོང་བ་དང་ཡུམ་བརྒྱལ་ལོ། །དེ་ནས་ཡུམ་གྱིས་བུ་མོ་ལ་རྩིས་ཆེ་རུ་སོང་ཞིང་། ད་དུང་ཕེབས་ན་ཁྱོད་ཀྱིས་ངེད་མ་སྨད་འཕྲད་པ་གྱིས་གསུངས།
ཡང་ཟླ་བ་གཅིག་སོང་བའི་ཚེས་བཅོ་ལྔའི་ཐོ་རེངས་ཁར་སིལ་སིལ་ཟེར་བའི་སྒྲ་ཞིག་བྱུང་བ་དང་། མོས་རྒྱལ་པོ་འབྱོན་ཡོང་བ་རེད་བསམས་ནས། ཧ་རེ་ཧོ་རེར་ལངས་པས། རྒྱལ་པོས་བུ་མོ་ཁྱོད་གང་དུ་འགྲོ་གསུངས་པར་ང་ཡུམ་གདན་འདྲེན་དུ་འགྲོ་ཞུས་པས། ཁྱོས་ཀྱིས་ང་དང་བུ་ཆུང་འདི་སྐབས་སེང་ལ་འཕྲད་རྒྱུ་ཡོད་པ་འདི་མེད་པ་ཞིག་བཟོ་རྒྱུ་ཡིན་ནམ། འཕྲད་པའི་ཐབས་ཡོད་དེ་ཁྱོད་ཚོས་མི་ནུས་གསུངས་སོ། །འཕྲད་པའི་ཐབས་ཡོད་ན་འཆི་བ་སྲོག་ལ་བབས་ཀྱང་ནུས་ལགས་ཞུས་པས། ཁྱོད་ཀྱིས་མི་ནུས་ཁ་རོག་སྡོད་གསུངས་པ་དང་། ཡང་བུ་མོས། ཀྱེ་རྒྱལ་པོ་ཆེན་པོ་ལགས། མ་གཅིག་བུ་གཅིག་དཔྲལ་བའི་མིག །ཡུམ་སྲས་འཕྲད་པའི་ཐབས་ཡོད་ན། །བདག་འདྲ་ཤི་ཡང་འགྱོད་པ་མེད། །རྒྱལ་བརྒྱུད་འཛིན་པའི་སྲས་ཤིག་ཡོད། །དཀའ་བའི་ལས་ཅི་ཡོད་ཀྱང་བདག་གིས་བསྒྲུབ་པར་ཞུ་ཞུས་པས། ཁྱོད་སྤྱིར་སྐྱེ་བ་དམན་པས་ཞེ་རུས་ཆུང་ཞིང་། ཁྱད་པར་བུ་ཆུང་འདི་ཡོད་པས་མི་ནུས། བག་ཕེབས་ཀྱིས་མི་ཕོད་ལས་ཆེ། ཕོད་ན་ལེགས་པར་ཡིད་ལ་འདི་ལྟར་ཞོག།
རང་རེའི་འདི་ནས་ཕར་ཕྱིན་པ་ན། ལུང་པ་བདུད་ལུང་ནག་པོ་གཅིག་ཡོད་ཀྱི། དེའི་ནང་དུ་ཚུད་པ་དང་ཆུ་མིག་ཞིམ་པོ་ཁྱད་པར་འཕགས་པ་ཞིག་ཡོད། དེ་ལ་ས་ཐོག་ན་སྔར་མཐོང་བའི་ཆུ་མིག་ལ་ཁྱོད་ལས་སྐྱུག་བྲོ་བ་ཞིག་མི་འདུག་ཟེར་ནས་མིག་དང་ཁ་གཅུས་ནས་རྒྱུགས། དེ་ནས་ཡར་ཕྱིན་པ་ན་ཆུ་མིག་རྣག་ཁྲག་ཏུ་འབབ་པ་ཞིག་ཡོད། དེར་སྔར་མཐོང་བའི་ཆུ་མིག་ལ་ཁྱོད་ལས་ཞིམ་པ་དྭངས་གཙང་བ་མི་འདུག་ཟེར་ནས་ཧུབ་ཅིག་འཐུང་། ཁྲུས་ཤིག་གྱིས་ལ་རྒྱུགས། དེ་ནས་ཡར་ཕྱིན་པ་ན། མཆོད་རྟེན་ལེགས་པོ་ཁྱད་འཕགས་ཤིག་ཡོད། དེ་ལ་སྔར་མཐོང་བའི་མཆོད་རྟེན་ལ་ཁྱོད་ལས་སྐྱུག་བྲོ་བ་མ་མཐོང་། ཁྱོད་ལ་བྱིན་རླབས་ཡོང་དོགས་མེད་ཟེར་ནས་བསྐོར་ལོག་གྱིས་ནས་རྒྱུགས། དེ་ནས་ཡར་ཕྱིན་པ་ན་མཆོད་རྟེན་ནག་པོ་ཁྱི་ལུད་ལས་བྱས་པ་ཞིག་ཡོད། དེར་སྔར་མཐོང་བའི་མཆོད་རྟེན་ལ་ཁྱོད་ལས་བྱིན་རླབས་ཆེ་བ་དང་འབྲང་གཙང་བ་མ་མཐོང་གྱིས་ལས་བྱིན་རླབས་ཞུས། སྐོར་བ་ཞིག་བརྒྱབ་ནས་རྒྱུགས། དེ་ནས་ཡར་ཕྱིན་པ་ན་རྒད་པོ་སྙུང་བུ་མེད་པར་མཛུབ་མོས་སྐུད་པ་རྒྱག་པ་ཞིག་ཡོད། དེ་ལ་སྙུང་བུ་ཞིག་བྱིན། དེ་ནས་ཡར་ལ་ཕྱིན་པ་ན། རྒན་མོ་ཡོས་བརྔོ་དུས་སྐམ་པ་མེད་པ། ནུ་མས་ཚ་ཕྱིས་བྱས་ནས་ཡོས་བརྔོ་མཁན་ཞིག་ཡོད། དེ་ལ་སྐམ་པ་ཞིག་བྱིན། དེ་ནས་ཡར་ཙམ་ཕྱིན་པ་ན། བུ་ཚ་གསུམ་གོས་གཅིག་ལ་མ་འཆམ་པར་རྩོད་པ་ཞིག་ཡོད་པས་དེ་གསུམ་ལ་གོས་རེ་བྱིན། རེའུ་གཉིས་རྩྭ་ཆུན་པོ་གཅིག་ལ་མ་འཆམ་པར་ཡོད་པས་དེ་གཉིས་ལ་རྩྭ་ཆུན་པོ་རེ་བྱིན། དེ་ནས་ཡར་ཕྱིན་ཙ་ན། ཁྱི་རྒན་གཉིས་རུས་པ་ཞིག་ལ་མ་འཆམ་པར་ཡོད་པས་དེ་གཉིས་ལ་རུས་པ་རེ་བྱིན། དེ་ནས་ཡར་ཕྱིན་པ་ན། ལྕགས་མཁར་སྒོ་བཞི་བྱས་པ་ཞིག་ཡོད། དེའི་ནང་ན་བདུད་ཕོ་བདུད་མོ་རྣམས་སྔགས་པའི་ཆས་སྤྲས་པ། དཀྱིལ་འཁོར་ཆེན་པོ་བཤམས་པ། དཀྱིལ་འཁོར་གྱི་མཐའ་ཚོ་ན་སྙིང་ནག་པོ་ཆེན་པོ་ང་ལོངས་ང་ལོངས་ཟེར་བ་འགའ་ཡོད། དཀྱིལ་འཁོར་གྱི་དབུས་ན་སྙིང་གཞན་ཚོ་ལས་ཅུང་ཆུང་བ་དམར་ཧྲིལ་ཧྲིལ་བ། ང་མ་ལེན་ང་མ་ལེན་ཟེར་བ་ཞིག་ཡོད་པས། དེ་རང་གི་དགོས་དོན་ཡིན།
དེར་ལམ་བགྲོད་པ་དཀའ་ཞིང་སྔགས་པ་དེ་རྣམས་མཐུ་སྟོབས་ཆེ་ལ་འཇིགས་ཤིང་རྔམ་པས་མི་ལོན་གསུངས་པས། བུ་མོས་ཞུས་པ། རྒྱལ་པོ་ཁྱོད་དང་འགྲོགས་རྒྱུ་བྱུང་ན་དཀའ་བའི་ལས་ཆེ་ནའང་སྒྲུབ་ལགས་ཞུས་པས། རྒྱལ་པོས་གསུངས་པ། བུ་མོ་ཅི་ནས་འགྲོ་ན་དེ་ནས་སྙིང་དེ་བླངས་ཏེ་ཁ་མ་བུབ་པ་བྱས་ནས། རྒྱལ་པོའི་ཕོ་བྲང་དུ་མ་སླེབས་བར་ཕྱི་མིག་མ་བལྟས་པར་ཡོང་དགོས། དེ་བུ་མོས་ཨེ་ནུས་གསུངས་པས། བུ་མོས་ཞུས་པ། ང་འཆི་བ་སྲོག་ལ་བབས་ཀྱང་ལོན་པ་བྱེད། ཡུམ་སྲས་མཇལ་བའི་སྨོན་ལམ་ཡང་འདེབས། བདག་གིས་དཀའ་བའི་ལས་རྣམས་འགྲུབ་པ་ཞུ་ཞུས་པར། རྒྱལ་པོས་གསུངས་པ། ཕྱི་མིག་མ་བལྟས་པར་ཕ་མ་ཐུག་པའི་བློ་བརྟན་པོ་དགོས་གསུངས་ནས་རྒྱལ་པོ་གཤེགས་སོ།།
དེ་ནས་བུ་མོ་དེ་ཕ་མའི་ཕོ་བྲང་དུ་ཕྱིན་ནས་རྒྱལ་པོས་གསུངས་པ་རྣམས་གོང་བཞིན་ཨ་མ་ལ་ཞུས་པ་དང་། ཨ་མ་མཉེས་ཏེ། ནམ་འགྲོ་དུས་ཡིན་གསུངས་པར། ཉི་ཤུ་དགུའི་དགོང་མོ་འགྲོ་དུས་ཡིན་ལགས་སོ། །དེ་ནས་ཉི་ཤུ་དགུའི་ནུབ་མོ་བུ་མོས་རྒྱལ་བུས་གསུངས་པའི་དགོས་བྱ་རྣམས་ཁྱེར་ཏེ་ཕྱིན་ཏོ། །ལུང་པ་དེའི་ནང་དུ་སླེབས་པ་དང་ཆུ་མིག་ཞིམ་པོ་ཁྱད་འཕགས་ཤིག་འདུག་པ་དེ་ལ་སྔར་མཐོང་བའི་ཆུ་མིག་ལ་ཁྱོད་ལས་སྐྱུག་བྲོ་བ་དང་། དང་བ་མི་འདྲེན་པའི་ཆུ་མིག་མ་མཐོང་། ཕྱིན་ཆད་ཀྱང་ཁྱོད་ལས་བཙོག་པ་མཐོང་མི་ཡོང་ཟེར་ནས་ས་སྦར་མོ་གང་བཏབ། མིག་ལོག་ཅིག་བལྟས་ནས་ཕྱིན་པ་ན་ཆུ་མིག་རྣག་ཁྲག་ལས་བྱས་པ་ཞིག་ཐུག །སྔར་མཐོང་བའི་ཆུ་མིག་ལ་ཁྱོད་ལས་དང་སྤྲོ་བ་དང་ཞིམ་པ་མི་ཡོང་ཟེར་ནས། ཧུབ་ཅིག་བཏུང་། ཁྲུས་ཤིག་བྱས་ནས་ཕྱིན་པས། མཆོད་རྟེན་མཚར་པོ་དེའི་རྩར་སླེབས། སྔར་མཐོང་བའི་མཆོད་རྟེན་ལ་ཁྱོད་ལས་མི་ལེགས་པ་དང་སྐྱུག་བྲོ་བ་མི་ཡོང་ཟེར་ནས་སྐོར་ལོག་དང་བགོས་ཡུག་ཅིག་བཏང་ནས་ཕྱིན་པ་དང་། མཆོད་རྟེན་ནག་པོ་དེའི་རྩར་སླེབས། སྔར་མཐོང་བའི་མཆོད་རྟེན་ལ་ཁྱོད་ལས་ལེགས་པ་མཐོང་མ་མྱོང་ཟེར་ནས་སྐོར་བ་དང་བྱིན་རླབས་ཞུས་ནས་ཕྱིན་ཏོ།།
དེ་ནས་ཡར་ཕྱིན་པ་དང་རྒད་པོ་སྙུང་བུ་མེད་པ་སྙུང་བུ་ཞིག་བྱེད། དེ་ནས་ཡར་ཕྱིན་པ་དང་རྒན་མོ་སྐམ་པ་མེད་པ་ལ་སྐམ་པ་ཞིག་བྱིན། དེ་ནས་ཡར་ལ་ཕྱིན་པ་ན་གོས་མེད་པའི་བུ་ཚོར་གོས་བྱིན། དེ་ནས་ཡར་ཕྱིན་པ་ན་རེའུ་གཉིས་ལ་རྩྭ་ཆུན་རེ་བྱིན། དེ་ནས་ཡར་ཕྱིན་པ་ན་ཁྱི་རུས་པ་ལ་མ་འཆམ་པ་དེ་ལ་རུས་པ་རེ་རེ་བྱིན། དེ་ནས་ཡར་ཕྱིན་པ་ན། ཤར་སྒོ་དེར་སླེབས་འདུག་པས་ཤར་སྒོའི་ནང་ཡར་ཕྱིན་པ་དང་། སྔགས་པ་ལ་ལ་རྔ་བརྡུང་འཕྲོ་ལ་གཉིད་དུ་སོང་བ་དང་། ལ་ལ་ཧུམ་ཧུམ་ཕཊ་ཕཊ་ཟེར་འཕྲོ་ལ་གཉིད་དུ་སོང་བ་དང་ཐུག་སྟེ་ག་ལེར་འཇབ་ནས་ཕྱིན་པས་སྒྱིད་པ་འདར་སིལ་ལི་བ་ཞིག་བྱུང་། ང་མ་ལེན་ང་མ་ལེན་ཟེར་བའི་སྙིང་དེ་རང་བླངས། ཨམ་ཕྲག་ཏུ་བཅུག་ནས་བྲོས་ཡོང་། དེར་ཁྱི་གཉིས་པོའི་ཐད་དུ་སླེབས་པ་དང་སྔགས་པ་རྣམས་ཀྱིས་ཚོར་ཏེ་རལ་པ་ཟིང་ཙམ་བྱས། མཆེ་བ་ཕུར་ཙམ་བྱས། ཕོ་བདུད་གཡས་ལ་ཤ་ར་ར། མོ་བདུད་གཡོན་ལ་ཤ་ར་ར་བྱས། ཁྱི་རྒན་དེར་ཟུངས་ཟེར་ཏེ་དེད་པ་དང་། ཁྱི་རྒན་གཉིས་ན་རེ། ངེད་གཉིས་རུས་པ་འདི་ལ་མ་འཆམ་པར་ཉིན་རེ་བཞིན་འཁྲུག་དགོས་པ་ལ་རུས་པ་རེ་རེ་བྱིན་པས་མོ་ལས་དྲིན་ཆེ་བ་མེད་པས་ཁྱོད་རང་ཐར་ཚད་བྲོས་ཤིག །ངེད་ཀྱིས་སྒོར་ཐུབ་ཚད་བྱའོ་ཟེར། དེ་ནས་རེའུ་གཉིས་པོའི་རྩར་སླེབས་པ་དང་། རེའུ་གཉིས་ལ་དེ་ཟུངས་བྱས་པ་དང་། རེའུ་གཉིས་ན་རེ། ངེད་གཉིས་ལ་རྩྭ་བྱིན་པས་མོ་ལས་དྲིན་ཆེ་བ་མེད། ཁྱོད་རང་ཐར་ཚད་བྲོས་ཟེར་བཏང་ངོ་། །ཡང་བུ་ཚ་གསུམ་གྱི་རྩར་སླེབས་པ་དང་། དེ་ཟུངས་ཟེར་བས། བུ་ཚ་གསུམ་ལ་མོ་ལས་དྲིན་ཆེ་བ་མེད་ཁྱོད་རང་ཐར་ཚད་བྲོས་ཟེར། རྒན་མོ་རྩར་སླེབས་པ་དང་རྒན་མོ་ལ་དེ་ཟུངས་ཟེར་བ་དང་། རྒན་མོ་ན་རེ། ང་ལ་ཁྱོད་ལས་དྲིན་ཆེ་བ་མེད། ཁྱོད་རང་ཐར་ཚད་བྲོས། ངས་སྒོར་ཐུབ་ཚད་བྱེད་ཟེར་རོ། །ཡང་བུ་མོ་རྒད་པོའི་རྩར་སླེབས་པ་དང་། རྒད་པོ་ལ་དེ་ཟུངས་ཟེར་བས། ང་ལ་ཁྱོད་ལས་དྲིན་ཆེ་བ་མེད་ཟེར། མཆོད་རྟེན་སྐྱུག་བྲོ་བ་དེའི་རྩར་སླེབས་པ་དང་དེ་ཟུངས་ཟེར་བ་དང་། ང་ལ་ཕྱག་འཚལ་བྱིན་རླབས་ཞུ་མཁན་ཁྱོད་མིན་པ་མེད། ཁྱོད་རང་ཐར་ཚད་བྲོས་ཟེར། ཡང་མཆོད་རྟེན་ལེགས་པའི་རྩར་སླེབས་པ་དང་། དེ་ཟུངས་ཟེར་བས། འདི་འདྲ་ལ་ཁ་ཡ་མི་ཡོང་བ་འདུག །མོ་ལ་ཅི་ཡང་མ་བྱས་པར་བགོམ་ཡུག་དང་སྐོར་ལོག་བྱས་བྱུང་། འདི་འདྲ་བཟུང་ན་དམངས་ནས་གང་ཟེར་མི་ཤེས་པ་འདུག་ཟེར་བཏང་ངོ་།།
དེ་ནས་མར་བྲོས་ཡོང་བས་ཆུ་མིག་རྣག་ཁྲག་ཅན་གྱི་རྩར་སླེབས་པ་དང་། དེ་ཟུངས་ཟེར་བས་ང་ལས་སྐྱུག་བྲོ་བའི་ཆུ་མིག་ལུང་པ་ན་མེད་ལ། བསྟོད་ར་གཏོང་མཁན་མོ་ལས་མེད། ཁྱོད་རང་ཐར་ཚད་བྲོས་ཟེར། ངས་སྒོར་གང་ཐུབ་བྱེད་ཟེར་ནས་བཏང་ངོ་། །ཆུ་མིག་དྭངས་པོ་ལེགས་པོ་དེའི་རྩར་སླེབས་པ་དང་། དེ་ཟུངས་ཟེར་བས། འདི་འདྲའི་ཡ་ཡོང་བ་མི་འདུག །མོ་ལ་ཅང་མ་བྱས་པར་སྨད་ར་བྱེད་ལུགས་ལ་བལྟས་ཚེ། བཟུང་ན་ཐལ་བསུབ་ལ་གཏོང་ཉེན་འདུག་ཟེར་ནས་བཏང་ངོ་། །དེར་ཕོ་བྲང་གི་སྒོ་དྲུང་ནང་དུ་ཚུད་པ་དང་ཕྱི་མིག་ཅིག་བལྟས་པས། ཡར་ཤོག་གསུངས་རྒྱལ་བུ་ནང་ལ་ཕེབས་གྲུབ་འདུག །དེར་རྒྱལ་པོ་ཕེབས་པ་དང་ཡུམ་བགྲེས་མོས་རྒྱལ་བུ་ལ་འཆང་ནས་ཤི་གསོན་འཕྲད་ཅེས་དར་ཅིག་བརྒྱལ་ལོ། །རྒྱལ་པོ་འབངས་དང་བཅས་པ་ཐམས་ཅད་ཀྱང་དགའོ། །དེར་བུ་མོ་བསོད་ནམས་ཆེ་བར་ཐག་བཅད། སྲས་པོ་དེ་ལ་བརྡ་གྲོལ་བྱས། བུ་མོ་དེ་བཙུན་མོར་བླངས། སྲས་ལྕམ་སྲིང་བཞི་ལྔ་ཡང་འཁྲུངས། རྒྱལ་སྲིད་དེ་སྔར་ལས་དར་རྒྱས་ཆེ་བ་ཞིག་བྱུང་འདུག །ཅེས་རོས་སྨྲས་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས་བུ་མོ་དེ་ཕལ་པའི་ལུགས་ཀྱི་བསོད་ནམས་རང་ཆེ་བ་ལ་ཨང་ཞེས་ཁ་ནས་ཤོར་བ་དང་། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེར་སོང་ངོ་། །རྒྱལ་བུའི་བསམ་པ་ལ་བླ་མའི་ཞལ་ནས། རོ་ཁོས་ཅི་ཟེར་ཡང་ཁྱོད་རང་གཏམ་ལན་ཚིག་གཅིག་ཀྱང་མ་འཇལ་གསུང་གི་འདུག་པ་ཡིན་ཏེ། སེམས་ཡེངས་པས་ཁ་ནས་གཏམ་ཞིག་ཤོར་བས་ཁོ་ནི་ཤོར་སོང་། རོ་མེད་པར་ལོག་ཡོང་བ་ལ་བེད་མེད་གསུང་གི་འདུག །སླར་ཡང་རོ་ལེན་དུ་འགྲོ་དགོས་བསམས་དུར་ཁྲོད་དེར་ཕྱིན་ཏོ།། །།

 

ལེའུ་བཞི་པ།
རྒྱལ་བུ་ཁྱི་སྤྲུལ་གྱིས་ཆུང་མ་བཙལ་བ།

དེར་ཤིང་སྡོང་གི་རྩར་ཕྱིན། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་ཟེར་ནས་རལ་གྲི་ཙག་ཙག་པ་བརྒྱབ་པས། རོ་གོག་དེ་བབས་བྱུང་སྟེ། ཏོག་མ་དེས་བརྡུངས། དྲ་བ་དེའི་ནང་དུ་བརྫངས། ཞགས་པ་དེས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་བ་དང་། གོམ་པ་བཅུ་ཙམ་སླེབས་པའི་ཚེ། རོ་ན་རེ། རྒྱལ་བུ་རྒྱལ་བུ་ཟེར་གྱི་འདུག་སྟེ། རྒྱལ་བུས་རྒྱུས་ཡོད་བསམས་ནས་གཏམ་ཁ་མ་བླངས་པར་མགོ་ཕར་རིལ་ཚུར་རིལ་བྱས་པ་དང་། རྒྱལ་བུ་ལས་ཟད་པ་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར། ལུང་པ་ཆེན་པོ་ཞིག་ན་རྒྱལ་པོ་ཞིག་ཡོད་ཅིང་། སྐྱེ་ས་རིགས་རྒྱུད་མཉམ་པའི་ཇོ་མོ་སྟེར་མཁན་ཡོད་ཀྱང་། རྒྱལ་པོ་དེས་མི་དཔྱད་མཁྱེན་པས། ཡུལ་གཞན་ཞིག་ན་རྒན་རྒོན་གཉིས་ལ་བུ་མོ་བསོད་ནམས་ཅན་གསུམ་ཡོད་པས་བླངས་ན་སྟེར་ཏེ། བསོད་ནམས་ཆེ་བ་མཉམ་པ་ལ་སུ་སྤྱང་གྲུང་འཛོམས་པ་བརྟག་དགོས་བསམས་ནས། རྒྱལ་བུས་ཁྱི་རྒན་ཞིག་ཏུ་རྫུས་ནས་སྤྱང་གྲུང་བརྟག་ཏུ་བྱོན་ནོ།།
ཁོང་ཚོའི་དེར་སླེབས་རྗེས་ཁལ་གཅིག་ཁུར་ནས་རྒན་རྒོན་དེའི་སྒོ་རྩར་ཕྱིན་པ་དང་། རྒན་མོ་ཆུ་ལེན་པ་དང་ཐུག །ཁྱི་རྒན་གྱིས་མ་རྒན་མོ། ངའི་ནས་ཁལ་གཅིག་པུ་འདི་ཉར་རོགས་གྱིས་དང་བྱས་པས། རྒན་མོ་ན་རེ། ནས་ཉར་རོགས་བྱེད་དང་ཟེར་ན་ཉར་ཆོག་ཟེར། ཁྱི་རྒན་དེས་ང་རང་གི་ནས་འདི་ལེན་དུ་འོང་ཡང་ངོ་བོ་དགོས་ཟེར་བས་རྒན་མོས་ནམ་ལེན་དུ་འོང་ཟེར་བར། ནམ་ཡོང་ངེས་པ་མེད་ཟེར་ནས་ཁྱི་རྒན་ལོག་ཕྱིན། དེ་ནས་ལོ་ཁ་ཤས་སོང་ཡང་ཁྱི་དེ་ནས་ལེན་དུ་མ་ཡོང་། རྒན་མོ་ན་རེ། རྒད་པོ། ཁ་སང་ནས་བཅོལ་བའི་ཁྱི་དེ་ནི་ཁྱི་རྒན་གཉང་རལ་ཉིལ་ལེ་བ་གཅིག་འདུག །ཁྱིའི་ཚེ་ནི་ལོ་དགུ་ལས་མེད། ད་ཙམ་རང་ཤི་བ་ཨེ་ཡིན་ཟེར། ཁ་སང་ངོ་བོ་དགོས་ཟེར་བྱུང་སྟེ། ངོ་བོ་རང་མི་དགོས་ཡོང་། སྣོད་དོག་པ་ལས་ཆང་ཚོད་བྱས་པར། རྒད་པོ་ན་རེ། ཁ་སང་ངོ་བོ་དགོས་ཟེར་བས་བཞག་པ་ཨེ་དྲག་ཟེར། རྒན་མོས་ནས་བཟང་པོ་འདུག་པས་སྐྱིན་པ་ལྡབ་འགྱུར་འཇལ་བས་གོ་ཆོད་ཡོང་ཟེར།
དེ་ནས་ཞག་ཁ་ཤས་སོང་བ་དང་། ཁྱི་དེ་ཆུ་མིག་ཁར་ཡོང་བ་དང་བུ་མོ་ཆེ་ཤོས་ཆུ་ལེན་པ་དང་ཐུག་སྟེ། ཁྱིས་བུ་མོ་ལ་སྨྲས་པ། འ་འུ་འ་འུ་བུ་མོ་ཁྱོད་ཀྱི་ཨ་མ་ལ་ངས་ཁ་སང་བཅོལ་བའི་ནས་དེ་དགོས་གྱིས་དང་བྱས་པས། བུ་མོས་ཨ་མ་ལ་ཁྱི་རྒན་དེ་ནས་དགོས་ཟེར་སླེབས་འདུག་བྱས་པ་དང་། འོས་ན་ནང་དུ་བོས་མི་ཡོང་བ་ཟེར། ཨ་མས་ཁོ་ནང་དུ་བོས། ཨ་ཕོ་ཁ་སང་ནས་བསྒུགས་པས་སླེབས་མ་བྱུང་། ནས་དེ་སྣོད་ཆས་དགོས་པ་བྱུང་ནས་ངེད་རང་གི་ནས་དང་འདྲེས་སོང་བྱས་པས། ཁྱི་རྒན་གྱིས་འདྲེས་ཚར་ཀྱང་ངའི་ནས་བསྒྲུགས་པས་ཆོག་ཟེར། དེ་ནས་ཁྱི་ན་རེ། ནས་དེ་འདྲ་ལྡབ་བྱུང་ཡང་ངའི་ངོ་མ་མ་བྱུང་ན་མི་ལེན་ཟེར་བར། རྒན་མོས་ཁ་སང་ནས་དེ་ལས་མགྱོགས་ཙམ་མི་ཡོང་བ་བྱས་པར། ཁྱི་ཁོས། ང་ནི་ནམ་ཡོང་མེད་པས་ཞོག་བྱས་པ་ཡིན། ད་ཁྱོད་རང་གིས་ནས་ངོ་བོ་སྤྲོད་རྒྱུ་མེད་པས་ན་ང་ལ་བུ་མོ་གཅིག་སྟེར་དགོས་བྱས་པར། ངོ་ཚབ་མ་ལོན་ན་བུ་མོ་སྟེར་ཆོག་ཟེར་ནས་བུ་མོ་ཆེ་བ་དེ་ཁོ་ལ་བྱིན། བུ་མོ་དེ་ཁོས་ཁྲིད་ནས་བགྲོད་པའི་ལམ་བར་ཆུ་ཆེན་པོ་ཞིག་འདུག་པ་ལ། བུ་མོ་རང་ངས་ཁུར་ཆོག་བྱས་ནས་བུ་མོ་དེ་ཁྱིའི་སྒལ་པར་ཁུར་ནས་ཆུ་ལ་བསྒྲལ། ཁྱི་དེས་བུ་མོ་དེ་གྲུང་པོ་ཡོང་བ་མི་འདུག་བསམས། དེ་ནས་གྲོགས་པོ་ཞིག་གི་ནང་དུ་ཕྱིན་པ་དང་། དེར་ཁྱིས་བུ་མོ་ལ་སྨྲས་པ། ཤ་མར་བུ་མོ་རང་ཡང་ཟོ། ང་ལ་ཡང་གནང་། བུ་མོ་རང་གདན་ཐིངས་སྐྱིད་པོ་གྱིས་བྱས་པ་དང་། བུ་མོའི་བསམ་པར་ཁྱི་རྒན་འདི་དང་འགྲོགས་ན་དགའ་རབ་འདུག་བསམས་ནས་མོ་རང་རྒྱག་ཚད་ཟོས། ཁྱི་ལ་ཁྱི་ལྟོ་བསྐྱལ། མོ་རང་གདན་གསུམ་རྩེགས་བཏིང་། ཁྱི་ལ་གདན་མཐིལ་མེད་གཅིག་བཏིང་བ་དང་། ཁོའི་བསམ་པ་ལ་བུ་མོ་འདི་ལྐུགས་མ་ལགས་པས་ཐེག་ཚད་ཅིག་ཡོང་བ་འདུག་བསམ་པ་སེམས་ལ་ཤར། བསོད་ནམས་ཆེན་པོ་ཡོང་བ་འདུག་སྟེ་དེ་ལས་གྲུང་བ་ཞིག་བྱུང་ན་དགའ་བསམས་ཏེ། ཁྱིས་བུ་མོ་རང་ཨ་མ་འཕྲད་དུ་འགྲོ་བའི་གྲབས་གྱིས་ཟེར་ནས་ཤ་ཁོག་གཅིག་ཁུར་ཏེ་ཁོང་གཉིས་ཨ་མ་འཕྲད་དུ་ཕྱིན་ཏོ།།
ནང་དུ་སླེབས་པ་དང་ཨ་མས་བུ་མོ་སླེབས་སམ་སྐྱིད་པོ་བྱུང་ངམ་ཟེར། བུ་མོས་སྐྱིད་པོ་བྱུང་ཟེར། ཨ་ཕོ་ཁྱི་རྒན་གར་སོང་ཟེར། ཁོ་མདོ་ན་ཡོད་ཟེར། ཨ་མས་ཁྱོད་རང་ཏི་ཐུག་པ་ལས་མི་འདུག །ནང་དུ་བོས་མི་ཡོང་བ་ཟེར་ནས་ཨ་མ་ཕྱིར་དོན་ཏེ། ཨ་ཕོ་ཁྱི་རྒན་བྱོན་པ་ལེགས་བྱས་པས། འ་འུ་ཨ་མ་རྒན་མོ་ཁམས་བཟང་ངམ་ཟེར། དེར་ཁྱི་རྒན་ནང་དུ་བོས་ཏེ་ཁྱི་རྒན་གྱིས་རྒན་རྒོན་གཉིས་ལ་སྨྲས་པ། ང་ལ་ཁྱོད་ཀྱི་བུ་མོ་བར་མ་དེ་སྟེར་རོགས་བྱས་པར། ད་ཨ་ཕོ་ཁྱི་རྒན་ལ་སྟེར་རོགས་ཟེར་ན་སྟེར་དགོས་ཟེར་བྱིན་ནོ། །ཁོང་གཉིས་མཉམ་དུ་ཕྱིན་ཏེ། ཆུ་དེའི་རྩར་སླེབས་པ་དང་། འ་འུ་བུ་མོ་རང་ངས་ཁུར་བྱས་པས། ཨ་ཕས་ང་ཁུར་བས་ཡོང་དོགས་མེད། ཨ་ཕོས་ངའི་གོས་དང་ཟོན་པ་གཉིས་ཁུར་རོགས་གྱིས་ཟེར་མགོ་སྦྲེལ་ནས་བསྐུར་རོ། །དེར་ཁོའི་བློ་ལ་ཨ་ཅག་ལས་གྲུང་བ་ཞིག་ཡོང་བ་འདུག་བསམས། གྲོགས་ནང་དུ་ཡར་ཁྲིད་པ་དང་། དེར་སླེབས་རྗེས་བུ་མོ་ཁྱོད་རང་ཤ་མར་ཟོ་གདན་ཐིངས། ང་ལ་ཡང་གནང་བྱས་པས། བུ་མོས་ཤ་རུས་ཕྱེ་མར་དང་རུས་པ་རྣམས་ཁྱི་ལ་བྱོན། མོ་རང་ཞིམ་པ་དང་ཚོ་བ་རྣམས་ཟོས་པས། ཁོའི་བསམ་པར་བུ་མོ་འདི་ཨ་ལྕེ་ལས་དྲག་པ་ཞིག་ཡོང་བ་འདུག་སྟེ། ད་དུང་འདམ་ཁ་བྱེད་རྒྱུ་ཡོད་པས་བུ་མོ་ཆུང་བ་དེ་སྤྱང་གྲུང་འཛོམས་ལོས་བལྟ་དགོས་བསམས། ཡང་བུ་མོ་དེ་ལ་ཁྱི་རྒན་གྱིས་སྨྲས་པ། བུ་མོ་རང་ཤ་ཁོག་གཅིག་ཁུར་ནས་ཨ་མ་འཕྲད་དུ་ཕྱིན་པ་དྲག་བྱས་ནས་ཁྱི་རྒན་དང་མཉམ་དུ་ཕྱིན་ནོ།།
སྒོ་རྩར་སླེབས་འཕྲལ་བུ་མོ་ནང་དུ་ཕྱིན་པ་དང་རྒན་རྒོན་གཉིས་ན་རེ། བུ་མོ་སླེབས་སམ་སྐྱིད་པོ་བྱུང་ངམ། ཨ་ཕོ་ཁྱི་རྒན་གར་སོང་ཟེར། བུ་མོས་ང་སྐྱིད་པོ་བྱུང་། ཁྱི་རྒན་མདོ་ན་ཡོད་ཟེར། ཨ་མས་ངེད་རང་གི་བུ་མོ་འདི་གཉིས་ལྐུགས་མར་འདུག་ནང་དུ་བོས་མ་ཡོང་ཟེར། ཨ་མས་འབོད་དུ་ཕྱིན་ནས་ཨ་ཕོ་ཁྱི་རྒན་བྱོན་ནམ་བྱས་པས། འ་འུ་མ་རྒན་མོ་ཁམས་བཟང་ངམ་ཟེར། དེར་ཁོང་ནང་དུ་བོས། ཁྱི་རྒན་ན་རེ། ཁྱོད་ཀྱི་བུ་མོ་ཆུང་ཤོས་དེ་ང་ལ་སྟེར་རོགས་ཟེར་བར། རྒན་རྒོན་གཉིས་ན་རེ། སྐྱིད་པོ་ཡོང་བ་འདུག་པས་སྟེར་དགོས་ཟེར། བུ་མོ་ཆུང་ཤོས་ཡང་བྱིན་ནས་ཁོ་གཉིས་བསྡེབས་ནས་ཕྱིན་ཏོ། །ཆུ་ཆེན་པོ་དེའི་རྩར་སླེབས་པ་དང་། བུ་མོ་རང་ངས་ཁུར་བྱས་པས། མོ་ན་རེ། ང་ཁྱོད་ཀྱིས་ཁུར་བས་ཡོང་དོགས་མེད། ཁྱེད་ཁྱི་ཡིན་ཡང་ང་ཨ་མས་ཁྱེད་ལ་བྱིན་ཟིན། ཁྱེད་ཁྱོ་བོ་བཟའ་དཔོན་ཡིན་པས་ན་ངས་ཁྱེད་ཁུར་དགོས་རང་མི་ཐེག་པ་འདུག་ལགས་ཟེར། དེར་ཁྱི་ཁོ་སེམས་གཏིང་ནས་མགུ་སྟེ། འོ་ན་ཁྱེད་ཀྱི་རྐང་པའི་ལྷམ་ངས་ཁུར་ཆོག་བྱས་པས། ལྷམ་ཁྱེད་ལ་བཀལ་བས་ཡོང་དོགས་མེད་ཟེར་ནས་འཁུར་དུ་མ་བཅུག་གོ །དེར་ཆུ་དེ་བརྒལ་ནས་གྲོགས་ནང་སླེབས་པ་དང་ཐབ་གདན་ཆས་དང་བཅས་པ་འདུག་པ་ལ། ཁྱི་ཁོ་ན་རེ། བུ་མོ་རང་ཡང་ཤ་མར་ཟོ། ང་ལ་ཡང་བྱིན་བྱས་པས། མོས་ཤ་རྣམས་བཙོས། མར་རྣམས་ཞུ་མར་བཅོས། རང་ཉིད་ཀྱི་ཟས་པ་ལྟར་ཁྱི་ལ་ཡང་སྟེར་བས། ཁོ་དགའ་ནས་བུ་མོ་ལ་སྨྲས་པ། ཨ་ལྕེ་གཉིས་པོ་ནི་ང་ལ་སྟེར་གྱི་མེད། བུ་མོས་སྟེར་བ་དགའ་རབ་ཡིན་བྱས་པས། བུ་མོས་སྨྲས་པ། སྟེར་རྒྱུ་བྱུང་བ་ནི་ཁྱེད་རའི་དཔལ་འབྱོར་ཡིན་བྱས་པ་དང་། རྒྱལ་བུ་ཁྱི་སྤྲུལ་གྱི་བསམ་པ་ལ། བུ་མོ་དེ་བསོད་ནམས་ཨ་ལྕེ་གཉིས་དང་མཉམ་ལ། འདི་སྤྱང་གྲུང་འཛོམས་པ་ཡོང་བ་འདུག །ད་གཏན་གྱི་མདུན་མ་དེ་ལེགས་འདུག་བསམས་ནས་ཞེ་མགུའོ།།
དེའི་ནུབ་མོར་གདན་མཐུག་པ་རྣམས་ཁྲི་ལ་བཏིང་། སྲབ་པ་རྣམས་མོ་རང་གི་བཏིང་ནས་ཉལ་ལོ། །སང་སྔ་མོ་ནས་ལངས་ཏེ་ཁྱི་ལུད་རྣམས་དང་ཨ་ལྕེ་གཉིས་ཀྱིས་བཏང་བའི་མི་གཙང་བ་རྣམས་ཕྱག་བདར་བྱས་ཏེ་ཁམས་བདེ་སིང་ངེ་བ་ཞིག་བཟོས། དེར་རྒྱུན་རིང་བསྡད། དེ་རིང་བུ་མོ་དེ་ལ་ཁྱི་གུ་གསུམ་སྐྱེས་སོ། །དེར་རྒྱལ་པོ་ཁྱི་སྤྲུལ་གྱིས་མོ་ལ་སྨྲས་པ། གྲོགས་པོའི་སར་ནི་གཏན་དུ་སྡོད་པའི་གནས་མ་ཡིན། ད་སྡོད་ས་སྤོས་པ་དྲག་ཟེར། བུ་མོས་སྨྲས་པ། ཁྱི་གུ་འདི་རྣམས་རང་མགོ་མ་ཐོན་བར་གཞན་དུ་ཕྱིན་ཀྱང་སྐྱིད་པོ་ཨེ་ཡོང་མི་ཤེས་པས། འདི་གར་བསྡད་ན་དགའ་ཟེར། ཁྱི་རྒན་ཁོ་ན་རེ། འདིར་སྡོད་ཡུན་རིང་ན་སྐྱིད་པོ་མེད་པས་ད་ལྟ་ནས་ཕྱིན་ན་དྲག་ཟེར། བུ་མོས་ཐབ་གདན་འདི་ཚོ་གང་འདྲ་བྱས་ན་དྲག་ཟེར་བར། ཐབ་གདན་གྲོགས་པོས་ཉ་ར་བྱས་ཡོང་ཟེར་ནས་འགྲིམ་ཟེར། ཁོང་གཉིས་དེ་ནས་ཐོན་ཏེ་གང་ཙམ་ཕྱིན་ཙ་ན། ལུང་པ་ཞིག་གི་ཕུ་ན་འབྲོག་པ་མང་པོ་ཡོད་པ་མཐོང་། ཁྱི་ན་རེ། ངས་རུ་བ་ཡ་ནས་སློང་མོ་འདྲ་བྱས་ཟེར་འགྲོ་གྲབས་བྱས་པས། བུ་མོས་ང་ཚོའི་བསྡེབས་ནས་ཕྱིན་པ་དྲག །རུ་བའི་ཁྱི་མང་པོས་རུབ་བརྒྱབ་ནས་ཁྱེད་བསད་ན་ཁྱི་གུ་འདི་དག་ནི་ཆུང་། ཡུལ་དུ་ལོག་པ་ནི་ངོ་ཚ། ངེད་མ་བུ་ག་འདྲ་བྱེད་བྱས་པས། ཨའུ་ཙེ་སྣང་དག་ཅི་ཡང་མི་ཡོང་། ཁྱོད་རང་ཁྱི་ཕྲུག་རྣམས་ཁྱེར་ནས་ག་ལེར་ཤོག་ཟེར་སོང་ངོ་།།
མོས་རྗེས་ལ་ཕྱིན་ཙ་ན། སྒང་གཤོང་ཞིག་ནས་མིག་གི་མ་མཐོང་། བུ་མོས་གྱེན་ལ་འཛེགས་ནས་འགྲོ་སྐབས། རྐང་རྗེས་ཁྲ་ལམ་མེར་མཐོང་རྒྱུ་ཡོད་ཅིང་། སྒང་ཞིག་ནས་མར་བབས་ཡོང་ཙ་ན་གཤོང་ཞིག་ན་ཁྱི་ལྤགས་དེ་ཐ་རེ་ཐོ་རེར་བཏང་། ཁྲག་དམར་ཛར་རེ་འདུག་པ་མཐོང་། བུ་མོའི་བསམ་པ་ལ་འདི་འདྲ་བའི་ལས་ཤིག་ཡོང་བསམས་པ་མ་བྱུང་། གྲོགས་ནང་དེར་སྡོད་མི་དྲན་པ་སུའི་འདྲེས་ཁྲིད། ད་ཡུལ་དུ་ལོག་འགྲོ་བ་ལ་ནི་མི་ལ་ཁྱི་གུ་སྐྱེས་པས་ངོ་ཚ། སྤྲང་དུ་འགྲོ་བ་ལ་ནི་མི་ལ་ངོ་ཚ་བསམས་ནས། ཁྱི་ལྤགས་དེ་རྣམས་བྲང་འོག་ཏུ་བཙུད་དེ་ངུ་ཡིན་བསྡད་པས། དར་ཅིག་ནས་རྟ་པ་ཚོ་ཞིག་དཔོན་མོ་ལགས་ཟེར་མང་བྱུང་སྟེ་ཡུལ་འདི་ན་ང་མིན་པ་བུད་མེད་མི་འདུག་བསམས་མགོ་སྒུར་ནས་ངུ་མཚམས་བཞག་སྟེ་བལྟས་པས། རྟ་པ་དེ་རྣམས་སྔས་མགོར་ཡོང་ནས་དཔོན་མོ་ལགས་བཞེངས་པ་ཞུ་ཟེར། མོས་རྟ་པ་ཚོ་ལ་སྨྲས་པ། དྲུང་པ་རྣམས་ཀྱིས་སུ་དང་ནོར། བདག་ལ་ཁྱོ་བོ་ཁྱི་རྒན་ཞིག་ཡོད་པ་དེ་རུ་བའི་ཁྱིས་རུབ་བརྒྱབ་ནས་འདི་ན་བསད་འདུག་ཞུས་པས། མ་ནོར་ལགས་བཞེངས་པར་ཞུ་ཟེར་ལག་པ་ནས་འཐེན་ནོ། །མོའི་བསམ་པ་ལ་འདི་སུ་དང་ནོར། ངའི་ཁྱོ་བོ་ཁྱི་རྒན་ནི་བསད་འདུག་བསམས་པ་དང་། དེར་མོ་ཡར་ལངས་པས་མོ་ལ་རྒྱན་ཆ་ལུགས་རྣམས་ལེགས་པར་སྤྲས། ད་སྲས་ལྕམ་སྲིང་ག་ན་ཡོད་ལགས་ཟེར། ང་ལ་ནི་ཁྱི་གུ་གསུམ་ལས་མེད་སུ་དང་ནོར་བྱས་པས། འདི་རང་དགོས་ལགས་ཟེར་རྟ་པ་དེའི་པང་དུ་ཁྱེར། དེར་ཡོད་ཚད་རྟ་ལ་བཞོན་ནས་རྒྱལ་པོའི་ཕོ་བྲང་དུ་བྱོན་པ་དང་། རྒྱལ་པོ་དེ་གསེར་ཁྲི་ལ་བཞུགས། བློན་པོ་རྣམས་ཀྱིས་མཐའ་ནས་བསྐོར། རྒྱན་དང་ཆ་ལུགས་ལེགས་པར་སྤྲས། བུ་མོ་དེ་ལ་གཡུ་ཁྲི་ཞིག་བརྒྱབ་ནས་དེའི་སྟེང་དུ་སྡོད་བྱས་པ་དང་། ངའི་སེམས་ལ་ང་ནི་ཁྱོ་བོ་ཁྱི་རྒན་ཞིག་ལས་མེད། འདི་ནི་རྒྱལ་པོ་མཚར་སྡུག་ཆེ་ལ་འོད་ཆགས་པ་ཞིག་འདུག་བསམས་ཏེ་ལབ་ངོ་མ་ཤེས་པར་ཀྲོང་ངེར་བསྡད་པས། རྒྱལ་པོས་བུ་ཚ་མིང་སྲིང་ག་ན་ཡོད་གསུངས་པ་དང་། ཁུར་མཁན་དེ་ཚོས་ཁྱི་གུ་རྣམས་རྒྱལ་པོའི་ཕྱག་ཏུ་ཕུལ་བ་དང་། ཁྱི་གུ་གསུམ་གྱི་སྤྱི་གཙུག་ནས་ཐང་ཙམ་བྱས་པ་དང་ཁྱི་གུའི་པགས་པ་ཟུ་ལུ་ལུ་བུད་ནས་སྲས་པོ་མཚར་སྡུག་ཅན་གཉིས་དང་། སྲས་མོ་གཅིག་དང་གསུམ་བྱུང་ངོ་། །རྒྱལ་པོས་འདི་རྣམས་ང་འདྲའོ་གསུངས། ངས་སྤྲུལ་པ་བྱས་པ་ཡིན་བུ་མོ་གཡུ་ཁྲི་ལ་སྡོད་གསུངས་པ་དང་། བུ་མོ་རབ་ཏུ་དགའ་ཞིང་ཧ་ལས་ནས་ཕྱག་བྱས་གཡུ་ཁྲི་ལ་བསྡད། ཡུལ་དེའི་དཔོན་མོ་བྱས། ཕ་མ་རྒན་རྒོན་ཡང་དེར་བོས། རྒྱལ་འབངས་རྣམས་སྔར་ལས་བདེ་ཞིང་སྐྱིད་པ་བྱུང་ཞིང་། བུ་མོ་དེ་བསོད་ནམས་ཆེ་བར་ཐག་ཆོད་པ་ཞིག་བྱུང་བ་ཡིན་པར་གདའ་བྱས་པས། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཞལ་ནས། བུ་མོ་དེ་ཨ་ལྕེ་གཉིས་ལས་ཀྱང་སྤྱང་གྲུང་འཛོམས་ལ་བསོད་ནམས་ཆེ་བ་ཞིག་བྱུང་འདུག་བྱས། རོ་ལ་གཏམ་ལན་ཤོར། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། །རྒྱལ་བུའི་བསམ་པ་ལ་བླ་མས་རོ་ལ་གཏམ་ལན་མ་བྱེད་གསུངས་བྱུང་སྟེ་ངས་རོ་ལ་གཏམ་ཤོར། ད་རོ་མེད་པར་ཕྱིན་ན་བཀའ་བཀྱོན་ཡོང་བསམས་ནས་དུར་ཁྲོད་དེ་རུ་ཕྱིན་ཏོ།། །།

 

ལེའུ་ལྔ་པ།
ཚོང་དཔོན་སྦྲང་མ་ཟིར་ཆུར་ཡུལ་མེད་འཁྱམས་ནས་ཡོང་བས་བསོད་ནམས་སྟོབས་ཀྱིས་རྒྱལ་ས་ཟིན་པ།

ཡང་རྒྱལ་བུས་ཤིང་སྡོང་གི་རྩར་ཕྱིན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་གུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་ལོག་འབབ་བམ་ཤིང་སྡོང་གཅོད་བྱས་པས་རོ་དེ་བབས་བྱུང་སྟེ་ཏོག་མས་བརྡུངས། དྲ་བའི་ནང་དུ་བརྫངས། ཞགས་པས་བསྡམས་ནས་ཁུར་ཏེ་གོམ་པ་བདུན་ཙམ་སླེབས་པ་དང་། རྒྱལ་བུ་རྒྱལ་བུ་ལམ་ཐག་རིང་། ཡང་ན་ཁྱེད་ཀྱིས་སྒྲུང་ཞིག་ཤོད། ཡང་ན་ངས་ཀྱི་སྒྲུང་ཞིག་བཤད་ཀྱིས་ཟེར་བར། ཁ་རོག་ཏུ་ཡོང་བས། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར། ལུང་པ་གཅིག་ན་རྒྱལ་བུ་ཞིག་ཡོད་པར་འདུག །ཡུལ་གཞན་ཞིག་ནས་ཚོང་པ་ཚོང་ལ་ཡོང་བ་ཞིག་དེར་ཡུལ་ཆགས་ནས་བསྡད་ཡོད་འདུག །ཁོས་ནང་ཞིག་ཏུ་འཛུལ་ཕྱིན་པ་དང་། ཡུལ་དེའི་རྒྱལ་པོ་དེ་ལོ་གསར་མཛད་པའི་ཁུར་བ་མང་རབ་ཅིག་བཟོ་བཞིན་གདའ། ཚོང་པ་དེས་སྒོའི་སྲུབ་ནས་ཁུར་བ་སྒར་བ་དང་ཐུག་སྟེ་ཁོས་ཁུར་བ་བྱུང་རིམ་གྱི་གྲངས་ཀ་བརྒྱབ་པས། ཁུ་ར་སྒར་ཚར་ནས་སྒོ་ཕྱེ་བ་དང་། ང་ལ་ཁུ་ར་ཞིག་སྦྱིན་རོགས་ཟེར་བར། ཁུ་ར་འདིའི་གྲངས་ཆོད་ན་ཁུ་ར་སྦྱིན་པས་ཆོག་ཟེར། དེ་ཁོས་ཡོང་བྱས་ཏེ། ཁུ་རའི་གྲངས་ཇི་བཞིན་དུ་བགྲངས་པས་ཁོ་བདེན་པར་འདུག་ཅེས་རྒྱལ་པོ་ལ་ཞུས་པས་ཁོ་མངོན་ཤེས་མཁན་དེ་གྲགས་སོ།།
དེ་རྗེས་རྒྱལ་པོའི་ལྷ་རྟ་བོར་ནས་ཚོང་དཔོན་བོས་ཤིག་གསུངས་ཏེ། ཚོང་དཔོན་དེར་ཡོང་བ་དང་རྒྱལ་པོས་ངའི་ལྷ་རྟ་བོར་འདུག་པས་ཁྱོད་ཀྱི་མངོན་ཤེས་ཀྱིས་གར་སོང་ཤེས་པ་གྱིས་ཤིག་གསུངས། ཚོང་པ་དེ་ཁོ་རང་གི་ནང་དུ་ལོག་རྗེས་བློ་མ་བདེ་བར་ཁང་ཐོག་ཏུ་བསྡད་པ་དང་། ལྷ་རྟ་རྐུ་མཁན་གྱི་མི་འདུག་པ་དེ་ཚོས་ཚོང་དཔོན་ལ་མངོན་ཤེས་ཡོད་ཟེར་གྱི་འདུག་པས་འདིས་གང་ལབ་ཀྱི་ཡོད་དམ་བསམས་ལྐོག་ཉན་བྱས་པ་དང་། ཚོང་དཔོན་གྱིས་བལྟས་པས་ཁོང་གསུམ་པོས་མ་མཐོང་བར་མི་གཉིས་ན་རེ། མངོན་ཤེས་ཡོད་ན་ནི་ང་ཚོ་གསུམ་གྱི་བླ་ཚོང་གི་རེད་ཟེར། གཅིག་གིས་ནི་འདི་འདྲ་ཡོད་པ་ཨེ་བདེན་མི་ཤེས་ཟེར། ཚོང་དཔོན་གྱི་ཁོང་གསུམ་པོས་མ་མཐོང་བ་བྱས་ཏེ། སྒོ་ལྤགས་ཀྱི་གདན་ཞིག་ཡོད་པ་དེ་ནས་ཁོང་གསུམ་གྱི་མགོ་ལ་ཐུལ་ཐུལ་བསྐྱུར་བས། ཁོང་གསུམ་ན་རེ། ད་ལྐོག་ཉན་མི་ཐོས་པའི་ཁར་རང་གི་གནས་ཚུལ་ཚོར་བའི་དཔེ་ཡོད་ཟེར་སོང་ངོ་། །ཚོང་དཔོན་འགའ་ནས་སང་ལུང་པའི་མི་རྣམས་ཚོགས་པ་ཞུ་ཟེར་རྒྱལ་པོ་ལ་ཞུས་སོ། །དེ་ལྟར་སྟོང་དཔོན་གྱིས་བརྒྱ་དཔོན་བསྐུལ། བརྒྱ་དཔོན་གྱིས་བཅུ་དཔོན་བསྐུལ་ནས་མངའ་འོག་གི་མི་འཛོམས་པ་དང་། ཚོང་དཔོན་གྱིས་མྱུལ་བས་ཁོང་གསུམ་གྱི་མགོ་ལ་སྤུ་ཡོད་པས་ན། འདི་གསུམ་པོ་ཡིན་པར་འདུག་ཞུས་པས་ཁོང་གསུམ་པོས་ལྷ་རྟ་མ་བསད་པར་ཁྲིད་བྱུང་ངོ་། །མི་དེ་རྣམས་ཀྱི་སྲོག་ལ་མ་བབས་པའི་ཞུ་བ་ཚོང་དཔོན་གྱིས་བྱས་སོ། །རྒྱལ་པོའི་ཐུགས་དགོངས་ལ་མི་འདི་ངེད་རང་གི་མངའ་འོག་ནས་ནི་མིན། ཕྱོགས་གཞན་ལ་སོང་ན་ཕངས་པ་འདུག་བསམས་ནས། རྒྱལ་པོ་རང་གི་སྲས་མོ་གཅིག་གནང་ངོ་།།
དུས་ནམ་ཞིག་སོང་བ་དང་རྒྱལ་པོའི་མངའ་འོག་ན་ཚོང་དཔོན་གཅིག་ཡོད་པ་དེའི་བོང་བུ་གསུམ་རྐུ་ལ་ཤོར་བ་རྒྱལ་པོར་ཞུས། རྒྱལ་པོས་ཚོང་དཔོན་ལ་བོང་བུ་རྐུ་ལ་ཤོར་བས་མངོན་ཤེས་ཀྱིས་འཚོལ་ཐབས་གྱིས་གསུངས་པ་དང་། ཚོང་དཔོན་གྱི་བསམ་པ་ལ་གཅིག་ནས་གཉིས་སུ་བགྲངས་པས་ཁུ་རའི་མངོན་ཤེས་བྱུང་། བློ་མ་བདེ་བས་གཉིད་མ་བྱུང་བར་ཁང་ཐོག་བསྡད་པས་ལྷ་རྟའི་མངོན་ཤེས་བྱུང་། ད་རེས་ཅི་ཡང་མི་ཤེས་པས་མ་བྲོས་ན་བསད་ཀྱིས་དོགས་ནས། རྒྱགས་ཕྱེ་ཞིག་ཁྱེར་ནས་མདོར་ཐོན། ཁ་ཤར་ལ་བལྟས་ནས་བྲོས་པས། མི་ཞིག་ཧྲེང་ཧྲེང་འགྲོ་གི་ཡོད་པ་མཐོང་སྟེ། མ་གི་དང་བསྡེབས་ནས་འགྲོ་བསམས་ཏེ་བརྒྱུགས་ཕྱིན་པ་དང་། མི་དེ་མར་ལོག་ནས་འགྲོ་གི་ཡོད་པས་ཚོང་དཔོན་ལ་ཕྱག་བཙལ་བ་དང་། བོང་བུ་རྐུ་མཁན་གྱི་ཟླ་བོ་ལེན་དུ་ཡོང་བ་དང་ཐུག་སྟེ་མི་དེ་ན་རེ། བོང་བུ་འབུལ། སྲོག་ལ་མི་འབབ་པ་ཞིག་ཞུ་ཟེར། བོང་བུ་རྣམས་ག་ན་ཡོད་བྱས་པས། ལ་ཕར་རྒྱབ་ན་ཡོད་ཟེར། ཁོ་རང་ཚོ་བོང་བུ་སློག་ཏུ་བཏང་། སྲོག་ལ་མི་འབབ་པ་ཞུ་ཟེར།
ཡང་ནམ་ཞིག་སོང་བ་དང་རྒྱལ་པོའི་བླ་གཡུ་བོར་ནས་ཚོང་དཔོན་བོས་ཤོག་གསུངས་ཏེ་ཚོང་དཔོན་བོས། རྒྱལ་པོའི་བློན་པོ་འ་ཞ་ཟེར་བ་ཞིག་གིས་བླ་གཡུ་རྐུས་པ་ཡིན་ཞིང་། དེར་རྒྱལ་པོ་ན་རེ། ཚོང་དཔོན། རང་རེའི་བླ་གཡུ་བོར་འདུག་པས་རྩད་ཆོད་ཅིག་གསུངས་པ་དང་། ཚོང་དཔོན་གྱི་བསམ་པ་ལ། གཅིག་ནས་གཉིས་སུ་བགྲངས་པས་ཁུར་བའི་མངོན་ཤེས་བྱུང་། གནས་ཚང་ཁང་ཐོག་བསྡད་པས་ལྷ་རྟའི་མངོན་ཤེས་བྱུང་། དོན་མེད་བྲོས་ནས་ཕྱིན་པས་བོང་བུའི་མངོན་ཤེས་བྱུང་། ད་རེས་ནང་རྒྱུས་ཤིག་ལེན་ཨེ་ཐུབ་བསམས་ནས་གནས་ཁང་དུ་ལོག་ཕྱིན་ནོ། །བློན་པོ་འ་ཞ་ཟེར་བ་དེའི་བསམ་པ་ལ། འདིས་ཐིགས་པའི་ལུང་གི་ཁུངས་ལུང་གང་འདྲ་ཡོད་དམ་བསམས་ནས་ནམ་ཕྱེད་ཙམ་ལ་ལངས་ཏེ་ཚོང་དཔོན་གྱི་ཁང་རྒྱབ་ཏུ་ཕྱིན། ཚོང་དཔོན་གྱི་བསམ་པ་ལ་སྔར་ནས་ནི་ལམ་འགྲོ་རེ་ཆེ་བྱུང་། ཕ་རྒན་གྱི་མིང་ལ་འ་ཞ་ཟེར་གྱི་ཡོད་པས། རྩིག་སྲུབ་ལ་ཁ་བརྫངས་ནས་འ་ཞ་ཟེར་ངུས་པས། བློན་པོ་འ་ཞས་ཐོས་ནས་དྲུང་པ་ལགས་ང་འདིར་ཡོད་ཟེར། ཚོང་དཔོན་དགའ་སྟེ་སྨྲས་པ། བློན་པོ་འ་ཞ་ཡར་ཤོག་བྱས་པ་དང་། འ་ཞ་ཡར་ཡོང་སྟེ་ཚོང་དཔོན་ལ་སྨྲས་པ། བདག་ཉིད་ཁ་དཀར་ངོ་དཀར་ལ་ལམ་ནོར་ཞིག་བྱུང་། བླ་གཡུ་ཕྱག་ཏུ་ཕུལ། བདག་གི་སྲོག་ལ་སྐྱོན་མེད་པ་ཞིག་ཞུ་ཟེར་བ་དང་། དེར་ཚོང་དཔོན་གྱིས་གཡུ་ཁྱེར་ཤོག་ཞུ་བ་འབུལ་ཆོག་བྱས་པར། བློན་པོས་ཚོང་དཔོན་ལ་བླ་གཡུ་ཕུལ་ལོ། །དེར་བླ་གཡུ་ཁྱེར་ནས་རྒྱལ་པོའི་དྲུང་དུ་ཕྱིན། བླ་གཡུ་ཕྱག་ཏུ་ཕུལ་ནས་ཚོང་དཔོན་གྱིས་ཞུས་པ། བདག་གི་མངོན་ཤེས་ལ་བློན་པོ་རྣམས་ཡིད་མ་ཆེས་པར་བློན་པོ་འ་ཞས་བླ་གཡུ་སྦས་པ་ཡིན་པར་འདུག་ཞུས་ནས་བླ་གཡུ་ཕྱག་ཏུ་ཕུལ་ལོ། །དེ་ནས་རྒྱལ་པོས་བླ་གཡུ་བྱུང་བ་དེ་ལེགས་སོ་གསུངས།
དེ་ནས་ནམ་ཞིག་སོང་བ་དང་། ཁང་པ་ཞིག་ཏུ་རྒྱལ་པོའི་སྲས་མོ་ལྷ་ལྕམ་དེ་ལ་ཚོང་དཔོན་གྱིས་སྨྲས་པ། ལྷ་ལྕམ་ཆང་ཞིམ་པོ་རྐྱན་བུ་གང་ཁྱེར་ཤོག་ཟེར་ནས་ཉི་མཐོངས་ཤིག་ཏུ་ཉལ་བསྡད་དོ། །དེར་ལྷ་ལྕམ་གྱིས་ཆང་དེ་ཚོང་དཔོན་ལ་དྲངས་ནས་ཕྱེད་ཙམ་བཏུང་ཚར་བ་དང་། གཅིག་ནས་གཉིས་སུ་བགྲངས་པས་ཁུ་རའི་མངོན་ཤེས་བྱུང་། མགོ་ལ་སྒོ་སྤུ་སྟོར་བས་ལྟ་རྟའི་མངོན་ཤེས་བྱུང་། དོན་མེད་བྲོས་ནས་ཕྱིན་པས་བོང་བུའི་མངོན་ཤེས་བྱུང་། ནམ་གུང་འ་ཞ་བོས་པས་བླ་གཡུའི་མངོན་ཤེས་བྱུང་། ཚོང་དཔོན་ཡུལ་མེད་རྐང་འཁྱམས་ང་། རང་ཡུལ་དང་ཕ་མ་ཡང་དྲན། ལྷ་ལྕམ་ཁྱོད་ཀྱི་ཁྱོ་བོ་མི་ཡོང་བ་འདྲ་བྱས་པ་དང་། ལྷ་ལྕམ་འཚིག་པ་ཟོས་ཏེར་རྒྱལ་པོའི་སྐུ་མདུན་དུ་བརྒྱུགས་ནས། ངའི་ཁྱོ་བོ་འདི་དྲང་གཙང་ཞིག་མི་འདུག་ཅེས་རྒྱལ་པོ་ལ་ཞུས་སོ། །རྒྱལ་པོས་གསུངས་པ། ཁྱོད་ཀྱི་ཁྱོ་བོ་ཚོང་དཔོན་འདི་མངོན་ཤེས་ཐོགས་པ་མེད་ལ། རིག་པ་དང་ལྡན་པ་ཞིག་ཡིན་པར་འདུག །སྐྱེ་ས་རིགས་རྒྱུད་སུ་ལའང་རྒྱུས་མེད། བུ་མོ་ཁྱོད་ཀྱི་ཁྱོ་བོ་འདིས་ཡོང་བ་ཡོད། ཁ་རོག་ལོག་རྒྱུགས་གསུངས་པས། བུ་མོས་ཞུས་པ། གཅིག་ནས་གཉིས་སུ་བགྲངས་པའི་ཁུ་རའི་མངོན་ཤེས་ངས་ཀྱང་ཡོང་། ཁོ་རའི་ཕ་རྒན་འ་ཞ་བོས་པས་བློན་པོ་འ་ཞས་བླ་གཡུ་སྤྲད་ན་མངོན་ཤེས་ངས་ཀྱང་ཡོང་། ང་ནི་ཁོའི་ཆུང་མ་མི་བྱེད་ཞུས་པས། རྒྱལ་པོའི་སྐུ་མདུན་ན་བློན་པོ་རིག་པ་ཅན་ཞིག་ཡོད་པ་དེ་ན་རེ། སྔར་ནི་བདེན་པ་ཡང་བྱུང་ལགས། ལྷ་ལྕམ་དེས་སྐད་གསུངས་ན། སང་ལུང་པའི་མི་རྣམས་ལ་འཛོམས་བརྡ་གཏོང་བར་འགྲོ་ཟེར་ཏེ། བློན་པོ་དེ་འཛའ་ར་ཞིག་ཁུར་ནས་ལ་རྒྱབ་དེར་སོང་ངོ་། །ལ་ཕར་རྒྱབ་ནས་ཕྱོགས་བཞིར་བལྟས་པ་དང་། མི་ནི་གཅིག་ཀྱང་མེད་ཅིང་། རི་དྭགས་བྱ་བྱི་ལ་སོགས་ཀྱང་བྲོས་ཕྱིན། མེ་ཏོག་ཐུང་བུ་ཞིག་གི་དཀྱིལ་དུ་སྦྲང་མ་གཅིག་ཟིར་ཟེར་བཞིན་འདུག་པ་དེ་བཟུང་ནས་དར་མཚོན་སྣ་ལྔས་བསྒྲིལ། ལག་པར་ཁྱེར་ནས་ཡོང་ངོ་། །ལུང་པའི་མི་རྣམས་ལ་སྐད་བརྒྱབ་པས་མི་རྣམས་སྟོན་མོ་ཡོད་དམ་སྙམ་ནས་ཚོགས་ཆེན་པོ་བྱུང་ངོ་། །དེར་རྒྱལ་པོ་གསེར་ཁྲི་ལ་གདན་དྲངས་ཏེ་ཚོང་དཔོན་ཤོག་གསུངས་སོ། །ཚོང་དཔོན་སླེབས་པ་དང་བློན་པོས་སྨྲས་པ། མངོན་ཤེས་ཐོགས་པ་མེད་པའི་ཚོང་དཔོན་ལགས། བདག་གི་ལག་ན་ཅི་ཡོད་གདའ་ཟེར་བས། ཚོང་དཔོན་གྱིས་སྨྲས་པ། ངས་གཅིག་ནས་གཉིས་སུ་བགྲངས་པས་ཁུ་རའི་མངོན་ཤེས་བྱུང་། གནས་ཁང་གི་ཁང་ཐོག་བསྡད་པས་ལྷ་རྟའི་མངོན་ཤེས་བྱུང་། དོན་མེད་བྲོས་ནས་ཕྱིན་པས་བོང་བུའི་མངོན་ཤེས་བྱུང་། ནམ་གུང་འ་ཞ་བོས་པས་བླ་གཡུའི་མངོན་ཤེས་བྱུང་། དེ་རིང་སྦྲང་མ་ཟིར་ཆུང་བློན་པོའི་ལག་ཏུ་འཆི་བ་འདྲ་བྱས་པས། བློན་པོ་རིག་པ་ཅན་དེས་ཧ་ཧ་ཟེར། ལྷ་ལྕམ་གྱིས་གཙོས་པའི་ལུང་པའི་མི་རྣམས་ངའི་རྩར་ཤོག །ལ་ཕར་རྒྱབ་ན་མི་དང་བྱ་རི་དྭགས་གང་གི་ཡང་མ་མཐོང་བ། ནེའུ་གསིང་ཞིག་ལ་སྦྲང་མ་འདི་འཁོར་བས་ངས་བཟུང་བ་ཡིན་ཏེ། ད་ཚོང་དཔོན་གྱིས་གསུངས་པ་བཞིན་ཨེ་འཆི་བལྟ་ཟེར། དར་མཚོན་རིམ་གྱིས་དཀྲོལ་བ་དང་སྦྲང་མ་གནམ་ལ་ཕུར་མི་ཤེས་པས་ཚོང་དཔོན་ལ་ཡིད་ཆེས། རྒྱལ་བློན་རྣམས་ཀྱང་ཐུགས་ཡིད་ཆེས། ལྷ་ལྕམ་དང་ཚོང་དཔོན་གཉིས་ལ་རྒྱལ་པོའི་རྒྱལ་གཞིས་སྤྲད་ཅིང་རྒྱལ་པོས་ཆོས་མཛད། རྒྱལ་འབངས་རྣམས་དར་ཞིང་རྒྱས་པ་བྱུང་བ་ཡིན་པར་གདའ་བྱས་པ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོའི་ཁ་ནས་མི་ཁོ་བསོད་ནམས་ཆེ། བཤད་ཚད་ལམ་དུ་ཕྱིན་འདུག་བྱས་པས། རོ་ན་རེ། རོ་ལ་གཏམ་བྱུང་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། །རྒྱལ་བུ་ལོག་འགྲོ་བ་ལ་ནི་རོ་ཁུར་རྒྱུ་མེད་བསམས་ནས་ཡང་དུར་ཁྲོད་དེར་ཕྱིན་ཏོ།། །།

 

ལེའུ་དྲུག་པ།
ཐབས་ལ་མཁས་པའི་ཡོན་ཏན་གྱིས་གྲི་བཟང་པོ་གཞལ་ཚད་རི་བ་ཐོབ་པར་བརྟེན་ནས་རྒྱལ་བུ་ཞར་བས་རྒྱལ་སྲིད་བཟུང་བ།

ཡང་རྒྱལ་བུས་ཤིང་སྡོང་གི་རྩར་ཕྱིན། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་སྟེ། ཏོག་མ་དེས་བརྡུངས། དྲ་བ་དེའི་ནང་དུ་བརྫངས། ཞགས་པ་དེས་བསྡམས་ནས་ཁུར་ཕྱིན་པ་དང་། རྒྱལ་བུ་རྒྱལ་བུ། ལམ་ཐིག་རིང་བས་ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་ཤོད། ཡང་ན་ངས་སྒྲུང་ཞིག་བཤད་ཀྱིས་བྱས་པ་དང་། རྒྱལ་བུས་རྒྱུས་ཡོད་བསམས་ནས་ལན་མ་བཏབ་པས། རོས་སྨྲས་པ། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར། ལུང་པ་གཅིག་ན་རྒྱལ་པོ་ཞིག་ཡོད་པར་འདུག །རྒྱལ་པོ་དེ་ལ་སྲས་གཉིས་འཁྲུངས། ཆེ་བ་དེ་ཞར་བ་ཞིག་ཡིན་ཞིང་། སྲས་ཆུང་བ་དེ་སྤྱང་པོ་རང་ཞིག་བྱུང་བ་ཡིན་པར་འདུག །ཆུང་བ་དེས་རྒྱལ་ས་བཟུང་། ཆེ་བ་དེར་ཟུར་དུ་གཞིས་ཀ་ཞིག་སྤྲད། ཆེ་བ་དེ་སེམས་བཟང་པོ་ཞིག་ཡོད་པས། ནུབ་གཅིག་རྒྱལ་བུ་ཞར་བ་ལ་གྲི་བཟང་པོ་ཞིག་ལག་ཏུ་ཐོབ་པའི་རྨིས་ལྟས་བྱུང་ཞིང་། ནང་གཅིག་ཏུ་སོང་བ་དང་ཡུལ་དེ་ན་ཕྱུག་པོ་ཞིག་ཡོད་པ་དེས་ཆང་བུམ་པ་གང་དང་། གྲི་གཅིག་ཁུར་ནས་དེར་བྱུང་། རྒྱལ་པོ་ལ་ཕྱག་འཚལ་ཆང་ཞུས་ནས་གསོལ་བ། བདག་གི་ཕ་མེས་ཀྱིས་བཞག་པའི་ནོར་གྱི་ནང་ནས་གྲི་འདི་ལས་དྲག་པ་མི་འདུག་ལགས། རྒྱལ་པོ་རང་གི་ས་གཞིས་མི་ཐེག་པ་འདུག་པས་གྲི་འདི་དང་ས་གཞིས་བརྗེས་ན་ང་ལ་ཕན་ཐོགས་པ་ཞིག་ཡོང་བ་འདུག་པ་བདག་ལ་ལུང་བསྟན་བྱུང་བ་ཡིན་ཟེར། རྒྱལ་པོས་ཁྱོད་ལ་ལུང་བསྟན་ཇི་ལྟར་བྱུང་གསུངས་པར། བདག་གཉིད་ལ་སོང་བའི་རབ་རིབ་ཅིག་ལ་ཁྱོད་ཀྱི་གྲི་འདི་ལུང་པའི་ཕུའི་རྒྱལ་པོ་ཆེན་པོ་ལ་ཚོངས་ཤིག་ཟེར་བ་བྱུང་ཞུས་པས། རྒྱལ་པོ་རང་གི་རྨི་ལྟས་དང་མཐུན་པར་འདུག་གོ་བསམས་ནས། རྒྱལ་པོས་གྲི་ཉོས་ཤིང་ཞིང་རྣམས་ལོ་དུས་བྱས་ནས་གྲི་ལ་གཞལ་ལོ། །ཕྱུག་པོ་དེ་དགའ་ནས་ལུང་པའི་མདའ་ལ་ཕྱིན། རྒྱལ་པོ་ཡང་རལ་གྲི་དེ་བྱུང་བས་མནལ་ཁུགས། ཐུགས་ཤིན་ཏུ་བདེ་བ་བྱུང་ངོ་།།
ཡང་ནུབ་ཅིག་ལ། ལ་འདི་འཕགས་པའི་ས་ན་རྒྱལ་བུས་དོན་ཆེན་པོ་འགྲུབ་ཅེས་པའི་རྨི་ལྟས་བྱུང་བས་རྒྱལ་པོས་གྲི་སྐེད་པར་གཟེར། ལ་ཁ་དེར་འཕགས་ནས་གཟིགས་པས། མི་མང་པོ་དམར་ཕུང་ཕུང་དུ་ཡོད་པ་མཐོང་། སྟོན་མོ་ཆེན་པོ་ཞིག་ཡོད་དམ་བསམས་ནས་རྒྱལ་བུས་ལ་ལས་བབས་ཏེ་བྱོན་པ་དང་། མི་ཚོགས་ཀྱི་ཁྲོད་ན་ཤོ་རྒྱག་མཁན་མང་པོ་ཡོད་པ་དེར་བལྟས། དེ་ཚོའི་ཁྲོད་ནས་མི་གསུམ་ཤོ་ཤོར་སོང་སྟེ། ལུང་པའི་མི་བྱིངས་རྣམས་ནས་ཁོང་ཚོར་ཟས་སྣ་ཚོགས་པ་སྟེར་བ་དང་། ཉེ་འབྲེལ་རྣམས་ཚོགས་ནས་ངུ་དི་རི་རི་བྱེད་འདུག་པ་ལ། རྒྱལ་པོས་དེ་ཚོའི་རྩར་ཕྱིན་ནས་མི་གསུམ་པོས་ཉེས་པ་ཅི་བྱས་སམ་གསུངས་པར། མི་རྣམས་ན་རེ། མི་འདི་རྣམས་ཀྱིས་ཉེས་པ་གང་ཡང་བསགས་མེད་དོ། །ངེད་ཀྱི་ལུང་པ་འདིའི་རྒྱལ་པོ་ལ་སྲས་མོ་ཞིག་འཁྲུངས། རྒྱལ་པོ་ཡབ་ཡུམ་གཉིས་གྲོངས་ནས་སྲས་མོའི་ཐུགས་ལ་གདོན་ཞུགས། བློན་པོ་ནང་འཁོར་རྣམས་ཟས་ཚར། ད་ལུང་པའི་མིའི་ནང་ནས་ཞག་རེ་ལ་མི་གསུམ་རེ་སྤྲོད་དགོས་ཀྱི་ཡོད་པ་ཡིན་ཟེར། རྒྱལ་པོའི་ཐུགས་དགོངས་ལ། འདི་ཚོ་ལ་ནི་སེམས་ཁྲལ་དཔག་ཏུ་མེད་པ་འདུག །ང་ལ་ནི་སེམས་ཁྲལ་བྱེད་མཁན་མེད་དགོངས་ཏེ། ངས་ཁྱེད་ཚོའི་ཚབ་ལ་འགྲོ་གསུངས། དེར་མི་རྣམས་དགའ་ནས་མི་གསུམ་པོ་དང་བཅས་ཉེ་འཁོར་རྣམས་ཀྱིས་ཕྱག་བཙལ་ལོ། །ཟས་ཞིམ་ལ་མངར་བ་རྣམས་རྒྱལ་བུ་ལ་དྲངས་སོ།།
རྒྱལ་བུས་ཕོ་བྲང་དེར་ཡར་བྱོན་པ་དང་། ཕོ་བྲང་དེའི་ཐེམ་སྐས་ནང་དུ་སླེབས་སྐབས་མི་སྐད་དང་ཁྱི་སྐད་གང་ཡང་མེད་ཅིང་། ཉིས་སྐས་ཆེན་པོ་གཅིག་འདུག་པ་དེ་ལ་འཛེགས་ཕྱིན་པས། ཚོམས་ཆེན་དེའི་ནང་ན་རོ་མགོ་མེད་པ་གཡས་ན་བརྒྱ་བརྒྱད་ཙམ། རྐང་པ་མེད་པ་གཡོན་ན་བརྒྱ་བརྒྱད་ཙམ་འདུག་པ་ན། རྒྱལ་པོའི་ཐུགས་དགོངས་ལ་འདི་ཙམ་བསད་ནས་ཟ་མཁན་དེ་ག་ན་ཡོད་བསམས་ནས་ཁང་རྩེ་ལ་ཡར་འཛེགས་ཕྱིན་པས། སྒོ་ཁྲིག་གེར་བརྒྱབ་འདུག་པ་དེ་ཕྱེ་ནས་འཛུལ་སྐབས་ཁང་མིག་ཀ་བ་བརྒྱད་པ་ཞིག་གི་ནང་གཡུ་ཁྲི་ལེགས་པ་ཞིག་གི་སྟེང་ན་བུ་མོ་ལྟ་ན་སྡུག་ཅིང་འོད་ཆགས་པ། ལོ་དྲུག་གསུམ་བཅོ་བརྒྱད་དུ་སླེབས་པ། གཉན་གྱི་ཐུལ་བ་གྱོན་པ་ཞིག་འདུག་པ་མཐོང་། གཞན་ཕྱོགས་ལ་བལྟས་པས་སྒོ་ལྕགས་མ་བརྒྱབ་པའི་སྒོ་གཅིག་ཀྱང་མི་འདུག་སྟེ་དེ་རྣམས་ཟ་བའི་འདྲེ་དེ་ག་ན་ཡོད་བསམས་ནས་སྟེང་དུ་ཕྱིན་པས་སུ་ཡང་མེད་ཅིང་། དེར་གཡུ་ཁྲི་ཁའི་དཔོན་མོ་ལགས། དཔོན་མོ་ལགས་ཟེར་མགོ་ནས་བཏེགས་ཀྱང་ཨ་ལན་མི་སྟེར། སྣ་ནས་དབུགས་འབྱིན་མིན་བལྟས་པས་དབུགས་ཡོད་ལ་མེད་ཅིག་འདུག་གོ །དེར་འདྲེ་ནི་ཐུག་རྒྱུ་མི་འདུག །ཁས་ནི་བླངས་ཚར་བསམས། ཐབ་ཁ་དེ་ན་ཕར་ཕྱིན་པས་ཤ་མར་གཏུབ་འཕྲོ་རྣམས་ལ་རྡུལ་ཆགས་འདུག་པས་ཤ་མར་རྣམས་བཏོན། འཛའ་ར་མགོ་བོ་ཙམ་ཞིག་བརྫིས། མར་ཁུ་མང་རབ་ཅིག་སྦྱར་ནས་མོའི་ཁྲི་མགོ་རུ་ཟ་བཞིན་བསྡད་དོ།།
དེར་ཉི་མ་ཕྱེད་ཡོལ་སོང་བ་དང་ཁྲི་ཁ་ནས་བུ་མོ་དེས་ཨ་ལོག་ཅིག་བསྒྱུར་བྱུང་སྟེ། ཁོས་མིག་ཧུ་རེར་བལྟས་པས་གྲི་ཁོ་ཡང་འཕགས་ཙམ་ཞིག་བྱས། ཁོའི་བསམ་པ་ལ་བུ་མོ་འདི་ལས་སླ་བ་འདུག་སྟེ། ཟ་བའི་འདྲེ་དེ་ག་ན་ཡོད་བསམས་ནས་བསམ་བློ་གཏོང་གིན་བསྡད། ཉི་མ་ལ་ལ་བཞུད་པ་དང་ཡང་མོས་ཨ་སློག་ཅིག་བསྒྱུར་བྱུང་། དེར་ཁོའི་གྲི་ཡང་འཕགས་ཙམ་ཞིག་བྱས། དེ་ནས་མོ་ག་ལེར་ལངས་བྱུང་བ་དང་། གདུང་མའི་སྲུབ་ནས་ཏིང་ཏིང་ཟེར་བའི་སྐད་གཉིས་བྱུང་འཕྲལ་མོའི་སྣ་ནས་སྦྲུལ་གཉིས་རྙང་ཟམ་བྱས་བྱུང་ངོ་། །སྦྲུལ་མཐོང་བ་དང་རྒྱལ་བུ་སྐྲག་སྟེ་ལངས་པས་འདྲེ་ན་རེ་རྒྱལ་བུ་སྡོད་ཟེར། གྲི་ཁ་འཕགས་འཕགས་བྱས་བྱུང་བ་དང་སྦྲུལ་གཉིས་ཕྱིར་དོན། རྒྱལ་བུ་རྒྱལ་ལོ་ཞེས་གྲི་དེ་ཤུབས་ནས་དོན་ཏེ་སྦྲུལ་གཉིས་ཀྱི་སྐེ་བཅད། དེར་བདུད་ཕོ་བདུད་མོ་རྣམས་ཐུལ་བ་དང་། བུ་མོ་རྒྱལ་བུའི་རྩར་ཡོང་ནས་དྲུང་པ་དྲུང་པ་ཟེར། རྒྱལ་བུའི་མགོ་ནས་བཏེགས། རྒྱལ་བུ་ལངས་པ་དང་གྲི་ཡང་ཤུབས་ན་སླེབས་འདུག་གོ།
བུ་མོས་རྒྱལ་བུར་སྨྲས་པ། སྦྲུལ་གྱི་སྐེ་ཁྱེད་རང་གི་གྲིས་བཅད་ནས་ཆད་དུམ་རྣམས་གྲིའི་ཡུ་བའི་མཚམས་ན་མར་སོང་ཟེར། རྒྱལ་བུས་གྲི་ལག་ཏུ་བླངས་ནས་ཕྱེད་ཙམ་བཏོན་ནས་སྦྲུལ་ཨེ་འདུག་བལྟས་པས། གྲི་དེས་རྒྱལ་བུར་སྨྲས་པ། ཕོ་བདུད་མོ་བདུད་རྣམས་ད་གིན་ནས་བཏུལ་ཟིན། སྦྲུལ་གྱི་དུམ་བུ་ཡང་ད་གི་ནས་ཟོས་ཟིན་ཟེར། བུ་མོས་རྒྱལ་བུར་སྨྲས་པ། ཁྱེད་ལ་ཡུལ་ཡོད་དམ་མེད། ངའི་ལུང་པའི་མི་ནི་མིན་པར་འདུག་བྱས་པ་དང་། རྒྱལ་བུ་མིག་ཧུ་རེར་བསྡད་ནས་ལན་མ་བཏབ་པའི་མཚམས་སུ་གྲིས་སྨྲས་པ། ཡུལ་ཡོད་པས་སྐྱེ་ས་བྱུང་བ་ཡིན། ཁྱེད་རང་གཉིས་མཐུན་པར་གྱིས་ཤིག་བྱས་པས། བུ་མོས་སྨྲས་པ། གྲི་བཟང་པོ་འདི་ཕ་མེས་ཀྱི་དངོས་པོ་ཡིན་ནམ། གང་ནས་བྱུང་ཞུས་པར། གྲི་བཟང་ངན་སུ་ལའང་ལབ་མི་དགོས། འགྲོ་ན་ལུས་ལ་འདོགས་པ་ཡིན། ཉལ་ན་སྔས་འགོར་འཇོག་པ་ཡིན། སྡོད་གནས་སྲུང་བའི་སྲུང་མ་ཡིན། དཀའ་བ་བརྟེན་པའི་བརྟན་མ་ཡིན།
དེའི་སང་ཉིན་ལུང་པའི་མི་རྣམས་ཚོགས་ནས་ཤོ་རྒྱག་པའི་འགོ་ཚུགས་པ་དང་། རྒྱལ་བུ་བྱོན་ནས་ཤོ་མ་རྒྱག་པར་ནང་དུ་ཤོག་གསུངས། མི་རྣམས་ཀྱི་སེམས་ལ་མི་དེ་ནི་ངོ་མི་ཤེས། ཁ་སང་གོ་ཆོད་བྱུང་སྟེ། དེས་བློ་བྲིད་བྱས་ཨེ་ཡོང་བསམས་ཐེ་ཚོམ་ཡོད་པ་ལ། གཅིག་ན་རེ། མི་བློ་ཡངས་ཆེ་བ་ཞིག་ཁོའི་རྩར་ཕྱིན་པ་དྲག་ཟེར་ནས་བློ་ཡངས་ཆེ་བ་ཞིག་ལ་ཡོང་གིས་ཞུ་བ་གསོལ་ནས་ཁྱོད་སྔོན་ལ་འགྲོ་རོགས་གྱིས་ཟེར། ཁོས་ག་ལེར་སྔོན་ལ་ཕྱིན། ནང་དུ་འཛུལ་བ་དང་དེར་ཁོ་རང་ཚོའི་ཡུལ་གྱི་རྒྱལ་མོ་དེ་ཁ་སང་གི་མི་དེ་མིན་པ་སུ་ཡང་མེད་པས། ཁོ་བྲེད་དེ་དངངས་ནས་མཆི་མ་སྣ་གོང་དུ་ལྷགས་ཏེ་རྒྱལ་མོ་ལ་ཕྱག་བཙལ་བས་རྒྱལ་མོ་ན་རེ། ང་ལ་མ་འཚལ་རྒྱལ་པོ་རིན་པོ་ཆེ་ལ་ཕུལ་ཅིག་བྱས་པས་རྒྱལ་པོར་ཕྱག་བཙལ་ལོ། །ཁོ་ཕྱིར་དོན་ཏེ་མི་རྣམས་ལ་གོང་གི་ལོ་རྒྱུས་རྣམས་ཞིབ་པར་སྨྲས་པ་དང་། མངའ་འོག་གི་མི་རྣམས་དགའ་སྟེ་ཚུར་བརྒྱུགས་ཡོང་བས། སྙོམ་ཆུང་རྣམས་རྡོག་ལམ་དུ་སོང་། དེར་རྒྱལ་བུ་དང་རྒྱལ་མོའི་རྩར་སླེབས་པ་དང་བྱིངས་རྣམས་ཀྱིས་ཕྱག་འཚལ་ལོ། །ལུང་པའི་མི་དྲག་རྣམས་ཀྱིས་སྔར་གྱི་བློན་པོ་རྣམས་ཀྱི་ཚབ་བྱས། རྒྱལ་པོ་དང་རྒྱལ་མི་གཉིས་ཀྱི་ཡབ་ཡུམ་བྱས། རྒྱལ་བུ་དེས་རྒྱལ་སྲིད་བསྐྱངས། རྒྱལ་འབངས་ཀུན་སྔར་ལས་དར་ཞིང་རྒྱས་པ་བྱུང་བ་ཡིན་པར་གདའ། རྒྱལ་པོས་ལ་རྒྱབ་ཀྱི་ཕྱུག་པོ་ལ་ལོ་དུས་བྱས་པའི་ཞིང་རྣམས་གཙང་མར་བྱིན། རྒྱལ་སྲིད་གཉིས་ཀ་ཕྱོགས་གཅིག་ཏུ་བསྒྲིལ་ནས་ཁྱད་མེད་པར་བསྐྱངས་སོ་ཞེས་ཟེར་བས། རྒྱལ་པོས་སྨྲས་པ། རྒྱལ་བུ་ཞར་བ་ཅི་ཡང་མི་ཤེས་པ་དེ་ལ་བསོད་ནམས་སྟོབས་ཀྱིས་དེ་འདྲ་བྱུང་འདུག་ཟེར་བ་ཁ་ནས་ཤོར་བ་དང་། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕགས་མི་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། །བླ་མའི་ཞལ་ནས་རོ་ཁོས་ཅི་ཟེར་ཡང་ཁྱོད་རང་གཏམ་ལན་ཚིག་གཅིག་ཀྱང་མ་འཇལ་གསུང་གི་འདུག་པ་ཡིན་ཏེ། ང་སེམས་ཡེངས་པས་ལན། རོ་མེད་པར་ལོག་ཕྱིན་ཀྱང་བླ་མའི་བཀའ་བཀྱོན་ཡོང་བསམས་དུར་ཁྲོད་དེར་ཕྱིན་ཏོ།། །།

ལེའུ་བདུན་པ།
བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པས་རྫུན་སྤངས་པ་སྐད་ཅིག་ཀྱང་མ་བཏང་བ་མཐར་བསྐྱལ་ནས་རྒྱལ་ས་ཟིན་པ།

ཡང་རྒྱལ་བུས་ཤིང་སྡོང་གི་རྩར་ཕྱིན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས་རོ་དེ་བབས་བྱུང་སྟེ་ཏོག་མས་བརྡུངས། དྲ་བའི་ནང་དུ་བརྫངས། ཞགས་པས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་བས། གོམ་པ་བདུན་ཙམ་སོང་བ་ན། རྒྱལ་བུ་རྒྱལ་བུ། ལམ་ཐག་རིང་། ཡང་ན་ནི་རྒྱལ་བུས་སྒྲུང་ཞིག་ཤོད། ཡང་ན་ངས་སྒྲུང་ཞིག་བཤད་ཀྱིས་བྱས་པར། ཁྱོད་རྒྱུས་ཡོད་བསམས་ཁ་རོག་ཡོང་བས། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར། ལུང་པ་གཅིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་འདུག །ལུང་པའི་ཕར་རྒྱབ་དེ་ན་ཡང་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་འདུག །ལུང་པ་ཚུར་ངོས་ཀྱི་རྒྱལ་པོ་དེ་ལ་ནང་ནོར་ཡིད་བཞིན་གྱི་ནོར་བུ་མང་པོ་ཡོད་པ་ཡིན། ཕྱི་ནོར་རྟ་དང་གླང་པོ་མང་པོ་ཡོད་པར་གདའ། རྟའི་ཁྲོད་ན་རྟ་ཕོ་མེ་ལོང་གི་རྟ་ཁྲ་བྱ་བ་ཁྱད་འཕགས་ཤིག་ཡོད་འདུག །དེ་ལ་རྟ་རྫི་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་ཞིག་ཡོད།
ནམ་ཞིག་ན་རྒྱལ་པོ་གཉིས་ཕན་ཚུན་སྟོན་མོ་ལ་གདན་འདྲེན་རེས་བྱས། ཚུར་ངོས་ཀྱི་རྒྱལ་པོ་དེས་ལ་ཕར་རྒྱབ་ཀྱི་རྒྱལ་པོ་གདན་དྲངས་པའི་དུས་ནོར་ལོངས་སྤྱོད་ཀྱི་གླེང་མོ་བྱེད་སྐབས། ཕར་རྒྱབ་ཀྱི་རྒྱལ་པོ་དེ་ལ་ནོར་ཁྱད་ཅན་ཅི་འདྲ་ཡོད་དྲིས་པར། ནོར་ཡ་མཚན་བསེ་རུ་མགོ་དཀར་ལ་ནང་སངས་རྒྱས་སྟོང་རྩ་བཞུགས་པ། ཕྱི་ནང་གསལ་བ་ཞིག་ཡོད་ལགས་ཞུས། ཚུར་ངོས་རྒྱལ་པོ་ལ་ནོར་ཡ་མཚན་ཅན་ཅི་ཡོད་ལགས་ཞུས་པས། རྒྱལ་པོ་ན་རེ། རྟ་མཆོག་མང་པོ་ཡོད་ཀྱང་ཁྱད་དུ་འཕགས་པ་ཞིག་ལ་རྟ་རྫི་བ་རིག་པའི་ཁྱེའུ་ཆུང་རྫུན་མ་མི་ཤེས་ཟེར་བ་ཞིག་ཡོད། དེ་ནི་རྫུན་གཏན་ནས་སྤངས་ཤིང་རྫུན་བསླབས་ཀྱང་མི་ཤེས་པ་ཞིག་ཡོད་ལགས་ཞུས་པས། རྒྱལ་པོ་ན་རེ། རྫུན་གཏན་ནས་སྤངས་ན་ཡ་མཚན་ཆེ་སྟེ། རྒྱལ་བཞག་ན་རྒྱལ་འཆོར་ལས་ཆེ་ཞུས་པར། རྒྱལ་བཞག་པས་ཆོག་ལགས་ཟེར་ནས། རྒྱལ་ལ་སྲིད་ཀྱི་ཕྱེད་རེ་འཇོག་རྒྱུ་བྱས། བུ་རིག་པའི་ཁྱེའུ་ཆུང་གིས་རྫུན་བཤད་ན་ཚུར་ངོས་ཀྱི་རྒྱལ་གཞིས་ཕྱེད་ཕར་སྤྲོད་རྒྱུ་དང་། རྫུན་མ་བཤད་ན་ཚུར་རྒྱལ་གཞིས་ཕྱེད་སྤྲོད་རྒྱུར་ཐག་བཅད། བུ་རིག་པའི་ཁྱེའུ་ཆུང་ལ་རྒྱལ་པོས་བྱ་མི་སྐྱེལ་བའི་མནའ་བཀག །དེ་ནས་ལུང་པ་ཕར་ངོས་ཀྱི་རྒྱལ་པོ་ཆེན་པོ་དེས་སྲས་མོ་ཞིག་ཡོད་པ་དེར་ཟས་ཞིམ་ལ་མངར་བ་བསྐུར་ནས་བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་དེ་བསླུ་བར་བཏང་། བུ་མོ་དེ་ལུང་པའི་ཕུ་ནས་བུ་རིག་པའི་ཁྱེའུ་ཆུང་རྩད་གཅོད་ཅིང་ཡོང་བས་རྩད་ཆོད། དེས་བུ་རིག་པའི་ཁྱེའུ་ཆུང་། ང་དོ་དགོང་ས་ཕྱིས་ནས་གཞན་དུ་ལམ་མ་བགྲོད་པས་རྟ་དཔོན་པས་ཞག་ས་ཐུགས་ལ་མངག་པར་ཞུ་བྱས་པས། བུ་རིག་པའི་ཁྱེའུ་ཆུང་གི་བསམ་པར་གཡོག་ཚོ་ཡང་གཞན་ན་ཡོད་པས་གཡོག་བྱེད་མཁན་ཡང་མེད་བསམས་ནས་ཁོ་ཅུང་ཚེར་ཏེ། འདིར་ཞག་སར་སྡོད་པ་ལ་ཁྱོད་ལ་གཡོག་བྱེད་མཁན་མེད། ཁྱོད་རང་ལ་འདི་ཕར་རྒྱབ་ན་རྟ་གླང་འཚོ་མཁན་མང་པོ་ཡོད་པས་དེར་ཕྱིན་ན་དགའ་བྱས་པས། མོ་ན་རེ། དོ་ནུབ་ཕར་ཕྱིན་ན་སླེབས་པ་མི་འདུག །དོ་ནུབ་ང་ལ་ཞག་ས་ཅི་ནས་ཐུགས་ལ་འདོགས་པར་ཞུ་བྱས་པར། ང་རང་གཅིག་པུ་ལས་མེད། ད་ཤོག་ཟེར་ཞག་ས་བཏང་ངོ་། །དེའི་ནུབ་མོ་དེར་བསྡད།
དེའི་སང་ནུབ་ཀྱང་བུ་མོ་དེར་ཐོགས་ཏེ་བུ་མོ་དང་རིག་པའི་ཁྱེའུ་ཆུང་གཉིས་ལུས་འབྲེལ་བྱུང་བ་ཡིན་པར་འདུག །དེ་ནས་བུ་མོ་ཞག་འགའ་ཤས་བསྡད་རྗེས་བུ་མོ་དེས་ནམ་ཞིག་ང་ན་ང་ཚ་ཟེར་འགྲམ་པ་གཡས་སུ་བཙག་བཅུག །གཡོན་དུ་རམ་བཅུག །ལུད་པ་སྔོ་དམར་ཤིག་གེ་བར་ན་རྫུ་བཏབ་ནས་བསྡད། ཁོ་བློ་ཀྱོག་སྟེ་ཁོས་བུ་མོ་ཁྱོད་ཀྱི་ནད་ཅི་འདྲ་ཡིན་པ་འདུག །བུ་མོས་ན་བ་ལ་ཚད་ལས་འདས་པ་འདུག་བྱས་པ་དང་། སྔར་གྱི་ནད་རོ་ལངས་པ་མིན་ནམ་བྱས་པས། ནད་གཞིའི་རིགས་གང་ཡང་མེད་ཟེར། ད་ན་བ་ལ་གང་གིས་ཕན་བྱས་པས། ཕན་པ་ཡོད་དེ་ཁྱོད་ཀྱིས་མཛད་དོགས་མེད་ཟེར། ཁོ་ན་རེ། བུ་མོ་ལ་ཕན་པའི་ཐབས་འདུག་ན་ལོས་བྱས་པ་དང་། ང་ན་བ་ལ་རྟ་ཕོ་མེ་ལོང་གི་རྟ་ཁྲ་འདི་བསད་ནས་ཤ་བྱིན་ན་ཕན་པར་འདུག་བྱས་པས། བུ་རིག་པའི་ཁྱེའུ་ཆུང་གིས་སྨྲས་པ། བུ་མོ། ཐབས་གཞན་ཡོད་དམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་འདི་ངེད་རང་གི་མངའ་འོག་ན་ཡིད་བཞིན་གྱི་ནོར་བུ་རེད། ངེད་ཀྱི་རྒྱལ་པོ་ལ་འདི་ལས་ལྷག་པའི་ནོར་བུ་མེད་བྱས་པས། བུ་མོས་ཐབས་གཞན་མེད། བུ་མོ་འཆི་བ་འདུག་ཀྱང་འཆི་ཆུག་མཛོད་བྱས་པར། བུ་རིག་པའི་ཁྱེའུ་ཆུང་གི་བསམ་པ་ལ། བུ་མོ་འདི་འདྲ་ཤི་ན་རོ་བདག་ག་ནས་ཡོང་མི་ཤེས་པས་རྟ་ཕངས་ཀྱང་གསོད་དགོས་པ་ཨེ་ཡིན་བསམས་ནས། བུ་མོ་ན་བ་ཅི་འདྲ་འདུག་བྱས་པར། ན་བ་ལས་འཆི་བ་འདུག་ཟེར། ཁོའི་བསམ་པ་ལ། བུ་མོ་ཤི་ན་སྔོ་ལོ་འཕྱར་བསམས་ནས་ལག་གཡོན་དུ་ཟན་ཆང་ཞིག་ཁུར། གཡས་སུ་སྟ་རེ་ཁུར། རྟ་ཕོ་མེ་ལོང་གི་རྟ་ཁྲའི་རྩར་ཕྱིན་ནས་རྟ་ཕོ་མེ་ལོང་གི་རྟ་ཁྲ་ཤོག་བྱས་པ་དང་། རྟ་ཕོ་མེ་ལོང་གིས་ཅང་ཤེས་པས། ཁོ་ཡི་དོན་དེ་མ་འགྲུབ་ན། རྒྱལ་པོའི་རྒྱལ་གཞིས་མི་ཐོབ་པའི་ཁར་ཕྱེད་ཕར་ཤོར་བ་འདུག་བསམས་ནས་སྔར་ལས་མགོ་འཕང་དམའ་བ་ཞིག་བྱས་བྱུང་། དེར་ཟན་ཆང་དེ་བྱིན། རྟ་ཕོ་ལ་རྟ་རེ་རྒྱག་མ་ནུས་པར་སྤྲུག་སྤྲུག་ཅིག་བཏང་ནས་ལོག་བཏང་ངོ་།།
དེ་ནས་བུ་མོ་དེའི་རྩར་ཕྱིན་པ་དང་། མོ་ཁ་ས་ནས་ལྟོ་ཟོས་པ་དང་། སྐོམ་མ་ཐུང་བའི་སྟབས་ཀྱིས་ཁ་སྣ་སྐམ་ཞིང་དྲེག་པ་ཆགས། ཡ་ཁུངས་རྡིབས། མིག་ཀྱང་གཏིང་དུ་ལྷུང་འདུག་པ་དང་། ཁོ་ཞེ་ནས་མི་ཕོད་ཀྱང་རྟ་གསོད་དུ་འགྲོ་བསམས་ནས་ཡང་ཟན་ཆང་ཞིག་དང་སྟ་གྲི་ལག་ཏུ་ཁྱེར་ནས་ཕྱིན་ནོ། །རྟ་དེའི་རྩར་སླེབས་འཕྲལ་རྟ་ཕོ་དེ་ལ་ཤོག་ཤོག་བྱས་པ་དང་། རྟ་ཕོ་དེ་ཚུར་ཡོང་བ་མཐོང་ནས་ཁོ་མཆི་མ་ཤོར་རོ། །ཁོས་སྨྲས་པ། རྟ་ཕོ་ཁྱོད་ལ་རྟ་རྫི་ང་འདྲ་བ་ཞིག་ཡོང་བ། ཁྱོད་བསད་ན་ང་ཅི་འདྲ་བྱེད། ཁྱོད་ནི་རྒྱལ་པོའི་ཕྱི་ནོར་དྲག་ཤོས་ཡིན། ཁྱོད་མ་བསད་ན་བུ་མོ་འདི་འཆི་བ་འདུག་གང་འདྲ་བྱས་ན་དྲག་ཟེར་ངུས་པ་དང་། རྟ་ཕོ་དེ་ཁོའི་རྩར་ཡོང་ནས་བཅུམ་སྟེ་ཉལ་སོང་བ་དང་ཁོས་སྨོས་བོར་བ་རྟ་ཕོ་ཁྱོད་གསོད་ཕོད་མི་འདུག །ཁྱོད་སོང་ལ་རི་ཀླུང་མེད་པར་བྲོས་ནས་མི་ཟིན་པར་ཤོག །ཁྱོད་བསད་ནས་རྒྱལ་པོས་བཀའ་བཀྱོན་མ་ཕོག་ཀྱང་ངས་གསོད་མི་དགོས་པར་ཁྱོད་འཆི་བར་ཤོག་བྱས་དམོད་བོར་བས། ཁོ་བསམ་པ་རྣམ་པར་དག་པ་དང་། རྟ་ཅང་ཤེས་ཡིན་པའི་སྟབས་ཀྱིས། རྟས་སྨྲས་པ། རང་རེར་རྒོད་མ་གྲོ་མོ་འདི་ངའི་གདོང་དུ་ཕར་ཁྲིད་ཚུར་ཁྲིད་གྱིས་ཤོག་ཟེར་རོ། །ཁོས་ཕྱིན་ནས་རྒོད་མ་བཟུང་སྟེ་རྟའི་རྩར་ཕར་ཁྲིད་ཚུར་ཁྲིད་ལན་གསུམ་བྱས་པས། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་མིག་ལོག་གེར་ཤི་སོང་། ཁོས་རྒོད་མ་དེ་ཕར་བཏང་། ངུ་བཞིན་དུ་རྟ་དེའི་པགས་པ་བཤུས། ཁོའི་བསམ་པ་ལ་ད་རེས་མགྲོན་བསྟེན་པའི་ཉེས་པ་འདི་འདྲ་ཞིག་བྱུང་བར་རྒྱལ་པོས་ཅི་གསུང་ཡོང་ངམ་བསམས་བློ་ཤིན་ཏུ་མ་བདེ། པགས་པ་བཤུ་འཕྲོ་དེ་བཤུས་ནས་ཤ་ཁོ་རང་སྡོད་སར་ཁུར་ཕྱིན། ཤ་དེ་བཙོས་ནས་བུ་མོ་ལ་རྒྱག་ཚད་བྱིན་པས་བུ་མོ་དེ་དྲག །ཁོས་ལུང་པའི་ཕུའི་རྟ་འཚོ་མི་རྣམས་ཀྱིས་ཤེས་མ་ཤེས་བལྟ་བར་འགྲོ་རིང་ལ་བུ་མོ་དེས་མགོ་ལྤགས་རྣམས་ཁུར་ནས་ཁོ་རང་གི་རྒྱལ་སར་སོང་ནས་མི་འདུག་གོ །བུ་རིག་པའི་ཁྱེའུ་ཆུང་གི་བསམ་པ་ལ། སྐྱོན་ཆེ་བ་ནི་རྟ་མཆོག་དེ་བསད་ཚར་བའི་ཁར་བུ་མོ་དེ་ཡང་མི་འདུག །རྒྱལ་པོ་ལ་གང་འདྲ་ཞུ་བསམ་སྟེ་ཕྱིང་པ་ཞིག་ཁུར་ནས་རི་སྒང་ཞིག་ཏུ་ཕྱིན། དེར་སླེབས་ནས་ངས་རྫུན་ཞིག་ཨེ་འགྲིགས་བསམས་ནས་ལ་མའི་ཐོ་ཐོ་གཅིག་བརྩིགས། ཐོ་ཐོ་དེ་ལ་ཁོ་རང་གི་ཕྱིང་པ་གཡོགས། དེ་ལ་ཞྭ་མོ་སྐོན་ནས་བཞག །དེར་ཁོས་ཐོ་ཐོ་དེ་རྒྱལ་པོའི་ཚུལ་བྱས། སྔོན་ལ་ཁོས་ཐོ་ཐོ་ལ་ཕྱག་གསུམ་བྱས། ཡང་ཁོ་རང་གིས་ཞུ་བ་འབུལ་བའི་ཚུལ་བྱས། ཡང་ཁོས་ཐོ་ཐོའི་རྩར་ཕྱིན། རྒྱལ་པོས་གསུང་བྱོན་པའི་ཚུལ་བྱས་ནས་ཁོ་རང་གིས་སྨྲས་པ། འོ་བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་སླེབས་སམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་ཁམས་བཟང་ངམ་བྱས། ཡང་ཁོས་མར་ཕྱིན་ནས་ཕྱག་འཚལ་ནས། རྟ་ཕོ་མེ་ལོང་གི་རྟ་ཁྲ་རྐུ་ལ་ཤོར་ལགས་བྱས་པས། ཐོ་ཐོ་དེ་འགྱེལ་བྱུང་སྟེ། རྫུན་བཤད་ན་མི་འགྲིག་པ་འདུག །ཐབས་གཞན་ཞིག་བྱེད་བསམས་ནས་ཐོ་ཐོ་དེ་བརྩིགས། ཕྱིང་པ་དང་ཞྭ་མོ་སྐོན། མར་ཡོང་ནས་ཕྱག་འཚལ། ཡང་ཐོ་ཐོའི་རྩར་ཕྱིན་ཏེ་རྒྱལ་པོས་གསུངས་པ་ལྟར་བྱས་ནས། འོ་བུ་རིག་པའི་ཁྱེའུ་ཆུང་ཞེས་གོང་བཞིན་བྱས། ཡང་མར་ཕྱིན་ནས་ད་གིན་བཞིན་ཞུས་པའི་མཐར། རྟ་ཕོ་མེ་ལོང་གི་རྟ་ཁྲ་འདམ་ལ་ཤོར་ནས་ཤི་སོང་ཞུས་པས་ཡང་ཐོ་ཐོ་དེ་འགྱེལ་བྱུང་བ་དང་། གང་ལྟར་རྫུན་བཤད་ན་མི་འགྲིག་འདུག །ད་དྲང་པོ་ཞིག་བཤད་ན་དྲག་བསམས་ནས། ཡང་ཐོ་ཐོ་བརྩིགས་བཞིན་ཕྱིང་པ་དང་ཞྭ་མོ་སྐོན། མར་ཕྱིན་ནས་ཕྱག་ཕུལ། ཡང་ཕྱིན་ནས་བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་སླེབས་སམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་ཁམས་བཟང་ངམ་བྱས་ནས་ཁོ་མར་ཕྱིན་ཕྱག་གཅིག་ཕུལ། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་བུ་མོ་གཅིག་གིས་མགོ་བསླུས་ནས་གསོད་དགོས་བྱུང་ལགས། མགོ་ལྤགས་རྣམས་ཀྱང་མོས་ཁྱེར་ནས་བྲོས་ལགས་བྱས་པས་ཐོ་ཐོ་དེ་མ་འགྱེལ་བར་ཙོག་གེར་བསྡད་པས་ཁོའི་བསམ་པ་ལ་རྫུན་བཤད་པ་ལས་དྲང་པོ་བཤད་པ་དགའ་བསམས་ནས་དེའི་སང་ཉིན་སྔ་མོ་རྟ་སྒ་སྒྲོན། རྟ་རྫི་གཞན་རྣམས་ལ་རྟ་རྣམས་རྩིས་སྤྲད་དེ་ཁོ་རང་རྒྱལ་པོའི་དྲུང་དུ་ཕྱིན་ནོ།།
རྒྱལ་པོའི་དྲུང་ན་ལ་ཕར་རྒྱབ་ཀྱི་རྒྱལ་པོ་ཕེབས་འདུག་གོ །ཁ་སང་བསླུ་བར་ཡོང་མཁན་བུ་མོ་དེ་འདྲ་བ་ཞིག་སླེབས་འདུག་གོ །ཁོས་རྒྱལ་པོ་ལ་ཕྱག་ཕུལ་བ་དང་། རྒྱལ་པོ་སྔར་ལས་ཞལ་ངོ་ནག་པ་ཞིག་བྱས་ནས། བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པ་སླེབས་སམ། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་ཁམས་བཟང་ངམ་གསུངས་པ་དང་། རྟ་ཕོ་མེ་ལོང་གི་རྟ་ཁྲ་དེ་བུ་མོ་ངན་པ་ཞིག་གིས་བསླུས་ནས་བསད། མགོའི་པགས་པ་ཡན་ཆོད་བཤུས་ལགས་བྱས་པས། རྒྱལ་པོ་མཉེས་ཏེ། ངའི་མི་འདིས་རྫུན་མི་ཤེས་ཟེར་ཁ་སང་ནས་ཞུས་པ་ཡིན། ཟེར་བས་གཞན་གྱི་རྒྱལ་པོ་དེའི་རྒྱལ་གཞིས་ཕྱེད་ཚུར་ལོན་ཏེ་བུ་རིག་པའི་ཁྱེའུ་ཆུང་ལ་གནང་ངོ་།།
དེའི་ལོ་དུས་ལ་ཁ་སང་རྟའི་གདོང་དུ་ཁྲིད་པའི་རྒོད་མ་དེ་ལ་རྟ་ཕོ་མེ་ལོང་གི་རྟ་ཁྲ་འདྲ་བ་ཞིག་སྐྱེས་ཏེ་རྟ་ཕོ་མེ་ལོང་གི་རྟ་ཁྲ་ལས་ལྷག་པ་བྱུང་ངོ་། །དེར་རྒྱལ་པོ་གཞན་དེའི་རྒྱལ་གཞིས་ཀྱི་ཕྱེད་ཀ་དང་ཁ་སང་བསླུ་བར་བཏང་བའི་བུ་མོ་དེ་ཡང་བུ་རིག་པའི་ཁྱེའུ་ཆུང་ལ་གནང་ནས་རྒྱལ་པོ་དེས་ཆོས་མཛད། རྒྱལ་སྲིད་དེ་བུ་རིག་པའི་ཁྱེའུ་ཆུང་གིས་བཟུང་། རྒྱལ་འབངས་རྣམས་སྔར་ལས་དར་ཞིང་རྒྱས་པ་བྱུང་འདུག་ཟེར་རོ་སྨྲས་པ་དང་། རྒྱལ་བུས་རྫུན་ཤོད་པ་ལས་དྲང་པོ་བྱས་ན་དགའ་ཟེར་བ་བདེན་པར་འདུག །བུ་དེ་བསོད་ནམས་ཆེ་ཟེར་བ་ཁ་ནས་ཤོར་བས། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། །རྒྱལ་བུ་བདེ་སྤྱོད་བཟང་པོའི་བསམ་པ་ལ། བླ་མའི་ཞལ་ནས་རོ་ཁོ་རང་ཅི་ཟེར་ཡང་། ཁྱོད་རང་གཏམ་ཁ་མ་ལེན་གསུངས་པ་ཡིན་ཏེ། ཁོས་སྒྱུ་མའི་མགོ་བསྐོར་བཏང་བར། ང་སེམས་ཡེངས་པས་ལན། ད་གསུས་པ་ཡང་ལྟོགས་ལོག་འགྲོ་དགོས་བསམས་བྱོན་ནོ།།
ཤར་སྒོའི་མཚམས་རྡོ་ལ་ཡི་གེ་བསྒྲགས། མར་ཟན་ག་ཡུ་ཁང་སང་གི་དེ་ལས་ཆེ་བ་ཞིག་བཞག་འདུག །ཡི་གེ་ཀློག་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོ་ཁྱོད་རོ་ལ་གཏམ་ལན་རྒྱུན་དུ་བྱས། ད་རེས་བདུན་གྱི་ཚིགས་སུ་སླེབས་པས་པུས་མོ་མན་ཆད་གསེར་དུ་མི་འགྱུར་རོ། །ད་རུང་རིག་པ་མ་བསྒྲིམས་ན་རོ་དེ་སྨྲ་མཁས་ཤིང་སྒྲུང་ཤིན་ཏུ་མང་བས། ཁོས་ཅི་ཟེར་ཡང་ཁ་རོག་སྡོད་ལ་ཞེ་རུས་སྐྱེད་ཅིག་གསུངས་པ་ཞིག་འདུག་སྟེ། ཁ་སང་གི་མར་ཟན་དེ་ལས་འདི་ཆེ་བ་འདུག །ཁ་སང་གི་དེས་ཀྱང་ཞག་བདུན་དང་དེ་རིང་བྲོ་ཁ་ཚུན་ཐུབ་བྱུང་། ལྟོགས་སྐོམ་གཉིས་ཀ་མ་བྱུང་། མར་ཟན་འདི་ལྷའི་བདུད་རྩི་ལྟ་བུ་འདུག་པས་ད་ང་ཞེ་རུས་བསྐྱེད་བསམ་དུར་ཁྲོད་དེར་ཕྱིན་ཏོ། །རོ་དེ་ཚོ་སྔར་ལས་དུམ་པ་བཅོས་ནས་མཐའི་རོ་ཕྲན་ཚོ་ལ་ལ་ཧ་ལ་ཟེར། མགོ་བཏེགས་ཙམ་བྱེད། ལ་ལ་ཧུ་ལུ་ཧུ་ལུ་ཟེར་ལག་པ་བཏེགས་ཙམ་བཏེགས་ཙམ་བྱེད་པ་དང་། ཤིང་སྡོང་ཁའི་རོ་དེས་ཀྱང་ཧ་ལ་ཧལ་ཟེར་ནས་ཁ་བགྲད་དང་། མིག་ཚུམ་ཚུམ་སོ་ཐམ་ཐམ་སོགས་འཇིགས་པའི་ཆ་ལུགས་མང་པོ་བྱེད་ཀྱི་འདུག་རུང་། སེམས་མནལ་དུ་ཕབ་པས་སྐྲག་སྣང་མ་བྱུང་ངོ་། །འདི་ཡན་རྒྱལ་ས་ཟིན་པའི་ལེའུ་བདུན་ཡིན།། །།

 

ལེའུ་བརྒྱད་པ།
རྒྱལ་པོ་ཐོ་རྩེའི་བློན་རིག་པ་ཅན་གྱིས་ཤེས་རབ་ལ་བརྟེན་ནས་རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་ཟིན་པ།

དེར་རྒྱལ་བུས་རོ་ཧ་ལ་ཟེར་བ་རྣམས་ཏོག་མས་རྡུང་གིན་བྱོན། ཧུ་ལུ་ཟེར་བ་རྣམས་ལ་རྡོག་བརྫིས་རེ་བཏང་། རལ་གྲི་དེ་རྩར་གྱིས་བཏོན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ཐུགས་དམ་ཏིང་ངེ་འཛིན་ནན་ལྟར་བཟང་། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། སྡུག་བསྲན་སྙིང་རུས་ནན་ལྟར་ཆེ། དྲ་བ་ལྕགས་ཀྱི་མིག་དགུ་མ། དྲ་ཐག་ད་དུང་བཟང་པོ་གདའ། ཏོག་མ་སེང་ལྡེང་སྨུག་པོ་ཡིན། བརྡུངས་པས་གས་ཆག་ཡོང་བ་མེད། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། ད་རུང་བསྡམས་པས་ཆད་པ་མེད། རལ་གྲི་ངར་མ་རྡོ་ཆོད་ཡིན། སྔར་ལས་རྣོ་ངར་ཆེ་རུ་སོང་། མར་ཟན་ཟོས་པས་འཛད་མེད་ཡིན། སྔར་ལས་ཉིས་ལྡབ་ཆེ་རུ་སོང་། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་ནས་རལ་གྲི་དེས་ཤིང་སྡོང་གི་གསུམ་ཆ་ཆོད་པ་ཙམ་ཞིག་བརྒྱབ་པས། རོ་དེ་སྡིག་ཟེར་བབས་བྱུང་སྟེ། སར་ལྡིང་སྐོར་ལེགས་པ་གཅིག་བྱས། ཏོག་མ་དེས་སྤྱི་གཙུག་ནས་རྐང་མཐིལ་བར་བརྡུངས། རལ་གྲིས་ལྷུ་དང་གཟུགས་འབྲེལ་སར་དམར་ཐིགས་རེ་བརྒྱབ། དྲ་བའི་ནང་དུ་བརྫངས། སྣ་དེར་ཞགས་པ་བཏགས་ནས་ཁུར། དེ་ནས་གོམ་པ་བཅུ་ཙམ་སླེབས་པ་དང་། རྒྱལ་བུ་རྒྱལ་བུ་ཟེར་ཡང་ཁོས་ལན་མ་བཏབ་པ་དང་། ཚེ་སྔོན་ནས་ལས་ཟད་པའི་རྒྱལ་བུ་ཁྱོད་དང་འཕྲད། ཁྱོད་ཀྱི་ཁ་ནས་གཏམ་ཡོང་བ་མི་འདུག །རྒྱལ་བུ་ལས་ཟད་ཁྱོད་རང་ལེགས་པར་ཉོན་ལ་ཡིད་ལ་ཞོག་ཨང་། ངས་རོ་སྒྲུང་དྲ་བའི་སེན་མོ་ཙམ་སྔར་གྱི་བདུན་པོ་དེ་ལས་སྙན་པ་བདུན་གཏོང་བ་ཡིན་པས་ཉོན་ཨང་ཟེར།
ཡུལ་ཞིག་ན་རྒྱལ་པོ་གཅིག་ཡོད་པ་དེར་སྲས་སྤྱང་པོ་ཞིག་དང་གླེན་པ་ཞིག་ཡོད་པར་གདའ། རྒྱལ་པོ་ཡབ་ཡུམ་སྐུ་གཤེགས་པའི་རྗེས་སུ་རྒྱལ་པོའི་སྲས་སྤྱང་བ་དེ་རྒྱལ་སར་བསྐོས། སྲས་ཆེ་བ་དེ་ལ་རྒྱལ་འབངས་ཀུན་གྱིས་སྡང་བ་ཞིག་བྱུང་བ་ཡིན་པར་འདུག །བློན་པོ་རིག་པ་ཅན་ཞིག་བྱུང་བ་དེའི་བསམ་པ་ལ་རྒྱལ་བུ་འདི་ཞལ་དིག་ཙམ་འདུག་པ་མ་གཏོགས་དཔྱད་གང་ནས་བྱས་ཀྱང་རྒྱལ་པོ་འདི་ཆེ་བ་ཞིག་ཡོང་བ་འདུག་བསམས་ནས་བློན་པོ་རིག་པ་ཅན་དེས་རྒྱལ་བུ་ཆེ་བ་དེའི་ཕྱག་ཕྱི་བྱས་འདུག །ཉིན་གཅིག་བློན་པོ་རིག་པ་ཅན་དེས་རྒྱལ་པོ་ལ་དེ་རིང་རྒྱལ་པོ་ཆེན་པོ་རང་ལུང་པའི་མདའ་མ་གི་ན་མཚོ་ཆེན་པོ་ཞིག་ཡོད་པའི་འགྲམ་མ་གིར་གཟིགས་མོ་ལ་བྱོན་ཅིག་ཞུས་པ་དང་། རྒྱལ་པོས་བློན་པོ་ལ་ཉན་ནས་བྱོན། ཉི་མ་སྔ་ཕྱེད་ཙམ་དུ་སླེབས་དུས་མཚོ་ནང་ནས་རྦ་རླབས་ཆེན་པོ་འཁྲུགས་བྱུང་སྟེ། གང་ཡིན་ནམ་བསམས་གཟིགས་པ་དང་། བུ་མོ་མཚར་པོ་ལྟ་ན་སྡུག་ལ་འོད་ཆགས་པ། ཆུ་དར་སྔོན་མོའི་གོས་གྱོན་པ། ལག་གཡོན་དུ་དུང་གི་ཞོ་དོང་ཐོགས་པ། གཡས་ན་གསེར་གྱི་སྐྱོགས་ཁྱེར་བ། གླང་པོ་ཆེ་ལ་བཞོན་པ་ཞིག་བྱུང་ནས་འོ་ཆོལ་ཐོར་ཐོར་བསྟོར་གིན་འདུག་པས་རྒྱལ་པོའི་ཐུགས་དགོངས་ལ། བུ་མོ་འདི་ནི་ཡིད་དུ་འོང་བ་ཞིག་འདུག་བསམ་པ་འཁྲུངས་སོ། །བུ་མོ་དེ་ཆུ་ནང་ལ་ཐིམ་སོང་བ་དང་རྒྱལ་བུ་ཡང་ལོག་བྱོན་ནོ།།
བློན་རིག་པ་ཅན་དེ་རྒྱལ་བུའི་སྐུ་མདུན་དུ་ཡོང་ནས། དེ་རིང་ལྟད་མོ་དང་གཟིགས་མོ་ཆེ་ལགས་སམ་ཞུས་པར། རྒྱལ་པོས་ལྟད་མོ་ཆེན་པོ་བྱུང་། རང་རེའི་མཚོ་ནང་ན་བུ་མོ་མཚར་སྡུག་འོད་ཆགས་པ། གཡས་ནས་བལྟས་ན་དགྱེ་དགྱེ་འདྲ་བ། གཡོན་ནས་བལྟས་ན་སྒུར་སྒུར་འདྲ་བ། དགྱེ་སྒུར་ནེམ་ཚེའི་ཡུ་བ་འདྲ་བ། གྲང་གྲིབ་མ་ལ་བཞག་ན་འཁྱག་པ་འདྲ་བ། དྲོ་ཉི་མ་ལ་བཞག་ན་ཞུ་བ་འདྲ་བ། ཉི་གྲིབ་མཚམས་སུ་བཞག་ན་འོད་འདེང་མེར་མེར་མཚོ་འདྲ་བ། ཝ་ལེ་ཁྱུག་གེ་འཇའ་འདྲ་བའི་བུ་མོ་ཆུ་དར་སྔོན་མོ་ལུས་ལ་གྱོན་པ། ལག་པ་གཡོན་ན་དུང་གི་ཞོ་དོང་ཁུར་བ། གཡས་ན་གསེར་གྱི་སྐྱོགས་ཁུར་བ། ཆིབས་སུ་གླང་ཆེན་ཆིབས་པ། འོ་ཆོལ་ཐོར་བ་ཞིག་བྱུང་། དེ་འདྲ་གྲོགས་སུ་ཁུགས་པ་ཞིག་བྱུང་ན་ལེགས་པོ་ཡོང་བ་འདུག་གསུངས་པ་དང་། བློན་པོ་རིག་པ་ཅན་གྱིས་ཡུལ་བརྩད་ཆོད་ན་ལས་སླ་ཞུས།
ཞག་འགའ་ཞིག་སོང་བ་དང་བློན་པོས་རྒྱལ་པོ་ལ་དེ་རིང་ཡང་དུས་བཟང་ཡིན་པས་ལྟད་མོར་བྱོན་ལ། ཁ་སང་གི་བུ་མོ་དེ་ལ་ཡུལ་དང་ཕ་མིང་དང་། མོ་རང་གི་མིང་གང་ཡིན་འདྲི་བ་ཞུ་བྱས་པས། རྒྱལ་པོས་ཁ་སང་གི་མཚོ་ཁ་དེར་མར་བྱོན། མཚོ་ཁར་ཕེབས་པ་དང་ཁ་སང་གི་ཉི་ཚོད་དེ་རང་ལ་མཚོ་ལུད་བྱུང་བ་དང་། ཁ་སང་གི་བུ་མོ་དེ་ཡོད་དམ་བསམས་གཟིགས་པས་ཡང་བུ་མོ་དེ་བྱུང་། བུ་མོ་ཁྱོད་ཀྱི་ཡུལ་གྱི་མིང་ལ་ཇི་སྐད་ཟེར་བ་ཡིན་བྱས་དྲིས་པར། གླང་པོ་ཆེ་ལ་མཛུབ་མོ་བཙུགས། ཡབ་ཀྱི་མིང་ལ་ཇི་སྐད་ཟེར་དྲིས་པས། སྣ་ལ་མཛུབ་མོ་བཙུགས། ཡུམ་ལ་ཇི་སྐད་ཟེར་དྲིས་པས་ལྷམ་ལ་མཛུབ་མོ་བཙུགས། ཁྱོད་རང་ལ་ཇི་སྐད་ཟེར་དྲིས་པས་མོ་རང་གི་མགོ་ལ་མཛུབ་མོ་བཙུགས་བྱུང་ཞིང་། འོ་ཆོལ་བསྟོར་ནས་བུ་མོ་སྔར་བཞིན་མཚོ་ནང་དུ་ཐིམས། རྒྱལ་བུ་ཡང་ལོག་བྱོན་ནོ།།
ཡར་ཕེབས་པ་དང་། བློན་པོས་ཕྱག་ཕེབས་སམ་ཞུས། བུ་མོ་དེས་ཅི་ཡང་ཟེར་བ་འདུག་གསུངས། བློན་པོས་བརྡ་དཔྱད་འདྲ་མི་བྱེད་པ་འདུག་གམ་ཞུས་པས། བརྡ་དཔྱད་འདྲ་བྱེད་ཀྱི་འདུག །ཁྱོད་ཀྱི་ཡུལ་གང་ནས་ཡིན་བྱས་པར་གླང་པོ་ཆེ་ལ་མཛུབ་མོ་བཙུགས། ཕའི་མིང་དྲིས་པས་སྣ་ལ་མཛུབ་མོ་བཙུགས། མའི་མིང་དྲིས་པས་ལྷམ་ལ་མཛུབ་མོ་བཙུགས། ཁྱོད་རང་གི་མིང་ལ་ཅི་ཟེར་དྲིས་པས་མགོ་ལ་མཛུབ་མོ་བཙུགས་བྱུང་གསུངས་པས། བློན་རིག་པ་ཅན་དེས་གོ་ནས། དེ་དོན་འགྲུབ་པ་འདུག་ཟེར། གླང་པོ་ཆེ་ལ་མཛུབ་མོ་འཛུགས་པ་དེ་རྒྱ་གར་གླང་པོ་གཤོངས་ཡིན་པར་འདུག །སྣ་ལ་མཛུབ་མོ་འཛུགས་པ་དེ་ཡབ་རྒྱལ་པོ་གུ་ཎ་པ་ནེ་ཡིན་ཟེར་བའི་རྟགས་ཡིན་ལགས། ལྷམ་མཛུབ་མོ་འཛུགས་པ་དེ་ཡུམ་སྒྱུ་མ་ལྷ་མཛེས་ཡིན་ཟེར་བའི་རྟགས་ཡིན། མགོ་ལ་མཛུབ་མོ་འཛུགས་པ་དེ་སྲས་མོ་དབུ་ལྡན་མ་ཡིན་པའི་རྟགས་ཡིན། ད་དོན་འགྲུབ་པ་འདུག་ཟེར་ནས་བློན་པོ་དགའ་འོ།།
དེ་ནས་ཞག་འགའ་སོང་བ་དང་རྒྱལ་བློན་གཉིས་པོས་ཆས་ཁ་གླང་པོ་ཆེའི་རྒྱབ་གཅིག་བཀལ། གླང་པོ་གཅིག་ལ་ཆིབས་ནས་རྒྱ་གར་གླང་པོ་གཤོངས་ལ་བྱོན། བར་ལམ་ཚོར་ནགས་ཚལ་དང་གཅན་གཟན་སྡུག་པ་ཅན་གྱི་གནོད་འཚེ་མང་དུ་ཡོད་ཀྱང་། རྒྱལ་བློན་གཉིས་ལ་ནི་གནོད་འཚེ་བྱེད་རྒྱུ་ལྟར་བཞག་བསུ་བ་བྱས། དེར་རྒྱ་གར་གླང་པོ་གཤོངས་སུ་སླེབས་པ་དང་། བྲག་རི་རལ་གྲི་འདྲ་བའི་འགྲམ་ཞིག་ན་བྲག་ཕུག་གཅིག་འདུག་པ་དེར་བློན་པོ་བསྡད། རྒྱལ་པོ་ལ་འདི་ལྟར་བསླབས། དེ་རིང་འདི་ནས་ཕར་ཕྱིན་ན་བུ་མོ་དེ་ཤར་སྒོའི་འགག་ཏུ་འོང་གི །རྒྱལ་པོ་རང་ཡང་དེར་བྱོན་ལ། ཤགས་རྒྱག་མཁན་ཨེ་ཡོད་གྱིས་དང་། ཤགས་བརྒྱབ་པས་ཆོག་ཟེར་ནས་ཁ་སང་གི་བུ་མོ་དེ་ཡོང་ངོ་། །དེར་ཤགས་རྒྱག་པའི་དུས་སུ། ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས་ཟེར་བ་གྱི་ལས་དཀྱིལ་འཁོར་དེར་རྡེའུ་གཅིག་རྒྱོབ། དེ་ནས་བུ་མོ་དེས་རང་རེ་ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་བྱོན་པ་ཡིན་ལས་ཆེ་ཟེར་ཡོང་། ཨོ་རྒྱན་གྱི་ཡུལ་རང་དུ་འགྲོ་མ་མྱོང་གྱིས་ལ། ཅ་ལེ་ཅོ་ལེ་མང་པོ་རང་མ་ཟེར། ཨོ་རྒྱན་གྱི་ཡུལ་དུ་འབྱོན་མ་མྱོང་ན་ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས་ཟེར་བ་དེ་གང་ལ་ཟེར་བ་ཡིན་ཟེར་བྱུང་ན། ང་ནི་རྡོ་རྗེ་གྲོ་ལོད་ཏེ། དུར་ཁྲོད་བརྒྱད་ལ་དབང་བ་ཡིན་ཟེར་གསུངས་ལ་གཞན་གྱི་ཅལ་ཅོལ་མ་གསུངས།
དེ་ནས་བུ་མོ་དེས་དེ་རིང་ཤགས་མི་ཡོང་བ་འདུག་ཟེར་ནང་དུ་གདན་འདྲེན་ནོ་ཟེར་ན་ནང་དུ་བྱོན་པས་ཆོག །མོས་གདན་བཏིང་བའི་སྟེང་དུ་སྐྱབས་གནས་དཀོན་མཆོག་གསུམ་པོ་བཞུགས་སུ་གསོལ་གསུངས་ལས་གཞན་ཡེ་མ་གསུངས། མོས་འབྲས་ཆང་སོགས་དྲངས་བྱུང་ན་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་ཟེར་བ་ལས་གཞན་མ་གསུངས། དེར་ནང་དུ་ཕེབས་རྗེས་དར་ཅིག་ནས་མི་གཏམ་འདྲི་བར་ཡོང་ངོ་། །དུར་ཁྲོད་ཆེན་པོ་བརྒྱད་ན་གྲུབ་ཆེན་བརྒྱད་ཡོད་དེ། གང་ན་བཞུགས་པ་ཡིན་ཟེར་དྲིས་བྱུང་ན། ང་ནི་རྡོ་རྗེ་གྲོ་ལོད་ཡིན་གསུང་ཙ་ན། བུ་མོ་རིག་པ་རྩེར་སོན་པ་ཞིག་དེར་ཡོང་ངོ་། །མོས་ཇ་དྲངས་པ་སོགས་བྱེད་དུས་གདོང་ལ་སྤྱན་ཧུ་རེར་གཟིགས་ལ་དར་ཅིག་བཞུགས་དང་། བུ་མོ་དེ་ཚབ་ཚུབ་ཀྱི་ངང་ནས་ཡར་འགྲོ་མར་འགྲོ་མང་པོ་བྱེད། དེ་དུས་མིག་བཙུམས་ནས་འདི་སྐད་གསུངས་ཤིག །བུ་མོ་རྡོ་རྗེ་མཁའ་འགྲོ་ཁྱེད་ཚབ་ཚུབ་མ་མང་ལྷོད་ཅིག་ཨང་གསུངས་ནས་སྤྱན་ཧུ་རེར་གཟིགས་པ་དང་། བུ་མོ་དེ་ཕྱག་བསྒྱུར་ཏེ་བཙལ་ནས་བདག་གི་རྡོ་རྗེ་མཁའ་འགྲོ་ལོས་ཀྱང་ཡིན། སྤྲུལ་པའི་གུ་རུས་ཐུགས་རྗེས་གཟིགས་ཟེར་ནས་ཕྱག་འཚལ་བྱུང་བ་དང་། དེར་སྤྱན་ལུགས་བཞིན་བལྟས་ནས་བཞུགས། དེ་ནས་ཞག་གསུམ་སོང་བ་དང་ང་དུར་ཁྲོད་དུ་འགྲོ་དགོས་ཡོད་གསུངས་ནས་བདག་གི་རྩར་བྱོན། ང་ཡེ་ནས་མ་བརྗེད་པ་མཛོད་ཞུས་སོ།།
དེར་རྒྱལ་པོ་མོའི་ཕོ་བྲང་དེའི་ཤར་སྒོའི་འགག་ཏུ་ཕེབས་པ་དང་། ཤགས་རྡོའི་རྩར་ཕྱིན་ནས་ཤགས་རྒྱག་མཁན་མི་འདྲ་ཨེ་ཡོད་གསུངས་པ་དང་། བུ་མོ་དེས་ཤག་བརྒྱབ་པས་ཆོག་ཟེར་ཡོང་། དེར་ཁོང་གིས་རྡེའུ་དཀར་པོ་དེ་བླངས་པ་ན། མོའི་བསམ་པ་ལ་འདི་ནི་ཁ་སང་གྲོང་ཆེན་པོ་དགེ་ལྡན་གྱི་མཚོ་སྨན་ལ་འོ་ཚོལ་བསྟོར་ཕྱིན་པའི་དུས་སུ་མཚོ་ཁ་ན་བསྡད་པའི་སྲས་པོ་དེ་རང་འདྲ་བ་ནི་འདུག་སྙམ། དེར་རྒྱལ་བུས་ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས། ཟེར་ནས་རྡེའུ་དཀར་པོ་གཅིག་དཀྱིལ་དུ་བརྒྱབ་བོ། །དེར་མོ་རྟོགས་པ་སྐྱེས་ཏེ་འདི་སུའི་ཆོ་འཕྲུལ་ཡིན་ནམ་བསམས། ཁྱོད་ཨོ་རྒྱན་དུ་བྱོན་མྱོང་བ་ཨེ་ཡིན་ཟེར། ཨོ་རྒྱན་ཡུལ་དུ་འགྲོ་མ་མྱོང་། ང་ནི་རྡོ་རྗེ་གྲོ་ལོད་ཏེ། དུར་ཁྲོད་བརྒྱད་ལ་དབང་བ་ཡིན་བྱས་པས། མོ་ན་རེ། དེ་རིང་ཤགས་མི་ཡོང་བ་འདུག་པས་ནང་དུ་གཤེགས་པར་ཞུ་ཟེར་ནས་ནང་དུ་གདན་དྲངས་པ་དང་། མོས་གདན་ཞིག་བཏིང་བྱུང་སྟེ། དེའི་ཁར་ཨོམ་ཙོག་གེར་བསྡད་པ་དང་མཉམ་དུ། དཀོན་མཆོག་གསུམ་པོ་བཞུགས་སུ་གསོལ་བྱས། མོས་འབྲས་ཆང་དང་ཇ་དྲངས་པའི་དུས་སུ་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བྱས་པར། དེར་མོས་དུར་ཁྲོད་ཆེན་པོ་བརྒྱད་ན་གྲུབ་ཆེན་བརྒྱད་བཞུགས་ཡོད་མེད། ག་ན་བཞུགས་ལགས་ཞུས་པས་མིག་ཧུ་རེར་བུ་མོའི་གདོང་ལ་བལྟས་སོ། །བུ་མོ་དེ་དུམ་ཅིག་ཞེད་དེ་ཚབ་ཚུབ་བྱས་པས། བུ་མོ་རྡོ་རྗེ་མཁའ་འགྲོ་ཁྱོད་ཚབ་ཚུབ་མ་མང་ཙོམ་གེར་སྡོད་གསུངས་པ་དང་། དེར་མོས་རྒྱལ་པོ་ལ་ཕྱག་འཚལ་ཞིང་། གུས་པས་བཏུད་ནས་ཙོག་གེར་སྡོད་པའི་དུས་སུ། གཟི་མདངས་ཉམས་ནས་བདག་ནི་རྡོ་རྗེ་མཁའ་འགྲོ་སྟེ། སྤྲུལ་པའི་གུ་རུས་སྐྱབས་སུ་གསོལ་ཟེར་ནས་བུ་མོས་ཞབས་ཏོག་ལེགས་པོ་ཞུས་སོ།།
དེར་ཞག་གསུམ་བཞི་སོང་བ་དང་། མོའི་བསམ་པ་ལ། མི་འདི་ནི་ཁ་སང་མཚོ་ཁར་ཐུག་པའི་རྒྱལ་བུ་དེ་ཨ་འདྲ་མ་འདྲ་རང་འདུག །ཨེ་ཡིན་མི་ཡིན་བསམས་པའི་ཐེ་ཚོམ་ཞིག་སྐྱེས་སོ། །ཟླ་བ་ཕྱེད་སོང་བ་དང་། དེར་བློན་པོའི་རྒྱགས་ཆས་རྣམས་ཟད་པ་དང་གལ་ཆུང་ཞིག་ཡོད་པ་ཕྲག་པར་བཀལ། གྲོང་གླང་པོ་གཤོངས་སུ་མོ་སྐོར་དུ་སོང་། དེར་གླང་པོ་གཤོངས་པ་བྱིངས་ཀྱིས་མོ་བཏབ། རྒྱལ་བུས་བུ་མོ་མདོ་རུ་གོམ་གང་མ་བཏང་བ་དང་། དཔོན་མོས་གཡོག་མོ་རྣམས་ལ་མོ་མ་བདེན་པོ་ཞིག་བྱུང་ན་མོ་འདེབས་སོ་གསུངས་པས། གཡོག་མོས་དཔོན་མོ་ལ་མོ་མ་ཞིག་སླེབས་འདུག་ཅེས་ཞུས་སོ།།
དཔོན་མོས་མ་ག་དྷའི་དཀར་མོ་བྲེ་གང་། ཕྱེ་མར། བུ་རམ་ཟས་སྣ་དཀར་གསུམ་མངར་གསུམ། མདའ་དར་གཙང་མ་གཅིག་རྣམས་ཁྱེར་ནས་མོ་འདེབས་པར་འགྲོ་བའི་གྲབས་བྱས་པ་དང་། ལྷ་ལྕམ་གར་འགྲོ་གསུངས། མོ་གཅིག་འདེབས་སུ་འགྲོ་ལགས་ཞུས། དེར་རྒྱལ་པོ་ཡང་བློན་པོ་དྲན་ཏེ་ཧར་ཏེ་བཞེངས་ནས། ལྷ་ལྕམ། ང་ཡང་མོ་ཞིག་འདེབས་སུ་འགྲོ་དགོས་པ་ཡོད་བྱས་པ་དང་། མོ་མ་ན་རེ། མོ་ཟུར་ཙམ་བྱས་ནས་ཁྱེད་ཕྱིར་ཕེབས་སོ། །འོ་ན་སྟེང་དུ་ཕེབས་ལགས་སམ་ཞུས་པས། འོ་ན་ང་གང་དུའང་མི་འགྲོ། ནང་དུ་བོས་ཤོག་གསུངས། དེར་ཞལ་ཏ་མས་མོ་མའི་རྩར་ཕྱིན་ནས། མོ་སྟོན་ལགས། ངེད་ཀྱི་རྒྱལ་པོ་ཡབ་ཡུམ་ཡང་སྐུ་ཆ་ཞིག་མཛད་དགོས་པ་འདུག་པས་ནང་དུ་ཕེབས་པ་ཞུ་བྱས་པས། མོ་མ་ན་རེ། སྡེ་པ་ཆེན་པོའི་མོ་འདེབས་པ་ནི་ཆག་སྒོ་ཆེ་བ་ཞིག་ཡིན་བྱས་པར། གཡོག་མོས། དུམ་པ་རེ་ལ་བདེན་གྱི་འདུག་ཀྱང་ད་རེས་ཁྱོད་ལ་ཆག་སྒོ་འཁེལ་མི་ཡོང་ཡར་ཤོག་ཟེར་བས་ཁོ་ཡར་ཡོང་ངོ་།།
བློན་པོའི་བསམ་པར། སྲས་མོ་དབུ་ལྡན་མ་རྒྱལ་པོ་འདི་ལ་སྟེར་ཟེར་ན་བྱིན་དོགས་མེད། ཐབས་ཀྱིས་ཁུག་པར་གྱུར་ན་བསམས་ནས། ང་ལ་གདན་དཀར་པོ་ཞིག་བཏིང་ཡོང་བ་ཤོག །ཁ་ཤར་ལ་བལྟ་བ་ཤོག་ཅིག་ཟེར་སྐད་བརྒྱབ་ནས་ཤར་རྒྱག་ཕྱིན་པ་དང་། གདན་དཀར་པོ་ཞིག་བཏིང་འདུག་ཅིང་། ཁ་ཡང་ཤར་ལ་བལྟས་འདུག་གོ །དེར་རྒྱལ་བུ་ཡར་ལངས་བྱུང་བ་དང་། བློན་པོས་མིག་བཙུམ་ཞིག་བརྒྱབ། སྡོད་ཟེར་བའི་ལག་བརྡ་ཞིག་བྱས་པ་དང་རྒྱལ་པོ་མར་བསྡད་དོ། །དེར་མོ་མས་ཕྱག་ཕུལ་བས། རྒྱལ་པོས་མོ་སྟོན་བྱོན་ནམ་ཟེར་རོ། །དེར་དཔོན་མོས་མོ་མའི་ཆས་རྣམས་ཁྱེར་ནས་མོ་བཏབ་ཏུ་བཅུག་གོ །མོའི་ཁྱིམ་ཆ་རྣམས་སྨོས་པ་དང་། མོ་སྤྱང་གྲུང་འཛོམས་པས་རྫི་རིག་གོ །མོའི་ཁྱིམ་ཆ་སྨོན་ལུགས་ལ། མོ་སྟོན་འདི་དང་རྒྱལ་པོ་གཉིས་ཕྱོགས་གཅིག་ཏུ་འདུག་བསམས་ནས་ཁྱོད་གཉིས་ཀྱིས་ང་ལ་མགོ་བསྐོར་བ་ཡིན་ཞེས་སྨོས་པས། མོ་སྟོན་ན་རེ། ཁྱི་ཕག་གཉིས་ཚང་མི་གཅིག་པའི་མོ་བབས། འདི་ནི་ང་རང་ལ་ཟེར་བ་ཡིན་པ་འདྲ་ཞུས་པས། དཔོན་མོ་ན་རེ། ཧ་ཧ་མོ་སྟོན་ལ་ཀུ་རེ་བྱས་པ་ཡིན། མོ་འདི་ལ་བལྟས་ན་འདི་ནི་གྲོང་ཁྱེར་བདེ་ལྡན་པའི་རྒྱལ་པོ་དེ་ཡིན་འདུག །རྒྱལ་པོ་འདི་དང་ང་གཉིས་ཕྱོགས་གཅིག་ཏུ་བྱས་ནས་ཡབ་གུ་ཎ་ནེའི་རྒྱལ་སྲིད་ཟིན་ནམ་བྱས་སྨོས་པས། དེར་མོ་མས། མཚོ་ཆུ་རྒྱུན་ཆད་ལ་ཁད་པ་ཡིད་བཞིན་ནོར་བུ་ཞིག་གིས་ཟིན་པ་ཡིན། སེང་གེ་གཡའ་དང་ཐུག་ལ་ཁད་པ་ཁ་བ་བུ་ཡུག་གཅིག་གིས་ཟིན་པ་ཡིན། རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་བརྒྱུད་ཆད་ལ་ཁད་པ་སྤྲུལ་པའི་ཆོས་རྒྱལ་ཞིག་གིས་ཟིན་པ་ཡིན་ཟེར་བ་བྱུང་། ཞེས་སྨྲས་པ་དང་དཔོན་མོ་དེ་ཡང་དགའ་སྟེ་ཁོ་ལ་བཟའ་བཏུང་གིས་ཚིམ་པར་བྱས་པས། ཁོ་ན་རེ། རྒྱལ་པོ་འདི་སྐུ་བསོད་ཆེན་པོ་ཡོང་བ་འདུག །རྒྱལ་པོས་ཕྱེ་མར་གལ་ཏེ་གང་ཐུང་ལ་ཐོགས། རྒྱལ་པོ་སྐུ་བསོད་ཅན་འདིས་མི་རྒན་ང་མདོ་མ་གིར་སྐྱེལ་བ་ཞིག་ཐུགས་ལ་འདོགས་ཞུས་པ་དང་། ལྷ་ལྕམ་གྱིས། ངེད་ཀྱི་རྒྱལ་པོ་འདིར་ཕེབས་ནས་མདོར་ཕེབས་པའི་སྲོལ་བྱུང་མེད་དེ། ད་རེས་སྐྱེལ་ཐུང་མཛད་པ་དྲག་ཞུས། དེར་རྒྱལ་པོ་སྐྱེལ་ཐུང་ལ་ཕྱིན་པ་དང་། ཕྱིར་སླེབས་དུས་བློན་པོས། ཁྱེད་ཐབས་སྡུག །ང་མི་དྲན་པ་ཅི་བྱུང་བྱས་པས། རྒྱལ་པོས་མོས་བརྗེད་ཟན་དང་བརྗེད་ཆུ་བྱིན་པ་ཡིན་པ་འདྲ་བྱས་པ་དང་། བརྗེད་ཟན་བྱིན་ནས་གང་བྱེད། བྱིན་དོགས་མེད། ད་རེས་ནས་བཟུང་བརྗེད་ཟན་བརྗེད་ཆུ་ཞག་བདུན་སྟེར་ཡོང་།
དེ་ནས་སྲོད་ལ་མ་གཟིམས་པའི་དུས་སུ་སྟེར་རོ། །སྟེར་བའི་རྒྱུ་མཚན་ནི་ཁྱེད་བདེ་ལྡན་པའི་རྒྱལ་པོ་ཡིན་པ་མོས་རྫི་རིག་འདུག །ངས་བསྟོད་ར་ཆེན་པོ་བཏང་ཡོད་པས་སྟེར་བ་ཡིན། དོ་ནུབ་མོའི་ཞལ་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཕྱི་ལ་སྲོ་མ་ཙམ་འབུར་བ་མེད་པ། ནང་ནས་རྟ་རྔ་ཙམ་གས་པ་མེད་པའི་ཁང་པ་དེར་ཁྱེད་གཉིས་ཉལ་བའི་ཐད་ཀྱི་གདན་ལ། རྟ་རྔ་ནག་པོ་གང་རློན་པ་བྱས་ནས་ཞོག །གན་རྐྱལ་དུ་གཟིམས་ལ་བཞུགས་ཤིག །ལྷ་ལྕམ་གྱིས་རྐྱན་བུ་འདྲ་འདྲ་གཉིས་ཁྱེར་ཡོང་ངོ་། །རྐྱན་བུ་གཉིས་སོ་སོའི་སྔས་འགོར་བཞག་སོང་བ་དང་། ཧད་ཧོད་ལོངས་མཛོད་ལ། ལྟོས་དང་ངོས་ཀྱི་ཞལ་བ་འདི་གས་དོན་མེད་པར་གས་འདུག་གསུངས་ཤིག །དེར་མོ་མར་མེ་ལེན་དུ་འགྲོ་རིང་རྐྱན་བུ་གཉིས་རྗེས་ནས་ཞོག་ཅིག །རྒྱལ་བུ་ཁྱེད་ཀྱིས་དེ་མིན་གྱི་བྱ་བ་བྱེད་མི་ཤེས་རུང་། རང་རེའི་གཅུང་པོ་འབངས་འཁོར་རྣམས་ཀྱིས་ཐབས་ཤེས་གང་ཡོད་བྱེད་ཀྱི་ཡོད་པ་དེ་ཚོ་དྲན་པར་གྱིས་ལ་རང་ཚུགས་ཟིན་ནས་བཞུགས་ཤིག །དེར་རྐྱན་བུ་བརྗེས་ཚར་བ་དེ་སྲོད་ལ་བཏུང་ནས་ནམ་གུང་སྨིན་ཡོང་བས་སྐྱེམས་དེ་འཐུང་དང་ཞིམ་པོ་འདུག་གྱིས། མོ་ཡང་ལྷག་མ་མ་ལུས་པར་འཐུང་འཆུག་ཟེར། ནམ་ཕྱེད་ལ་ང་ཁང་རྒྱབ་ཏུ་ཡོང་། སྨིན་པའི་དུས་སུ་གཡལ་སྟོང་ཞིག་བརྒྱབ། བླ་ལོག་ཅིག་བྱེད་དོ། །དེའི་དུས་སུ་ང་ལ་སྒོ་ཕྱེ་ཞིག་ཟེར་ནས་བློན་པོ་བྲག་ཁུང་དུ་སོང་ངོ་།།
དེ་ནས་རྒྱལ་པོ་ཕོ་བྲང་དུ་ལོག་ཡོང་། མོས་སྔར་ལས་ཀྱང་བཀུར་སྟི་ཆེ་བ་བྱས་སོ། །དེར་ཁོང་གཉིས་ཀྱི་མལ་བཅོས་པའི་དུས་སུ་བློན་པོས་ཇི་ལྟར་ཟེར་བ་བཞིན་རྟ་རྔ་ཞལ་བ་ལ་སྦྱར། རྒྱལ་པོ་གཟིམས། མོས་ཆང་ལ་སྨྱོ་བའི་རྫས་བཏབ་ནས་རྐྱན་བུའི་ནང་དུ་བླུགས། མྱོས་མ་འགྲོ་བ་མོ་རང་གི་སྔས་འགོར་བཞག །མྱོས་འགྲོ་བ་དེ་རྒྱལ་པོའི་སྔས་འགོར་བཞག །སྐེ་རགས་འགྲོལ་གྲབས་བྱེད་པའི་སྐབས་སུ། རྒྱལ་བུས་རང་རེའི་ཞལ་བ་ཁྱད་འཕགས་འདིར་གས་དོན་མེད་པའི་སེར་ཁ་ཞིག་འདུག་བྱས་པ་དང་། མོ་རང་མེ་ལེན་དུ་འགྲོ་རིང་རྐན་བུ་གཉིས་བརྗེས། དེར་ལྷ་ལྕམ་ཡང་གཟིམས་སོང་ངོ་། །དེར་རྒྱལ་བུས་རྐྱན་བུ་དེ་བླངས་ནས་བཏུང་། ལྷ་ལྕམ་རང་ཡང་ད་ལྟ་བཏུང་པ་དྲག་བྱས་པས་ལྷ་ལྕམ་གྱིས་ཀྱང་བཏུང་། ནམ་ཕྱེད་དུ་སླེབས་པ་དང་། སྐད་ཆ་ཟ་རེ་ཟི་རེ་ཞིག་བཤད། གཡལ་སྟོང་ཞིག་བརྒྱབ། བླ་ལོག་བརྒྱབ་བྱུང་བ་དང་སྨིན་པ་ཡིན་བསམས་ནས་བློན་པོ་ནང་དུ་བོས་སོ།།
དེར་བློན་པོ་ནང་དུ་སླེབས་པ་དང་རྒྱལ་པོས་ཁ་སང་ནས་བསམས་པ་དེ་འགྲུབ་བྱུང་། གོ་ཆོད་ད་ལམ་གཅིག་པུ་བྱུང་ཟེར་ཏེ། དེའི་ནུབ་མོ་མར་མེ་ཆེན་པོ་ཞིག་སྤར་བས་ཕྱག་མཛོད་ཐམས་ཅད་གཡེངས་སོ། །གསེར་དངུལ་དང་ནོར་བུ་རྣམས་བསྟེགས། དེར་ནམ་སྐྱ་བཏང་བྱུང་བ་དང་། བློན་པོས་རྒྱལ་པོ་ལ་ཀ་ཏ་བྱས་དོན། ཞལ་ཏ་མ་དང་གླང་རྫི་རྟ་རྫི་རྣམས་ལ་དབུ་ལྡན་མ་ཁམས་མི་བདེ་བ་འདུག་པས། ཕྱི་མི་དང་ཁྱོད་རང་ཚོ་བར་ཁང་ཡན་ལ་མ་ཡོང་གསུངས་ཤིག་ཟེར། རྒྱལ་པོས་འོག་ཏུ་བྱོན་ནས་བློན་པོས་བསླབ་པ་བཞིན་མངགས་སོ། །སྟེང་དུ་བློན་པོ་རིག་པ་ཅན་དེས་མྱོས་ཆུའི་རྫས་དེ་འབྲས་ཆང་ལ་སྦྱར་ནས་གྲབས་བྱས། དེར་ཉི་མ་དེ་སོང་བ་དང་ཞལ་ཏ་མ་དྲག་པ་དེ་མིན་པ་ཐམས་ཅད་ལ་མྱོས་ཆང་དེ་བྱིན་ནོ། །ནམ་ཕྱེད་ཙམ་ལ་ཁོང་གཉིས་པོས་གྲབས་ཚར་བ་དང་། གཡོག་རྣམས་མྱོས་ཆུས་བཟི་ནས་ཚང་མ་གཉིད་དུ་ཐལ་ལོ།།
དེར་གླང་པོ་ཆེ་རྣམས་ལ་སྒ་ཆས་བྱས། གླང་པོ་ཆེ་བརྟན་པ་གཅིག་ལ་ཤིང་གི་ཁྲི་ཕྱིར་ཟག་མི་འགྲོ་བ་གཅིག་བཟོས། དེར་ལྷ་ལྕམ་བཀལ། གཞན་རྣམས་ལ་ནོར་དྲག་པ་རེ་བཀལ། ཞལ་ཏ་མ་དེ་ལྷ་ལྕམ་འཛིན་པ་ལ་ཤིང་ཁྲིའི་ནང་དུ་བཞག །བློན་པོས་ནང་ནས་སྒོ་རིམ་གྱིས་མནན་ཏེ་བཞག་གོ །དེར་རྒྱལ་བློན་རྣམས་བདེ་བ་ཅན་དུ་ལོག་བྱོན་ནོ། །བར་ཞག་གཅིག་སོང་ཡང་བློ་མྱོས་པ་ད་དུང་མ་སངས་པ་འདུག་སྟེ། བློན་པོ་དེས་སྤོས་ཀྱི་དུད་པ་བདུད། ཙནྡན་གྱི་ཆུས་ཆག་ཆག་ཀྱང་བྱས་པ་དང་། དབུ་ལྡན་མ་མྱོས་པ་ལས་དྲན་པ་བརྙེད་ནས་མིག་ཧུ་རེར་བལྟས་པ་དང་། མོ་རང་གི་ཕོ་བྲང་དེ་མིན་པ་གཅིག་ན་སླེབས་འདུག་ཅིང་། ཁོང་གཉིས་ལ་ཧུ་རེར་བལྟས་པས། རྒྱལ་པོ་དང་མོ་སྟོན་ཡིན་པ་ཤེས་ནས། བུ་མོས་སྨྲས་པ། རྒྱལ་པོ་ཁྱོད་བསོད་ནམས་ཤིན་ཏུ་ཆེ། བློན་པོ་ཁྱོད་ནི་རྫུ་འཕྲུལ་ཤིན་ཏུ་ཆེ། རྒྱལ་ས་འདི་རུ་གཉིས་ནི་གཤོང་དོགས་མེད། རྒྱལ་པོ་ཡབ་ཡུམ་ཤིན་ཏུ་བགྲེས་པ་དང་། རྒྱལ་པོ་དེ་ལ་སྲས་མོ་བདག་ལས་མེད། རྒྱལ་སྲིད་ཕྱེད་མ་བཟུང་བ་མི་འོས་པས། བདག་གི་ཡབ་ཀྱི་རྒྱལ་སྲིད་བཟུང་ན་དྲག་ཞུས་པས། བློན་པོ་ནས་ཞུས་པ། རྒྱལ་སྲིད་གང་འཛིན་གྲོས་ཞིབ་བྱེད་ལོང་ཡོད། ཞག་གཉིས་འདི་རུ་སྐུ་ངལ་གསོ་ཞིང་བཞུགས་ཞུས་སོ།།
དེར་རྒྱ་གར་གླང་པོ་གཤོངས་སུ་འབངས་འཁོར་རྣམས་ཞག་བདུན་ནས་དྲན་པ་རྙེད་དོ། །ཡར་ལངས་ནས་ཐོམ་ཐོམ་ངང་སྟེང་དུ་ཕྱིན་པ་དང་། ཕྱག་མཛོད་ཆེན་མོས་འགོ་བྱས་ཕྱག་མཛོད་ཐམས་ཅད་ཐེལ་ཙེས་མནན་འདུག །རྒྱལ་པོ་ཡབ་ཡུམ་ནི་མི་བཞུགས་པར་འདུག །ཁ་སང་མོ་མ་དེས་རྒྱལ་སྲིད་དར་ཞིང་རྒྱས་པ་ཡོང་ཟེར་བ་འདུག་པས་ད་དཔོན་མོ་རང་ཡང་མི་བཞུགས། རྒྱལ་སྲིད་དར་རྒྱས་ཡོང་བཟོ་རང་འདུག་གོ་ཟེར་ནས་ཐམས་ཅད་ངུ་བཞིན་ཕྱིར་དོན་ནོ། །རྒྱལ་པོ་གུ་ཎ་པ་ནེའི་དྲུང་དུ་ཞུ་བར་སོང་བ་དང་། རྒྱལ་པོ་ཡབ་ཡུམ་ཐུགས་ཁྲལ་ཆེན་པོ་བྱུང་སྟེ་ཕྱི་ནང་གི་བློན་པོ་བཞིས་འགོ་བྱས་པའི་རྩད་གཅོད་མི་མང་རབ་བཏང་བའི་མཐར་རྗེས་ཆོད་དོ། །དེར་བློན་པོ་རྣམས་ཀྱིས་ཞུ་བ་གསོལ་ཏེ་རྒྱལ་པོ་ཡབ་ཡུམ་ཕྱིར་ལོག་བྱོན་པ་དང་། རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་ཁོང་ཡབ་ཡུམ་གཉིས་ཀྱིས་འཛིན། ཡབ་གུ་ཎ་པ་ནེ་ཆོས་མཛད་ནས་དབུ་ལྡན་མའི་ཕོ་བྲང་དུ་བཞུགས་རྒྱུའི་ཞུ་བ་གསོལ་ལོ། །དེར་དབུ་ལྡན་མས། ངེད་གཉིས་དང་ཁྱེད་ཀྱི་འདོད་པ་མཐུན་ཞིང་། བློན་པོ་ཁྱེད་ཕར་བྱོན་ནས་མཚམས་སྦྱོར་ལེགས་པོ་མཛོད་ཅིག་གསུངས། ཁོས་བློན་རིག་པ་ཅན་དང་ལྷན་དུ་རྒྱ་གར་གླང་པོ་གཤོངས་སུ་ཕྱིན། རྒྱལ་འབངས་ཀུན་བསྡུས་ནས་བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་ལ་ཞུ་བ་ཕུལ། རིག་པ་ཅན་དེ་མཐོང་བ་ཙམ་གྱིས་རྒྱལ་པོ་མཉེས་ཏེ། རིག་པ་ཅན་དེས་གང་ཞུས་ལ་གུ་ཎ་པ་ནེས་ཀྱང་གསན་ནོ། །བདེ་ལྡན་ནས་རྒྱལ་པོ་ཡབ་ཡུམ་གདན་དྲངས་ནས་རྒྱལ་ས་བཟུང་། བདེ་ལྡན་གྱི་རྒྱལ་སྲིད་ཕྱེད་གཅུང་པོ་ལ་གནང་། རྒྱལ་སྲིད་ཕན་ཚུན་གཉིས་ཀ་དར་ཞིང་རྒྱས་པར་བྱུང་། སྲས་ལྕམ་སྲིང་གསུམ་འཁྲུངས། ཡུལ་དེ་ཡང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བ་ཡིན་པར་གདའ་བྱས་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས་བློན་པོ་རིག་པ་ཅན་དེ་ཡོང་བས་མིན་པ་རྒྱལ་པོ་དེ་རང་འཇོན་ཐང་ཆེ་བ་ཞིག་བྱུང་མི་འདུག་ཅེས་གཏམ་ཤོར་བས། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེར་ལོག་སོང་ངོ་། །རྒྱལ་བུའི་བསམ་པ་ལ། ད་རེས་ཀྱང་སེམས་ཡེངས་པས་ཁོ་ཤོར་བསམས་ཏེ། ཡང་དུར་ཁྱོད་དེར་ཕྱིན་ཏོ།། །།

 

ལེའུ་དགུ་པ།
བུ་མོ་སླ་ང་སླང་ཆུང་དྲང་སྲོང་གིས་བསྐྱབས་ཏེ་སྲིན་པོའི་ཁ་ནས་ཐར་བ་དང་།

བུ་བྱ་ཕོ་ཚ་ལུ་བཙན་གྱི་ཡུལ་ནས་བསུས་ཏེ་ལྷན་དུ་རྒྱལ་སྲིད་བཟུང་བ།

ཡང་རྒྱལ་བུས་ཤིང་སྡོང་གི་རྩར་ཕྱིན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་སྟེ་ཏོག་མས་བརྡུངས། དྲ་བ་དེའི་ནང་དུ་བརྫངས། ཞགས་པ་དེས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་ངོ་། །དེ་ནས་གོམ་པ་བདུན་ཙམ་སླེབས་པའི་སར། རྒྱལ་བུ་རྒྱལ་བུ་ཟེར་གྱི་འདུག །ཁ་རོག་ཏུ་ཡོང་བ་དང་། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར། ལུང་པ་ཞིག་ན་རྒན་རྒོན་གཉིས་ཡོད་པ་ལ་བུ་མོ་གསུམ་ཡོད་པར་འདུག །ཁོང་ཚོར་ནོར་ལུག་ཁྱུ་གཅིག་ཡོད་པ་དེ་རྒད་པོས་འཚོ་བར་འགྲོ་ཡོ་ཡོད་པ་འདུག།
ནམ་ཞིག་གི་ཚེ་རྒད་པོ་ཕོ་ལ་ཁར་སྲིན་པོ་ཞིག་གིས་ཟོས། ལུག་ནག་པོ་ཞིག་ཡོད་པ་དེ་ཡང་བསད་ནས་བཟས། རྒད་པོའི་མགོ་ལྤགས་བཤུས་ནས་སྲིན་པོ་རང་གིས་གྱོན། སྟེང་དུ་ཞྭ་གོས་ལྷམ་གསུམ་གྱོན་ནས་རྒད་པོ་ཡིན་པའི་ཚུལ་བྱས། རྒད་པོ་རང་གི་ཚི་ལུ་དེ་ཁུར་ནས་ལོག་ཕྱིན། རྒན་མོ་དེ་ལུག་བསུར་ཡོང་བ་དང་སྲིན་པོས་སྨྲས་པ། དེ་རིང་ངས་རང་རེའི་བུ་མོ་ཆེ་ཤོས་དེ་ལ་ཕར་རྒྱབ་ཀྱི་ཕྱུག་པོ་ཆེན་པོ་གཅིག་ལ་སྟེར་བ་ཡིན། གཉེན་ཇ་གཉེན་ཆང་བཏུང་། ངེད་རང་གི་ལུག་ནག་དེ་བསད། ཁྱོད་ཀྱི་ཤ་སྐལ་འདི་ཡིན་ཟེར་ཚི་ལུ་སྤྲད། རྒན་མོས་ཚི་ལུ་མེ་ལ་བསྲེགས་པས། ཚི་ལུ་དེས་རྒན་མོ་ཁྱོད་ཤ་ཟ་མཁན་ཁྱོད་ཟེར་བྱུང་བས། ཨ་ཙི་འདི་འདྲ་གང་ལ་ཟེར་བ་ཡིན་བྱས་པར། ཁོས་ཚིག་ཟེར་བ་ཡིན་པས་ཟོས་ཟེར། རྒན་མོས་ཚི་ལུ་ཟོས།
དེའི་སང་ཉིན་རྒད་པོས་བུ་མོ་རྒན་པ་དེ་ཁྲིད་དེ་བསད་ནས་ཟོས། ལུག་དཀར་པོ་ཆེ་བ་གཅིག་ཀྱང་བསད་ནས་བཟས། བུ་མོའི་མགོ་དེ་ཨ་ཕའི་མགོའི་ཟླ་ལ་སྟོང་ཁོག་ཡོད་པ་དེར་བཞག །བུ་མོའི་ཚི་ལུ་དེ་ཨ་མ་ལ་བྱིན་ནོ། །དེར་ཨ་མས་མེ་ལ་བསྲེགས་པས། ཚི་ལུས་རྒན་མོ་རང་གི་བུ་མོའི་ཤ་ཟ་མཁན་ཁྱོད་ཟེར་བྱུང་བས། འདི་འདྲ་གང་ཟེར་བ་ཡིན་བྱས་པར། ཁོས་ཚིག་ཟེར་བའི་བརྡ་ཡིན་ཟོས་ཟེར། དེ་རིང་ལུག་དཀར་པོ་དྲག་པ་གཅིག་ཀྱང་བསད་གཉེན་ཤ་གཉེན་ཆང་བྱས། བུ་མོ་བར་མ་ཡང་སྟེར་རྒྱུ་བྱས་པ་ཡིན་ཟེར། དེའི་སང་ཉིན་བུ་མོ་བར་མ་ཁྲིད་ནས་ཕྱིན་ཏོ། །བུ་མོ་བར་མ་དེ་ཡང་བསད། ཡང་ལུག་ཆེ་བ་གཅིག་བསད་ནས་ཟོས། བུ་མོའི་མགོ་དེ་ཨ་ལྕེའི་མགོའི་ཟླ་ལ་བཞག །ལུག་རྣམས་དེད་ཚི་ལུ་ཁུར་ནས་ལོག་ཡོང་། མ་རྒན་མོ་ལུག་བསུར་ཡོང་བ་དང་ཚི་ལུ་དེ་བྱིན་ནོ།།
དེ་རིང་བུ་མོ་ཆུང་བ་སྟེར་རྒྱུ་བྱས་པ་ཡིན། གཉེན་ཆང་བཏུང་གཉེན་ཤ་ཟོས། འདི་རྒན་མོའི་ཤ་སྐལ་ཡིན་ཟེར། རྒན་མོ་ན་རེ། བུ་མོ་ཆུང་བ་འདི་རང་རེ་རྒན་རྒོན་གཉིས་ཀྱི་གཡོག་ལ་ལོ་ཤས་དགོས་པ་འདུག་བྱས་པས། རྒད་པོ་ན་རེ། རང་རེ་རྒན་རྒོན་ཁམས་བཟང་རིང་ལ་བུ་མོ་རང་སོ་ཟིན་པ་དགའ་བ་ཡིན་ཟེར་རོ། །དེའི་སང་ཉིན་ཨ་མ་རྒན་མོས་མར་ཟན་ཆེན་པོ་ཞིག་བརྫིས། བུ་མོ་འདི་ཆུང་ཤོས་ཡིན་པས་སྙིང་རྗེ། རྒད་པོས་འདི་འདྲ་བྱེད་པ་ཐབས་སྡུག་ལ་ཟེར་ནས་འབྲལ་མི་ཕོད་པ་ཙམ་བྱུང་རུང་། རྒད་པོ་དབང་ཆེ་བས་བུ་མོ་ཁྲིད་ནས་སོང་ངོ་། །ཡང་ཁ་སང་གི་སྟོང་ཁོག་དེར་སླེབས་པ་དང་། ཁྱོད་རང་འདིར་སྡོད་ཅིག །ཨ་ཕས་ཁོང་སླེབས་པ་ཨེ་བྱུང་བལྟའོ་ཟེར་སོང་ངོ་། །དུམ་པ་ཞིག་ནས་ཁྱི་གུ་ཁྲ་ཆུང་ཞིག་བུ་མོ་རྩར་སླེབས། ཁྱི་གུ་དེས་བུ་མོས་ང་ལ་ཟན་ཁམ་གཅིག་སྟེར་ན་གཏམ་ཞིག་བཤད་ཀྱི། ཁམ་གཉིས་སྟེར་ན་གཏམ་གཉིས་བཤད་ཀྱི། ཐམས་ཅད་སྟེར་ན་ཐམས་ཅད་བཤད་ཀྱི་ཟེར་བས། བུ་མོ་དེ་ཨ་མ་དང་བྲལ་བའི་སེམས་ཁྲལ་གྱིས་སྐྱོ་སྣང་སྐྱེས་ནས་ཟ་མ་འདོད་པར་ཐམས་ཅད་བྱིན་པས། དེར་ཁྱི་གུས་ཁྱོད་ཀྱི་ད་ལྟའི་ཨ་ཕ་ནི་རང་གི་ཕ་དེ་མིན་པ་སྲིན་པོ་ཡིན། ཁྱོད་ཀྱི་ཨ་ཕའི་མགོ་དང་ཨ་ལྕེ་གཉིས་ཀྱི་མགོ་རྣམས་ཁུག་ཡ་ན་ཡོད་དོ་བསྟན་གྱིས་ཟེར་ནས་ཁྱི་གུས་ཁྲིད་དེ་བསྟན་ནོ། །དེར་མགོ་རྣམས་མཐོང་ནས་བུ་མོ་སྐྲག་སྟེ། ཁྱོད་ཀྱིས་ངའི་སྲོག་སྐྱོབ་པའི་ཐབས་ཨེ་ཡོད་བྱས་པས། ཁྱི་གུ་ན་རེ། ཁྱོད་སྙིང་རྗེ་བ་འདུག་པས། ངས་ཁྱོད་ལ་ཐབས་ཤིག་སྟོན་ནོ་ཟེར། ཁྱོད་ཀྱི་སླ་ང་ཞིག་ལག་ཏུ་ཁྱེར་ནས་ལ་ཡ་གིའི་ལྡེབས་ལ་བྲོས་ཤིག །བུ་མོ། ཨ་ཕ་འདི་ན་ཡོད་ཟེར་ཀྱང་བྲོས་ཤིག །ལ་ཁ་ན་ཡར་ཟིན་ལ་ཁད་བྱུང་བ་དང་། ཕྱི་མིག་མ་བལྟས་པར་སླ་ང་འདི་སྒྲིལ་ལ་སླ་ངའི་རྗེས་སུ་ངའི་སླ་ང་ངའི་སླ་ང་ཟེར་སླ་ངའི་རྗེས་སུ་དྲིལ་ཤིག །སླ་ང་ག་འགྲོར་དྲིལ་ཕྱིན་པ་དང་བུ་མོའི་ཚེ་ཐར་བར་འགྱུར་ཟེར་མི་སྣང་བར་སོང་ངོ་།།
བུ་མོས་དེ་བཞིན་སླ་ང་ཁུར་ནས་བྲོས་པ་དང་སྲིན་པོ་དེ་བུ་མོའི་རྗེས་སུ་བརྒྱུགས་ཡོང་ནས། བུ་མོ། ཨ་ཕ་འདི་ན་ཡོད་གར་འགྲོ་ཟེར་བརྒྱུགས་བྱུང་བ་དང་། ཕྱི་མིག་མ་བལྟས་པར་བྲོས། ལ་ཁ་དེ་ན་ཁོས་ཟིན་ལ་ཁད་བྱུང་བ་དང་། སླ་ང་དེ་བསྒྲིལ་ནས་དེའི་རྗེས་ལ་ངའི་སླ་ང་ངའི་སླ་ང་ཟེར་དྲིལ་ཕྱིན་པས་སླ་ང་དེ་ལྕི་བའི་ཕད་སྒྱེ་ཞིག་གི་འོག་ལ་འཛུལ་སོང་ངོ་། །མོས་ཀྱང་དེའི་འོག་ལ་འཛུལ་ཕྱིན་པས་ཤིང་གི་སྒོ་ཞིག་འདུག་པ་དེ་ཕྱེ་ནས་ཕྱིན། ལྕགས་ཀྱི་སྒོ་ཞིག་དང་ཐུག །དེ་ཕྱེ་བའི་ནང་ན་རིན་པོ་ཆེ་གསེར་གྱི་སྒོ་ཞིག་འདུག་སྟེ། དེ་ཕྱེ་བའི་ནང་ན་སྐས་འཛེགས་ཤིག་ཡོད་ཅིང་། དེར་འཛེགས་ཕྱིན་པས་བྱ་ཕོ་ཞིག་གདང་ཁ་ན་བསྡད་འདུག་པས། དེས་ཨོ་ཨོ་བུ་མོ་བྱོན་ལགས་སམ་ཟེར། མོས་ལ་ཡོད་བྱས་པ་དང་། བུ་མོ་འོ་རྒྱལ་ཡོད་པས་ནང་ནས་ཤ་མར་ལོངས་ལས་ཟོ་ཟེར། མོས་རྒྱགས་ཚད་ཟོས། དེར་ཞག་གཅིག་སོང་བ་དང་། བྱ་ཕོ་དེས་བུ་མོར་སྨྲས་པ། བུ་མོ། མཛོད་ཀྱི་ཕུག་ཡ་གི་ན་གོས་ལྷམ་རྣམས་ཡོད། དེ་གྱོན་ནས་ལུང་པའི་མདའ་ན་ལྟད་མོ་ཆེན་པོ་ཞིག་ཡོད་པས་ལྟ་བར་རྒྱུགས་ཟེར་རོ། །བུ་མོ་དེས་མཛོད་ནང་ཕྱིན། མོ་རང་ལ་རན་པའི་གོས་ལྷམ་རྣམས་གྱོན། རྒྱན་ཆ་ལུགས་རྣམས་བཏགས་ནས་ལྟད་མོ་ལ་ཕྱིན་ཏོ།།
བུ་མོ་སོང་བའི་རྗེས་ལ་ཁོས་རྭ་བ་མུན་ནག་ཅིག་ནས་རྟ་བཟང་པོ་ཞིག་བཏོན། བྱ་ཤུབས་དེ་བསྒྲིལ་ནས་གདུང་མའི་སྲུབ་ཏུ་བཅུག །རྒྱན་ཆ་ལུགས་རྣམས་ལེགས་པར་སྤྲས། རྟ་ཕོ་དེ་ལ་བཞོན་ནས་ཁོ་ཡང་ལུང་པའི་མདར་ལྟད་མོ་ལ་ཕྱིན་ཏོ། །དེར་ཁོས་གཡས་སྐོར་ཞིག་བརྒྱབ་པས་བུ་མོ་དེ་ལས་སྙིང་རྗེ་བ་མ་མཐོང་། གཡོན་སྐོར་ཞིག་བརྒྱབ་ཀྱང་བུ་མོ་དེ་ལས་ལེགས་པ་མ་མཐོང་། མོས་ཀྱང་གཡས་སྐོར་ཞིག་བྱས་པས་ཁོ་ལས་ལེགས་པ་མ་མཐོང་། གཡོན་སྐོར་ཞིག་བརྒྱབ་ཀྱང་ཁོ་ལས་མཚར་བ་མ་མཐོང་། ལྟད་མོ་གྱེས་གྲབས་ཡོད་དུས་ཁོས་བུ་རམ་གལ་ཏ་གང་དང་ཐལ་བ་གལ་ཏ་གང་ཡོད་པ་སྟོར་བས་ལ་ལས་བུ་རམ་བསྒྲུགས། ལ་ལ་ཐལ་བས་མིག་འགགས་པའི་སྐབས་དང་བསྟུན་ནས་ཁོས་རྟ་ལ་ལྕག་གིས་སྐུལ་བས་དེ་མ་ཐག་ལུང་པའི་ཕུ་རུ་སླེབས། དེར་རྟ་སྒ་བཤུས་ནས་རྭ་བ་མུན་ནག་དེར་བཏགས། སྒ་དང་རྒྱན་ཆ་ལུགས་རྣམས་སྦས། སྔར་བཞིན་གདང་ཁར་བསྡད་ཡོད་ཙ་ན། བུ་མོ་དེ་སླེབས་བྱུང་སྟེ། ཨོ་ཨོ་བུ་མོ་ཕྱག་ཕེབས་སམ་བྱས་པ་དང་། བུ་མོས་ལགས་ཡོད། ཚ་བོ་ཉི་མ་རིང་པོ་མ་བྱུང་ངམ་བྱས་པ་དང་། ཁོས་ཕོ་ཁྱུའི་ནང་ནས་རྡོག་ཏུ་ཐོན་པ་དེ་སུ་རེད། མོ་ཁྱུའི་ནང་ནས་རྡོག་ཏུ་ཐོན་པ་དེ་སུ་རེད་ཅེས་དྲིས་པས། མོ་ན་རེ། སྐྱེས་ཕོ་ཡི་ནང་ནས་རྡོག་ཏུ་ཐོན་པ་དེ་ལུང་པའི་ཕུ་ན་བྱ་ཕོ་ཚ་ལུ་ཟེར་བ་ཞིག་འདུག །མོ་ཁྱུའི་ནང་ན་རྡོག་ཏུ་ཐོན་པ་མང་པོ་འདུག་བྱས་པ་དང་། བྱ་ཕོས་བུ་མོ་ཁྱོད་ལྟོགས་ཡོད་ཀྱི་ཤ་མར་ཟོ་ཟེར་རོ། །མོ་རང་གིས་ཟས་བྱ་ཕོ་ལ་ཡང་དྲངས་སོ།།
ཡང་ཞག་འགའ་ཞིག་སོང་བ་དང་། བྱ་ཕོས། བུ་མོ། དེ་རིང་ཡང་ཁ་སང་གི་ཤུལ་ན་ལྟད་མོ་ཡོད་པས་ཕྱིན་པ་དྲག་གོ་ཟེར། དེར་བུ་མོས་རྒྱན་ཆ་ལུགས་རྣམས་སྤྲས་ནས་ལྟད་མོར་ཕྱིན། ཁོས་ཀྱང་སྔར་ལྟར་རྒྱན་ཆ་ལུགས་རྣམས་སྤྲས་ནས་ཕྱིན་པ་ཡིན་འདུག །ཁོས་ཁྲོམ་དམངས་ཀྱི་དཀྱིལ་ནས་མོ་ལས་སྙིང་རྗེ་བ་དང་ཡིད་དུ་འོང་བ་མ་མཐོང་། མོས་ཀྱང་ཁོ་ལས་མཚར་བ་མ་མཐོང་། ཁྲོམ་དམངས་རྣམས་ན་རེ། བྱ་ཕོ་ཚ་ལུ་འདི་མཚར་དྲག་པས་བཙན་གྱིས་ཁྱེར་བ་ཡིན་ཏེ། བུ་མོ་འདི་ཡང་མཚར་བ་ཞིག་འདུག །ཟེར་རོ། །ཁོས་ཡང་བུ་རམ་དང་ཐལ་བ་རྣམས་གནམ་ལ་སྟོར་བས་ལ་ལ་ནི་བུ་རམ་བསྒྲུགས་པར་མིག་ཡེངས། ལ་ལ་ནི་ཐལ་བས་མིག་ཁེངས་ནས་འདུག་པའི་བར་ལ་ཁོ་ལུང་པའི་ཕུར་སླེབས། ཡང་རྟ་དང་གོས་རྣམས་སྦས། བྱ་ཤུབས་གྱོན་ནས་གདང་གི་སྟེང་དུ་བསྡད་དོ། །བུ་མོ་དེར་སླེབས་པ་དང་ཁོས། བུ་མོ་ཕྱག་ཕེབས་སམ། ལྟད་མོ་ཆེན་པོ་བྱུང་ངམ། ཕོ་ཁྱུའི་ནང་ནས་རྡོག་ཏུ་ཐོན་པ་དེ་སུ་རེད། མོ་ཁྱུའི་ནང་ནས་རྡོག་ཏུ་ཐོན་པ་དེ་སུ་རེད་ཅེས་དྲིས་པས་བུ་མོས། སྐྱེས་པ་ཕོ་ཡི་ནང་ནས་རྡོག་ཏུ་ཐོན་པ་དེ་ལུང་པའི་ཕུ་ན་ཡོད་པའི་བྱ་ཕོ་ཚ་ལུ་ཟེར་བ་ཞིག་འདུག །བུད་མེད་ཀྱི་ནང་ནས་རྡོག་ཏུ་ཐོན་པ་མང་པོ་འདུག་བྱས་པ་དང་། ཡང་བང་མཛོད་ནས་ཟ་ཆས་བླངས་ཏེ་བྱ་ཕོ་ལ་ཡང་དྲངས། བུ་མོ་རང་གིས་ཀྱང་བཟས།
ཡང་སྐབས་ཤིག་ཙ་ན། བྱ་ཕོ་ན་རེ། དེ་རིང་ཡང་ལུང་པའི་མདའ་ན་ལྟད་མོ་ཡོད་པས་ཁྱོད་ཕྱིན་ན་དྲག་ཟེར་རོ། །བུ་མོས་ཆ་ལུགས་རྣམས་སྤྲས་ནས་འགྲོ་གྲབས་བྱེད་སྐབས་བསམ་བློ་ཞིག་འཁོར་བར། ལུང་པའི་ཕུའི་བྱ་ཕོ་ཚ་ལུ་ཟེར་བ་དེ་འདི་ཨེ་ཡིན་བསམས་ནས་བུ་མོས་ཁུག་ཀྱོག་གཅིག་ཏུ་ཡིབས་བསྡད་དོ། །དེར་ཁོས་རྒྱན་ཆ་ལུགས་རྣམས་སྤྲས་ནས་བྱ་ཤུབས་དེ་གདུང་མའི་སྲུབ་ཏུ་བཅུག་ནས་ཕྱིན་ཏོ། །ཁྲོམ་དེར་གཡས་སྐོར་ཞིག་བརྒྱབ་པས་བུ་མོ་དེ་མ་མཐོང་། གཡོན་སྐོར་ཞིག་བྱས་ཀྱང་བུ་མོ་དེ་མ་མཐོང་། བུ་མོས་བུ་ཁོ་སོང་རིང་དུ་བྱ་ཤུབས་དེ་བཏོན་ནས་མེ་ཀོང་ཞིག་བཏང་སྟེ་བསྲེགས། བུ་དེ་སྔར་བཞིན་བུ་རམ་དང་ཐལ་བ་བསྟོར་ནས་བརྒྱུགས་ཡོང་སྟེ་ནང་དུ་སླེབས་པ་དང་། བུ་མོས་བྱ་ཤུབས་བསྲེགས་ནས་མི་འདུག་གོ།
དེར་ཁོས། བུ་མོ་འུ་ཅག་གཉིས་ལ་འགྲོགས་སྐལ་དེ་ལས་མེད་པ་ཡིན་པར་འདུག །ངའི་བྱ་ཤུབས་དེ་ལོ་བཅུ་ཙམ་མ་བསྲེགས་ན་ངེད་རང་གཉིས་མཉམ་དུ་སྡོད་རྒྱུ་ཡོང་བ་ཡོད་བྱས་པ་དང་། བུ་མོས་ངུས་ཏེ་ཐབས་ཤེས་གང་ཡོད་བྱས་པར་ད་ཐབས་དང་རྟེན་འབྲེལ་མེད་དོ་ཟེར་རོ། །བུ་མོས་བུ་ལ་འཆང་ནས་ད་དུང་ཐབས་དང་རྟེན་འབྲེལ་མེད་དམ་ཟེར་ནས་ངུས་པས། ཁོ་ན་རེ། ཁྱོད་རང་ལ་ང་ཕ་མ་གིའི་མདའ་ན་སྤེན་བད་ཡོད་པའི་དུད་ཚང་ཁ་ཤར་ལ་བལྟས་པ་ཞིག་ཡོད། དེར་ངའི་ཡི་དམ་རྟ་མགྲིན་ཁུར་ནས་རྒྱུགས། ཁྱོད་ལ་ངའི་ལུས་པོ་འདི་ཡོད་པའི་ཡོན་ཏན་གྱིས་གཉན་ལ་ངའི་ཁྱིས་བསུ་བར་བྱེད་པ། དགྲ་ལ་རྨུག་པར་བྱེད་པ་ཞིག་ཡོད་དེ། དེ་ནས་རྭ་བ་གཅིག་གི་ནང་ན་ངའི་ཨ་མ་རྒན་མོ་དེ་ཡོད། དེ་ལངས་ནས་ཁྱོད་བསུ་བར་ཡོང་། རང་གི་སྐྱེ་རྒྱུས་རྣམས་བཤད་ནས་ཁྱོད་རང་དེར་སྡོད་ཅིག །ང་དང་ཁྱོད་གཉིས་ད་འཕྲད་པར་དཀའ་བྱས་པ་དང་། བུ་མོ་ལུང་པའི་མདར་ཕྱིན་ནས་ཁོས་ཇི་ལྟར་ཟེར་བ་བཞིན་ཁང་པ་དེར་ཕྱིན་པ་དང་། ཁོང་རང་གི་ཨ་མ་རྒན་མོ་དེས་མཐོང་ནས། ལམ་ཡ་ནས་མི་ཡན་ཞིག་སླེབས་བྱུང་ཟེར། བུ་མོས་ཁྱི་གཉིས་བོས་ནས་ང་དགྲ་ཡིན་ན་རྨུག་པར་ཤོག །གཉེན་ཡིན་ན་བསུ་བར་ཤོག་ཟེར་སྐད་བརྒྱབ་པ་དང་། ཁྱི་གཉིས་བརྒྱུགས་ནས་མོ་ལ་མཇུག་མ་ཧྲིལ་ཧྲིལ་བྱེད་པ་ལས་མ་རྨུག་པ་ཨ་མས་མཐོང་འཕྲལ་ཡར་ལངས་ནས་བསུ་བར་ཡོང་། ཨ་མ་རྒན་མོས་བུ་མོ་བྱོན་ནམ་བྱས་པ་དང་། བུ་མོས་ཨ་མ་ལགས་བཞུགས་སམ་བྱས།
དེར་ཨ་མས་ཁྱེད་གང་ནས་བྱོན་པ་ཡིན་བྱས་པར། བུ་མོ་ན་རེ། བདག་ནི་ཡུལ་བུད་ནས་ལྟོ་སློང་བར་འགྲོ་མཁན་ཞིག་ཡིན་བྱས་པས། རྒན་མོས་བུ་མོ་ནང་དུ་ཁྲིད་ནས་ཟས་ཤིག་དྲངས་པ་དང་། བུ་མོའི་ཁ་ནས་ཧ་ཡུ་ཟེར་བའི་དབུགས་རིང་ཞིག་ཤོར་བས། ཨ་མ་རྒན་མོ་ན་རེ། བུ་མོ་ཁྱེད་ལ་སེམས་ནད་ཆེན་པོ་ཞིག་འདུག །ང་ལ་སྙིང་ནས་བརྩེ་བའི་བུ་ཞིག་ཡོད་པ་དེ་གར་སོང་འདིར་སོང་རྩད་མ་ཆོད་པར་ལོ་ལྔ་ཙམ་སོང་། སེམས་ནད་འདི་ལས་ཆེ་བ་གང་དུ་ཡོད། བུ་མོ་ཁྱོད་ལ་ཅི་བྱུང་དྲིས་པ་དང་། བུ་མོ་དེ་མཆི་མ་རང་དབང་མེད་པར་ཤོར་ཏེ། བདག་གི་བསོད་དེ་དམན་པས་ཕ་མ་ཨ་ལྕེ་རྣམས་སྲིན་པོས་བཟས། ང་རང་ཐར་ཙམ་བྱུང་བྱས་པ་དང་། རྒན་མོས་ཁྱོད་བདེན་ཟེར་མོ་རང་ཡང་མཆི་མ་བཏང་། ངའི་གཅེས་ཕྲུག་གི་རོ་མིག་གིས་མ་མཐོང་བར་ལོ་ལྔ་སོང་། བུ་མོ་ཁྱོད་ཀྱང་ཡ་ང་བ་ཞིག་འདུག་པས། རྒན་མོ་ངའི་སར་སྡོད་ཅིག་ཟེར་ནས་ཐགས་དང་བལ་ལས་བྱེད་བཅུག །བུ་མོ་དེ་ཁང་ཆུང་ཞིག་ཏུ་བསྡད།
དེར་དུས་གང་ཙམ་སོང་རྗེས་ཉིན་གཅིག་གི་མཚན་མོའི་རྨི་ལམ་ལ། བུ་མོའི་སྔས་འགོར་དྲང་སྲོང་ཞིག་ཡོང་སྟེ་ཁྱོད་ནི་ཕ་མ་སྤུན་མཆེད་མེད་པའི་བུ་མོ་ཡ་ང་བ་ཞིག་འདུག་པས། ཁྱོད་ཀྱི་བསམ་དོན་སྒྲུབ་དགོས་པ་གང་ང་ལ་ཤོད་ཅིག་བྱས་པ་དང་། བུ་མོས་བདག་ལ་བློ་གཏད་བཅོལ་སའི་ཕ་མ་སྤུན་ཉེ་གང་ཡང་མེད། གཏན་གྲོགས་བྱ་ཕོ་ཚ་ལུ་ཟེར་བ་ཞིག་ཡོད་པས་དེ་དང་མྱུར་དུ་འགྲོགས་རྒྱུ་ཡོང་བའི་སྐྱབས་རོགས་ཞུ་ཞུས་པས། གྲོགས་དང་འཕྲད་པ་ང་ཡིས་བྱེད་གསུངས་ནས་ཡལ་བ་རྨིས། བུ་མོ་དེར་སླེབས་ནས་ཟླ་བ་ཁ་ཤས་སོང་བ་དང་གཟུགས་པོ་འཁོར་བའི་མངོན་ཚུལ་ཞིག་བྱུང་སྟེ་གཡོག་མོ་གཞན་རྣམས་ཆགས་སྡང་ལངས་ནས་རྒན་མོ་ལ་ཞུས་པ། རང་རེའི་ཁྱིམ་དུ་ཡོད་པའི་བུ་མོ་འདི་ལ་གཟུགས་པོ་འཁོར་ཡོད་པ་འདྲ་ཟེར་རོ། །ཨ་མ་རྒན་མོས་གཏམ་དེ་ཚོར་ནས་བུ་མོ་དེར་སྨྲས་པ། ཁྱོད་ལ་གཟུགས་པོ་འཁོར་ཡོད་པ་འདྲ། ངེད་ཀྱི་རྟ་རྫི་ལུག་རྫི་སུའི་ཡིན་ཤོད་ཅིག །ངེད་གཉིས་པོ་རང་ལས་མ་ཤེས་པ་བྱས་ཆོག་ཟེར། བུ་མོས་སྨྲས་པ། ལྷ་བཟང་པོ་ཞིག་རང་ཡོད་པར་གདའ། ཁ་སང་ནས་སྤང་བད་གསོ་བ་སོགས་རྨི་ལྟས་བཟང་པོ་མང་པོ་བྱུང་། ང་ལ་དོགས་པ་ཡོད་ན་རྟ་རྫི་ལུག་རྫི་ལ་དྲིས་པས་གསལ། ཕྱི་མིས་ཟེར་ཚད་མི་བདེན་ལགས། ངའི་འདི་ནད་གཞི་ཕོག་པའི་རྐྱེན་གྱིས་ཡིན་པས། རྒན་མོ་ལོག་ཕྱིན།
དེ་ནས་འགའ་ཞིག་སོང་བ་དང་། མོའི་ཤར་སྒོའི་དྲུང་དུ་མི་དམར་རྟ་དམར་བཞོན་པ་ཁྱི་དམར་རོལ་ཏུ་ཁྲིད་པ་ཞིག་བྱུང་ནས། བུ་མོ་ཁྱོད་སླ་ང་སླང་ཆུང་མ་ཡིན་ལགས་སམ། མལ་ས་ཁྲི་སྟན་བྱས་ལགས་སམ། སྔས་ལ་སྔས་འབོལ་བཅུག་ལགས་སམ། སྟེང་དུ་བལ་ཐུལ་གྱོན་ལགས་སམ། སྔས་འགོར་བུར་ཆུ་བཞག་ལགས་སམ། ལྟོ་རུ་ཕྱེ་མར་བྱིན་ལགས་སམ་བྱས་པ་དང་། མོས་སྨྲས་པ། ཚ་བོ་བྱ་ཕོ་ཚ་ལུ་བྱོན་ལགས་སམ། མལ་ལ་ཁྲི་སྟན་མ་བྱས་ལགས། མལ་ས་ཁང་ཆུང་ནང་དུ་ཡོད། སྔས་ལ་སྔས་འབོལ་མ་བྱས་ལགས། སྐེ་རགས་སྔས་ལ་བརྒྱབ་ནས་ཡོད། སྟེང་དུ་བལ་ཐུལ་མ་གྱོན་ལགས། ཉིན་གོས་མཚན་གོས་གཅིག་ལས་མེད། གདན་ལ་འབོལ་གདན་མ་བཏིང་ལགས། དོར་མ་གདན་ལ་བཏིང་ནས་ཡོད་བྱས་པ་དང་། ཁོང་ནང་དུ་སླེབས་བྱུང་སྟེ་ཁོང་གཉིས་གླེང་མོལ་བྱས། མོས་ཁྱེད་ད་དུང་འདིར་ལོག་མི་འབྱོན་པའི་ཅི་ཡིན་བྱས་པར། ཁོས་ང་ག་ནས་ཡོང་རྒྱུ་ཡོང་། ཁྱེད་ཀྱིས་བྱ་ཤུབས་དེ་མེ་ལ་བསྲེགས་པས་ང་བཙན་གྱིས་ཁྱེར་བ་ཡིན་ནོ་ཟེར། ད་རེས་འདིར་བྱོན་ཆོག་པ་ཅི་ཡིན་བྱས་པས། ང་འདི་ནས་ཁྱེར་འཕྲལ་ང་ནི་ཁ་ངོ་མཚར་བས་ཇ་ཞུ་བར་བཞག །དེ་ནས་རྩི་ཐོངས་ཆེ་རུ་ཕྱིན་ནས་གཟིམ་དཔོན་ལ་བཞག །ཁ་སང་ཁ་ཉིན་གཟིམ་ཆང་ལན་རེ་གཉིས་ཆད་པར་ཅང་མི་གསུང་བ་ཡིན་ཏེ་ཁ་ནུབ་གཟིམ་ཆང་ཆད་པས་ཐུགས་ཁྲོས་ཏེ་གཟིམ་དཔོན་ནས་བཏོན་ཏེ་རྟ་རྫི་ལ་བཞག་བྱུང་བས་ཡོང་རྒྱུ་བྱུང་བ་ཡིན། ད་སྐབས་སྐབས་སུ་ཐུག་རྒྱུ་ཡོང་བ་འདུག་ཟེར། བུ་མོ་ན་རེ། འཕྲད་རྒྱུ་ལས་ལོག་རྒྱུ་འདྲ་ཡོང་བ་མི་འདུག་གམ་ཟེར་བས། ལོག་རྒྱུ་ཨེ་ཡོང་མི་ཤེས་ཁྱེད་རང་གི་ངའི་ཨ་མར་སྐྱེ་རྒྱུས་དང་ལོ་རྒྱུས་བཤད་ན་འོག་ཏུ་འདིང་བའི་གདན་དང་། སྟེང་དུ་གྱོན་པའི་མལ་ཆས། དེ་མིན་ཟས་གོས་སོགས་ཀྱང་འདི་ལས་དྲག་པ་ཡོང་ཟེར། དེ་ནས་ནམ་ཐོ་རེངས་ཁར་སླེབས་དུས་ང་འགྲོ་རན་སོང་ཟེར་སོང་ངོ་། །
བུ་མོ་དེའི་བསམ་པ་ལ་བདག་གི་རྨི་ལྟས་བཟང་པོ་དེ་སྨིན་པར་ཡིན་བསམས་ནས་དགའ་ཚོར་ཆེན་པོ་སྐྱེས་སོ། །དེའི་ཕྱིན་ཉིན་རྟ་རྫི་དང་གཡོག་རྣམས་ཀྱིས་དཔོན་མོ་ལ་ཞུས་པ། ངེད་ཚོར་ཁྱེད་ཀྱི་དོན་མེད་བཀའ་བཀྱོན་གནང་། བུ་མོ་འདི་ལ་གཟུགས་འཁོར་བ་ལས་འོས་མི་འདུག །མཚན་ལ་མོའི་ཁང་པར་གླུ་ཕར་ལེན་ཚུར་ལེན་དང་ཁུ་དིར་དིར་ཞིག་འདུག་རང་འདུག་ཞུས་པས། ཨ་མ་དེས་བུ་མོའི་རྩར་ཕྱིན་ནས་བུ་མོ་ཁྱོད་ནམ་ལ་གླུ་དང་ཁུ་དི་རིར་འདུག་ཟེར་ཏེ་ང་ལ་མ་གསང་དྲང་པོར་ཤོད་དང་བྱས་པས། ངའི་སར་གླུ་ལེན་པར་ཡོང་མཁན་མེད་ལགས་ཞུས། རྒན་མོས་ཅི་ནས་ཀྱང་ཡོད་པ་འདུག་པས་ཤོད་ཅིག་བྱས་པར། བུ་མོས། ཚེ་སྔོན་བསོད་ནམས་བསགས་པའི་མཐུ་ཡིས་གཏན་གྲོགས་ཤིག་དང་ཐུག །ལན་གཅིག་བྱ་ཐབས་ནོར་བས་སྡུག་པོ་འདི་བྱུང་བ་ཡིན་བྱས་པས། རྒན་མོས་དུམ་པ་རྫི་རིག་ནས་འོག་ཏུ་ཁྲི་བརྒྱབ། ཁྲི་ཁར་འབོལ་བཏིང་། སྟེང་དུ་བལ་ཐུལ་གཡོགས། སྔས་ལ་འབོལ་སྔས་བཅུག །སྔས་འགོར་བུར་ཆུ་སླུ་གུ་གང་བཞག །ལྟོ་ལ་ཕྱེ་མར་རིལ་བུ་བྱིན།
ཡང་ནུབ་ཅིག་ལ། ཁ་སང་འོངས་ནས་ཇི་ལྟར་ཟེར་བ་ལྟར་བྱུང་བར་མོས་སྨྲས་པ། ཉལ་ས་ཁྲི་གདན་བྱས་ནས་ཡོད། སྔས་ལ་འབོལ་སྔས་བཅུག་ནས་ཡོད། སྟེང་ན་བལ་ཐུལ་གྱོན་ནས་ཡོད། སྔས་འགོར་བུར་ཆུ་བླུགས་ནས་ཡོད། ལྟོ་ལ་ཕྱེ་མར་བྱིན་ནས་ཡོད་བྱས་པ་དང་། ཁོ་ནང་དུ་ཡོང་ནས་སྒོ་བཅད་དེ་འཕྲད་རྒྱུ་ཡོང་བ་འདུག་ཟེར། བུར་ཆུ་སླུ་གུ་གང་པོ་བཏུང་། ཕྱེ་མར་རིལ་བུ་དེ་ནས་བཟས། ད་མི་ཟས་ཟ་རྒྱུ་ཡོང་བ་འདུག་ཟེར་ཁོ་དགའོ། །ཁ་སང་འདིར་ཡོང་བས་བཀའ་བཀྱོན་ཕོག་སྟེ་རྟ་རྫི་ནས་ཕུད་དེ་ཆུ་ལེན་བྱེད་ཀྱི་ཡོད་ཟེར། བྲོས་ན་ཐར་བ་མི་འདུག་གམ་བྱས་པས། བཙན་རྟ་བཞོན་མི་དེ་སྐྱེན་པས་དེའི་ལག་ནས་ག་ནས་ཐར། འོན་ཏེ་བསུ་མཁན་ཞིག་བྱུང་ན་ཐར་བ་འདུག་ཟེར་བས། བུ་མོ་དེ་དགའ་སྤྲོ་ཤིན་ཏུ་ཆེན་པོ་སྐྱེས་སོ། །དེའི་མཚན་མོར་བུ་མོའི་རྨི་ལམ་ལ་སྔར་གྱི་དྲང་སྲོང་དེ་མདུན་ཡོང་ནས། བུ་མོ་ཁྱོད་སྙིང་རྗེ་བ་འདུག་པས་སང་ཉི་མ་ཕྱེད་ཡོལ་གྱི་སྐབས་སུ་ཤྭ་རུ་ལག་ཏུ་བཟུང་ནས་ཤུག་ཕུང་ཕ་གིའི་དཀྱིལ་དུ་སྡོད། ཁ་རུ་གཡུ་ཆུང་དེ་ཆུག་ལ་ཡེ་མ་ཤོར་བ་དང་། ལག་པས་ཤྭ་རུ་མ་ཤོར་བ་བྱས་ནས་ང་སྤྱི་གཙུག་ཏུ་བསྒོམས་ལ་སྡོད་ཅིག །སྐབས་དེར་གཡས་ན་རྟ་པ་དམར་པོ་བརྒྱ་ཙམ། གཡོན་ན་རྟ་པ་དམར་པོ་སྟོང་ཙམ་ཤར་ཡོང་ངོ་། །མི་དམར་པོ་ཆེ་ཆུང་རི་རབ་ཙམ་ལ་སྡིག་པའི་མགོ་བྱས་པ་ཞིག་ཡོང་ནས། ཁང་པར་ར་ཧྲག་ཏུ་བཅུག་སྟེ་བརྡབས་བྱུང་ཡང་ང་སྤྱི་གཙུག་ཏུ་སྒོམས་ནས་སྡོད་ཅིག །ཁྱོད་ཀྱི་བསམ་དོན་དེ་རིང་འགྲུབ་པ་ཡོད་དོ་ཟེར་བ་རྨིས།
དེའི་ཕྱི་ཉིན་ཉི་མ་ཕྱེད་ཡོལ་ཙམ་དུ་བུ་མོ་དེ་ཁ་རུ་གཡུ་ཆུང་དེ་བཅུག །ཤྭ་རུ་ལག་ཏུ་ཁྱེར། དྲང་སྲོང་སྤྱི་གཙུག་ཏུ་བསྒོམས་ནས་བསྡད་པས། དྲང་སྲོང་དེ་རྟ་སྔོན་ཞིག་ཏུ་སྤྲུལ་ནས་ཆུ་མིག་གི་ཁར་བསྡད་པས། བུ་དེ་རྒྱབ་ཏུ་ཟངས་བུམ་ཞིག་ཁྱེར་ནས་སྐྱོ་གླུ་ལེན་བཞིན་དུ་ཆུ་ལེན་པར་ཡོང་། ཆུ་མིག་ཁར་སླེབས་པ་དང་། རྟ་མཆོག་དེས་སྨྲས་པ། བུ་ཁྱོད་སྙིང་རེ་རྗེ། ཁྱོད་ཀྱི་གཏན་གྲོགས་ནམ་ཉིན་བསྟུད་ནས་བསྒུགས་བསྡད་འདུག་པས་ཁྱོད་རྟ་མཆོག་ང་ལ་བཞོན་ནས་ཕྱི་མིག་མ་བལྟས་པར་རང་ཡུལ་དུ་ལོག་ཅིག་བྱས་པ་དང་། ཁོ་དགའ་སྤྲོ་དཔག་མེད་སྐྱེས་ནས་རྟ་ལ་བཞོན་ཏེ་ཡུད་ཙམ་ཞིག་ལ་རང་ཡུལ་དུ་སླེབས། སྐབས་དེར་བཙན་གྱི་ཡུལ་ནས་བཏང་བའི་རྟ་པ་མང་པོ་ཞིག་གིས་ཁོའི་ཡུལ་བཀང་འདུག་ཅིང་། མི་དམར་པོ་ཆེ་ཆུང་རི་རབ་ཙམ་ལ་སྡིག་པའི་མགོ་བོ་ཡོད་པ་ཞིག་གིས་ཁོའི་ས་མཁར་དེ་ར་རྩེར་བླངས་ནས་སྐབས་རེ་གནམ་ལ་བཏེགས། སྐབས་རེ་ས་ལ་བརྡབས་ཀྱང་། བུ་མོ་སྐྲག་སྣང་མ་སྐྱེས་པར་བུ་མོས་སྡིག་པའི་མགོ་ཅན་དེ་ལ་སྨྲས་པ། ལག་ངན་སྡིག་པའི་མགོ་ཅན་ཁྱོད། ཕྱི་མ་དམྱལ་བའི་གཏིང་རྡོ་ཁྱོད། བྱས་པས་དེ་དག་ཐམས་ཅད་མི་སྣང་བར་གྱུར། ཡུལ་མི་རྣམས་ཀྱིས་གཞན་ནི་མ་མཐོང་། མོ་ཤྭ་རུ་བཟུང་ནས་ཤུག་ཕུང་གི་མདུན་ན་བསྡད་པ་མཐོང་། དཔོན་མོ་ལགས། བུ་མོ་འདི་ལ་ལབ་གླེང་བྱེད་མཁན་ཞིག་འདུག །ད་གིན་ནས་ཁང་པ་འགུལ་བྱུང་བས་མོས་དཀྲུག་པ་ཡིན་འདུག །རང་རེ་ཚོ་བྲོས་པས་ནི་ཐར་ས་མེད། ཁྱོད་ཀྱི་གཅེས་ཕྲུག་དེ་ཁྱེར་མཁན་ཡང་འདི་ཡིན་པ་འདྲ་ཟེར། བུ་མོ་སྟེང་ནས་མར་བབས་ཡོང་བ་དང་གཏན་གྲོགས་བྱ་ཕོ་ཚ་ལུ་ནང་ན་རྒྱང་དེ་བྱོན་པ་འཛོམས་པས་ཁོང་གཉིས་ཀ་བསམ་དོན་གྲུབ་པའི་དགའ་ཚོར་གྱིས་ཡུད་ཙམ་རིང་གཅིག་གིས་གཅིག་ལ་འཐམ་ནས་བསྡད་དོ།།
སྐབས་དེར་ཨ་མ་རྒན་མོ་བུ་ལ་འཐམ་ནས་ཡུད་ཙམ་རིང་བརྒྱལ་ལོ། །བུ་ནང་དུ་བྱོན་པ་མཐོང་བའི་ནང་མི་རྣམས་མདོར་ཕྱིན་ནས་སྐད་བརྒྱབ་པས་མི་བྱིངས་རྣམས་ཀྱང་དེར་འཛོམས་ནས་དགའ་དགའ་སྤྲོ་སྤྲོ་བྱས་སོ། །དེར་འདུས་པའི་མི་ཡོད་ཚད་ཀྱིས་བུ་ཕེབས་པའི་ལྷ་གསོལ་བསམ་གྱིས་མི་ཁྱབ་པ་བྱས། དེ་ནས་རིམ་བཞིན་བུ་མོ་དེ་ལ་བུ་གསུམ་དང་བུ་མོ་གསུམ་སྐྱེས། ཡུལ་དེར་རྒྱལ་པོ་ཆེན་པོ་ཞིག་ཡོད་པ་དེའི་རྒྱལ་བརྒྱུད་ཆད་ནས་དེའི་རྒྱལ་སྲིད་ཀུན་ཁོང་གཉིས་ནས་བཟུང་། རྒྱལ་འབངས་རྣམས་ཀྱང་སྔར་ལས་བདེ་སྐྱིད་ཆེ་བ་བྱུང་བ་ཡིན་པ་འདུག་བྱས་པ་དང་། རྒྱལ་བུའི་ཁ་ནས་བུ་དེ་སྙིང་རུས་དང་བསོད་ནམས་ཆེ་ཟེར་བ་ཤོར་བ་དང་། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་རོ་དེ་ཤོར་སོང་ངོ་། །རྒྱལ་བུའི་བསམ་པ་ལ་བླ་མའི་ཞལ་ནས་རོ་ལ་གཏམ་ལན་མ་བྱེད་གསུངས་པ་ཡིན་ཏེ། སེམས་ཡེངས་པས་ལན། རོ་མེད་པར་ཕྱིན་ན་ཕན་མི་ཐོགས་སམ། ཡང་དུར་ཁྲོད་དེར་ཕྱིན། རོ་ཧུ་ལུ་ཧུ་ལུ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། རོ་ཧ་ལ་ཧ་ལ་ཟེར་བ་རྣམས་ཏོག་མས་བརྡུངས་ཀྱིན་ཕྱིན།། །།

 

ལེའུ་བཅུ་པ།
བུ་མོ་སོ་ཁ་འདི་ལི་སྨན་ཅང་ཤེས་རྟས་སྲིན་པོའི་ལག་ནས་ཁ་འཕྲལ་ཏེ་རྒྱལ་སྲིད་དང་ཕྲད་པ།

ཡང་རྒྱལ་བུས་ཤིང་སྡོང་གི་རྩར་ཕྱིན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད། བྱས་པས་རོ་དེ་བབས་བྱུང་སྟེ་ཏོག་མས་བརྡུངས། དྲ་བའི་ནང་དུ་བརྫངས། ཞགས་པས་བསྡམས་ནས་ཁུར་ཡོང་ངོ་། །ཡང་གོམ་པ་བདུན་ཙམ་སླེབས་པའི་སར། རྒྱལ་པོ་ལས་ཟད་ཁྱོད་ཀྱི་ཁ་ནས་གཏམ་ནི་ཡོང་བ་མིན། ངས་རོ་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར་ནས་སྒྲུང་བཤད་དོ།།
ལུང་པ་ཆེན་པོ་ཞིག་ན་རྒན་རྒོན་གཉིས་ལ་བུ་མོ་མཁའ་འགྲོ་མའི་མཚན་དང་ལྡན་པ་ཁྱད་འཕགས་ཤིག་ཡོད་པར་གདའ། བུ་མོ་དེ་ནི་ཕ་མར་བརྩེ་ཞིང་མི་སྣང་དང་མཐུན་པ་ཞིག་ཡོད། ནམ་ཞིག་ནས་སྲིན་པོ་ཞིག་ཕོ་གསར་གཅིག་ཏུ་སྤྲུལ། སྤུ་ཕྲུག་དཀར་པོའི་གོས་ཤིག་གྱོན། ལག་ཏུ་མདའ་གཞུ་ཁྱེར་ནས་རྒན་རྒོན་གཉིས་ཀྱི་རྩར་ཡོང་། ཁྱོད་གཉིས་ཀྱི་བུ་མོ་དེ་ང་ལ་སྟེར་རོགས་བྱས་པར། རྒན་རྒོན་གཉིས་ནས་ངེད་རང་གི་བུ་མོ་འདིའི་མིང་ཤེས་ན་སྦྱིན་པས་ཆོག །མིང་མ་ཤེས་ན་མི་སྟེར་བྱས་པས་ཁོ་ལོག་སོང་།
དེ་ནས་ཉིན་གཅིག་ཁོས་ཕྲག་པ་གཡས་ལ་རྟ་རོ་གཅིག་བཀལ། གཡོན་ལ་མི་རོ་ཞིག་བཀལ། བྱིས་པའི་རོ་ཞིག་ཁར་མུར་མུར་བྱེད་ཅིང་ཡོ་ག་ཡོག་གིན་ཡོང་བ་དང་། ཝ་མོ་གཅིག་འདུར་འདུར་རྒྱུགས་ཡོང་སྟེ། ཨ་ཕོ་སྲིན་པོ་ང་ལ་ཤ་ཞིག་བྱིན་དང་བྱས་པས། ཤ་སྦྱིན་པས་ཆོག །ཁྱོད་ཀྱིས་ལུང་པའི་མདའི་རྒན་རྒོན་གཉིས་ཀྱི་བུ་མོའི་མིང་ཤེས་པ་གྱིས་ཤོག་དང་། ད་དུང་ཁྱོད་ལ་ཤ་སྟེར་ཆོག་བྱས་པས། ཝ་མོ་དེ་ལུང་པའི་མདའི་རྒན་རྒོན་གཉིས་ཀྱི་གཡའ་ཤིང་བུག་གུར་གབ་ནས་ཉལ་བསྡད་པ་དང་། དགོང་མོའི་ཆ་ལ་གླེང་མོ་ཅི་ཡང་མ་བྱུང་། ཕྱི་ཉིན་ཉི་མ་ཤར་བའི་དུས་སུ་ཨ་མ་དེས་བུ་མོ་སོ་ཁ་འདི་ལི་སྨན་བཞེངས་ལ་ཚ་ཚ་འཐུང་བར་བྱོན་བྱས་པ་དང་། ཝ་མོ་དེས་གོ་སོ་རིག་སོ་ཐོས་ཟེར་ཕྱིན་ཏོ། །ཝ་མོ་དེ་ཁོའི་རྩར་སླེབས་ལ་ཁད་དུ་གྲོག་རོང་ཞིག་ལ་རྒྱངས་ཏེ་མཆོངས་པ་དང་། མོའི་མིང་བརྗེད་དོ། །ཝ་མོ་དེ་གྲོག་རོང་དེ་ལ་ཕར་མཆོང་ཚུར་མཆོང་བྱེད་ཀྱིན་བསྡད་པས། ཡར་ཤོག་ཁྱོད་གང་བྱེད་ཀྱི་ཡོད་བྱས་པ་དང་། ད་གིན་མིང་ཤེས་ཀྱི་ཡོད་དེ་མིང་དེ་གྲོག་རོང་འདིར་མཆོང་དུས་བརྗེད་སོང་བྱས་པས། ད་དུང་ཤ་འདི་བཟས་ནས་ཉོན་ཤོག་ཟེར།
ཡང་ཝ་མོས་ཤ་བཟས་ནས་ཉན་དུ་ཕྱིན་པ་དང་། སྔར་བཞིན་གཡའ་ཤིང་དུ་ཉལ་ནས་ཉན་བསྡད་པས། མཚན་ལ་གླེང་མོ་བྱེད་པ་མ་ཐོས། སྔ་དྲོ་ཉི་མ་ཤར་བ་དང་། བུ་མོ་སོ་ཁ་འདི་ལི་སྨན་བཞེངས་ལ་ཚ་ཚ་འཐུང་བར་བྱོན་བྱས་པ་དང་། ཡང་ཝ་མོ་དེས་གོ་སོ་རིག་གོ་ཐོས་སོ་བྱས་བརྗེད་ཀྱིས་དོགས་ནས་བུ་མོ་སོ་ཁ་འདི་ལི་སྨན་ཟེར་བཞིན་ཕྱིན། སྲིན་པོ་ཁོ་གྲོག་པོའི་ཚུར་ངོས་ན་སླེབས་ཡོང་ཅིང་བུ་མོ་སོ་ཁ་འདི་ལི་སྨན་ཟེར་བཞིན་རྩར་སླེབས། སྲིན་པོ་ཁོས་གསེར་གཡུ་མང་པོ་ཁྱེར་ཏེ་བུ་མོ་སློང་དུ་ཕྱིན། རྒན་རྒོན་གཉིས་ལ་གསེར་གཡུ་མང་པོ་བྱིན་ནས་ཁྱོད་ཀྱི་བུ་མོ་འདི་ང་ལ་སྟེར་རོགས་བྱས་པར། རྒན་རྒོན་གཉིས་ཀྱིས་རིན་གསེར་གཡུ་བྱུང་ན་དགའ་སྟེ། ཁ་སང་ནས་བུ་མོའི་མིང་ཤེས་ན་སྟེར་བྱས་པ་ཡིན་པས་མིང་མི་ཤེས་ན་མི་སྟེར་བྱས་པར། མིང་ལ་བུ་མོ་སོ་ཁ་འདི་ལི་སྨན་ཟེར་བྱས་པར། རྒན་རྒོན་གཉིས་ངོ་ནག་པོར་གྱུར་ནས་ད་ནི་མ་སྟེར་ཐབས་མེད་ཡིན་པས་ཁྱོད་གནངས་ཉིན་བསུ་བར་ཤོག་ཟེར་བས་ཁོ་གནངས་ཉིན་དེར་བསུ་བར་ཡོང་ངོ་།།
རྒན་རྒོན་གཉིས་ཀྱིས་བུ་མོ་བསུ་བར་རྟ་ཁྲིད་མི་ཡོང་བ་གང་ཡིན་བྱས་པར། ཁོས་ཁ་སང་རྟ་ཁྲིད་ཤོག་ཟེར་མཁན་ནི་མི་འདུག་བྱས་པ་དང་། རྒན་རྒོན་གཉིས་ཀྱི་བུ་མོ་རྐང་ཐང་ལ་འགྲོ་དགོས་པས་ངེད་རང་གི་རྟ་ལ་བུ་མོ་བསྐྱོན་ནས་གཏོང་རྒྱུ་ཡིན་ཟེར། བུ་མོ་ན་རེ། རྒན་རྒོན་གཉིས་ལ་བུ་མོ་གཅིག་ལས་མེད་པ་དེ་ཡང་སྲིན་པོ་ལ་སྟེར་བ་ཡིན་ནམ། མདང་གི་རྨི་ལམ་ནི་ལོག །ད་ཕ་མ་གཉིས་དང་འཕྲད་པར་དཀའ། ཕ་མའི་བཀའ་བཅག་ན་ནི་མི་འཐུས་བྱས་པ་དང་། རྒན་རྒོན་གཉིས་ཀྱི་ནན་མ་ཐེག་པར་འགྲོ་བའི་གྲབས་བྱས། དེར་ཅང་ཤེས་ཀྱི་རྟ་ལེགས་པོ་ཞིག་ཡོད་པའི་རྩར་ཕྱིན་པ་དང་། རྟ་ཕོ་ན་རེ། བུ་མོ་ཁྱོད་ད་རེས་མ་ཕྱིན་ན་ཁོས་ཟ་བ་ལས་མེད་པས། ཕྱིན་པ་དྲག །འབྲུ་རྡོག་བདུན་པོ་འདི་ཐུམ་བུ་གྱིས་ལས་སྐེ་ལ་ཐོགས། མི་དགོས་དགོས་པའི་དུས་ཤིག་ཡོང་། དེ་དུས་འབྲུ་རྡོག་བདུན་པོ་འདི་ཕྱོགས་བཞིར་སྟོར་བས་ཁྱོད་རང་ཐར་བ་ཡོད་པས་ད་རེས་རྒྱུགས་ཟེར། བུ་མོ་དེ་ཁོ་དང་མཉམ་དུ་ཕྱིན་ནོ།།
ལུང་པའི་མདའ་རུ་སླེབས་པ་དང་ཁོ་ལུག་མགོ་ཞིག་ལ་བཞོན་ཏེ། བུ་མོ་ཁྱོད་རང་ངའི་རྒྱབ་ཏུ་ཞོན་ཅིག་ཟེར་བས། མོ་མི་བཞོན་ཀ་མེད་བྱུང་ནས་བཞོན་ནོ། །ལམ་གསུམ་མདོ་ཁ་ཞིག་ཏུ་སླེབས་པ་དང་ལམ་ཁྲ་ཟི་རི་བ་ཞིག་འདུག་པ་དེར་ཞུགས་ཕྱིན་པས་ལྕགས་མཁར་དགུ་ཐོག་གནམ་ལ་རེག་པ་ཙམ་ཞིག་འདུག་པ་དེའི་ནང་ཕྱིན་པ་དང་། ཟ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདུག་པས་དེར་ཁོ་ནི་ཉིན་རེ་བཞིན་འགྲོ་དགོས་པ་དང་། ཁྱོད་ཉིན་རེ་བཞིན་འགྲོ་དགོས་ན་ང་གཅིག་པུར་སྐྱོ་བ་འདུག་བྱས་པས། ཉིན་གཅིག་ཁྱི་གུ་དང་ཟན་སྒོང་གཅིག་བཞག་གོ །སྔ་དྲོ་ཟན་སྒོང་ཁྱི་གུས་ཟོས། ཕྱི་དྲོ་ཟན་སྒོང་གིས་ཁྱི་གུ་ཟོས་སོ།།
ཉིན་གཅིག་རེའུ་གཅིག་དང་རྩྭ་ཆུན་གཅིག་བཞག་གོ །སྔ་དྲོ་རེའུས་རྩྭ་ཆུན་བཟས། དགོང་མོ་རྩྭ་ཆུན་གྱིས་རེའུ་བཟས། དེ་ནས་ཉིན་ཤས་སོང་བ་དང་། ལྡེ་མིག་ཆག་པ་གཅིག་མོ་ལ་བཞག །སྒོ་རྣམས་ཕྱེ་བ་དང་བུ་མོ་མིག་འཁྲུལ་ནས། ལ་ལར་དགུན་ཁ་ཆུ་འཁྱགས་པ་དང་། ལ་ལར་ཞིང་འདེབས་པ། ལ་ལར་ལོ་ཐོག་སེར་བས་བཅོམ་པ། ལ་ལར་བལྟས་ན་བཙས་མ་བརྔ་བ། ལ་ལར་བལྟས་ན་གཡུལ་ལས་བྱེད་པ་སོགས་སྐད་ཅིག་ཉིད་ལ་མིག་འཕྲུལ་མང་པོ་མཐོང་། སྒོ་ནག་པོ་དྲེག་པ་ཆགས་པ་ཞིག་འདུག་པ་དེ་ལྡེ་མིག་གང་གིས་ཀྱང་ཕྱེ་མི་ཐུབ་ཅིང་། སིང་པོ་ཞིག་བཏུང་ནས་གན་རྐྱལ་ཉལ་བསྡད་པས་གདུང་སྲུབ་ན་ལྡེ་མིག་གཅིག་འདུག །ལྡེ་མིག་དེ་བླངས་ནས་སྒོ་ཕྱེ་བ་དང་། དེའི་ནང་དུ་གཡས་ན་རྒན་མོ་ཞིག་སྙེས་ནས་བསྡད། གཡོན་ན་དབུགས་ཀྱི་སོར་སྒྲ་སྒྲོག་པ་མང་པོ་འདུག་པ་ལ་བལྟས་པས། རྒན་མོ་ན་རེ། རླག་མོ་བསོད་དེ་སྐམ་པོ་ཁྱོད་འདྲ་སླེབས་སམ་ཟེར། བུ་མོ་དེས་གང་ལ་ཟེར་བྱས་པ་དང་། ཁྱོད་ལས་ལྷག་པ་ངེད་ཚོས་ཀྱང་བྱས་ཟིན། རྒས་པའི་མཐའ་མའི་རོ་དེ་ཚོ་ཨེ་མཐོང་། གཞོན་དུས་ཁོ་ཡི་ཆུང་མ་བྱེད་ཅིང་། རྒས་པའི་རྗེས་སུ་ངེད་ཚོ་དང་འདྲ་ཟེར་བར། བུ་མོ་དེ་སྐྲག་ནས་རྒན་མོར་ཐབས་ཤེས་གང་ཡོད་དམ་སློབས་བྱས་པས། ཁྱོད་ལ་ད་རེས་ལྡེ་མིག་རག་འདུག་པས་བསོད་ནམས་ཆེ། ངེད་ཚོ་ལ་ལྡེ་མིག་འཇོག་གི་མེད། ད་ཁྱོད་རང་རྒན་མོ་ཕ་གིའི་སྤྱི་གཙུག་ནས་འཐེན་དང་། དེར་གསེར་གཡུའི་རྒྱན་ཆ་མང་པོ་ཡོད་པས་དེ་རྣམས་ཐོགས་ལ། རྒན་མོ་དེའི་པགས་པ་གྱོན། སྟེང་དུ་གོས་ཧྲུལ་རྣམས་གྱོན་ནས་ལུང་པའི་མདའ་མ་གི་ན་རྒྱལ་པོ་ཞིག་ཡོད་པས་དེར་ཁ་བལྟས་ནས་རྒྱུགས་ཟེར། བུ་མོ་དེས་རྒན་མོས་བཤད་པ་བཞིན་གསེར་གཡུའི་རྒྱན་རྣམས་བཏགས། རྒན་མོའི་པགས་པ་གྱོན། དེའི་སྟེང་གོས་ཧྲུལ་རྣམས་གྱོན། འཛའ་ར་ཕྲན་བུ་ཞིག་ཁྱེར་ནས་ལུང་པའི་མདར་ཕྱིན་ཏོ།།
བུ་མོ་དེ་ཕྱིན་ནས་ཡུན་རིང་མ་སོང་བར་སྲིན་པོ་དེ་ནང་དུ་སླེབས། གང་སར་ཉུལ་ཡང་བུ་མོ་དེ་མ་བརྙེད་པ་དང་། ཁོས་ལུག་མགོ་དེ་ལ་བཞོན་ནས་མོའི་རྗེས་ལ་བརྒྱུགས་སོ། །ཁོ་མོའི་རྩར་སླེབས་པ་དང་། རྒན་མོ་ཞིག་ལས་བུ་མོ་དེ་མཐོང་རྒྱུ་མེད་པས་ཁོ་ན་རེ། རྒན་མོ། བུ་མོ་གཅིག་སོང་བ་ཨེ་མཐོང་ཟེར་བར། རྒན་མོར་བརྫུས་པའི་བུ་མོ་དེས་མཐོང་མ་བྱུང་བྱས་པས། ཁོས་འབུད་རྒྱག་བརྒྱབ་པས་མོ་འགྱེལ་ལོ། །མོ་འགྱེལ་བ་དང་ཁྲོབ་ཟེར་བའི་སྒྲ་ཞིག་བྱུང་བས། ཁྱོད་ཀྱི་ཁྲོབ་ཁྲོབ་ཟེར་བ་དེ་གང་ཡིན་བྱས་པར། རྒན་གོག་རུས་པ་ཁྲོག་པ་ཡིན་པར་འདུག་བྱས་པ་དང་ཁོ་སོང་ཞིང་། དེ་ལྟར་ལན་གསུམ་འཕྲད་པའི་རྟིང་མ་བུ་མོ་དེས་ལུང་པའི་མདའི་རྒྱལ་པོ་དེའི་ཞིང་ཁའི་སྲུབ་ཏུ་ཡིབ་བསྡད། རྒྱལ་པོའི་མཁར་གྱི་སྟེང་ནས་འོང་སྲུང་བས་འོ་འབོད་བྱས་རུང་མོས་མ་ཐོས་པས་མོའི་རྩར་ཡོང་བ་དང་། རྒན་མོ་རྒས་ཤིང་འཁོགས་པ་མཁར་བ་ལ་བརྟེན་པ་ཞིག་འདུག་སྟེ་རྒན་མོ་ཁྱོད་གང་ནས་འོང་བ་ཡིན་བྱས་པ་དང་། ངེད་ཕུ་ཡ་གི་ནས་ཡོང་བ་ཡིན་ལགས། འདིར་ཡོས་རྔོ་མཁན་དང་ཆུ་ལེན་མཁན་འདྲ་དགོས་ཀྱི་ཨེ་ཡོད་ལགས་བྱས་པ་དང་། ཁྱོད་ཀྱིས་ཡོས་རྔོ་རྒྱུ་དང་ཆུ་ལེན་རྒྱུ་ཨ་འཕེར་ཟེར་བས། ལྟོགས་འཁྱགས་ཀྱིས་མ་མནར་ན་ཐུབ་ལགས་བྱས་པ་དང་། ཁྱོད་ཀྱིས་ཐུབ་ན་དགོས་མཁན་ཡོད་འགྲོ་ཟེར་ཁྲིད་དོ།།
ནང་དུ་སླེབས་པ་དང་། བུ་མོ་ཆུ་ལེན་ཐལ་ཕྱགས་བྱེད་དུ་བཅུག །ཉིན་གཅིག་མོ་ཆུ་ལེན་པར་འགྲོ་དུས་ཆུ་ཁར་པགས་པ་ཕུད་ནས་ཁྲུས་རྒྱག་པའི་སྐབས་སུ་རྟ་རྫི་བ་ཞིག་གིས་རྟ་ཆུ་སྟེར་བར་ཡོང་བ་དང་ཐུག །ཁོས་བུ་མོ་མཚར་སྡུག་ལྡན་པ་གསེར་གཡུའི་རྒྱན་གྱིས་སྤྲས་པ་ཞིག་ཡོད་པ་མཐོང་སྟེ་ཁོ་མགྱོགས་པར་རྒྱུགས་ཏེ་རྒྱལ་པོའི་མདུན་དུ་ཕྱིན་ནས་གནས་ཚུལ་ཇི་བཞིན་ཞུས་པ་དང་། རྒྱལ་པོས་བུ་མོ་དེ་ཚུར་བོས་ཤོག །རང་རེ་དཔོན་གཡོག་ཚོ་མོའི་རྫུན་རྟོགས་ཚོ་དབྲལ་ཤིག་གསུངས། མོ་ནང་དུ་སླེབས་པ་དང་། རྟ་རྫི་དང་གཡོག་མོ་གཅིག་གཉིས་ཀྱིས་ཀུ་རེ་ལ་བརྙས་ནས་རྒན་མོ་དེ་ཕར་འཐེན་ཚུར་འཐེན་བྱས་པས། དེར་མོའི་པགས་པ་དང་གོས་ཧྲུལ་རྣམས་ཐེར་ཐོར་དགུ་ཐོར་དུ་ཕྱིན། དེར་རྒྱལ་པོ་ཕེབས་དུས་མཚར་སྡུག་འོད་ཆགས་པ་ཞིག་འདུག་པ་མཐོང་། རྒྱལ་པོས་བུ་མོ་ཁྱོད་རྫུས་རྟགས་བྱེད་པ་ཅི་ཡིན་གསུངས་པས། བུ་མོས་སྔོན་གྱི་ལོ་རྒྱུས་རྣམས་ཞུས། ངའི་པགས་པ་དེ་ཞག་གཉིས་མ་དབྲལ་ན་ཡོང་བ་ཡོད་ཞུས་པས། རྒྱལ་པོ་ན་རེ། བུ་མོ་ཁྱོད་ངའི་ནང་དུ་བསྡད་ཕྱིན་ལུང་པའི་ཕུའི་སྲིན་པོ་དེས་ཅང་གནོད་མི་ཡོང་ཟེར་རོ། །གནོད་འཚེ་བྱེད་མི་ཐུབ་ན་གོ་ཆོད་ལགས་ཟེར་རོ། །དེ་ནས་བུ་མོ་དེ་རྒྱལ་པོའི་ཇོ་མོ་བྱས་སོ།།
དུས་ཚོད་འགའ་ཞིག་སོང་བ་དང་བུ་མོ་དེ་ལ་གཟུགས་པོ་འཁོར་རོ། །ཕྲུ་གུ་མ་སྐྱེས་ཙམ་ལ་རྒྱལ་པོ་ཆེན་པོ་དཔོན་གཡོག་དང་བཅས་པ་ཚོང་སྐོར་ལ་བྱོན་ནོ། །རྒྱལ་པོ་བྱོན་པའི་རིལ་བུ་ལུས་སྟོད་གསེར་ལ་བྱས་པ། ལུས་སྨད་གཡུ་ལ་བྱས་པ། སྤྱན་མིག་ཁྲ་བོ་གཟི་ལ་བྱས་པ་ཞིག་སྐྱེས་སོ། །དེར་བློན་འབངས་རྣམས་ཤིན་ཏུ་དགའ་ནས་རྒྱལ་པོ་ལ་ཞུ་བར་བཏང་། རང་རེའི་བཙུན་མོ་འདི་ལ་བུ་ལུས་སྟོད་སེར་པོ་གསེར་ལ་བྱས་པ། ལུས་སྨད་སྔོན་པོ་གཡུ་ལ་བྱས་པ། སྐེད་པ་དཀར་པོ་དུང་ལ་བྱས་པ། སྤྱན་མིག་ཁྲ་བོ་གཟི་ལ་བྱས་པའི་སྲས་ཁྱད་འཕགས་ཤིག་འཁྲུངས་བྱུང་བས་མགྱོགས་པར་ཕེབས་པ་ཞུ་ཟེར་བའི་བང་ཆེན་བཏང་ནས་ཞུ་ཐོ་བསྐུར་རོ། །བང་ཆེན་དེ་ལ་ཆེན་པོ་ཞིག་འཇགས་ཕྱིན་པ་དང་ལ་རྩེ་ན་སྲིན་པོ་དེ་ཡོ་ག་ཡོག་གིན་བསྡད་འདུག་སྟེ་ཁོས་ཁྱེད་བྱོན་པ་ལགས་སམ་ཟེར། འོ་ལགས་སོ་སྐུ་ཁམས་བདེ་འམ་བྱས་པས། ཁྱེད་གང་དུ་འགྲོ་མཁན་ཡིན་ཟེར། ངེད་ཀྱི་དཔོན་མོ་སོ་ཁ་འདི་ལི་སྨན་ལ་སྲས་ཁྱད་འཕགས་ཤིག་འཁྲུངས་བྱུང་བས་ངེད་རྒྱལ་པོ་ལ་ཞུ་བར་འགྲོ་བ་ཡིན་བྱས་པས། ཁྱོད་ལྟོགས་ཡོད་འགྲོ། འདིར་ཏོག་ཙམ་སྡོད་ལ་ལྟོ་བགྲངས་ངོམས་ཤིག་ཟོ་ཟེར་ནས་བང་ཆེན་ལ་གྲོ་ཞིག་སྦྱིན། གྲོ་ཟ་བའི་རིང་ལ་རྒྱལ་པོར་འབུལ་རྒྱུའི་ཡི་གེ་དེར་སྲིན་པོས་བཟོ་བཅོས་བརྒྱབ་དོན་དུ། རྒྱལ་པོའི་དྲུང་དུ་ངེད་འཁོར་རྣམས་ཀྱིས་ཞུ་བར། རང་རེའི་བཙུན་མོ་འདི་ལ་ལུས་སྟོད་བུ་མོའི་གཟུགས་ལ་སྤྲེའུའི་མགོ་ཡོད་པའི་ལྟས་ངན་ཞིག་སྐྱེས་བྱུང་བ་འདི་གང་འདྲ་བྱེད་རྒྱུ་ཡིན་ཟེར་བ་བྲིས་སོ། །དེར་བང་ཆེན་དེ་ཕྱིན་ནས་རྒྱལ་པོའི་སྤྱན་སྔར་ཡི་གེ་ཕུལ་བ་དང་། རྒྱལ་པོས་ཡིག་ལན་མཛད་དོན། རང་རེའི་བློན་འབངས་རྣམས་ལ་སྤྲིངས་པ། ངེད་རང་གི་བུ་མོ་དེ་ལ་ཕྲུ་གུ་གང་སྐྱེས་ཀྱང་ང་རང་གི་ཡིན་པས་ང་རང་མ་སླེབས་བར་ལ་རང་སོར་ཞོག་ཟེར་བ་བྲིས། བང་ཆེན་དེ་ཚུར་ལོག་ཡོང་དུས་ཁ་སང་གི་སྲིན་པོ་དེ་ལ་ཁར་ཡོད་ཅིང་། ཁོས་ཁྱོད་ལྟོགས་ཡོད་འགྲོ་ཟེར་ནས་ལྟོ་སྐོམ་བྱིན། ལྟོ་ཟ་བའི་བར་ལ་ཁོས་ཡི་གེར་བཅོས་བརྒྱབ་རང་རེའི་སྐྱེས་པ་རྣམས་ཀྱིས་གོ་མཚོན་ཐོགས། བུ་མོ་རྣམས་ཀྱིས་བཙག་ཐལ་ཁྱེར་ནས་བུ་མོ་མ་སྨད་གཉིས་ཕྱིར་ཕུད་དེ་ང་མ་སླེབས་གོང་ལ་མེད་པར་གྱིས་ཟེར་བ་ཁོ་ལ་བསྐུར་རོ།།
དེར་ཁོ་ཡུལ་དུ་སླེབས་པ་དང་། རང་རེའི་རྒྱལ་པོའི་ཡི་གེའི་ནང་བུ་མོ་མ་སྨད་ཐོན་ཟེར་བ་འདུག་པས་མངའ་འོག་རྣམས་མ་དགའ། འོན་ཀྱང་རྒྱལ་པོའི་བཀའ་བཅོག་ཐབས་མེད་པས་བུ་མོ་མ་སྨད་གཉིས་བོང་བུ་ག་དམར་ཞིག་ལ་བསྐྱོན་ནས་ལུང་པའི་མི་རྣམས་ཀྱིས་ལ་གཤམ་དེར་བསྐྱལ་ལོ། །བུ་མོ་དེ་ལ་ཁར་སླེབས་དུས་སྲིན་པོ་ཁོ་ཡང་དེར་སླེབས་འདུག །འོ་བུ་མོ་ཁྱོད་འོང་ངམ་ཟེར། བུ་མོས་ཡོང་ལགས་བྱས་པས། ཕྲུ་གུ་དེ་ག་ན་ཡོད་སྟོན་དང་ཟེར་བར། བུ་མོས་ཕྲུ་གུ་རུམ་ནས་བཏོན་པས་སྔར་འདི་འདྲ་བ་ཟ་མ་མྱོང་ཟེར་ཁྱུར་མིད་བཏང་ངོ་། །བུ་མོ་ཁྱོད་ལྟོགས་ཀྱི་ཡོད་འགྲོ་ཟེར་ཟས་གྲོད་པ་བགྲངས་ངོམས་ཤིག་བྱིན། དེར་བུ་མོ་ལ་སྲིན་པོས་སྨྲས་པ། བུ་མོ། རོ་སྟོད་གསེར་ལ་བྱས་པ་འདི་ངའི་གསེར་ཁྱེར་བས་བྱུང་། རོ་སྨད་གཡུ་ལ་བྱས་པ་དེ་ངའི་གཡུ་ཚོ་ཁྱེར་བས་བྱུང་། སྐེད་པ་དུང་ལ་བྱས་པ་དེ་ང་ཁྱོད་ལ་སེམས་དཀར་བས་བྱུང་བ་ཡིན། སྨིན་མ་གཟི་ལས་བྱས་པ་དེ་ངས་ཁྱོད་གང་དུ་འདུག་བལྟས་པས་བྱུང་བ་ཡིན། ད་ཁྱོད་ཟ་རྒྱུ་ཡིན་ཏེ་སྔོན་ལ་ངའི་མགོ་ལ་སྲོ་མ་ཞིག་བསྒྲུགས་དང་སྙིང་རེ་རྗེ་ཟེར། མོས་ཁོའི་མགོ་ལ་སྲོ་མ་སྒྲུག་དུས་བུ་མོའི་བསམ་བློ་ལ། ང་ལ་འདི་ལས་ཁག་པ་དང་སྡུག་པ་མི་ཡོང་བསམས་སྐེ་ནས་འབྲུ་འདུན་པོ་དེ་སྟོར་ནས་ངའི་ཅང་ཤེས་ཀྱི་རྟ་བྱས་པ་དང་རྟ་ཀྲོང་ངེར་སླེབས་བྱུང་སྟེ། ཁོའི་མགོའི་འོག་ཏུ་ག་ལེར་སྟེང་གོས་ཤིག་བཞག་སྟེ་རྟ་དེ་ལ་བཞོན་ནས་བྲོས་སོ།།
སྲིན་པོ་དེས་ནང་ནས་རྟ་ལེན་དུ་འགྲོ་ཤུལ་ལ་ཁོང་མི་རྟ་གཉིས་མིག་གིས་མཐོང་སར་མེད་པར་གྱུར། བུ་མོ་དེ་སྔར་མིག་གིས་མ་མཐོང་བའི་ས་སྟོང་རྒྱང་རིང་པོ་ཞིག་ཏུ་སླེབས་པ་དང་རྟ་དེ་ཤིའོ། །དེར་མོས་སེམས་སྐྱོ་ནས་ངུས་པས། ཁ་བ་བུ་ཡུག་འཚུབ་བྱུང་སྟེ། རྟ་དེས་བུ་མོར་སྨྲས་པ། བུ་མོ་མ་ངུ་ཞིག་ངུས་ན་འཁྱགས་རིར་འཆི། ངའི་ཁ་ལ་ཉོན་དང་ད་ཁྱོད་སྐྱིད་པོ་ཡོང་བ་ཡོད། ད་ཁྱོད་རང་ངའི་རོ་འདིའི་པགས་པ་ཧེ་ཧེ་ཟེར་བཤུས་ན་ཉི་མ་དྲོན་པོ་ཡོང་ངོ་། །པགས་པ་འདི་བཤུས་ནས་ཐང་བཞི་ལ་ཁྲོམས། ཀླད་པ་འདི་བཏོན་ནས་བྲག་ཡ་གིའི་མགོ་ལ་སྤུངས། སྤུ་རྣམས་ཐོགས་ལས་རི་ལྡེབས་ལ་སྟོར། མགོ་བོ་པགས་པའི་དཀྱིལ་དུ་ཞོག །སྙིང་དང་མཁལ་མ་གཉིས་པོ་མགོ་བོའི་རྩར་ཞོག །སུག་རྡོག་བཞི་པོ་པགས་པའི་ཟུར་བཞིར་སློང་། རྒྱུ་མ་རྣམས་ཀྱིས་པགས་པའི་མཐའ་བསྐོར་ཏེ། མིག་གཉིས་པོ་པགས་པའི་ཁུག་ཏུ་ཞོག །གློ་སྙིང་ཐམས་ཅད་ནང་དུ་ཞོག་ཟེར་རོ།།
ཡང་བུ་མོས་ངུས་པས་ཁ་ཆར་བབས། ངུ་འཕྲོ་ལ་ཧ་ཧ་ཟེར་པགས་པ་བཤུས་པས་ཉི་མ་དྲོ་པོ་བྱུང་ངོ་། །རྟས་གང་ཟེར་བ་དེ་བཞིན་བྱས། བུ་མོ་དེ་ཐང་ཆད་ནས་གཉིད་ལ་སོང་བ་དང་། དར་ཅིག་ནས་གཉིད་སད་ལ་མ་སད་ཀྱི་སྐབས་སུ་ཁྱི་སྐད་ཅིག་གོ་བྱུང་བས་ཧད་དེ་ལངས་ནས་བལྟ་དུས་ལུང་པ་དེའི་ཕུ་ན་གངས་རི་ཆགས་ཤིང་ཆུ་འབབ་པ། མདའ་ན་གཤོངས་ཞིང་ཡོད་པ། བར་ན་རྩྭ་ཁ་གཡུའི་གཞོང་པ་འདྲ་བ་ཞིག་ཡོད་པ། མཁར་ཁྲུ་གང་གནམ་ལ་རེག་པ་ཁྲུ་གང་ས་ལ་མ་རེག་པ་ཞིག་ཡོད་པ་དེའི་མཐའ་ལ་ལྕགས་རི་ཡོད་པ། ཕྱོགས་བཞི་ན་ལྕོག་བཞི་ཡོད་པ། དེའི་ནང་དུ་ཕྱིན་པ་དང་མི་མང་པོ་ཡོད་ཅིང་། ཚང་མས་དཔོན་མོ་ལགས་ཕྱག་ཕེབས་ཟེར་གྱི་འདུག་གོ །མོ་ཡན་རྣམས་ནི་གློ་བའི་ཡོན་ཏན་ཡིན་པར་འདུག །དཀྱིལ་གྱི་སྤེལ་དེ་མགོ་ལ་བྱུང་ཞིང་ཁྱི་གཉིས་མཁལ་མ་ལས་བྱུང་བ་ཡིན་པར་འདུག །སྒོ་དེའི་གདོང་ན་སྔར་གྱི་རྟ་དེ་ལས་གཞོན་པ་ཞིག་འདུག་པས་དེ་ནི་སྙིང་གི་ཡོན་ཏན་ཡིན་པར་འདུག །གྲོང་ཁྱེར་དེའི་འཛོམས་གཉིས་ན་ཆུ་མིག་རེ་རེ་འདུག་པ་དེ་མིག་གི་ཡོན་ཏན་ལས་བྱུང་བ་ཡིན་པར་འདུག །གློ་མཆིན་གཉིས་ལ་ཤ་མར་གྱི་རྩིག་པ་རི་རབ་ཙམ་རེ་ནང་ན་འདུག་པ་ཡིན་པར་གདའ། མཁྲིས་པ་ནང་དུ་ཡོད་པའི་སྟོབས་ཀྱིས་གསེར་གཡུ་ལ་སོགས་ནོར་ཁྱད་འཕགས་སྣ་ཚོགས་འདུག །གྲོད་པ་ཐང་ལ་བཀྲམས་པས་ནིའུ་གསིང་གཡུ་གཞོང་ལྟ་བུ་བྱུང་བ་ཡིན་པར་འདུག །ཀླད་པ་ཕུ་རུ་ཆགས་པས་གངས་རི་ཀ་བ་བཙུགས་པ་འདྲ་བ་བྱུང་བ་ཡིན་པར་འདུག །སྤུ་རྣམས་རི་ལ་བསྟོར་བས་རྩི་ཤིང་གང་དགོས་བྱུང་བ་ཡིན་པར་འདུག །བུ་མོ་དེས་དཔོན་མོ་བྱས། བདེ་ཞིང་སྐྱིད་པའི་འཚོ་བ་བསྐྱལ་ནས་ལོ་གཅིག་སོང་བ་དང་། བུ་མོ་དེའི་ཁྱོ་བོ་རྒྱལ་པོ་དེས་འཚོལ་བར་ཡོང་། བུ་མོ་དེ་ཉིན་གཅིག་ཕོ་བྲང་གི་རྩེར་བསྐོར་བར་ཕྱིན། ཕོ་བྲང་མདུན་གྱི་ལམ་ནས་སྔར་མི་ཡོང་བའི་རྟ་པ་མང་རབ་ཅིག་བྱུང་བར། བུ་མོས་ལྟ་ཞིབ་ལེགས་པར་བྱས་པས་སྔར་གྱི་རྒྱལ་པོ་དེ་ཡིན་པ་ངོ་ཤེས་ནས་སྐས་རིང་རྣམས་ལས་བབས། སྐས་ཐུང་རྣམས་ལས་མཆོངས་བཞིན་ཕྱིན་པས་རྒྱལ་པོ་རྟ་ནས་བབས་པ་དང་བུ་མོ་སླེབས་པ་འདུག །དགའ་ཚོར་དཔག་མེད་སྐྱེས་ཏེ་རྒྱལ་པོ་ལ་འཆང་ནས་ངུས་སོ། །རྒྱལ་པོས་ཀྱང་བུ་མོ་ལ་འཆང་ནས་མཆི་མ་ལྷུང་། དེར་གོང་གི་ཚུལ་རྣམས་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་ན་རེ། ཁྱོད་བདེན་པར་འདུག །ངས་དེ་འདྲ་ག་ནས་བྱེད་གསུངས་སོ། །བློན་པོ་ན་རེ། དེ་རྣམས་བར་གྱི་མིས་གོ་མ་ཆོད་པ་ཡིན་པར་འདུག །དཔོན་མོ་ཁྱོད་བདེན་ཟེར། དེར་མོས་རྒྱལ་བློན་རྣམས་ནང་དུ་གདན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་པ་དང་། རྒྱལ་པོ་ན་རེ། འདི་བུ་མོའི་ཕ་མིང་ཡིན་ནམ་གསུངས་པས། ཕ་མ་དང་འཕྲད་པའི་བསོད་ནམས་ཅན་ནི་ང་མིན་པར་འདུག །བདག་ལ་ཅང་ཤེས་ཀྱི་རྟ་ཕོ་ཞིག་ཡོད་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ཞུས་པ་དང་། ངེད་ཀྱི་ཁྱིམ་དུ་ཡོང་དུས་རྟ་མེད་པར་གང་ནས་བྱུང་གསུངས་པ་དང་གོང་གི་ལོ་རྒྱུས་རྣམས་རྒྱལ་པོ་ལ་ཞིབ་པར་ཞུས་པས་རྒྱལ་པོ་ཤིན་ཏུ་མཉེས་སོ།།
ཅང་ཤེས་ཀྱི་རྟ་དེ་ཕ་མ་ལས་བཀའ་དྲིན་ཆེ་བ་ཞིག་བྱུང་འདུག་གསུངས་ཏེ། དེར་རྒྱལ་སྲིད་ཕན་ཚུན་གཉིས་རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་ཁྱད་མེད་དུ་བསྐྱངས། རྒྱལ་འབངས་རྣམས་ཀྱང་སྔར་ལས་དར་ཞིང་རྒྱས་པ་ཞིག་བྱུང་བ་ཡིན་པར་གདའ་བྱས་པ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོའི་ཁ་ནས་རྟ་དེ་བུ་མོ་དེ་ལ་བཀའ་དྲིན་ཆེ་བ་ལ་ཟེར་ཤོར་བས། རོ་ན་རེ། རོ་ལ་གཏམ་ལན་བྱ་ཁྲ་ཧུར་ཟེར་རོ་དེ་ཤོར་སོང་ངོ་། །རྒྱལ་བུའི་བསམ་པ་ལ་བླ་མའི་ཞལ་ནས་རོ་ཁོས་ཅི་ཟེར་ཡང་ཁྱོད་རང་གཏམ་ལན་ཚིག་གཅིག་ཀྱང་མ་འཇལ་གསུང་གི་འདུག་པ་ཡིན་ཏེ་ང་སེམས་ཡེངས་པས་གཏམ་ཞིག་ཤོར། རོ་མེད་པར་ལོག་ཡོང་བ་ལ་ཕན་ཐོགས་མེད་པས་རོ་དེ་ལེན་དུ་འགྲོ་དགོས་བསམས་ནས་ཡང་དུར་ཁྲོད་དེར་ཕྱིན་ཏེ། རོ་ཧ་ལ་ཟོར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་ཏོག་མས་བརྡུངས།། །།

 

ལེའུ་བཅུ་གཅིག་པ།
སྲིན་མོས་བུ་མོ་བསླུས་ནས་རང་གི་ཨ་མ་བསད། ཨ་མས་རང་གི་བུ་མོ་བློས་མ་ཐོང་བར་

སྲིན་མོ་མ་སྨད་ལ་ངན་ལན་འཇལ་ཏེ་བུ་མོ་དེ་རྒྱལ་པོའི་ཇོ་མོར་གྱུར་པ།

ཡང་ཤིང་སྡོང་དེ་ལ་གྲི་ཚག་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད། བྱས་པས་རོ་དེ་བབས་བྱུང་སྟེ་དྲ་བར་བརྫངས། ཞགས་པས་བསྡམས་ནས་ཁུར་ཡོང་སྟེ་གོམ་པ་བཅུ་ཙམ་སླེབས་པ་དང་། རྒྱལ་བུ་རྒྱལ་བུ། ཡང་ན་རྒྱལ་བུས་སྒྲུང་ཞིག་ཤོད། ཡང་ན་ངས་སྒྲུང་ཞིག་བཤད་ཀྱིས་ཟེར་བས། རྒྱལ་བུས་རྒྱུས་ཡོད་བསམས་ནས་ཁ་རོག་ཡོང་བས་རྒྱལ་བུ་ཁྱེད་ལ་ནི་གོ་ཚོར་མི་འདུག །ཚུར་ལ་ནི་གཏོང་རྒྱུ་མི་འདུག་ངས་བཤད་ཀྱིས་ཉོན་ཨང་ཟེར།
ལུང་པ་ཞིག་གི་མདའ་ན་རྒྱལ་པོ་ཞིག་ཡོད་པར་འདུག །ལུང་པ་དེའི་ཕུ་ན་རྒན་མོ་མ་སྨད་གཉིས་ཡོད་ཅིང་། དེའི་ཁྱིམ་མཚེས་ལ་སྲིན་མོ་མ་སྨད་གཉིས་ཡོད་པར་འདུག །ཉིན་གཅིག་རྒན་མོའི་བུ་མོ་དེས་སྲིན་མོ་ལ་མེ་སློང་དུ་ཕྱིན། བུ་མོ་དེར་སྲིན་མོ་མ་སྨད་གཉིས་ཀྱིས་མིའི་རྣ་ཅོག་ཉུང་སྲེག་བཞིན་བཟོས་ནས་བྱིན། བུ་མོས་ཉུང་སྲེག་གི་ཞིམ་པ་ལ་བྱས་པར། ཁྱེད་རང་ངེད་ཀྱི་མཉམ་དུ་ཨེ་ཡོང་ཟེར། ང་ཡོང་འདོད་འདུག་སྟེ་ཨ་མས་མི་གཏོང་བྱས་པར། སྲིན་མོ་ན་རེ། ཁྱོད་ཀྱི་ཨ་མ་བསད་ནས་ཡོང་ན་མི་འགྲིག་གམ་ཟེར། བུ་མོ་ན་རེ། གསོད་ལུགས་གང་འདྲ་དགའ་ཟེར། སྲིན་མོས། ཁྱོད་རང་ནང་དུ་ལོག་ནས་ན་རྫུ་ཞིག་ཐོབ་དང་། བུ་མོའི་ནད་ལ་ཐབས་གང་དྲག་ཟེར་ཡོང་། ངའི་ན་ཚར་ཐབས་ཡོད་རུང་ཨ་མས་བྱེད་དོགས་མེད་ཟེར་ལན་ཐོབ་ཅིག །ཐབས་ཡོད་ན་ལོས་བྱེད་ཟེར་བྱུང་ན། རང་ཐག་ངས་བཟུང་། ཨ་མའི་ནུ་མས་རྡོ་ཕྱེ་ཕྱགས་ན་ཕན་གྱིས། ཨ་མས་དེ་འདྲ་བྱས་ན་བུ་མོ་རང་གིས་རང་ཐག་ཐོང་ཟེར་བ་ལྟར་བུ་མོས་རང་ཐག་བཏང་བས་ཨ་མའི་བུ་མ་ཆད་དེ་ཤིའོ།།
བུ་མོས་སྲིན་མོ་མ་སྨད་ལ་མགྱོགས་པར་ཤོག །ངས་ཨ་མ་བསད་ཡོད་བྱས་པས་སྲིན་མོ་མ་སྨད་གཉིས་དེར་ཡོང་སྟེ། ཨ་མ་དེའི་ཤ་ཟོས། རུས་པ་མུར། ཁོང་མ་སྨད་གཉིས་ཀྱི་ཤ་མར་རྣམས་ཀྱང་སྲིན་མོ་མ་སྨད་གཉིས་ཀྱིས་ཁུར། བུ་མོ་དེར་སྦང་ཟན་བྱིན། སྲིན་མོ་མ་སྨད་གཉིས་ཀྱི་ཤིང་འཐུ་བ་དང་བ་གླང་འཚོ་མཁན་བྱེད་དུ་བཅུག །བུ་མོ་དེའི་གོས་ལྷམ་ལེགས་པ་རྣམས་སྲིན་མོའི་བུ་མོས་གྱོན། སྲིན་མོའི་བུ་མོའི་གོས་ལྷམ་ཧྲུལ་པོ་རྣམས་བུ་མོ་དེར་གཡོགས། བུ་མོ་དེ་བ་རྫིར་འགྲོ་དུས་བ་གླང་གྲོད་པ་བགྲངས་པའི་ཐོག་ཤིང་ཁུར་པོ་ཆེན་པོ་རེ་ཉིན་ལྟར་ལོན་པ་བྱེད་དགོས་ཀྱི་ཡོད། བུ་མོ་དེ་སྡུག་ཅིང་ཉམ་ཐག་ཏུ་གྱུར་ནས་ཨ་མ་དེས་བུ་མོ་བློས་མ་ཕོད་པར་སྲིན་མོའི་བ་ཞིག་ཏུ་ལུས་བླངས། དེ་ནི་བཞོས་ཚད་ཞོར་འགྲོ་བ། དཀྲོགས་ཚད་མར་དུ་འགྲོ་བ་ཞིག་ཡོད་པར་འདུག།
ཞག་འགའ་ཞིག་སོང་བ་དང་དེས་བུ་མོར་སྨྲས་པ། བུ་མོ་སྐྱིད་བཞག་སྡུག་ཉོ་མ། ཐུ་བ་གཟེད་ལ་གཉིད་ཉོལ་ཟེར། དེར་བུ་མོས་ཐུ་བ་གཟེད་གཉིད་ཉལ་བསྡད་པས་ཉི་མ་དགོང་མོར་སོང་འདུག །ཧར་དེ་ལངས་ནས་བལྟས་པས། ཤིང་ཁུར་གཅིག་ཀྱང་བསྒྲུབས་འདུག་ལ། ཐུ་བ་ན་ལྟོགས་ཟན་ཆེན་པོ་ཞིག་ཀྱང་དྲངས་འདུག །བ་གླང་ཚོ་ཡང་སྔར་ལས་གྲོད་པ་བགྲངས་པ་བྱུང་སྐྱུག་ལྡད་ཡམ་མེར་ཉལ། དེ་ལྟར་བུ་མོ་དེ་སྐྱིད་པོ་བྱུང་ནས་ལུས་སྟོབས་ཀྱང་འཕེལ། དུས་ནམ་ཞིག་སོང་བ་དང་། སྲིན་མོའི་སེམས་ལ། ངའི་བུ་མོ་ཤ་མར་བུ་རམ་བཟའ་མཁན་དེ་ལས་མོ་སྦང་ཟན་བཟའ་མཁན་ཤ་སྐྲག་ཆེ་བ་ཡོང་དོན་གང་ཡིན་འདྲི་དགོས་བསམས་ནས་བུ་མོ་དེར། ཁྱོད་སྦང་ཟན་ཟོས་ནས་སྐྲག་མདངས་འདི་འདྲ་ཡོང་དོན་གང་ཡིན་དྲིས་པར། བུ་མོ་དེའི་བསམ་པ་ལ། དྲང་པོ་མ་བཤད་ན་བསད་ཀྱི་དོགས་ནས། རང་རེའི་བ་དམར་མོ་འདིས། བུ་མོ་སྐྱིད་བཞག་སྡུག་ཉོ་མ། ཐུ་བ་གཟེད་ནས་གཉིད་ལོག་ཟེར་གྱི་འདུག །ཐུ་བ་གཟེད་ནས་གཉིད་ཉལ་བས་ང་ལ་ཟན་ཡང་སྟེར། བལ་ཡང་མོ་རང་གིས་བཀལ། ཤིང་ཡང་མོ་རང་གིས་སྒྲུག །བ་གླང་ཡང་མོ་རང་གིས་འཚོ་བར་ཡོང་གི་འདུག །ང་སྐྱིད་པོ་བྱུང་བ་དེ་དག་གིས་ཡིན་བྱས་པ་དང་། སྲིན་མོས་ཁྱོད་ཁ་སང་ནས་མི་ཟེར་བ། སང་ནས་ངའི་བུ་མོ་བ་གླང་འཚོ་བར་གཏོང་། སྤྲང་མོ་ཁྱོད་ཚོད་ཟིན་ཟེར། དེ་འདི་སང་དེ་མོ་རང་གི་བུ་མོ་བ་གླང་འཚོ་བར་བཏང་བས། བུ་མོ་སྐྱིད་བཞག་སྡུག་ཉི་མ། ཐུ་བ་ཐིངས་ལས་གཉིད་ཉོལ་སྡོད་ཅིག་ཟེར་རོ།།
བུ་མོ་དེ་ཉལ་བའི་སྒང་དུ་ལྕི་བ་བཏང་། བལ་རྣམས་ཤིང་གི་མགོ་ལ་བསྐོན། བ་གླང་རྣམས་ལུང་ཤུར་རེ་རེ་ལ་ཁ་བཀྲམས། བུ་མོ་དེ་ས་རབ་བེ་རིབ་བེར་གཞི་ནས་ལོག་ཐུབ་ཙམ་བྱུང་སྟེ། བུ་མོ་དེ་འདྲ་འགོར་བ་ཅི་ཡིན་བྱས་པར། བུ་མོས་ཨ་མ་ལ་སྨྲས་པ། བ་དེས། བུ་མོ་སྐྱིད་བཞག་སྡུག་ཉོ་མ། ཐུ་བ་ཐིངས་ལས་གཉིད་ཉོལ་ཟེར་གྱི་འདུག་པ་དང་། ཐུ་བ་བཏིང་གཉིད་ལོག་པ་ཡིན་རུང་། ཐུ་བའི་ནང་དུ་ལྕི་བ་རློན་པ་ཆེན་པོ་གཅིག་བཏང་། བལ་རྣམས་ཤིང་རྩེ་ལ་བསྐོན། བ་གླང་རྣམས་ལུང་ཤུར་རེ་རེ་ལ་ཁ་བཀྲམས་འདུག །སྤྲང་མོ་མོའི་ཨ་མ་དེ་བ་རུ་སྐྱེས་པ་ཡིན་འདུག་པས་གསོད་ཟེར། བུ་མོས་འོག་ཏུ་ཕྱིན་པས། བ་དེས་མོ་རང་གི་བུ་མོ་ལ་སྨྲས་པ། བུ་མོ་སྐྱིད་བཞག་སྡུག་ཉོ་མ། ད་ང་གསོད་པར་འདུག །ང་བསད་ཚར་བ་དང་བུ་མོ་ཁྱོད་རའི་ཨ་མ་བསད་པའི་ཤ་སྐལ་གང་དགོས་ཟེར་ཡོང་། སུག་པོ་བཞི་པོཐུགས་ལ་ཐོགས་ཤིག །བརླ་བཞི་ནས་པགས་པ་ཚལ་པ་རེ་ལོན་པར་གྱིས། རྒྱུ་མ་དུམ་པ་གཅིག་ལེན། དེ་མིན་ཤ་སྣ་གང་གནང་རུང་ཨ་མ་རང་གིས་མཁྱེན་ཟེར་ནས་མོས་བྱིན་པ་རྣམས་པགས་པའི་ཁུག་ཏུ་ཆུག་ལ་ཐེམ་པའི་འོག་ཏུ་སྦོས་ཤིག་ཟེར་བ་བསླབས་སོ།།
དེར་བ་དེ་སྲིན་མོས་བསད། བུ་མོ་ཁྱོད་ཀྱི་ཨ་མའི་ཤ་སྐལ་ཅི་འདྲ་དགོས་ཟེར་དྲིས་བྱུང་བ་དང་། མོས་སྔར་བསླབས་པ་བཞིན་བླངས་ནས་ཐེམ་པའི་འོག་ཏུ་པགས་པའི་ནང་བསྒྲིལ་ནས་མ་མཐོང་བར་སྦས་སོ། །ནམ་ཞིག་སོང་བ་དང་། ལུང་པའི་མདའ་ན་ལྟད་མོ་དང་ལྟོན་མོ་ཆེན་པོ་འདུག་ཟེར་ཐོས་འཕྲལ་སྲིན་མོ་མ་སྨད་གཉིས་ཀྱིས་རྒྱན་གོས་རྣམས་གྱོན། ནས་རྫ་མ་གང་དང་ཡུང་དཀར་རྫ་མ་གང་བསྲེས་ནས་འདི་དེ་རིང་ཕྱེ་ཚར་བ་མ་བྱུང་ན་འཆི་བའི་གྲབས་གྱིས་ཟེར་ནས་ཁོང་གཉིས་སོང་། དུམ་པ་གཅིག་ནས་ཕུག་རོན་གཅིག་བྱུང་སྟེ། བུ་མོ་སྐྱིད་བཞག་སྡུག་ཉོ་མ། ཁ་སང་ཐེམ་པའི་འོག་ཏུ་སྦས་པ་ཐོན་ལ་གོས་ལྷམ་སྐེ་རགས་རྣམས་ཆིངས། གསེར་གཡུ་རྣམས་ཐོགས་ལ་ལྟད་མོ་ལ་རྒྱུགས་ཤིག་ཟེར། དེར་བུ་མོས་འདོན་དུ་ཕྱིན་པས། པགས་པ་དེ་གོས་སུ་སོང་འདུག །སུག་རྡོག་བཞི་པོ་ལྷམ་ཆ་རེར་སོང་འདུག །རྒྱུ་མ་དེ་སྐེ་རགས་ལ་སོང་འདུག །ཤ་སྣ་ཧྲག་ཧྲུག་རྣམས་གསེར་གཡུར་སོང་འདུག །དེར་བུ་མོས་གོས་ལྷམ་རྣམས་གྱོན་ནས་སྐེ་རགས་བཅིངས། གོས་ལྷམ་རྙིང་པ་རྣམས་སྦས། གསེར་གཡུ་རྣམས་བཏགས་ནས་སྟེང་དུ་ཕྱིན་ཏེ་ཕུག་རོན་ལ་སྨྲས་པ། རྒྱན་ཆ་ལུགས་དག་ལེགས་ཏེ་ཡུང་དཀར་རྫ་མ་གང་པོ་དང་ནས་རྫ་མ་གང་པོ་ཕྱེ་མ་ཚར་ན་ངས་ཕྱེ་ཡི་ཁྱོད་ལྟད་མོ་ལ་རྒྱུགས། སྔ་ཙམ་ལོག་ཤོག་ཟེར། བུ་མོ་ལྟད་མོ་བལྟ་བར་ཕྱིན་ནོ།།
དེར་བུ་མོས་ཁྲོམ་ལ་གཡས་སྐོར་ཞིག་བྱས་པས་སྲིན་མོ་མ་སྨད་གཉིས་ཁམ་ཟན་སློང་བ་མཐོང་། གཡོན་སྐོར་བྱས་པས་རྒྱལ་པོ་ཆེན་པོ་ཞིག་ཡོད་པ་དེ་ལས་མཚར་བ་མེད་པ་མཐོང་། དེར་ལྟད་མོ་ཡིད་ཆེས་པ་བལྟས་ཁྲོམ་ལ་གྱེས་ཙམ་ལ་ལོག་ཡོང་ངོ་། །ལམ་བར་དུ་ཆུ་ཞིག་ལ་མཆོངས་ཡོང་བས་མོའི་ཟོན་པ་ཡ་གཅིག་དེར་བོར། དེར་མོ་ནང་དུ་སླེབས་འཕྲལ་གོས་དང་རྒྱན་ཆ་རྣམས་སྦས་ནས་བཞག །དེར་རྒྱལ་པོའི་རྟ་རྫི་བས་ཆིབས་པ་ཁག་གཅིག་ལ་རྟ་ཆུ་བསྟེར་བར་ཕྱིན་པས། ཆིབས་པ་ངང་པ་གསེར་ལྡན་དེ་སྔར་རྟ་ཆུ་འཐུང་ས་དེར་མི་འཐུང་བར་གཞན་ཞིག་ལ་ཕྱིན། རྟ་རྫི་བས་ཀྱང་དེའི་རྗེས་སུ་ཕྱིན་པས་རྟ་དེས་ཟོན་པ་ལེགས་པོ་ཞིག་ལ་དྲི་སྣོམ་གྱིན་འདུག་སྟེ། རྟ་རྫིས་ཟོན་པ་ཁྱེར། ཆིབས་པ་ཁྲིད་ནས་ཡོང་ངོ་།།
རྟ་ཆུ་སྟེར་ཚར་བ་དང་ཟོན་པ་དེ་རྒྱལ་པོར་ཕུལ་ཏེ་ལོ་རྒྱུས་རྣམས་ཞུས་པས། ཁ་སང་ཁྲོམ་ལ་ལྟད་མོར་འགྲོ་སྐབས། བུ་མོ་ལོ་བཅོ་ལྔ་ཙམ་ལ་སླེབས་པ། མཁའ་འགྲོའི་མཚན་རྟགས་ཚང་བ་ཞིག་འདུག་པས་དེ་རིང་བྱས་ན་ཅང་ཤེས་ཀྱི་རྟ་དེས་འཚོལ་བར་ཕྱིན་འདུག་ན་རྒྱལ་པོའི་ཁབ་ཏུ་བཙུན་མོར་བསུ་དགོས་གསུངས། སྲིན་མོ་མ་སྨད་གཉིད་ལོག་སླེབས་བྱུང་བ་དང་། བུ་མོས་ཨ་མ་ཡུམ་སྲས་ཕྱག་ཕེབས་ལགས་སམ། ཕོ་རབ་སུས་སྤྱོད་ཀྱི་འདུག །མོ་རབ་སུས་སྤྱོད་ཀྱི་འདུག་ལགས་བྱས་པ་དང་། ཕོ་རབ་དེ་རྒྱལ་པོ་ཆེན་པོས་སྤྱོད་ཀྱི་གདའ། མོ་རབ་དེ་ངའི་བུ་མོས་སྤྱད། ཁྱོད་ཀྱིས་ཡུང་དཀར་དང་ནས་ཕྱེ་ཚར་རམ་ཟེར་བར། བྲེ་གང་མིན་པ་ཕྱེ་ཚར་བྱས་པས། ཁྱོད་ཀྱིས་ལས་ཀ་དགའ་རབ་བྱས་ནས་བསྡད་འདུག་ཟེར་རོ། །སྲིན་མོའི་བུ་མོ་ན་རེ། ཨ་ལྕེ་རང་འདྲ་བ་ཞིག་རྒྱན་ཆ་ལུགས་མང་པོ་སྤྲས་ནས་འདུག་ཟེར། དེ་ནུབ་ཉལ་བསྡད།
སང་ཉི་མ་ཤར་བ་དང་ཡང་ཡུང་དཀར་དང་ནས་རྫ་མ་གང་བསྲེས་ནས་འདི་ཕྱེ་ཚར་བ་གྱིས་ཟེར་ཁོང་མ་སྨད་གཉིས་སོང་ངོ་། །ཡང་དུམ་ཞིག་ནས་ཕུག་རོན་ཁྱུ་གཅིག་བྱུང་སྟེ། དེའི་ཁྲོད་ནས་ཕུག་རོན་གཅིག་གིས་བུ་མོ་ལ་སྨྲས་པ། བུ་མོ་དེ་ཁ་སང་གི་རྒྱན་ཆ་རྣམས་སྤྲོས། ཟོན་པ་དེ་ཁུར་ནས་རྒྱུགས། ཁྱོད་སྲིན་མོའི་ལག་ནས་ཐར་བ་ཡོད་ཟེར་རོ། །དེར་མོས་རྒྱན་རྣམས་སྤྲས། ཟོན་པ་ལག་ཏུ་ཁུར་ནས་ཕྱིན་ནོ། །ཁྲོམ་དེར་སླེབས་པ་དང་། རྒྱལ་པོའི་བློན་པོ་གཅིག་གིས་ཟོན་པ་དེ་ལག་ཏུ་ཁྱེར་ནས། འདི་རན་པའི་བུ་མོ་དེ་རྒྱལ་པོའི་ཇོ་མོ་བྱེད་རྒྱུ་ཡིན་ཟེར་སྐད་བརྒྱབ་པས། ཟོན་པ་རན་པའི་བུ་མོ་མ་བྱུང་། སྲིན་མོའི་བུ་མོས་ཟོན་པ་དེ་ཨུ་ཚུགས་ཀྱིས་གྱོན་རུང་གྱོན་མ་ཐུབ་ཅིང་། མཛུབ་མོའི་རྩེ་རྣམས་བཅད་ཀྱང་གྱོན་མ་ཐུབ་བོ། །དེ་རན་པའི་བུ་མོ་མ་རྙེད་པའི་སྐབས་དེར་བུ་མོ་དེས་ལྷམ་གཉིས་ཕུད་ནས་ཕྲག་པ་ལ་བཀལ། ཟོན་འདི་ང་རང་གི་ཡིན། རན་ཡང་ང་རང་ལ་རན། ཟོན་པ་ཡ་དེ་བོར་ཡང་དེའི་ཡ་འདི་ན་ཡོད་ཟེར་པ་གཉིས་གྱོན་པ་དང་སྲིན་མོ་མ་སྨད་གཉིས་དེ་ན་འདུག་སྟེ་ངེད་རང་གི་བུ་མོ་དེ་འདྲ་བར་འདུག་ཟེར། ཨ་མ་ན་རེ། དེ་འདྲའི་བསོད་ནམས་ཆེན་པོ་དེ་ངེད་ཀྱི་བུ་མོ་དེ་ཡིན་དོགས་མེད་ཟེར། བུ་མོ་དེ་རྒྱལ་པོའི་བཙུན་མོར་མངའ་གསོལ་ལོ། །སྲིན་མོ་མ་སྨད་གཉིས་ནང་དུ་ལོག་སླེབས་དུས། ནང་དེ་བྱ་ཡི་རྐང་རྗེས་དང་བྱ་བྲུན་གྱིས་ཁེངས། འབྲུ་ཐམས་ཅད་སྟོར་ཏེ་ཟོས་ཚར་ཡོད་ཅིང་། སྲིན་མོ་ན་རེ། ཡོང་ཡང་འདི་འདྲ་ཞིག་ཡོང་བསམས་པ་ཡོད་དེ་བྱུང་ཡང་བྱུང་འདུག །བདུད་མོ་དེའི་ཨ་མ་དེ་ཕུག་རོན་དུ་སྐྱེས་པ་ཡིན་འདུག་ཟེར། བུ་མོ་དེ་རྒྱལ་པོའི་བཙུན་མོར་མངའ་གསོལ་བའི་རྗེས་སུ་སྲས་གཅིག་འཁྲུངས་པ་དེ་ལ་རྒྱལ་པོ་དོན་གྲུབ་ཏུ་མཚན་གསོལ། ཡུལ་དེ་ཡང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་བྱུང་བ་ཡིན་འདུག།
དུས་ནམ་ཞིག་ཏུ་སོང་བ་དང་། སྲིན་མོའི་བུ་མོ་དེ་ཨ་ལྕེ་མཇལ་དུ་ཡོང་བ་ཡིན་ཟེར་དེར་སླེབས། བུ་མོ་དེའི་བསམ་པ་ལ་དབང་ཡོད་དུས་ཁེངས་དྲེགས་སྐྱུང་དགོས་པ་ཡིན་བསམས་ནས་ཟས་ལ་མཉམ་བཟའ་དང་གོས་ལ་མཉམ་གྱོན་བྱས། དུས་ནམ་ཞིང་སོང་བ་དང་། བུ་མོ་དེས་ཨ་ལྕེ་ལགས་ཟེར་མོ་ལ་ཅོ་དྲིས་དོན། རྒྱལ་པོ་ཆེན་པོ་ལ་གང་འདྲེན། འབངས་འཁོར་གཡོག་རྣམས་ལ་གང་སྟེར་བྱས་པར། རྒྱལ་པོ་ཆེན་པོ་ལ་ལོ་ཐུག་སྦང་ཟན་འདྲེན། འབངས་འཁོར་གཡོག་རྣམས་ལ་མངའ་གསུམ་སྟེར་བྱས་པ་ཡིན་པར་འདུག །ཆིབས་ངང་པ་གསེར་ལྡན་ལ་གང་སྟེར། ཁྱི་དང་དཀར་དུང་ཆུང་ལ་གང་སྟེར་དྲིས་པར། ཆིབས་ངང་པ་གསེར་ལྡན་ལ་རུས་པ་སྟེར། ཁྱི་དང་དཀར་དུང་ཆུང་ལ་རྟ་ཆག་སྟེར་བྱས་པ་ཡིན་པར་འདུག །མོ་ན་རེ། སྲས་རྒྱལ་བུ་དོན་གྲུབ་ལ་བྱམས་པོ་གང་འདྲ་བྱེད། འབངས་འཁོར་གཡོག་ལ་གང་འདྲ་བྱེད་བྱས་པར། སྲས་རྒྱལ་བུ་དོན་གྲུབ་ལ་ཡར་འགྲོ་དུས་ཐལ་ལྕག་རེ་མར་འགྲོ་དུས་ཐལ་ལྕག་རེ་རྒྱོབ། །འབངས་འཁོར་གཡོག་ལ་ཡར་འགྲོ་དུས་མིག་ལོག་རེ་དང་མར་འགྲོ་དུས་མིག་ལོག་རེ་དགོས་བྱས། སྒོ་དང་སྐས་ལ་གང་འདྲ་ཞིག་བྱེད་བྱས། མེ་སྙིང་གང་འཇུག་ཟེར་བར་ཁྲ་མོའི་གྲུ་གུ་འཇུག་དགོས་བྱས་པ་ཡིན་འདུག།
དེ་ནས་ནམ་ཞིག་སོང་བ་དང་། སྲིན་མོའི་བུ་མོ་ན་རེ། ཨ་ལྕེ་དབུ་སྐྲ་བཀྲུས་པ་དྲག །ངས་སྐུ་འཁྲུ་རོགས་བྱེད། རྒྱལ་པོའི་བཙུན་མོར་སླེབས་ནས་ཁྲུས་རྫས་དགོས་པ་ཡིན། ངས་ལན་བུ་བཤིག་གི་ཟེར་ཨུ་ཚུགས་བྱས། དེར་སྐྲ་འཁྲུ་བའི་གྲབས་བྱས། རྒྱལ་ཇོ་མོ་ཡིན་པས་མཚོ་ལ་བཀྲུས་ན་དྲག་ཟེར་ཁྲིད་དོ། །མཚོ་ཁར་སླེབས་པ་དང་། རྒྱན་ཆ་ལུགས་རྣམས་བཀྲོལ། ན་བཟའ་ཕུད། མོའི་གོས་རྣམས་གྲོན་སྐྲ་འཁྲུ་དགོས་བསམས་ནས་སྒུར་བྱས་པས། མོས་ཕུལ་ནས་མཚོ་ལ་བསྐྱུར། མོས་བུ་མོ་དེའི་རྒྱན་ཆ་ལུགས་རྣམས་སྤྲས་ནས་ལོག་ཡོང་། དེར་མོས་སྒོ་རྣམས་ཆག་ལ་ཁད་པ་ཞིག་བརྡབས། སྐས་རྣམས་ལ་ཡང་རྡབ་ཀྱིན་ཡོང་ངོ་། །ཡར་སླེབས་པ་དང་། སྲས་རྒྱལ་བུ་དོན་གྲུབ་ལ་ཐལ་ལྕག་བརྒྱབ། རྒྱལ་པོ་ལ་སྦང་ཟན་ལོ་ཐུག་དྲངས། ཟས་ཞིམ་པ་མངར་ཁུ་རྣམས་འབངས་ལ་བྱིན། ཁྱི་དང་དཀར་དུང་ཆུང་ལ་རྟ་ཆག་བྱིན། ཆིབས་ངང་པ་གསེར་ལྡན་ལ་རུས་པ་བྱིན། གཞོགས་སུ་ཡོད་པ་རྣམས་ལ་ཐུ་ལུད་རེ་བཏབ། རྒྱང་ན་འདུག་པ་རྣམས་ལ་མིག་ལོག་རེ་བལྟས། ཕྲ་མོའི་གྲུ་གུ་མེ་སྙིང་ལ་བཅུག་པས་མེ་མ་འབར་བར་ཉིན་རེ་བཞིན་གྱི་ནས་མེ་སློང་དགོས་པ་བྱུང་། འབངས་རྣམས་ནི། ངོ་ཤེས་ཡིན་ཟེར་བའི་བུ་མོ་དེ་སླེབས་ནས་བཟུང་དཔོན་མོ་འདི་སྤྱོད་པ་འགྱུར་འདུག །ཁ་གཤིས་ཡོད་ཚར་འགྱུར་ལུགས་ལ་བལྟས་ན་རང་རེ་ཚོ་ཡང་སྐྱིད་པ་ཡོང་བ་མི་འདུག་ཟེར་རོ།།
དེ་ནས་ནམ་ཞིག་སོང་བ་དང་། ཆིབས་ངང་པ་གསེར་ལྡན་ལ་ཆུ་སྟེར་དུ་འགྲོ་སྐབས་སྔར་སྟེར་སའི་ཆུ་དེ་ནས་མི་འཐུང་བར། མཚོ་དེ་ལ་ཁ་བལྟས་ནས་ཤོར་རོ། །མཚོ་དེ་ནས་ཆུ་ཕྲན་ཙམ་ཞིག་བཏུང་། མཆི་མ་བོང་རིལ་ཙམ་ཞིག་བཏང་བ་དང་། མཚོ་དེའི་དཀྱིལ་ནས་གསེར་གྱི་བྱིའུ་གཡུའི་ཐོར་གཙུག་བྱས་པ་ཞིག་བྱུང་ནས། མཚོ་འགྲམ་ན་ཤིང་སྡོང་གཅིག་ཡོད་པའི་ཁར་བབས་ཏེ་བྱིའུ་ཆུང་དེས་སྨྲས་པ། ཀྱེ་ཀྱེ། རྒྱལ་པོ་ཆེན་པོ། ཇོ་མོ་སྔ་མ་བཀུར་བསྟི་ཆེའམ། རྟིང་མ་བཀུར་བསྟི་ཆེ། སྲས་རྒྱལ་བུ་དོན་གྲུབ་ལ་ཨ་མ་སྔ་མ་བྱམས་སམ་རྟིང་མ་བྱམས། འཁོར་འབངས་རྣམས་ལ་སྔ་མ་བྱམས་དང་རྟིང་མ་བྱམས། ཆིབས་ངང་པ་གསེར་ལྡན་ལ་བདག་པོ་སྔ་མ་བྱམས་སམ་རྟིང་མ་བྱམས། ཁྱི་དང་དཀར་དུང་ཆུང་ལ་བདག་པོ་སྔོན་མ་བྱམས་སམ་རྟིང་མ་བྱམས། བྱིའུ་ཆུང་ཆུ་ལ་ཅི་བསྐྱུར་ཟེར་ནས་ཆུའི་ནང་དུ་སོང་ངོ་།།
དེར་རྟ་རྫི་བས་རྟ་ཆུ་སྟེར་ནས་མགྱོགས་པར་ལོག་ཡོང་སྟེ་རྒྱལ་པོ་ལ་ཞུས་དོན། རང་རེའི་ཆིབས་ངང་པ་གསེར་ལྡན་འདི་སྔར་རྟ་ཆུ་སྟེར་སར་མི་འཐུང་བར་མཚོ་ཁ་ལ་ཤོར་ནས་ཆུ་བཏུང་སྐད་འདོན་མཆི་མ་བཏང་བྱུང་བས། མཚོའི་དཀྱིལ་ནས་གསེར་གྱི་བྱིའུ་ལ་གཡུའི་ཐོར་གཙུག་བྱས་པ་གཅིག་དོན་ནས་མཚོ་ཁའི་ཤིང་སྡོང་རྩེར་བབས། འདི་སྐད་ཟེར་གྱི་གདའ་ཞེས་གོང་ལྟར་ཞུས་པས། རྒྱལ་པོས་སང་ཉིན་བལྟ་བར་འགྲོ་དགོས་བསམས། དེང་སང་རྨི་ལམ་ཡང་ངན། བུ་མོ་འདི་ཡང་གཤིས་ཀ་འགྱུར་འདུག་གསུངས་ནས། དེའི་སང་ཉིན་རྒྱལ་བློན་རྟ་རྫི་དང་བཅས་པ་གསུམ་བྱོན་ནོ། །མཚོ་ཁར་སླེབས་པ་དང་ཁོས་ཇི་ལྟར་ཟེར་བ་བཞིན་བྱིའུ་དོན་བྱུང་བས། ཤིང་སྡོང་གི་རྩེར་བབས་ནས་གོང་གི་ཇི་ལྟར་ཟེར་བ་བཞིན་བྱུང་བས་རྒྱལ་པོ་སྤྱན་ཆབ་ཤོར། དེ་འདྲའི་སྙན་པ་ལ། ཁྱོད་འདིར་ཤོག་ལས་ལབ་དང་བྱས་པ་དང་། རྒྱལ་པོའི་དབུ་ཐོག་ཏུ་བབས་ནས་སྔར་བཞིན་བཤད། བྱིའུ་རང་སྙན་པ་ལ། ངའི་ལག་མཐིལ་འདིར་ཡོང་ནས་ཤོད་དང་བྱས་པས་བྱིའུ་ལག་མཐིལ་དུ་ཡོང་ནས་སྔར་བཞིན་ཟེར་རོ།།
རྒྱལ་པོས་བྱིའུ་བཟུང་བས་བྱིའུ་ན་རེ། བུ་མོ་ང་རང་གིས་ལན་པ་ཞིག་ཡིན། བྱིའུ་ཆུང་གཏོང་བར་ཞུ་ཟེར་ལན་གཉིས་གསུམ་ཞུས་པ་དང་། རྒྱལ་པོས་ཐབས་གང་ཡོད་ཁྱོད་ཀྱིས་ང་ལ་སློབས་དང་བྱས་པར། བྱིའུས་རྒྱལ་པོ་ལ་ཞུ་དོན། ད་ལྟ་ནང་ན་ཡོད་པ་དེ་སྲིན་མོའི་བུ་མོ་ཡིན། བུ་མོ་ང་རྨུ་གབ་ཀྱིས་ནོན་པ་འདྲ་བ་གཅིག་བྱུང་སྟེ། བུ་མོ་དེས་ང་མཚོ་ཁར་སྐྲ་འཁྲུ་བར་ཁྲིད་ནས་བསྐྱུར་བྱུང་ཞུས་པས། ད་ཁྱོད་སླར་གསོ་ཡོང་བའི་ཐབས་རྟེན་འབྲེལ་ཡོད་ཤས་ཆེ་ཞེས་གསུངས་པས། ཐབས་རྟེན་འབྲེལ་ལོས་ཡོད། ཟེར་ནས་རྒྱལ་པོ་ལ་ཞུས་དོན། རྒྱལ་བློན་རྣམས་ཀྱིས་ང་འདི་ན་འདུག་པའི་གླེང་མོ་མ་མཛད། འདི་ནས་ཕོ་བྲང་དུ་སླེབས་པ་དང་། ང་དར་མཚོན་སྣ་ལྔའི་ནང་དུ་བསྒྲིལ་ནས་བོན་པོ་མང་པོས་གཡང་ཁུག་དང་། ཚེ་སྒྲུབ་ཞག་བདུན་གྱི་བར་དུ་གྱིས། སྤང་མེ་མང་པོའི་ཐབས་སྦྱོར་ལས་ཆང་ཚོས་ཟེར་བ་གྱིས་ལ་བུ་མོ་དེ་སྡོད་སའི་འོག་ཏུ་མོ་ཤོང་བའི་རྩིག་པ་ཐོག་དང་མཉམ་པ་ཞིག་རྒྱོབ། ཁ་དེ་རིབ་པ་ཅིག་བཅད། དེའི་སྟེང་དུ་མོའི་གདན་ཐིངས་ལ་སྡོད་དུ་ཆུག །དེ་བརྡིབས་ནས་མགོ་མཇུག་ལོག་འཕྲལ་སྤང་མེ་རྣམས་དེའི་ནང་དུ་བླུགས་པས་མོ་འཆིའོ། །དེ་ནས་ང་གསོས་པར་འགྱུར་རོ་བྱས་པས་རྒྱལ་བློན་རྣམས་ཤིན་ཏུ་མཉེས་ནས་བུ་མོས་ཇི་ལྟར་ཟེར་བ་བཞིན་བྱས་པ་དང་། བུ་མོ་དེ་གདན་ཁར་བསྡད་པས་བུ་མོ་མགོ་མཇུག་ལོག་འཕྲལ་མེ་རྣམས་བཤོས་སོ། །དེར་སྲིན་མོའི་བུ་མོ་དེ་བསད་ནས་མཛོད་ཀྱི་ནང་དུ་ཕྱིན་པས་བུ་མོ་དེ་སྔར་ལྟར་གསོས། རྒྱལ་པོའི་ཇོ་མོར་བྱོན་ཏེ་འབངས་འཁོར་གཡོག་རྣམས་ལ་སྲིན་མོ་དེའི་མགོ་བྲེགས་ཤིག་ཅེས་ཞལ་ཏ་བྱོན། དེར་སྲིན་མོའི་མགོ་སྙིང་ལ་བཅུག །ཕྲ་མོའི་གྲུ་གུ་རྫ་མ་ལ་ཙམ་ཞིག་བྱས། ཟས་ཞིམ་ལ་མངར་ཁུ་ཕྱོགས་གཅིག་ཏུ་བླུགས་ཏེ་ཆིབས་ངང་པ་གསེར་ལྡན་གྱི་རྟ་ཤ་ལ་སྦྲགས། སྲིན་མོའི་ཨ་མའི་རྩར་ཕྱིན། དེར་སྲིན་མོ་རང་གི་བུ་མོ་འདྲ་བ་བཞིན་བྱས་ནས་མོའི་རྩར་ཕྱིན་ཏེ། ཟས་ཞིམ་ལ་མངར་ཁུ་རྣམས་མོ་ལ་བྱིན། ཨ་མ་གཟུགས་པོ་བདེ་པོ་བྱུང་ངམ་བྱས་པ་དང་། ང་གཟུགས་པོ་བདེ། ཁྱོད་ཀྱིས་ལོ་བསླུས་སམ། རྒྱལ་པོས་རིག་མ་སོང་ངམ། ཁྱོད་ཀྱང་བུ་མོ་དེ་འདྲ་རུ་སོང་འདུག་ཟེར་རོ།།
དེ་ནས་བུ་མོ་སྟེང་དུ་སྒེའུ་ཁུང་ནས་མར་དར་དམར་པོ་ཡུག་ཅིག་བཏགས་སོ། །དེར་འོག་ཏུ་བབས་ནས་ད་རྒྱལ་པོས་བཀའ་བཀྱོན་གནང་ཡོང་། ཨ་མས་ངའི་གྲུ་གུ་ཕྲ་མོ་འདི་ཞུད་གྲོགས་གྱིས། ང་འགྲོ་བྱས་པ་དང་། ཕྱིན་པ་དྲག་གོ་རྒྱལ་པོས་མ་རིག་པ་གྱིས། འབངས་འཁོར་གཡོག་གི་སྐྱོང་དར། སྲས་རྒྱལ་བུ་དོན་གྲུབ་ལ་གང་བྱེད་རྣམས་མོས་ཇི་ལྟར་བྱེད་པ་བཞིན་གྱིས་ཟེར་ཨ་མས་ཁ་ཏ་བྱས་སོ། །དེར་རྒན་མོས་གྲུ་གུ་དེ་ཞུད་ལྟ་རིང་པོ་ཞིག་བཙུགས་ནས་ཞུས་སྐབས། མོ་རྟ་བཞོན་སྟབ་སྟོབ་ལ་བྲོས་ཕྱིན། མོས་ཞུད་ཞུད་པས་གྲུ་གུའི་ནང་ནས་རྣ་མཆོག་ཅིག་རིག་འཕྲལ། སྲིན་མོ་དེ་བུ་མོའི་རྗེས་སུ་བརྒྱུགས་ཡོང་། བུ་མོས་སྨྲས་པ། ཨ་མ་སྲིན་མོ་ང་དེད་པ་ལས་ཁྱོད་རའི་ནང་ལ་མེ་ཤོར་གྱི་འདུག །ངའི་རྟ་འདི་མགྱོགས་པས་ཁྱོད་ཀྱིས་མི་ཟིན་བྱས། སྲིན་མོས་ཕྱི་མིག་བལྟ་དུས་སྒོ་ཆུང་སྟེང་གི་དར་ཡུག་དམར་ལྷག་ལྷག་དེ་མེར་འཁྲུལ་ནས་ཕྱིར་ལོག་བུ་མོ་དེ་ནི་རྒྱལ་པོའི་སྐུ་མདུན་དུ་སླེབས། སྲིན་མོ་མ་སྨད་ལ་ཡང་ངན་ལན་འཇལ་ཐུབ་པ་བྱུང་བ་ཡིན་པར་འདུག །རྒྱལ་པོ་དེས་ཀྱང་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། འབངས་རྣམས་ཀྱང་སྔར་ལས་དར་ཞིང་རྒྱས་པ་བྱུང་བ་ཡིན་པར་འདུག་བྱས་པས། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས། རང་གི་ཨ་མ་དེ་མ་བསད་ན་དེ་བས་སྐྱིད་པོ་ཡོང་བ་འདུག་སྟེ། མ་སྨད་གཉིས་མཁའ་འགྲོ་མར་སོང་བས་སྲིན་མོའི་ལག་ནས་ཐར་ཏེ་རྒྱལ་པོའི་ཇོ་མོར་གྱུར་པ་དེ་ནི་བསོད་ནམས་ཆེ་བྱས་པས། རོ་ལ་གཏམ་ལན་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། །ང་སེམས་ཡེངས་ཏེ་གཏམ་ཤོར་བས་ལན། ད་ལོག་ན་ཡང་བླ་མའི་བཀའ་བཀྱོན་ཡོང་བསམས་ཏེ་སླར་ཡང་དུར་ཁྲོད་དེར་ཕྱིན་ཏོ། །རོ་ཧ་ལ་ཟེར་བ་རྣམས་ཏོག་མས་བརྡུངས། ཧུ་ལུ་ཟེར་བ་རྣམས་ལ་འགམས་ནས་ཕྱིན།། །།

 

ལེའུ་བཅུ་གཉིས་པ།
ཚོང་པ་ལམ་ནོར་གྱིས་རྒྱལ་ས་ཟིན་པ།

ཡང་རྒྱལ་བུ་བདེ་སྤྱོད་བཟང་པོ་དུར་ཁྲོད་དེར་ཕྱིན། རལ་གྲི་དེ་ཤིང་སྡོང་ལ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་སྟེ། ཏོག་མས་བརྡུངས། དྲ་བར་བཅུག་ནས་ཁྱེར་ཡོང་བས། གོམ་པ་བདུན་ཙམ་སླེབས་པ་དང་། རོ་ན་རེ། རྒྱལ་བུ་རྒྱལ་བུ། ཡང་ན་རྒྱལ་བུ་ཁྱོད་ཀྱིས་སྒྲུང་ཞིག་ཤོད་དང་། ཡང་ན་ངས་སྒྲུང་ཞིག་བཤད་ཀྱིས་ཟེར་བར། ཁྱོད་རྒྱུས་ཡོད་བསམས་ནས་ཁ་རོག་ཏུ་ཡོང་བས། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར།
ལུང་པ་ཞིག་ན་རྒྱལ་པོ་ཞིག་ཡོད་པར་འདུག །རྒྱལ་པོ་དེའི་མངའ་འོག་ན་ནོར་ལོངས་སྤྱོད་ལྡན་པའི་རྒན་རྒོན་གཉིས་ཡོད་པ་ལ། བུ་གཅིག་ལས་མེད་ཅིང་། ཕ་དེ་བརྩོན་འགྲུས་ཆེ་བ་ཞིག་ཡོད། མ་དེ་མཛངས་ཤིང་གྲོང་པ་ཁྱིམ་མཚེས་ཀྱིས་མི་དགའ་བ་གཅིག་ཀྱང་མེད་པ་ཞིག་ཡོད་པར་འདུག །ནམ་ཞིག་ཚོང་པ་མང་པོ་ཞིག་ཡུལ་དེར་སླེབས། དེར་བུ་ལ་ཚོང་པ་རྣམས་ཀྱིས་ཁ་ཤོབ་བླུད་ནས་ཁྱད་ནོར་ཁྱེར་ནས་ཚོང་ལ་ཕྱིན་ན། ཟས་ནོར་ཟད་མི་ཤེས་པ་ཡོང་ཟེར་བས། བུ་དེས་ཕའི་རྩར་ཕྱིན་ནས། ང་ཚོང་ལ་འགྲོ་ཡི་བྱས་པར། ཨ་ཕ་ན་རེ། ཚོང་གིས་གང་བྱེད། ང་ཚོའི་ཕ་མེས་རྣམས་ཚོང་ལ་ཕྱིན་པའི་དཔེ་མེད། སྐྱིད་པོ་ཡོང་ཉིན་འདོད་ན་ཚོང་ལ་མ་ཕྱིན་ཀྱང་སྐྱིད་པོ་ཡོང་། ཚོང་ལ་མི་གཏོང་བྱས་སོ། །ཨ་མའི་རྩར་ཕྱིན་ནས་ང་ཚོང་ལ་འགྲོ་བྱས་པ་དང་། ཨ་མ་ན་རེ། ཚོང་གིས་གང་བྱེད། ཕ་མེས་ཀྱི་དུས་ལ་ཚོང་ལ་ཕྱིན་པའི་ལོ་རྒྱུས་ཤོད་རྒྱུ་མེད། ངོས་ཕ་མ་རྒན་རྒོན་གཉིས་ཀྱིས་བསམ་པ་བཟང་པོ་བྱས། ངན་དང་གནོད་སེམས་སྤངས་ནས་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། ཡུལ་མི་ཁྱིམ་མཚེས་རྣམས་དང་མཐུན་པོ་བྱས་པས་ད་བར་སྐྱིད་པོ་བྱུང་བ་ཡིན། ངེད་གཉིས་ལ་བུ་ཁྱོད་ལས་མེད་པས་ཚོང་ལ་མི་གཏོང་ཟེར། བུ་དེས་ཁྱེད་ཕ་མ་གཉིས་པོས་ང་མི་གཏོང་ན། བྲོས་འགྲོ་རྒྱུ་ཡིན་བྱས་པ་དང་། ཨ་མས་གནས་ཚུལ་དེ་རང་གི་ཁྱོ་བོར་བཤད་པས་ཡབ་ན་རེ། ཁོ་འདིར་བོས་ཤོག་ཟེར། དེར་ཕྱིན་པ་དང་། ཁྱོད་ཚེ་འདི་ལ་དགོས་པའི་ནོར་ནི་ཡོད། ཚོང་ཁེ་ལ་བལྟས་ནས་རང་སྲོག་ཚོང་དུ་འགྲོ་བ་ཡིན་ནམ། ཁྱོད་མི་གཏོང་བྱས་པར། བུ་དེས་མི་གཏོང་ན་ལྐོག་ཏུ་འགྲོ་རྒྱུ་ཡིན་ཟེར། ཨ་མ་ན་རེ། ལྐོག་ཏུ་ཕྱིན་ན་གཏམ་ངན་ཡོང་བས་དེ་ལས་ཁོ་རང་གི་འདོད་པ་ལྟར་བཏང་བ་དྲག་ཟེར་ཡང་། ཡབ་ན་རེ་མི་གཏོང་ཟེར། ཨ་མས་འདི་འགྲོ་བ་ནི་ཐག་ཆོད་འདུག །ས་མཐའ་བསྐོར་ན་མཐོང་ཐོས་དང་ཤེས་རྒྱ་ཆེ་རུ་ཕྱིན་མི་ཡོང་ངམ་ཟེར་བ་དང་། ཡབ་ན་རེ། ས་ཐག་རིང་པོར་སོང་ན་བུ་གཅིག་པུ་འདི་དང་བྲལ་བ་ཞིག་ཨེ་ཡོང་ཟེར་བར། ཨ་མ་ན་རེ། སྡོད་ནི་མི་སྡོད་པར་འདུག་པས་ད་རེས་ལན་གཅིག་ཐོངས་ཟེར་ནས་ཚོང་ལ་འགྲོ་བའི་ཆས་རྣམས་གྲབས་བྱས་ཏེ་ཚོང་ལ་བཏང་ངོ་། །དེར་ཁོས་ཟླ་བོ་ཚོ་དང་བསྡེབས་ནས་ཚོང་ལ་ཕྱིན་ཏོ། །
ཟླ་བ་ཕྱེད་ཙམ་ཕྱིན་པའི་རྗེས་སུ་ཚོང་འདུས་ཆེན་པོ་ཞིག་ཏུ་སླེབས། དེར་ཁོ་གནས་ཁང་དུ་བསྡད། ཚོང་པ་གཞན་རྣམས་ཀྱིས་ཁོ་བསྐྱུར་ནས་སོང་འདུག་གོ །ཁོ་དེ་ནས་ཐོན་གྲབས་བྱེད་སྐབས་གནས་མོ་ན་རེ། ཟླ་བོ་ཚོ་འགྲོ་གི་འདུག་གམ་ཟེར་བས། ཟླ་བོ་ཚོ་ཕྱིན་ཚར་འདུག །ད་ང་འགྲོ་བྱས་པ་དང་། གནས་མོ་ན་རེ། ལམ་འདི་ནས་ཡར་ལ་ས་ལམ་བགྲོད་པ་ཤིན་ཏུ་དཀའ་བས་ཡང་ན་ཡུལ་ལ་ལོག་ཕྱིན་འདུག །ཡང་ན་ཁོ་ཚོ་མ་སླེབས་བར་སྒུག་བསྡད་ན་ཟེར། ཁོ་ན་རེ། ང་ནོར་མེད་པར་ཚོང་ལ་ཡོང་བ་དག་མིན། ཕ་མ་གཉིས་ཀྱིས་མ་བཏང་ཡང་མ་ཉན་པར་ཡོང་བ་ཡིན་བྱས་པ་དང་། གནས་མོ་ན་རེ། ད་ཅི་ནས་ཀྱང་བྱོན་ན་གྲི་འདི་ཁུར་ནས་བྱོན་ཟེར་ཞིང་། རལ་གྲི་བཟང་པོ་ཞིག་བསྐུར་རོ། །གྲི་འདི་དང་ཁ་གཏན་ནས་མ་བྲལ་བ་གྱིས། གཟུགས་ཅན་གྱི་དགྲ་ལ་རྒྱག་མི་དགོས་བཏོན་པ་གཅིག་པུས་ཆོག །གཟུགས་མེད་ཀྱི་དགྲ་ལ་འདོན་མི་དགོས་འདི་དང་མ་བྲལ་བ་གྱིས་ཟེར་གྲི་དེ་བསྐུར་རོ། །གྲི་བཏགས་ཁལ་བཀལ་ནས་རྐང་རྗེས་དེད་ཀྱིན་འགྲིལ་ཕྱིན་པ་དང་། ལུང་པ་ཆེན་པོ་གཅིག་ཏུ་སླེབས། ཉི་མ་ཡང་ཞུད་གྲབས་བྱེད་ཅིང་། ཁོང་ཚོའི་རྐང་རྗེས་དེད་ཀྱང་རྩད་མ་ཆོད། མཁར་རྫག་གེ་རྫོག་གེ་མང་པོ་འདུག་ཀྱང་རྒྱལ་པོའི་ཕོ་བྲང་གཅིག་འདུག་པ་དེ་ལ་ཁ་བལྟས་ནས་ཕྱིན་ཏོ།།
དེར་ཁོ་ཕོ་བྲང་གི་འགག་ཏུ་སླེབས་སྐབས་རྒྱ་སྒོ་ཞིག་འདུག་པ་དེ་ཕྱེ་ནས་བཞག་འདུག་སྟེ། ནང་དུ་འཛུལ་ནས་ཕར་བལྟ་ཚུར་བལྟ་བྱས་རུང་མིའི་རིགས་གཅིག་ཀྱང་མ་མཐོང་། རྟ་རྭ་ཆེན་པོ་ཞིག་འདུག་པས་མགོ་ཡོར་ནས་བལྟ་དུས་རྟ་ལ་ལ་ནི་འགྱེལ། ལ་ལ་ནི་འཆི་ལ་ཁད་བྱས་ཡོད་འདུག །སྟེང་ན་མི་གཅིག་ཀྱང་མེད་ཅིང་། ཕྱུགས་རྭ་ལ་བལྟས་པས་བ་མཛོ་རྣམས་ཀྱང་གོང་དང་འདྲ་བ་ཡོད་འདུག །ཁོས་ཁལ་མ་རྣམས་དེར་བཞག་ནས་ཕོ་བྲང་གི་ཉིས་སྐས་འཛེགས་ནས་ཕྱིན་པས། བར་ཁང་དེར་སླེབས་དུས། འབངས་འཁོར་གཡོག་རྣམས་དང་བློན་པོའི་ཚོགས་རྣམས་ཀྱང་དེ་ན་ཤི་འདུག་པ་མཐོང་། དེ་ནས་སྟེང་ལ་ཡར་ཕྱིན་པ་དང་། རྒྱལ་པོ་དེ་གསེར་ཁྲིའི་སྟེང་ན་གྲོངས་འདུག་གོ །བཙུན་མོ་དེ་གཡུ་ཁྲིའི་ཁར་གྲོངས་འདུག །ཕོ་བྲང་ཆེན་པོ་དེའི་ནང་མི་རོ་ཤ་སྟག་ལས་མི་གཅིག་ཀྱང་མེད་པར་གྱུར་ཡོད། ཁོ་མར་བབས་ནས་རྟ་རྭ་དེར་ཕྱིན། རྟ་ཚོ་ལ་རྩྭ་རྒྱགས་ཚོད་བཀྲམས། བ་གླང་རྣམས་ལའང་རྩྭ་རྒྱགས་ཚད་ཅིག་བྱིན། ཁོ་རང་གི་ཁལ་མ་རྣམས་སྦུག་ཅིག་ཏུ་བཅུག །ཕྱི་སྒོ་བསྡམས་ཏེ་ནང་ནས་རྡོས་བརྩིབས། སྒོ་རིམ་གྱིས་བསྡམས་ནས་གསེར་ཁྲིའི་སྟེང་གི་རོ་དེ་དང་གཡུ་ཁྲིའི་སྟེང་གི་རོ་དེ་གཉིས་རོ་མང་པོ་ཡོང་ས་དེར་བསྐུར། དེར་ནི་ཤ་ཆང་ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་ཅིང་། ཆང་ཀུ་བ་ཆེན་པོ་གཅིག་དང་། ཤ་ཁོག་གཅིག །ཕོར་པ་གཅིག་བཅས་རྣམས་བླངས། ཁོ་རང་གི་ཐང་ཁུག་དེར་ཟན་གཅིག་བརྫིས། དེ་རྣམས་རང་གི་རྩར་བཞག །མེ་ཀོང་ཆེན་པོ་ཞིག་བཏང་། ཆང་དེ་ནས་རྒྱགས་ཚད་བཏུང་། ཤ་ཁོག་དེ་ནས་ཚོ་བ་རྣམས་བྲེག་སྟེ་མེར་བསྲེགས་ནས་ཟོས། ནམ་ཕྱེད་ཡོལ་ཙམ་ལ་སྒོ་ཕྱེ་བྱུང་སྟེ། སུ་ཡིན་བསམ་གྲི་འགོ་དེ་ནས་ལག་པ་གཡས་པས་བཟུང་། གྲི་བཏོན་པས་གཟུགས་ཅན་གྱི་དགྲས་གླགས་མི་ཁ། གཟུགས་མེད་ཀྱི་ལྷ་འདྲེ་ལ་ནི་འདོན་མི་དགོས་ཟེར་བ་དེ་བློར་བཞག་ནས་བསྡད་པས། སྐས་དེ་ནས་ཁྲོག་ཁྲོག་ཟེར་བ་ཞིག་འཛེགས་བྱུང་ངོ་། །དུམ་པ་ཞིག་ནས་སྤྲེའུ་འཇིགས་སུ་རུང་བ་ལ་མགྲོན་ཐོད་བྱས་པ། རྔ་མ་སྔོ་དམར་གྱི་རྒྱན་མང་པོ་དཔུང་པ་ལ་བཏགས་པ་ཞིག་སྐས་འགོར་བྱུང་ངོ་། །དེ་ནས་ཡུད་ཙམ་སོང་རྗེས་སྤྲེའུ་དྲུག་འཛེགས་བྱུང་ངོ་། །རྩི་རྩི་ཟེར་སྐད་འདོན་བཞིན་ཁོ་ལ་སྐོར་བ་ལན་གསུམ་བྱས། སྒམ་ནག་པོ་ཆེན་པོ་ཞིག་འདུག་པ་དེ་ལ་སྐོར་བ་ལན་གསུམ་བྱས། སྤྲེའུ་ཚོ་རྒྱུག་པ་རེ་ལ་ཨོག་སྟེགས་བྱས་ཏེ་གཉིད་ཡུར་ཡུར་གཡལ་སྟོང་རྒྱག་གིན་བསྡད།
དེ་ནས་ཐོ་རངས་ཤར་བ་དང་གྲི་དེ་ཡར་འཕགས་བྱུང་བ་དང་། སྤྲེའུ་ཚོ་ཡང་མི་འདུག་གོ །ནམ་སོང་བ་དང་གྲི་ཁ་ཡང་ཤུབས་ན་འགྲིག་འདུག་གོ །ཉི་མ་ཤར་བ་དང་འགྲོ་དགོས་བསམས་ནས་སྐས་དེ་ལ་བབས་ཕྱིན་པས། སྒོ་རྣམས་ནི་རང་འཇགས་སུ་བསྡམས་ནས་འདུག །དེར་ཁོ་རང་རྟ་དང་གླང་པོ་ཁལ་མ་རྣམས་ཀྱི་རྩར་ཕྱིན་ནས་རྩྭ་ཆུ་ངོམས་པ་སྟེར། ཡང་ཁོས་སྒོ་རྣམས་རིམ་གྱིས་བསྡམས་ནས་མདང་དགོང་འདུག་ས་དེར་བསྡད་ནས་མེ་ཀོང་ཆེན་པོ་ཞིག་བཏང་། ཆང་ཞིག་བླངས། ཤ་རྣམས་བསྲེགས། ཆང་འཐུང་གིན་བསྡད་པས། ཡང་ནམ་ཕྱེད་ཙམ་ལ་མདང་གི་དེ་ལས་སྐད་སྒྲ་ཆེ་བ་ཞིག་བྱུང་། དེར་དུམ་པ་ཞིག་ནས་སྒོ་ནང་མ་དེ་ཕྱེ་བྱུང་བས། མདང་གི་སྤྲེའུ་དེ་རྣམས་ཡིན་གྱི་རེད་བསམས་ནས་བསྡད་པས། སྤྲེའུ་ཆེ་ཤོས་དེ་སྐས་འགོར་རྒྱང་དེ་བྱུང་ནས། ལག་པ་གཡས་སུ་ཕུར་པ་རེ་དང་བྷནྡ་རེ་ཁུར་བྱུང་ངོ་། །དེའི་རྗེས་ལ་སྤྲེའུ་རྔ་ཁྱེར་བ་གཅིག་དང་། སྤྲེའུ་དུང་ཁྱེར་བ་གཅིག །སྤྲེའུ་ཆ་ལང་ཁྱེར་བ་གཅིག །སྤྲེའུ་མཁར་རྔ་ཁྱེར་བ་གཅིག་བྱུང་ངོ་། །དེར་སྤྲེའུ་དེ་རྣམས་ཀྱིས་རོལ་མོ་དཀྲོལ་བ་དང་ཁོས་གྲི་འགོ་དེ་ལ་འཆང་། གྲིའི་ཁ་དེ་ཡང་འཕགས་ཙམ་བྱས་བྱུང་ངོ་། །ཡང་སྤྲེའུ་ཚོས་རོལ་མོ་དཀྲོལ་བཞིན་འཆམ་བརྒྱབ་ནས་སྐོར་བ་ཞིག་བྱས་བྱུང་བས། གྲི་དེ་ཡང་ལག་པས་མ་ཐུབ་པར་མཐོ་གང་ཙམ་དོན་བྱུང་སྟེ། སྤྲེའུ་རྣམས་རྩི་རྩི་ཟེར་ཕྱོགས་གཅིག་ཏུ་ཕུང་སོང་ངོ་།།
གཅིག་མིག་གཅིག་ལ་ཧུར་ཧུར་བཞིན་ཞུམ་པའི་ངང་ནས་མར་བབས་སོང་ངོ་། །ནམ་ལངས་ཉི་མ་ཤར་བ་དང་། ཡང་ཁོ་མར་བབས་ཏེ་བལྟ་དུས་སྒོ་ཚོ་ནི་རང་འཇགས་སུ་དམ་པར་བསྡམས་འདུག་ཅིང་། སྒོ་རྣམས་ཕྱེ། རྟ་དང་བ་གླང་ཚོ་ལ་རྩྭ་བྱིན་ཆུ་བསྟེར་ནས་སྔར་བཞིན་ནང་དུ་བསྡད་པ་དང་། སྒོའི་ཕྱི་ནས་མི་སྐད་ལྷང་ལྷང་ཞིག་རྒྱག་པ་གོ་སྟེ། ད་བར་ནི་མི་སྐད་ཐོས་རྒྱུ་མེད་པས་ད་རེས་ཅི་ཡིན་བསམས་སྟེང་ནས་བལྟས་པས། སྔགས་པ་ཆང་བན་ཁྱེར་བ་གཉིས་བྱུང་སྟེ་མདོ་རུ་གཟིགས་པ་ཞུ་ཟེར། ཁོས་རལ་གྲི་བཏགས་ནས་མདོ་རུ་ཕྱིན་པས། སྔགས་པ་དེ་ན་རེ། དྲུང་པ་ལགས་ཕྱག་ཕེབས་ལགས་སམ་ཟེར། འོ་ལགས་སོ། །སློབ་དཔོན་བྱོན་ནམ་བྱས་པ་དང་། སྔགས་པས་ད་ནང་དུ་ཕེབས་ཟེར་འདུག་པ་དང་། ཁོས་གསུང་བགྲོས་ཡོད་ན་འདིར་མཛད་པ་ཞུ་བྱས་པས། ནང་དུ་ཞུས་པས་ཆོག་ཟེར་སྔགས་པ་གཉིས་དང་ཁོང་གསུམ་ནང་དུ་འཛུལ་ཟིན་པ་དང་། ཁོས་སྒོ་བསྡམས་པས་སྔགས་པ་ན་རེ། དྲུང་པ་ལགས། གྲི་བཟང་པོའི་ཡོན་ཏན་གྱིས་གཟུགས་མེད་བཀའ་སྲུང་ཆོས་སྐྱོང་གི་གླགས་མི་རྙེད། གཟུགས་ཅན་གྱི་མི་ཡར་ཤོག་བྱས་ཀྱས་ཕྱིར་བྲོས་འགྲོ་སྒོ་སྡོམ་མི་དགོས་ཟེར། དེར་སྒོ་མ་བསྡམས་པར་ནང་དུ་ཕྱིན་པ་དང་། སྔགས་པས་ཁོང་ལ་ངན་མི་བྱེད་པའི་མནའ་བསྐྱལ། ཁོས་ཀྱང་རལ་གྲི་མི་འདོན་པའི་མནའ་བསྐྱལ། གཅིག་གིས་གཅིག་ལ་གནོད་བསམ་བྱེད་རྒྱུ་མེད་པ་བྱས་ནས། ནང་དུ་ཁོས་ཤ་ཆང་ཐུད་སོགས་ཟས་སྣ་མང་པོ་ཡོད་པ་ནས་དྲངས། སྔགས་པ་དེས་ཆང་ཕོར་ལག་ཏུ་བཟུང་ནས་ཁྱིམ་མི་རྣམས་གང་དུ་སོང་ཟེར་བ་དང་། ཁོས་སྨྲས་པ། འདིའི་རྒྱལ་པོ་ཡབ་ཡུམ་གཉིས་གསེར་ཁྲི་དང་གཡུ་ཁྲིའི་སྟེང་དུ་གྲོངས། འཁོར་འབངས་རྣམས་ཀྱང་རང་སར་ཤི་འདུག་པས། མི་ལེགས་པའི་གནས་ཚུལ་གང་བྱུང་བ་ཡིན་པ་དང་། སྔགས་པས་སྨྲས་པ། བདག་གི་བཀའ་སྲུང་འདི་ཚོ་ནོར་ལ་ཁྲེན་པའི་མཐུ་ཞིག་ཡོད་ལགས། ལུང་པ་འདིའི་བདག་པོ་རྒྱལ་པོ་ཡབ་ཡུམ་ཡིན་ལགས། བདག་གི་ཆོས་སྐྱོང་གི་རྟེན་ལ་འཇོག་པའི་ཁྲབ་ཡིད་བཞིན་ནོར་བུ་ལས་ལྷག་པ་ཞིག་ཡོད་པ་དེ། ང་ཚོར་ནས་དཀོན་པོ་བྱུང་བས་རྒྱལ་པོའི་ས་ནས་བུན་ལེན་པའི་གཏའ་མར་བཞག །དེ་རྗེས་རྒྱལ་པོར་ཞིང་མང་པོ་ཕུལ། ལོ་མང་རིང་ལ་མི་མང་པོ་བརྒྱུད་ནས་ཞུ་བ་ཕུལ་བ་ཡང་མ་སྤྲད་པས། བཀའ་སྲུང་རྣམས་ཁྲོས་ནས་མདང་ཁ་ནུབ་ཀྱི་ཆོ་འཕྲུལ་དེ་འདྲ་བ་བྱུང་བ་དང་། རྒྱལ་པོ་ཡབ་ཡུམ་བློན་འབངས་འཁོར་དང་བཅས་པ་རྣམས་ཀྱིས་བྱིན་མ་ཐེག་པར་གུམ་པ་ལགས། དྲུང་པ་རང་གི་སྐུ་བསོད་ནི་ད་ལྟ་མེ་དཔུང་འབར་བ་ལྟར་འདུག །གྲི་བཟང་པོ་འདི་མ་བཏོན་ཀྱང་སྦྲུལ་ཤུབས་ནས་དོན་དོན་བྱེད་ཀྱི་འདུག །རང་རེ་མཆོད་ཡོན་སྦྲེལ་ནས་ཁྱོད་ཀྱིས་ཡུལ་འདིའི་རྒྱལ་པོ་མཛད་པ་ཞུ། ངས་སྔར་ལུགས་བཞིན་མཆོད་གནས་བྱེད། ངའི་ཁྲབ་དེ་སྒམ་ནག་པོ་ཕ་གིའི་ནང་ཡོད་སྤྲོད་རོགས་མཛོད། བདག་གི་ཟས་ནོར་ལོངས་སྤྱོད་ནི་ལྡང་བ་ཡོད་ཟེར་བས། ཚོང་པས་སྨྲས་པ། ངས་ཀྱང་ཁྱོད་ཀྱི་ཁྲབ་གཏོད་པར་བྱེད། ཁྱོད་ཀྱིས་ཀྱང་མི་རབས་ཀྱི་བར་དུ་མཆོད་གནས་མཛོད་བྱས་པ་དང་། སྔགས་པ་དེ་མཁར་སྟེང་དུ་ཕྱིན་ནས་ལུང་པའི་མི་རྣམས་ལ་བརྡ་བརྒྱབ་པར། རང་རེའི་རྒྱལ་པོ་ཡབ་ཡུམ་འཁོར་གཡོག་དང་བཅས་པ་ནི་གྲོངས་ཚར་འདུག །ད་ནི་ཡུལ་གཞན་ནས་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཞིག་འདིར་ཕེབས་འདུག་བྱས་པ་ལུང་པའི་མི་རྣམས་ཀྱིས་ཚོར་བ་དང་། ཐམས་ཅད་ཚོང་པ་དེའི་མདུན་དུ་ཡོང་ནས་རྒྱལ་པོ་ཁྱེད་རང་གིས་མཛོད། གཡོག་ངེད་ཚོས་བྱེད་ཟེར་མི་རྣམས་ཀྱིས་ཞུ་བ་ཕུལ་ལོ། །ཚོང་པ་དེས་ཡུལ་དེའི་རྒྱལ་པོ་བྱས།
དེ་ནས་རེ་ཞིག་སོང་བ་ན་ཚོང་པའི་ཟླ་བོ་ཚོ་གནས་དེར་འབྱོར། ལ་ལ་རྩྭ་འཚོལ་དུ་རྒྱལ་པོའི་ཕོ་བྲང་ཕྱོགས་ལ་ཡོང་བ་དང་རྒྱལ་པོ་ཁང་ཐོག་ཏུ་བྱོན་ནས་ངའི་ཟླ་བོ་རྣམས་ཡིན་འདུག་དགོངས་ནས། གཡོག་པོ་ཞིག་བཏང་ནས་མདོའི་ཚོང་པ་མ་གི་བོས་ཤོག་གསུངས། སྒོ་རྭ་བས་ཚོང་པའི་མདུན་དུ་ཕྱིན་ནས་ཁྱོད་རྒྱལ་པོའི་སྐུ་མདུན་དུ་ཤོག་གསུང་གི་འདུག་བྱས་པས། ཚོང་པའི་བསམ་པ་ལ་རྒྱལ་པོ་དང་སྔར་འདྲིས་ནི་མེད། རྒྱལ་པོས་བསྙད་འཚོལ་བ་འདྲ་བསམས། ཚོང་པ་དེ་ཟླ་བོའི་རྩར་ཕྱིན། ཡང་རྒྱལ་པོས་གཡོག་ལ་དྲིས་པས་ཁོའི་ཟླ་བོ་མ་གིར་འདུག་པས་ཁོ་ཕྱིར་ལོག་སོང་ཞུས་སོ། །རྒྱལ་པོས་ཁྱོད་ཁོའི་སར་ཕྱིན་ནས་ཚོང་དུས་སུ་བཞག་པའི་ཟླ་བོ་དེ་ཡིན་འདུག །རྩྭ་དང་ཆས་གང་དགོས་གསུངས་པས་མི་དེས་ཚོང་པ་དེའི་སར་ཕྱིན། རྒྱལ་པོས་ཇི་ལྟར་གསུངས་པ་བཞིན་སྨྲས་པས། ཚོང་པ་རྣམས་དགའ་སྟེ། རྒྱལ་པོའི་ཕོ་བྲང་ལ་ཁ་བལྟས་ནས་ཡོང་ངོ་།།
དེར་ཚོང་པ་རྣམས་ཁོའི་སྐུ་མདུན་དུ་སླེབས་པ་དང་། ཚོང་པ་རྣམས་ཧ་ལས་ནས་གཅིག་གིས་གཅིག་ལ་མིག་ཧུ་རེར་བལྟས་ནས་བསྡད། དེར་རྒྱལ་པོས་ཁོང་ཚོ་ལ་བཟའ་བཏུང་ཕུན་སུམ་ཚོགས་པ་དྲངས། ཞག་ཁ་ཤས་དེར་བསྡད། ཁོང་ཚོས་རྒྱལ་པོའི་དྲུང་དུ་གླང་པོ་ཆེའི་རྒྱབ་ཁལ་གཅིག་དང་། བསེ་རུ་མགོ་དཀར་གྱིས་གཙོ་བྱས་པའི་གསེར་དངུལ་ལ་སོགས་པ་ཞུ་ཡིག་རྟེན་དང་བཅས་པ་ཕུལ། དེ་ག་ནས་བློན་པོ་གོ་ཆོད་པ་ཞིག་གིས་འགོ་བྱས་པའི་རྟ་པ་མང་རབ་ཅིག་ཕ་མ་བསུ་བ་དང་སྦྲགས་ནས་བཏང་། ཚོང་པ་དེ་རྣམས་ལ་འབུལ་ལན་དང་བཅས་པའི་རྫོང་བ་མང་པོ་བྱས་ནས་ཡུལ་ལ་བརྫངས་སོ། །ཚོང་པ་རྣམས་ཡུལ་དུ་ལོག་རྗེས་རྒྱལ་པོ་ལ་ལོ་རྒྱུས་རྣམས་ཞུས། ཕ་མ་བསུ་བར་བཏང་བའི་བློན་པོས་ཀྱང་ཕ་ནས་བསྐུར་བའི་ཞལ་ཏ་རྣམས་ཇི་བཞིན་ཞུས་པས། རྒྱལ་པོ་དེའི་བསམ་པ་ལ། ཕ་མ་གཉིས་མ་བཏང་བར་དམག་དྲངས་ནས་རང་གི་མངའ་འོག་ཏུ་ཚུད་པ་ཞིག་ཨེ་ཡོང་བསམས་ནས་རྒྱལ་པོ་དེའི་མངའ་འབངས་ལོངས་སྤྱོད་སྟོབས་འབྱོར་ཆེ་ཆུང་དྲིས་པས་ལམ་ནོར་བའི་ཚོང་པ་དེ་སྟོབས་ཆེ་བ་ཤེས་ནས། ཕ་མ་རྒན་རྒོན་ནོར་དང་བཅས་པ་བསུ་མཁན་གྱི་བློན་པོའི་གདོང་ལ་བཏང་བའི་ཁར། རྒྱལ་པོ་དེ་རང་ལ་སྲས་མོ་ཞིག་ཡོད་པ་དེ་ཡང་གླང་པོ་ཆེའི་རྒྱལ་ཁབ་བཅུ་དང་། རྒྱན་ཆ་ལུགས་གཡོག་མོ་དང་བཅས་པ་བརྫངས་ནས་ལམ་ནོར་བའི་ཚོང་པ་དེ་ལ་གནང་། བློན་པོ་དང་རྒྱལ་པོའི་སྲས་མོ་ཕ་མ་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་སླེབས་སོ།།
ཕ་མ་གཉིས་ནི་རང་གི་བུ་དང་ཕྲད་པས་ཤིན་ཏུ་མཉེས། ལྷ་ལྕམ་དེ་ཡང་མངའ་འོག་གི་འབངས་འཁོར་གཡོག་རྣམས་ལ་གཟིགས་པས་དགའ་སྤྲོ་སྐྱེས། དེ་ནས་བློན་པོ་དྲག་པ་ཞིག་ཚོང་དུས་ཀྱི་གནས་མོ་གྲི་བསྐུར་མཁན་དེའི་སར་བཏང་། དེར་བློན་པོས་གནས་མོ་རྩད་ཆོད་དེ་གནས་མོ་ལ་རྒྱལ་པོས་ཞལ་ཏ་གནང་བ་རྣམས་ཇི་བཞིན་ལབ་པས་གནས་ཚང་བཟའ་མི་དགའ་སྟེ་བློན་པོ་དང་བསྡེབས་ནས་རྒྱལ་པོ་མཇལ་དུ་ཡོང་། དེར་རྒྱལ་པོའི་ཕོ་བྲང་དུ་སླེབས་པ་དང་། ཁོང་བཟའ་མི་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། དེ་ནས་གནས་མོའི་ཁྱོ་བོ་དེ་རྒྱལ་པོའི་བློན་པོ་དྲག་ཤོས་སུ་བསྐོས། ཁོང་བཟའ་མི་གཉིས་ལ་གཞིས་ཀ་བཟང་པོ་དང་གསེར་དངུལ། རྟ་དང་གླང་པོ་སོགས་གང་དགོས་བྱིན་ནོ།།
དེར་ཁོང་གཉིས་སྐྱིད་ཅིང་རྒྱས་པ་བྱུང་། སྲས་མོ་གནང་མཁན་གྱི་དཔོན་པོ་དེ་དང་རྒྱལ་སྲིད་ཕྱོགས་གཅིག་ཏུ་ཁྱད་མེད་པར་བྱས་སོ། །རྒྱལ་སྲིད་ཕན་ཚུན་གཉིས་ཀ་དར་ཞིང་རྒྱས་པ་བྱུང་འདུག་པ་བྱས་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས་མི་དེ་བསོད་ནམས་རང་ཤིན་ཏུ་ཆེ། གནས་མོ་དེ་ཡང་དྲིན་ཆེ། དྲིན་ལན་ལེགས་པར་འཇལ་འདུག་བྱས་པ་དང་། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། །དེར་རྒྱལ་བུའི་བསམ་པ་ལ་བླ་མའི་ཞལ་ཏར་རོ་ཁོ་རང་ཅི་ཟེར་ཡང་ཁྱོད་རང་ལབ་ལན་ཚིག་གཅིག་ཀྱང་མ་བྱེད་གསུངས་པ་ཡིན་ཏེ། ཐང་ཆད་ཡེངས་ནས་ཚིག་གཉིས་ཤོར་བས་ལན། ད་རོ་མེད་པར་ཤོག་རུང་བླ་མས་བཀའ་བཀྱོན་གནང་ཡོང་བསམས་དུར་ཁྲོད་དེར་ཕྱིན་ཏོ།། །།

 

ལེའུ་བཅུ་གསུམ་པ།
ཀླུ་བདུད་ཀྱི་ཁ་ནས་ཐར་ཏེ་རྒྱལ་ས་ཐོབ་པ།

ཡང་ཤིང་སྡོང་གི་རྩར་ཕྱིན་ནས་རལ་གྲི་དེ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཞགས་པ་འཕུལ་གྱི་ཨ་ལོང་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས་རོ་དེ་བབས་བྱུང་སྟེ་ཏོག་མས་བརྡུངས། དྲ་བའི་ནང་དུ་བརྫངས། ཞགས་པས་བསྡམས་ནས་རྒྱབ་ཏུ་ཁུར། གོམ་པ་བདུན་ཙམ་སླེབས་པ་དང་། རྒྱལ་བུ་ལམ་ཐག་རིང་བས་ཁྱོད་ཀྱིས་སྒྲུང་ཞིག་ཤོད། ཡང་ན་ངས་སྒྲུང་ཞིག་བཤད་ཀྱིས་ཟེར་བར། རྒྱུས་ཡོད་བསམས་ནས་ཁ་རོག་ཡོང་བས། རྒྱལ་བུ་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར།
ལུང་པ་ཆེན་པོ་ཞིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་འདུག །དེ་ན་གཤོང་ཞིང་ལ་ཆུ་གཏོང་བྱེད་ཀྱི་རྫིང་ཆེན་པོ་ཞིག་ཡོད་ཅིང་། ཀླུ་བདུད་ཆེན་པོ་གཉིས་ཀྱིས་རྫིང་ཆུ་སྲུང་གི་ཡོད་པར་གདའ། རྫིང་གཏོང་མཁན་གྱི་མི་དེ་ཀླུ་བདུད་ཀྱིས་ཟ་ཡི་ཡོད་པས། རྫིང་ཆུ་གཏོང་དུ་འགྲོ་དགོས་པའི་ཚེ་དྲག་ཞན་དང་དབང་ཆེ་ཆུང་མེད་པར་ཤོ་བརྒྱབ་ནས་ཤོ་ཤོར་བ་དེ་འགྲོ་དགོས་ཀྱི་ཡོད་འདུག །ནམ་ཞིག་རྒྱལ་པོའི་བུ་ཤོ་ཤོར་བ་ཡིན་པར་འདུག །ཡུལ་དེ་ན་དབུལ་ཞིང་ཕོངས་པའི་རྒན་རྒོན་གཉིས་ལ་བུ་གཅིག་ཡོད་པར་འདུག །བུ་དེའི་བསམ་པར་ད་རེས་ངས་རྒྱལ་པོའི་བུ་དེའི་ཚབ་ཏུ་ཕྱིན་ནས་ཀླུ་བདུད་ཀྱིས་བཟའ་མི་ཐུབ་པའི་ཐབས་ཤིག་བྱས་ན་རྒྱལ་པོས་ཕ་མ་རྒན་རྒོན་གཉིས་ལ་ནོར་གྱིས་ཚིམ་པར་བྱེད་ཐུབ་པ་དང་། གཞན་ལ་ཡང་ཕན་ཐོགས་པ་ཞིག་ཡོང་བར་གདའ་བསམས་ནས་རྒན་རྒོན་གཉིས་ཀྱི་བུས་རྒྱལ་པོའི་སྲས་ཀྱི་དྲུང་དུ་ཕྱིན་ནས་རྒྱལ་པོ་ཡབ་ཡུམ་ལ་ཞུས་པ། རྒྱལ་པོ་ཡབ་ཡུམ་ཐུགས་འཁྲལ་མི་མཛད་ཞུ། རྒྱལ་བུ་བྱོན་ན་རྒྱལ་བརྒྱུད་ཀྱང་ཆད་འགྲོ་བར་འདུག །ཡབ་ཡུམ་ཡང་ཐུགས་འཁྲལ་གྱིས་གྲོངས་པའི་ཉེན་འདུག་པས། ད་ང་ལ་དགེ་བ་ལུང་པའི་མི་ཞེ་མི་ཁྲེལ་བ་ཞིག་ཐུགས་ལ་འདོགས་པ་ཞུ། བདག་གི་ཕ་མ་རྒན་རྒོན་གཉིས་ལ་བཟའ་བཏུང་དང་། ཤི་བའི་རྗེས་སུ་དགེ་རྩ་མི་ཞན་པ་ཞིག་ཐུགས་རྗེས་འཛིན་པ་ཞུ། ང་འཆི་བ་ལ་མི་འཚེར་བས་ངས་འགྲོ་ཞུས་པས། རྒྱལ་པོ་ཡབ་ཡུམ་མཉེས་ཏེ་རྒན་རྒོན་གཉིས་ཆ་དོན་བཞིན་ལེགས་པར་སྐྱོང་རྒྱུའི་འབའ་གན་བཞག །རྒན་རྒོན་གཉིས་ཀྱི་བུ་དེས་ལྟོ་ཕྱེ་ཁུར། སྦྱག་མ་གཅིག་ཁྱེར་ནས་ཕྱིན། ཁོས་རྫིང་དེ་བཏང་ནས་རྫིང་ཁ་དེའི་ཁུག་ཅིག་ཏུ་ཉལ་བསྡད་པས་དེའི་ནུབ་མོ་བཟའ་མཁན་སུ་ཡང་མ་བྱུང་། སང་ཉི་མ་ཤར་ནས་བལྟ་དུས། ལྕང་སྐྱ་ཞིག་གི་ཁོག་ན་སྦྲུལ་ནག་པོ་ཆེན་པོ་གཅིག་དང་རུས་སྦལ་གཅིག་སྐད་ཅོར་དིར་དིར་བསྡད་འདུག་པས། རུས་སྦལ་གྱིས་སྦྲུལ་ལ་སྨྲས་པ། མདང་འདི་ན་ཉལ་ཡོད་པ་ཡིན་པས་ཁྱོད་ཀྱིས་ལན་པ་ཡིན་ཟེར། སྦྲུལ་གྱིས་ནི་རུས་སྦལ་ཁྱོད་ཀྱིས་ལན་ཟེར། ཁྱེད་དེ་ལས་སྔ་ཙམ་ཡོང་ན་ཁོ་ད་ལྟ་རང་འདིར་འདུག་པས་ཁྱོད་ཀྱིས་ལན་ཟེར། མདང་ནུབ་ཟོས་ན་དེ་ཀས་འཐུས་པ་ཡོད་ཟེར། རུས་སྦལ་ན་རེ། སྤྲང་སྦྲུལ་ཁྱོད་ཀྱིས་དོ་སྣང་མ་བྱས་ན་ཁྱོད་བསད་དེ་བཀྲུས་ནས་ཟོས་ན་ལུད་པ་རྣམས་གསེར་དུ་འགྲོ་ཟེར། སྦྲུལ་ན་རེ། ཁྱོད་རང་རུས་སྦལ་བསད་ནས་རོ་དར་མཚོན་སྣ་ལྔས་བསྒྲིལ་ཏེ་རྒྱལ་པོའི་ཕྱག་མཛོད་དུ་བཞག་ན་ནོར་བུར་འགྱུར་ཟེར། ཁོ་གཉིས་ང་ལན་ཁྱོད་ལན་མ་འཆམ་པར་འཛིངས་སོ།།
དེར་ཁོ་གཉིས་ཉི་མ་དགོང་དྲོར་མ་སླེབས་བར་འཛིངས་ཏེ་ཐང་ཆད་ནས་ཤི་མིན་རོ་མིན་དུ་གྱུར། དེར་ཁོས་སྦྲུལ་དང་རུས་སྦལ་གྱི་མགོ་ལ་སྦྱག་མ་རེ་བརྒྱབ་ནས་བསད་དོ། །ཁོང་གཉིས་ཀྱི་གཏམ་དེ་རྣམས་ཨེ་བདེན་བསམས་སྦྲུལ་དེ་ཆུ་ལ་བཤལ་ནས་ཁྱུར་མིད་བཏང་། ཁ་ནས་ཧག་བྱས་པས་ལུད་པ་གསེར་དུ་སོང་བ་ཡིན་པར་འདུག །ཁོས་རུས་སྦལ་གྱི་རོ་ཁུར་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིན། ཁོ་ཡུལ་དུ་སླེབས་པ་དང་ཡུལ་མི་རྣམས་ཀྱིས་ཁོ་མཐོང་འཕྲལ་ཁྱོད་ལོག་རྒྱུ་བྱུང་བ་ཅི་ཡིན། ཀ་ཆུ་ད་ལོ་ལས་བཟང་བ་མ་བྱུང་ཟེར་དགའ་ཚོར་ཆེན་པོ་བྱས། ཕ་མ་རྒན་རྒོན་གཉིས་ནི་རང་གི་བུ་མ་ཤི་གསོན་འཕྲད་བྱུང་བས་དགའ་ཚོར་དཔག་མེད་སྐྱེས། དེ་ནས་ཁོ་རྒྱལ་པོ་ཡུམ་སྲས་ཀྱི་སྐུ་མདུན་དུ་ཕྱིན་ཏོ། །རྒྱལ་པོ་ཡུམ་སྲས་བཅས་ཀྱིས་ཁོ་ལ་འཐམ་ནས་ཁྱོད་ལོག་ཐུབ་པ་ཅི་འདྲ་ཡིན། ཆུ་ད་ལོ་ལས་ཆེ་བ་མ་བྱུང་གསུངས་པ་དང་། ཁོས་ང་འཆི་སྐལ་མེད་པ་ཡིན་འདུག །ངས་རྫིང་བཏང་ནས་བསྡད་པས་ཟ་མཁན་ནི་མ་བྱུང་། དེའི་སང་ཉིན་སྦྲུལ་གཅིག་དང་རུས་སྦལ་གཅིག་ན་རེ། མདང་ནུབ་ཁོ་བཟའ་རྒྱུ་མ་བྱུང་། ང་ལན་ཁྱོད་ལན་གྱིས་ཕན་ཚུན་འཁྲུགས་སོང་། སྦྲུལ་གྱིས་རུས་སྦལ་ལ་ཁྱོད་བསད་ནས་རོ་དར་མཚོན་སྣ་ལྔས་བསྒྲིལ་ནས་གན་མཛོད་དུ་བཞག་ན་ནོར་བུ་དང་འདྲ་ཟེར། རུས་སྦལ་གྱིས་སྦྲུལ་ལ་ཁྱོད་བསད་དེ་ཆུ་ལ་བཀྲུས་ཁྱུར་མིད་བཏང་ནས་ཧག་བྱས་ན་ལུད་པ་གསེར་དུ་འགྲོ་ཟེར་ནས་ཁོ་གཉིས་ཉི་མ་དགོང་དྲོ་བར་འཛིང་རེས་བྱས། མཐར་གཉིས་ཀ་ར་མ་རོར་སོང་བའི་སྐབས་སུ་ངས་མགོ་ལ་སྦྱག་མ་བརྒྱབ་ནས་བསད་པ་ཡིན། སླད་ཕྱིན་རྫིང་གཏོང་བར་ཤོ་རྒྱག་དགོས་མེད། ཡིད་བཞིན་ནོར་བུ་འདི་རྒྱལ་པོ་ལ་འབུལ་ཟེར་ནས་གསེར་གྱི་རུས་སྦལ་དེ་ཕུལ་ལོ། །རྒྱལ་པོས་ཀྱང་ཁོ་ལ་རང་གི་སྐུ་མཆེད་དང་ཁྱད་མེད་པར་མཛད།
ནམ་ཞིག་ནས་རྒྱལ་པོ་ཡབ་ཡུམ་སྐུ་གཤེགས། ཁོ་རང་གི་ཕ་མ་རྒན་རྒོན་གཉིས་ཀྱང་འདས། དེ་ནས་ཉིན་གཅིག་རྒྱལ་བུས། རང་རེ་གཉིས་དེ་རིང་སྐྱོ་བསང་ལ་འགྲོ་འོ་གསུངས་ནས། གྲོ་ཟན་མདའ་གཞུ་རྣམས་ཁུར་ནས་ལུང་པའི་ཕུ་ལ་བྱོན་པ་ཡིན་འདུག །ལ་ལུང་མང་པོ་བརྒལ་ཏེ་རི་རྩེ་འགྲིམས་ནས་ཕྱིན་པ་དང་། ལུང་པ་ཆེན་པོ་ཞིག་ན་མི་མང་པོ་ཕུང་ཕུང་འདུག་པ་མཐོང་སྟེ། ལུང་པ་དེར་མར་བབས་ཕྱིན། དེར་མིས་ལུང་པ་ཁེངས་ཤིང་བློན་པོ་མང་པོས་རྒྱན་ཆ་ལུགས་སྤྲས་ནས་གླང་པོ་ཆེའི་སྣ་ལ་ཚེ་བུམ་བཏགས་ནས་ཁྲོམ་ཡུལ་བྱེད་ཀྱི་འདུག་སྟེ། གླང་པོ་ཆེས་སྣ་གཡུགས་བློན་པོ་རྣམས་འགྱེལ། ཁོང་དཔོན་གཡོག་གཉིས་ཀྱི་སྟེང་དུ་ཤོར་བྱུང་། གླང་པོ་དེས་རྒྱལ་བུའི་དབུ་ཐོག་ཏུ་བུམ་པ་བཞག་བྱུང་སྟེ། བུམ་པ་བཞག་མ་ཐག་བློན་པོ་རྣམས་ཀྱིས་རོལ་མོའི་སྒྲ་དང་བཅས་ཏེ་མཐའ་བསྐོར་ནས་གང་ཁྱེར་འདིར་ཁྱེར་མིག་གིས་མ་མཐོང་ངོ་། །དེར་ཁོ་མགོ་འཐོམས་ཤིང་། ས་མུན་ལ་ཐུག་པས་འགྲོ་བ་ལ་ནི་ལམ་མ་རྙེད་པར་མ་སྨད་གཉིས་ཡོད་པ་ཞིག་ཏུ་ཞག་ས་གཡར་ནས་བསྡད་དོ། །དེར་ཁོ་སྐོམ་ནས་མ་སྨད་གཉིས་ལ་ཆང་ཨེ་ཡོད་དྲིས་པས་ཆང་རིན་ཅི་ཡོད་ཟེར། གསེར་ཡོད་བྱས་པས་ཁོ་ལ་ཆང་ཡོད་ཚད་ཕབ་ནས་དྲངས་སོ། །དེའི་ནུབ་མོར་ཁོ་ཆང་གིས་བཟི་ནས་ར་མ་རོར་སོང་ངོ་།།
ནམ་ཕྱེད་སོང་བ་དང་ཆང་སྨིན་ནས་སྐྱུག་པ་ཤོར། བུ་མོའི་ཨ་མས་མར་མེ་ཁྱེར་ནས་བལྟ་དུས་སྐྱུག་པ་ཐམས་ཅད་གསེར་དུ་འདུག་པ་མཐོང་སྟེ། ད་དུང་ཡང་གསེར་མང་ཙམ་བསྐྱུགས་ན་བསམས་ནས་ཁ་ལ་ཆང་སྦྱར་ནས་བླུགས་སོ། །དེའི་ང་རྒྱལ་གྱིས་མུ་མཐུད་བསྐྱུགས་པས་སྦྲུལ་དོན་བྱུང་ངོ་། །སྦྲུལ་དོན་པ་དང་སྐྱུག་མཚམས་ཀྱང་ཆད། དེར་གསེར་གྱི་ཡོན་ཏན་སྦྲུལ་འདི་ཡིན་འདུག་བསམ་ཞིང་བཀྲུས་ནས་མོ་རང་གི་བུ་མོར་མིད་བཅུག །དེར་བུ་མོས་ཧག་བྱས་པས་ལུད་པ་གསེར་དུ་བྱུང་ངོ་། །ཕྱི་ཉིན་ཡར་ལངས་ཏེ་ཆང་རིན་སྤྲོད་རྩིས་ཀྱིས་ལུད་པ་ཧག་བྱས་པས་གང་ཡང་མ་བྱུང་བ་དང་། ཁོས་རྒན་མོ་ལ་སྨྲས་པ། མདང་གི་སྐྱུག་པ་གསེར་དུ་བྱུང་བ་རྣམས་ཁྱེད་རང་གི་གྱིས་ལ་ངའི་སྦྲུལ་གཏོད་བྱས་པ་དང་། ག་ནས་ཡོང་དང་འདི་ནས་ཡིན་མེད་པའི་སྤྲང་འཁྱམས་ཁྱོད་ལ་མདང་ལྟོ་བྱིན་མལ་བཅོས། ཆང་རིན་ལ་གསེར་ཡོང་ཟེར་ཆང་སྤྲད་པས། ཆང་རིན་མེད་པའི་ཁར་རྐུན་ཁག་ཅི་ལ་འཛུགས་ཟེར་རྒན་མོས་ལག་ནས་བཟུང་སྟེ་མདོར་བཏོན་ནོ།།
ཁོའི་སེམས་ལ། ང་རླུང་རྟ་མཐོ་བ་ཞིག་ལ་ཀླུ་བདུད་ཀྱིས་ཟ་མ་ཐུབ། ཡུལ་གྱི་རྒྱལ་པོ་དང་ཟས་ནོར་མཉམ་པོར་སྤྱད་ཆོག་པ་བྱུང་། ཡིད་བཞིན་གྱི་ནོར་བུ་འདི་འདྲ་ཡང་ཐོབ། རླུང་རྟ་ཆག་པ་ཞིག་ལ་རྒྱལ་པོ་གར་གཤེགས་ནི་རྩད་མ་ཆོད། གསེར་སྐྱུག་པའི་སྦྲུལ་དེ་ཡང་བོར། ད་ཡུལ་དུ་ལོག་ཀྱང་ངོ་ཚ་བ་འདུག །ལུང་པ་འདིའི་ཕུར་ལྕེབས་དགོས་བསམས་ནས་ཕྱིན་ཏོ། །དེར་ཁོས་ལུང་པའི་ཕུ་ན་ཡར་ཕྱིན་པས་བུ་ཚ་གསུམ་ཅ་དངོས་བགོ་བཤའི་དོན་ལ་མ་འཆམ་པར་འཁྲུག་རྩོད་བྱེད་པ་མཐོང་། དེར་ཁོ་བུ་ཚོའི་རྩར་ཕྱིན་པས། བུ་ཚ་གསུམ་པོ་ཁུར་སྒྱེ་གཅིག་དང་། ལྷམ་གཅིག །ཞྭ་མོ་གཅིག་ལ་མ་འཆམ་པར་འདུག་པས། དེར་ཁྱོད་གསུམ་ག་ལ་མ་འཆམ་བྱས་པར། ངེད་གསུམ་འདི་རྣམས་ལ་མ་འཆམ་ཟེར། འདི་གསུམ་པོས་ཅི་ཕན་བྱས་པར། ལྷམ་འདི་གྱོན་ན་རང་གང་མོས་སར་སླེབས་ཐུབ་ཀྱང་འདི་ཅུང་ལོད། ཞྭ་འདི་གྱོན་ན་སུས་ཀྱང་མི་མཐོང་སྟེ་ལྷམ་འདི་ལས་ཅུང་དགའ། ཁུར་སྒྱེ་འདི་ཤ་ཤོག་བྱས་ན་ཤ་ཡོང་། མར་ཤོག་བྱས་ན་མར་ཡོང་། གང་དགོས་ཀྱང་ཤོག་བྱས་པར་ཡོང་བ་འདིར་མ་འཆམ་པ་ཡིན་བྱས་པས། དེར་ཁོས་ཁྱེད་རང་གསུམ་བང་སྔོན་ལ་སུ་མགྱོགས་པ་དེས་ཁུར་སྒྱེ་འདི་ཁྱེར། དེ་ནས་སུ་མགྱོགས་པ་དེས་ཞྭ་མོ་འདི་ཁྱེར། རྟིང་མ་དེས་ལྷམ་འདི་ཁྱེར་བྱས་པ་དང་། ཁོང་གསུམ་པོ་ན་རེ། མི་བཟང་པོ་ཁྱོད་འདྲ་བ་བཙལ་ཀྱང་མི་རྙེད་ཟེར་སོང་ངོ་།།
དེར་ཁོས་མགོ་ལ་ཞྭ་མོ་དེ་གྱོན། ལག་ཏུ་ཁུར་སྒྱེ་བཟུང་། སྔོན་ལ་སུ་མགྱོགས་པ་དེ་ལ་སྟེར་དགོས་བསམས་བསྡད་པ་དང་། བུ་ཚ་གསུམ་པོས་བང་བཏང་བས་ཁོ་གར་སོང་ཟེར་གཅིག་མིག་གཅིག་ལ་ཧུར་ཧུར་བལྟ་བཞིན་འདུག་གོ །དེའི་ཁྲོད་ནས་བུ་ཚ་ཆུང་བ་དེས་ངས་ད་གིན་ནས་ཁྱེད་རང་གཉིས་གང་དགའ་བ་ཁྱེར་བྱས་པ་ཡིན་ཏེ་དོན་མེད་ཀྱི་རྩོད་པ་བརྒྱབ། སྙིང་ཚིམས་སོང་ངམ་ཟེར་བུ་ཚ་དེ་ལོག་སོང་ངོ་། །བུ་ཚ་གསུམ་ལོག་རྗེས་ཁོས་བྲག་ཁ་གཅིག་ལ་འཛེགས་ནས་ཤིང་སྡོང་ཆེན་པོ་ཞིག་འདུག་པའི་རྩར་ཕྱིན་པས་ཕར་ཕྱོགས་ནས་སྲིན་པོ་མགོ་དགུ་པ་ཞིག་ཡོང་གི་འདུག་སྟེ། ཁོས་ཞྭ་མོ་དེ་གྱོན་ནས་དེར་བསྡད་པ་དང་། སྲིན་པོས་ཁོ་མ་མཐོང་བར་སྲིན་པོ་དེས་མེ་ཏོག་སྔོན་པོ་གཅིག་བཏོགས་ནས་ཁོ་རེ་བྱད་ལ་ཡུལ་བྱས་པ་དང་སྤྲེལ་རྒན་ཆེན་པོ་ཞིག་ཏུ་གྱུར་ནས་ཤིང་སྡོང་དེ་ལ་འཛེགས་སོང་ངོ་།།
དེའི་ཕྱི་ཉིན་ཉི་མ་ཤར་བ་དང་ཤིང་སྡོང་གི་རྩེ་ནས་མར་བབས། མེ་ཏོག་སེར་པོ་གཅིག་བཏོགས་ནས་ཁོ་རེ་བྱད་ལ་ཡུལ་བྱས་པ་དང་སྔར་བཞིན་སྲིན་པོར་གྱུར། ཁོས་ཀྱང་མེ་ཏོག་སེར་པོ་ཞིག་དང་སྔོན་པོ་ཞིག་བཏོགས་ནས་ལྷམ་དེ་གྱོན། རྒན་མོ་མ་བུ་གཉིས་ཀྱི་སྒོ་འགྲམ་དུ་སླེབས་ན་བསམས་བསྡད་པས་རྒན་མོ་མ་བུའི་སྒོ་དྲུང་དུ་སླེབས། དེར་ཁོས་རྒན་མོ་མ་སྨད་བོས་པ་དང་། བུ་མོ་དེས་སྒེ་ཁུང་ནས་རྙང་དེ་བལྟས་བྱུང་བས། བུ་མོའི་བྱད་ལ་མེ་ཏོག་སྔོན་པོ་དེ་ཡུལ་བྱས་པ་དང་། བུ་མོ་དེ་སྤྲེལ་རྒན་འཇིགས་སུ་རུང་བ་ཞིག་ཏུ་གྱུར་སོང་ངོ་། །ཁོས་ཞྭ་ཆུང་གྱོན་པས་མི་སུས་ཀྱང་མ་མཐོང་། བུ་མོ་དེས་མི་སུ་ཡང་མི་འདུག་ཟེར་ནང་དུ་ལོག་ཡོང་དུས་བུ་མོ་སྤྲེའུར་སོང་བ་མཐོང་བས་ཨ་མ་སྐྲག་ཏེ། ཁ་སང་གི་མེ་དེའི་ཆོ་འཕྲུལ་མིན་ནམ་བསམས་ནས་རྒྱལ་པོའི་ཕོ་བྲང་གི་སྒོ་ཞབས་མེད་པར་བཙལ་བས་མ་རྙེད་དོ། །ཁོས་ཁུར་སྒྱེའི་ནང་དུ་ཞྭ་མོ་བརྫངས། ལྷམ་དེ་སྐེད་པ་གཡས་གཡོན་ལ་གཟེར། རྒན་མོ་མ་སྨད་ཀྱི་ནང་དུ་ཡོང་། རྒན་མོས་ཁོ་མཐོང་བ་དང་ཁྱེད་ཀྱི་གསེར་དང་སྦྲུལ་གཏོད་ཟེར་ཕྱག་འཚལ་ལོ། །དེར་རྒན་མོ་ལ་སྨྲས་པ། འོ་གོ་བཅད། གཏམ་དྲིས་ནས་མ་བྱུང་དགོས་ཁར་བྱུང་ཟེར་བ་བདེན་པར་འདུག །ངའི་སྦྲུལ་དང་གསེར་ཁྱེར་ཤོག་བྱས་པ་དང་། རྒན་མོའི་བུ་མོ་དེ་ལུས་སྤྲེའུར་གྱུར་ཀྱང་སེམས་ལ་འཕོ་འགྱུར་མེད་པས་མ་བུ་གཉིས་ཀས་ཕྱག་འཚལ་ལོ། །དེར་བུ་མོས་བསྐྱུགས་བཏང་བས་སྦྲུལ་དོན། སྦྲུལ་དེ་ཆུ་ལ་བཤལ་ནས་ཁོ་རང་གིས་མིད་དོ། །བུ་མོ་དེ་ཁང་ཆུང་དུ་ཁྲིད་ནས་ཨ་མ་འདི་ལ་ཐོབ་ཐང་ཞིག་ཡོད་དེ། བུ་མོ་ཁྱོད་སྙིང་རྗེ་ཟེར་ནས་མེ་ཏོག་སེར་པོ་དེར་བྱད་ལ་ཡུལ་བྱས་པས་བུ་མོ་སྔར་ལྟར་སོང་ངོ་། །མ་བུ་གཉིས་པོས་གསེར་གང་བྱུང་བ་རྣམས་ཁོའི་མདུན་དུ་སྤུངས་ནས་ཕྱག་འཚལ། མི་དེ་བསམ་པ་རྣམ་པར་དག་པས་གསེར་དེ་ནས་ཁོ་རང་མ་བུ་གཉིས་འཚོ་ངེས་ཤིག་སྦྱིན། ལྷམ་དེ་གྱོན་ཁུར་སྒྱེའི་ནང་གསེར་དེ་བླུགས། ཞྭ་མོ་གྱོན། ཁོ་རང་གི་རྒྱལ་པོའི་རྩར་སླེབས་ན་བསམས་པ་ཡིད་ལ་འཁོར་བ་དང་རྒྱལ་པོའི་སྐུ་མདུན་དུ་སླེབས། རྒྱལ་པོས་ཁོ་མཐོང་བ་དང་བཞེངས་ཏེ་གཅིག་གིས་གཅིག་ལ་འཆང་ནས་འབྲལ་མི་ཕོད་པར་གྱུར། སྔར་གྱི་རྒྱལ་ས་དེར་མི་བསོད་ནམས་ཅན་དེ་རྒྱལ་པོར་བསྐོས་ནས་རྒྱལ་སྲིད་ཕན་ཚུན་གཉིས་ཀ་ཁྱད་མེད་བྱས་སོ། །ཚུར་ངོས་ལ་ཡིད་བཞིན་གྱི་ནོར་ལ་མཧཱ་གསེར་གྱི་རུས་སྦལ་དེ་ཡོད་པ་ཡིན་འདུག །ཕར་ངོས་ན་ནོར་བུ་ཤ་ཤོག་མར་ཤོག་གི་ཁུར་སྒྱེ་དེ་ཡོད་པར་འདུག །མི་བསོད་ནམས་ཅན་དེ་རྒྱལ་སར་སླེབས་ནས་རྒྱལ་སྲིད་དར་ཞིང་རྒྱས་པ་དང་འབངས་འཁོར་གཡོག་བདེ་ཞིང་སྐྱིད་པ་བྱུང་བ་ཡིན་པར་འདུག་ཟེར་བ་རོས་སྨྲས་པ་དང་། རྒྱལ་པོའི་ཞལ་ནས། མི་དེ་བསོད་ནམས་ཆེ་བ་ལ་ཨང་ཟེར་བ་གཏམ་ཤོར་བས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་དེ་ཤོར་སོང་ངོ་། །རྒྱལ་པོའི་བསམ་པ་ལ་ཁོའི་ལབ་ལབ་དེ་ནི་མང་། ང་རང་གི་སེམས་ཡེངས་པས་ལན། རོ་མེད་པར་ལོག་ན་བླ་མའི་བཀའ་དང་འགལ་བསམས་ནས་ཡང་དུར་ཁྲོད་དེར་ཕྱིན། རོ་ཧ་ལ་ཟེར་བ་རྣམས་རྡོག་པས་བརྡུངས་ཀྱིན། ཤིང་སྡོང་དེའི་རྩར་སླེབས།། །།

ལེའུ་བཅུ་བཞི་པ།
ཇོ་ཇོ་བཟང་པོ་གཤིས་རྒྱུད་ངན་པའི་སྲིང་མོའི་ལག་ནས་ཐར་ཏེ་ཅང་ཤེས་རྟའི་བཀའ་དྲིན་གྱིས་

མཁར་གཞིས་ནོར་ཕྱུགས་མངའ་ཐང་རྒྱས་པ་བྱུང་བ།

ཡང་རལ་གྲི་དེ་ཤིང་སྡོང་ལ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས་རོ་དེ་བབས་བྱུང་སྟེ། དྲ་བའི་ནང་དུ་བརྫངས། ཞགས་པས་བསྡམས་ཏེ་ཁུར་ཡོང་ངོ་། །རོ་ན་རེ། རྒྱལ་བུ་ཁྱོད་ཀྱིས་སྒྲུང་ཞིག་ཤོད་དང་ལམ་ཐག་ཐུང་བྱས་པ་དང་། རྒྱལ་བུས་རྒྱུས་ཡོད་བསམས་ནས་ཁ་རོག་ཡོང་བས། ཁྱོད་འདྲའི་ཁ་ནས་སྒྲུང་མི་ཐོན། ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར། ལུང་པ་ཞིག་ན་ཕ་མ་སྔ་ས་ནས་ཤི་བའི་མིང་སྲིང་གཉིས་ཡོད་པར་འདུག །ལུང་པ་དེའི་ཕུ་ན་སྲིན་པོ་རྫ་ཆེན་རྫ་ཆུང་ཟེར་བ་གཉིས་ཡོད་ཅིང་། ལུང་པ་དེའི་རྒྱབ་ན་མིའི་གྲོང་བརྡལ་ཆེན་པོ་ཞིག་ཡོད་འདུག །དེའི་ཕར་རྒྱབ་ན་སྲིང་མོ་ཞིག་ལ་ཇོ་ཇོ་བྱམས་པ་ཚད་མེད་པ་གཅིག་ཡོད་འདུག །ཁོང་གཉིས་ལ་ལུག་ཁྱུ་ཞིག་ཡོད་པ་བུ་མོ་དེས་འཚོ་བར་འགྲོ་གི་ཡོད་འདུག །ཉིན་གཅིག་བུ་མོ་དེས་ལུང་པ་དེའི་ཕུར་རྩྭ་ཆུ་བཟང་ས་ཞིག་ཏུ་ལུག་འཚོ་བར་ཕྱིན། ལ་ཕར་རྒྱབ་ཀྱི་བུ་མཚར་སྡུག་ལྡན་པ་ཞིག་ཀྱང་དེར་ལུག་འཚོ་བར་ཡོང་བ་དང་ཐུག །བུ་དེས་རང་རེ་གཉིས་བཟའ་མི་བྱས་ན་ག་འདྲ་འདུག་བྱས་པར། བུ་མོ་དེས་ཡག་པོ་འདུག་ཟེར། ཁྱོད་ཀྱི་ཇོ་ཇོ་ལ་སློང་ན་ཨེ་སྟེར་བྱས་པས། བླང་བྱས་ན་བྱིན་དོགས་མེད། ངའི་ཇོ་ཇོ་ཤི་ན་ང་རང་གཉིས་བཟའ་འཚོ་བྱས་པས་ཆོག་ཟེར། བུ་དེས་ཁྱོད་ཚོའི་ལུང་པའི་ཕུ་ན་སྲིན་པོ་རྫ་ཆེན་ཟེར་བ་ཞིག་དང་རྫ་ཆུང་ཟེར་བ་ཞིག་ཡོད་དེ། དོ་དགོང་ཁྱོད་རང་ནང་དུ་ལོག་མ་ཐག་ང་ན་ང་ཚ་ཟེར་བ་གྱིས། ཇོ་ཇོ་དེ་ཁྱོད་ལ་བྱམས་པོ་ཡོད་འདུག་པས། ཁྱོད་ན་བ་ལ་གང་གིས་ཕན་ཟེར་ཡོང་། ང་ན་བ་ལ་ཐབས་ཡོད་དེ་ཇོ་ཇོས་མི་ནུས་ཟེར་བ་གྱིས། བུ་མོ་ཁྱོད་ན་བ་ལ་ཕན་པའི་ཐབས་ཡོད་ན་ལོས་བྱེད་ཟེར་རོ། །ངའི་ནད་ལ་ཕན་པའི་ཐབས་ལ་རང་རེའི་ཕུ་ན་སྲིན་པོ་རྫ་ཆེན་རྫ་ཆུང་ཟེར་བ་ཞིག་ཡོད་པ་དེའི་ལྡུམ་རྭ་ནས་སྒོག་པ་བླངས་ཏེ་བྱིན་ན་དྲག་འགྲོ་སྟེ་ཇོ་ཇོས་མི་ནུས་གྱིས། དེར་ཁོས་བུ་མོ་ན་བ་ལ་ཕན་ན་ནུས་ཟེར་ཁོའི་ལྡུམ་རྭར་འགྲོ། དེ་ནས་ངེད་རང་གཉིས་ལྷན་དུ་སྡོད་རྒྱུ་ཡོང་ཟེར་བ་བསླབས་སོ།།
དེ་ནས་མོས་འགྲམ་པ་གཡས་སུ་བཙག་བཅུག །གཡོན་དུ་རམ་བཅུག་ནས་སླེབས་རྗེས། ང་ན་ང་ཚ་བྱས་པ་དང་། བུ་མོ་ན་བ་ལ་གང་གིས་ཕན་ཟེར་དྲིས་པར། ང་ན་བ་ལ་ཐབས་ཡོད་དེ་ཇོ་ཇོས་མི་ནུས་བྱས་པས། ཇོ་ཇོ་ན་རེ། ངེད་མིང་སྲིང་གཉིས་ཀྱི་ཕ་མ་ནི་སྔ་མོ་ནས་ཤི །ཁྱོད་སྡུག་པ་ལ་ཕན་པའི་ཐབས་ཡོད་ན་ཤོད་དང་ཟེར་བས། བུ་མོ་ན་རེ། རང་རེའི་ལུང་པའི་ཕུ་ཡ་གི་ན། སྲིན་པོ་རྫ་ཆུང་ཟེར་བ་ཞིག་ཡོད་པས་དེའི་ལྡུམ་རྭ་ནས་སྒོག་པ་བླངས་ཏེ་བྱིན་ན་དྲག་འགྲོ་སྟེ། མི་ནུས་ཟེར་བར། ཁོས་བུ་མོ་ལ་ཕན་ན་ངས་ནུས་ཟེར་ནས་ཅང་ཤེས་ཀྱི་རྟ་བཟང་པོ་ཞིག་ཡོད་པ་དེ་ལ་བཞོན། ཁྱི་བཟང་པོ་གཉིས་ཡོད་པ་ཁྲིད་ནས་ལུང་པའི་ཕུ་ལ་ཕྱིན་ཏོ། །སྲིན་པོ་རྫ་ཆུང་གི་ལྡུམ་རྭའི་ནང་དུ་འཛུལ་ནས་སྒོག་པ་ཕད་བུ་གང་བརྔས་ཚར་བ་དང་རྫ་ཆུ་ཁོས་མཐོང་ནས། སྔར་ཕན་ངའི་ལྡུམ་རྭ་འདིར་སྒོག་པ་སུས་ཀྱང་ཐོགས་མི་ནུས་པར། སྤྲང་པོ་མ་གིས་སྒོག་པ་ཐོགས་པ་གང་ཡིན་ཟེར་ལག་ངར་བརྫེས་ནས་ཤོར་བྱུང་ངོ་། །སྐབས་དེར་ཅང་ཤེས་ཀྱི་རྟ་དེས་ཁོའི་མཐོང་རྩ་ནས་བཟུང་། ཁྱི་གཉིས་ཀྱིས་རྐང་པར་རྨུགས། ཁོ་རང་གིས་ངར་གདུང་ལ་ཏོག་མ་བརྒྱབ་པས་ཁོ་འགྱེལ་སོང་ངོ་། །ཁོ་ན་རེ། ང་མ་གསོད་དང་ཁྱོད་རང་གིས་གང་ཟེར་བྱེད། རྒྱོབ་ཟེར་ན་ཕ་མགོ་ལ་རྒྱག །ཟོ་ཟེར་ན་མ་མཆིན་ཡང་ཟ། སོང་ཟེར་ན་རྡོ་རྗེ་དམྱལ་བའི་གཏིང་ལའང་འགྲོ་ཟེར་མནའ་བསྐྱལ་ལོ། །མོ་མ་བསད་པར་སྒོག་ལོ་ཐེག་ཚད་ཁུར་ནས་ལོག་ཡོང་ངོ་། །ནང་དུ་སླེབས་མ་ཐག་བུ་མོ་ལ་སྒོག་ལོ་རྒྱགས་ཚད་བྱིན། བུ་མོ་ནད་དྲག་པའི་ཁུལ་བྱས་ནས་ལུག་འཚོ་བར་ཕྱིན་ཏོ།།
དེའི་སང་ཉིན་ལ་ཁ་དེར་བུ་ཚ་དེ་དང་འཕྲད་དེ། ཁོ་ན་རེ། ཁྱོད་ཀྱི་ཇོ་ཇོ་ཨེ་ཤི་ཟེར། མོ་ན་རེ། ཇོ་ཇོ་མ་ཤི་བའི་ཁར་སྒོག་པ་ཐེག་ཚད་བཀལ་རྫ་ཆུང་གཡོག་ལ་ཁྲིད་ནས་ལོག་བྱུང་ཟེར་བས། ཁྱོད་ཀྱི་ཇོ་ཇོ་དེ་འཇིགས་པ་ཞིག་ཡོད་པར་འདུག །ཁྱེད་ཚོའི་ལུང་པའི་ཕུ་ན་སྲིན་པོ་རྫ་ཆེན་ཟེར་བ་ཞིག་ཡོད་པས། དེའི་ལྡུམ་རའི་ནང་གི་སྒོག་པ་ང་ལ་སྟེར་ན་ངའི་ན་ཚ་དྲག་ཐུབ་པ་འདུག །མ་ཕྱིན་ན་ང་འཆི་བ་འདུག་གྱིས་ཟེར་བ་བསླབས་སོ། །ཡང་མོས་ན་རྫུ་བཏབ་ཁོས་བསླབས་པ་ལྟར་བྱས་པས། ཇོ་ཇོས་བུ་མོའི་ནད་ལ་ཕན་ན་ང་འགྲོ་ཟེར་ནས་ཡང་རྟ་སྒ་བརྒྱབ་རྫ་ཆུང་དང་ཁྱི་གཉིས་ཁྲིད་ནས་རྫ་ཆེན་གྱི་ལྡུམ་རྭར་ཕྱིན་ཏོ། །དེར་ཡང་སྒོག་པ་ཕད་བུ་གང་ཙམ་བྲེགས་ཚར་བ་དང་། རྫ་ཆེན་ཁོས་མཐོང་སྟེ། ལག་ངར་བརྫེས་ནས་སྤྲང་པོ་རྫ་ཆུང་ཁྱོད་ཀྱིས་ངན་རྒྱུས་བྱས་ནས་སྣ་དྲངས་ཡོང་བ་ཡིན། སྔར་མི་སུ་ཡིན་རུང་འདིར་ཡོང་ཕོད་པའི་དཔེ་མེད་ཟེར་ནས་རྫ་ཆུང་ལ་འགྲམ་ལྕག་གསུམ་བརྒྱབ། ཁོའི་སྟེང་དུ་ཤོར་བྱུང་བས་རྟ་མཆོངས་ནས་ཁོའི་མཇིང་པ་ནས་བཟུང་། རྫ་ཆུང་འཚིག་པ་ཟོས་ཏེ་ཁོའི་མཐོང་རྩ་ནས་བཟུང་། ཁྱི་གཉིས་ཀྱིས་ཁོའི་སྒྱིད་མ་ནས་བཟུང་བས་ཁོ་འགྱེལ་ལོ། །སྲིན་པོ་རྫ་ཆེན་གྱིས། ང་མ་གསོད་དང་། ཁྱོད་རང་གིས་ཅི་བཅོལ་བའི་ལས་བྱེད། རྒྱོབ་ཟེར་ན་ཕ་མགོ་ལ་རྒྱག་གོ །ཟོ་ཟེར་ན་མ་མཆིན་ཡང་ཟ། ཁྱོད་ཀྱིས་གང་ཟེར་བར་ངས་མ་ཉན་ལུས་དུམ་བུ་བརྒྱ་ཚལ་དུ་བཏང་ནའང་ཆོག་ཟེར་མནའ་བསྐྱལ་ལོ། །རྫ་ཆུང་ལ་ཁུར་པོ་བསྐུར། རྫ་ཆེན་ཡང་ཁྲིད་ཡོང་། ནང་དུ་སླེབས་པ་དང་བུ་མོ་དེ་ལ་སྒོག་པ་རྒྱགས་ཚད་བྱིན། ཡང་བུ་མོས་དྲག་ཚུལ་བྱས་ནས་ལུག་དེད་དེ་ལ་ཁར་ཕྱིན་ཏོ། །ལ་ཁར་བུ་ཚ་དེ་དང་འཕྲད་དེ། ཁྱོད་ཀྱི་ཇོ་ཇོ་ཨེ་བསད་ཟེར་བར། ངའི་ཇོ་ཇོ་ནི་རྫ་ཆེན་ཁྲིད་སྒོག་པ་མང་པོ་ཁུར་ནས་སླེབས་བྱུང་བྱས་པས། བུ་དེ་ན་རེ། ཁྱོད་ཀྱི་ཇོ་ཇོ་དེ་ནི་འཇིགས་སུ་རུང་བ་ཞིག་ཡོད་པར་འདུག །ཡང་ནང་དུ་ལོག་སླེབས་རྗེས། ང་ན་ང་ཚ་ཟེར་བ་གྱིས་ལ་ཉོལ་སྡོད། བུ་མོའི་ནད་ལ་གང་དང་ཅིས་ཕན་ཟེར་བྱུང་ན། ང་ན་བ་འདི་ཁ་སང་ནས་སྒོག་པ་ཟོས་དྲགས་པས་ད་ཕོ་བ་ཟེར་བྱུང་ན། ཐབས་ཡོད་དེ་ཇོ་ཇོ་འོ་རྒྱལ་ཆེ་བརྗོད་ཅིག །ཕན་པའི་ཐབས་ཡོད་ན་ལོས་བྱེད་ཟེར་ཡོང་། འོ་ན་མཐའ་ཡས་རྒྱ་མཚོ་ཆེན་པོ་ནས་རྒྱ་ཚྭ་བླངས་ཏེ་བྱིན་ན་ཕན་ཟེར་བ་གྱིས་དང་། ཇོ་ཇོ་ཚྭ་ལེན་དུ་འགྲོ་བས་དེ་ནས་ཁོ་འཆི་ཟེར་གྲོས་བསླབས་སོ།།
ཡང་མོས་སྔར་བཞིན་ན་རྫུ་བཏབ་སྟེ། ངའི་ནད་ལ་རྒྱ་ཚྭས་ཕན་ཟེར་བས། ཇོ་ཇོས་ཁྱོད་ན་བ་ལ་ཕན་ན་ང་འགྲོ་འོ་ཟེར་ནས་རྟ་སྒ་བརྒྱབ། རྫ་ཆེན་རྫ་ཆུང་དང་ཁྱི་གཉིས་ཁྲིད་དེ་མཐའ་ཡས་རྒྱ་མཚོ་ཆེན་པོ་ནས་ཚྭ་ལེན་པར་ཕྱིན་ཏོ། །མཚོ་ཁར་སླེབས་དུས་རྒྱ་ཚྭ་ནི་རྒྱ་མཚོའི་གཏིང་ན་ཡོད་འདུག་པས་ཁོ་རང་གི་སྐེད་པ་ལ་ཐགས་པ་བཏགས་ཏེ་རྫ་ཆེན་གྱིས་བཟུང་། ཕད་བུ་གཅིག་ཁུར་ནས་རྒྱ་མཚོའི་གཏིང་དུ་ཕྱིན། དེར་ཐག་པ་དེ་ཐང་ཙམ་བྱས་བྱུང་བ་དང་ཕད་བུ་ཁེངས་པའི་རྟགས་ཡིན་པས་འཐེན་ཅིག་བྱས་པས། དེར་རྫ་ཆེན་གྱིས་ཐག་པ་འཐེན་པས་གང་ཡང་མ་བྱུང་བ་དང་། རྫ་ཆེན་ན་རེ། ད་ཐབས་གཞན་མེད་པས་ཁྱི་གཉིས་འཐུངས་ཤིག་ཟེར་ཆུ་དེ་ནས་བཏུངས། རྟ་ཁྱོད་རང་འཐུངས་ཟེར་བས་བཏུངས ཁྱི་གཉིས་དང་རྟས་བཏུངས་ཀྱང་དེ་ཙམ་འཐུང་མ་ཐུབ། རྫ་ཆུ་ཁྱོད་ཀྱིས་འཐུངས་བྱས་པས་རྫ་ཆུང་གིས་མཚོ་ཁ་དམའ་རུ་འགྲོ་བ་ཙམ་བཏུངས། དེར་སོ་གྲ་བསྒྲིགས་ནས་ལ་ཕར་རྒྱབ་ཏུ་ཆུ་འཕོ་བས་ལུང་སྟོབས་ཆེན་པོ་ཞིག་ཤྭ་ལེགས་ཀྱིས་ཁེངས་སོ། །དེར་ཁོའི་ཁ་ནང་དང་སོ་སྲུབ་ལ་བཙལ་བས་ཚྭ་མིན་པ་གང་ཡང་མ་རྙེད། དེ་ནས་རྫ་ཆེན་ཁོ་རང་གིས་བཏུངས་པས་ཐམས་ཅད་འཐུང་ཐུབ་ནས་དེའི་རྟིང་ན་རྒྱ་ཚྭ་ཞྭོ་ཆགས་པ་ལྟ་བུ་ཡོད་པ་དེ་ནས་མགྱོགས་པར་ཕད་བུ་བཞི་བཀང་། ཁོའི་རུས་པ་ཨེ་འདུག་བལྟས་པས་ནི་མ་རྙེད། དེར་རྫ་ཆེན་གྱིས་སོ་གྲ་སྒྲིག་ཙམ་བྱས་ནས་ཁའི་ཚྭ་རྣམས་བཏོན་པ་དང་། ཚྭ་གསེབ་ནས་རུས་པ་རྙེད། སོའི་སྲུབ་གཡེངས་པས་རུས་སྒྲོམ་མ་ཞིག་པ་ཧྲིལ་པོ་རྫ་ཆེན་གྱི་སོའི་སྲུབ་ནས་རྙེད། དེར་རུས་པ་དེ་བཏོན་ནས་རྫ་ཆེན་གྱིས་རྫ་ཆུང་ལ་སྨྲས་པ། རང་རེ་དཔོན་གཡོག་གི་ས་ན་མནའ་དམ་པོ་ཞིག་ཡོད་པ་ཡིན། རྫ་ཆུང་ཁྱོད་རང་འཛའ་ར་ཞིག་ཁུར་མགྱོགས་པར་ཉིན་ཁུག་ཐོངས་ཤོག །གནའ་སྔ་མོ་ཙ་ན་ང་ལ་ཨ་ལྕེ་གནམ་གྱི་གུང་རྒྱལ་མས་བྱིན་པའི་བདུད་རྩི་པར་བུ་གང་ཡོད་པ་དེ་གར་དགོས་མི་ཤེས་བསམས་ཏེ་རྣ་མཆོག་གི་རྟིང་མ་གི་ན་སྦས་ཡོད། དེ་ཁྱོད་ཀྱིས་ལོངས་ཤོག་ཟེར་ནས་རྫ་ཆུང་ལེན་པར་བཏང་ངོ་། །དེར་རྣ་མཆོག་གི་རྟིང་ན་པ་རུ་འདུག་པ་དེ་ཨམ་ཕྲག་ཏུ་བཅུག །འཛའ་ར་དེ་ཟོས་ཡར་འོངས་པ་དང་ས་རབ་རིབ་ཏུ་གྱུར། རྫ་ཆེན་ན་རེ། རྫ་ཆུང་འགོར་འགྱང་ཆེ་བྱུང་ཟེར་དེ་ནུབ་དེ་ཁར་ཉལ་བསྡད། དེའི་ཕྱིན་ཉིན་ཁོའི་རུས་སྒྲོམ་དེ་ཉི་མ་ལ་བསྲོས་ནས་ཕྱི་ལ་བདུད་རྩི་དེ་ནས་རིལ་བུ་གཅིག་བྱུགས་པས་ཤ་ཁྲག་ཆགས། དེའི་ཁར་རིལ་བུ་གཅིག་བཏབ་པས་ཤ་རྣམས་སྔར་བཞིན་ཁེངས། དེ་ནས་རིལ་བུ་གཅིག་བཏབ་པས་ཕྱི་ལྤགས་ཆགས། དེ་ནས་ནང་ལ་ཐུན་གཅིག་བཏང་བས་དྲོད་ཉམས་ཙམ་རྙེད་པ་ཡིན་པར་གདའ། དེ་ནས་ཐུན་གཅིག་བཏང་བས་དབུགས་ཀྱི་རྒྱུ་བ་བྱུང་། ཡང་ཐུན་གཅིག་བཏང་བས་སྔར་བཞིན་དྲན་པ་རྙེད། ཤི་གསོས་སྨན་གྱི་ཡོན་ཏན་གྱིས་ཁོ་ལོག་རྒྱུ་བྱུང་སྟེ་དེར་རྒྱ་ཚྭ་རྣམས་བཀལ། ཁོང་དཔོན་གཡོག་མི་རྟ་ཁྱི་དང་བཅས་པ་ཡུལ་དུ་སླེབས་སོ།།
བུ་མོ་དེའི་རྐན་རྨ་རུ་སོང་སོང་བར་རྒྱ་ཚྭ་བླུད། མོས་ཀྱང་དྲག་ཚུལ་བྱས་ནས་ལུག་འཚོ་བར་ཕྱིན། ཡང་བུ་དེ་དང་ལ་ཁར་དེ་ཁྱོད་ཀྱི་ཇོ་ཇོ་ཨེ་ཤི་བྱས་པས། ཇོ་ཇོ་མ་ཤི་བའི་ཁར་རྒྱ་ཚྭ་བཀལ་ནས་ལོག་བྱུང་། ངའི་ཁ་རྨ་རུ་མ་སོང་བར་རྒྱ་ཚྭ་བླུད་བྱུང་བྱས་པས། ཁོ་ན་རེ། ཁྱོད་ཀྱི་ཇོ་ཇོ་དེ་གང་གིས་ཀྱང་མི་ཐུབ་པ་ཞིག་ཡོད་པར་འདུག་ཟེར། བུ་མོའི་སྙིང་དུ་ཁོ་ཞུགས་ནས་ད་བཟའ་མི་ཡོང་བའི་ཐབས་ཨེ་ཡོད་ཟེར། ཐབས་ཡོད་རྒུ་བཏོན་ཚར་བས་ཁྱོད་ཀྱིས་ཇོ་ཇོ་ལ་སློང་ན་མི་སྟེར་རམ་བྱས་པ་དང་། མོ་མཆི་མ་ཁྲོམ་ཁྲོམ་དུ་ངུ་ཡི་འདུག །ཁྱོད་ངུ་བ་ལ་མ་ཐུག །ཁྱོད་ཀྱི་ཇོ་ཇོ་གསོད་ནུས་སམ་ཟེར་བར། མོ་ན་རེ། གསོད་ནུས་ཟེར། འོ་ན་ཁྱོད་རང་དོ་ནུབ་ནས་ཇོ་ཇོ་འོ་རྒྱལ་ཟེར་ནས་ཁོའི་མལ་བཅོས། ཇོ་ཇོའི་སྔས་འོག་ཏུ་གདུང་ཞིག་ཆུག །ནམ་ཕྱེད་ཙམ་ལ་ཇོ་ཇོའི་མགོ་བོར་རྡོ་པང་ཚད་གཅིག་བརྒྱབ་ནས་གསོད། ཇོ་ཇོ་བསོད་པ་སྲིན་པོ་གཉིས་ཀྱིས་མ་ཚོར་བ་གྱིས་ལ་རྟ་དེ་བཞོན་ནས་བྲོས་ཤོག་ཅིག་ཟེར། མོས་ལུག་དེད་ནས་ནང་དུ་ལོག་ཡོང་། སྔར་མི་བྱེད་པའི་ནང་ལས་རྣམས་བྱས། ཇོ་ཇོའི་མལ་བཅོས། སྔས་འོག་ཏུ་གདུང་ཞིག་བཅུག །སྲིན་པོ་རྫ་ཆེན་དང་རྫ་ཆུང་གཉིས་ཟུར་དུ་བསྙལ། ཇོ་ཇོ་ལ་གཡོག་བྱམས་པའི་ཚུལ་བྱས། ནམ་ཕྱེད་དུ་སླེབས་པ་དང་བུ་མོ་ལངས་ནས་སྲིན་པོ་གཉིས་ཀྱིས་མ་ཚོར་བ་བྱས་ཏེ་རྡོ་པང་ཚད་གཅིག་ཇོ་ཇོའི་སྔས་འགོར་ཁུར་ཕྱིན། ཇོ་ཇོའི་མགོ་སྔར་བཞག་ས་དེར་བདེ་མོ་མ་བྱུང་བར་གདུང་མེད་པའི་སར་ཉལ་བ་ཡིན་འདུག །མོས་ཇོ་ཇོའི་མགོ་བཞག་པའི་ཐད་དུ་རྡོ་པང་ཚད་དེ་བརྒྱབ་ནས་བྲོས་ཕྱིན། ཇོ་ཇོ་ཧར་དེ་ལངས་ནས་སུ་ཡིན་ཟེར་བས། རྫ་ཆེན་རྫ་ཆུང་གཉིས་ཀྱིས་མར་མེ་ཁྱེར་ནས་བལྟ་དུས་གཞན་སུ་ཡང་མེད་ཅིང་། བུ་མོ་དེ་རྟ་སྒ་རྒྱག་པའི་གྲབས་བྱེད་ཀྱི་ཡོད་པར་གདའ། རྫ་ཆེན་གྱིས་བདུད་མོ་འདི་ཡིན་པར་འདུག་ཟེར་ནས་ཁོས་མཐེབ་མཉེད་ཅིག་བཏང་ནས་ཁྱུར་མིད་བཏང་ནས། ཇོ་ཇོས་རྫ་ཆེན་བུ་མོར་དེ་ལྟར་མ་བྱེད་མ་བྱེད་བྱས་ཀྱང་ཁོས་མིད་ཚར་བ་ཡིན་པར་གདའ། སྐབས་དེར་ཇོ་ཇོས་ནི་མོ་རང་ཅི་བྱེད་ཀྱང་སྙིང་རྗེ་ཟེར་སེམས་འཁྲལ་དཔག་ཏུ་མེད་པ་སྐྱེས། སྲིན་པོ་རྫ་ཆེན་གྱིས་ཁྱོད་ལ་བཟང་བ་བྱས་པ་དེ་ངན་བྱས་པ་འདྲ་བར་འདུག །སྨན་འདེབས་རྒྱུ་ཡོད་ཀྱང་མི་འདེབས། སྟེར་རྒྱུ་ཡོད་ཀྱང་མི་སྟེར་ཟེར་ནས་རུས་པ་རྣམས་ཞིབ་མོར་ཟོས། སྐབས་དེར་ཇོ་ཇོས་ནི་མོ་རང་ཅི་བྱེད་ཀྱང་ངེད་གཉིས་གཅིག་ལ་གཏད་པ་ཡིན་པས་སྙིང་རྗེ་ཟེར་ནས་ནོར་གང་ཡོད་རྣམས་མོའི་ཕྱོགས་སུ་དགེ་རྩར་བཏང་། རྫ་ཆེན་རྫ་ཆུང་གཉིས་ཁོ་རང་གཉིས་ཀྱི་ཡུལ་དུ་སློག །རྟ་དེ་ལ་བཞོན་ཁྱི་ཁྲིད་ནས་རྒྱང་རིང་པོ་ཞིག་ལ་སྐྱོ་བསང་ལ་ཕྱིན་ཏོ།།
རྩྭ་ཁ་བཟང་བའི་མཚོ་འགྲམ་ཞིག་ཏུ་རྟ་འཚོ་བར་འགྲོ་བསམས་པའི་ལམ་བར་སོ་མང་གཅིག་དང་། དུང་ཕྲེང་གཅིག །མེ་ལོང་གཅིག་རྙེད་པ་ཡིན་པར་འདུག །སྐབས་དེར་རྟ་ཕོ་དེ་ན་རེ། གང་དགོས་མི་ཤེས་དེ་རྣམས་ཁྱེར་བྱས་པས་དེ་རྣམས་ཁྱེར་ནས་མཚོ་འགྲམ་དེར་བསྡད་པ་དང་། ཡུད་ཙམ་ཞིག་ནས་མཚོ་དེ་ལང་ལོང་དུ་འཁོལ། རྟ་དེས་ཁོ་ལ་སྨྲས་པ། སྒ་ཆ་ལེགས་པར་སྤྲོས། ཁྱི་གཉིས་ཁྲིད་ལ་བྲོས་ཤིག་བྱས་པ་དང་། དེ་མ་ཐག་རྟ་ལ་སྒ་བརྒྱབ། ཁྱི་གཉིས་ཁྲིད། རྟ་བཞོན་ཟིན་པ་དང་། མཚོ་དེའི་དཀྱིལ་ནས་ལྕགས་ཀྱི་སྤྱང་མོ་རི་སྣ་ཙམ་ཞིག་བྱུང་ནས་ཁོའི་རྗེས་སུ་དེད། ཁོ་ཟིན་ལ་ཁད་བྱུང་བ་དང་། རྟ་ན་རེ། བུ་སོ་མང་དེ་ལ་སྨོན་ལམ་ཐོབ་ལས་སྐྱུར་ཟེར། སོ་མང་བསྐྱུར་བས་ནགས་གཅིག་ཏུ་གྱུར་ནས་དེ་བསྐོར་རིང་བྲོས་སོ། །ཡང་ཟིན་ལ་ཁད་བྱུང་བ་དང་། བུ་སྨོན་ལམ་ཐོབ་ལ་དུང་ཕྲེང་སྐྱུར་ཟེར་ནས་བསྐྱུར་བས་གངས་རི་དུང་ཕྲེང་འདྲ་བ་ཞིག་བྱུང་། ཡང་དུམ་གཅིག་བྲོས་འོངས། ཡང་སྤྱང་མོ་དེས་རྗེས་ཟིན་ལ་ཁད་བྱུང་བ་དང་། བུ་མེ་ལོང་ལ་སྨོན་ལམ་ཐོབ་ལས་སྐྱུར་ཅིག་བྱས་པ་དང་། ཁོས་མེ་ལོང་ལ་མཚོ་མེ་ལོང་འདྲ་བ་ཞིག་ཤོག་ཅིག །མཚོ་ཕར་ཁར་སྤྱང་མོ་ལུས་པ། ཚུར་ཁར་ང་རང་ཐར་བ། བསྐོར་བས་མི་འཁོར་བ། བརྒལ་བས་མི་འཐར་བ། རྐྱལ་གྱིས་མི་ཆོད་པ་ཞིག་ཡོང་བ་ཤོག་བྱས་སྨོད་བོར་ནས་བསྐྱུར་བས། ཇི་ལྟར་བྱས་པ་ཞིག་བྱུང་ངོ་། །མཚོའི་ཕར་ཁ་ནས་སྤྱང་མོ་ན་རེ། སྤྲང་པོ་ཁྱེད་ཀྱིས་སྲོག་ལན་སྤྲོད་དགོས་པ་ཡོད་དེ། སྤྲང་པོ་རྫ་ཆེན་རྫ་ཆུང་དང་རྟ་དེས་ཁྱོད་ཀྱི་སྲོག་མགོ་བཏོན་སོང་བས་ཚེ་མཐར་བ་གྱིས་ཟེར་ལོག་སོང་།
དེ་ནས་ས་སྟོང་ཆེན་པོ་ཞིག་ཏུ་སླེབས་པ་དང་། རྟ་དེ་གམ་ནས་འཆི་བའི་དུས་ལ་བབས། སྐབས་དེར་རྟ་དེས་སྨྲས་པ། ད་ང་འཆི་བར་འདུག་པས་ཁྱོད་ང་ལ་སེམས་འཁྲལ་གྱིས་ཤི་བ་དང་ངུ་བ་སོགས་གཏན་ནས་མ་བྱས་པར་ངའི་པགས་པ་བཤུས་ནས་ཁྲོམས། མགོ་དཀྱིལ་དུ་ཞོག །ཁའི་ནང་དུ་སྙིང་དེ་ཆུག་ལ་སོ་རྣམས་བརྡུངས་ལས་སྤང་ལ་སྟོར་ཤིག །མཁལ་མ་གཉིས་པོ་མགོའི་རྩར་ཞོག །གྲོད་པ་ཐང་ལ་ཁྲོམས། རྒྱུ་མས་པགས་པ་དང་མགོའི་མཐའ་བསྐོར། གློ་བ་ལུང་པའི་ཕུར་སྐྱེལ། མཆིན་པ་དུམ་བུར་བཏུབ་ལ་གློ་བའི་གཡས་གཡོན་དུ་ཞོག་སྤུ་རྣམས་ཐོགས་ལས་རི་ལ་སྟོར་ཤིག །མཁྲིས་པ་མགོའི་རྩར་ཞོག་ལ། མ་ངུ་། ངུ་ན་གྲང་མོ་ཡོང་ཟེར་རྟ་ཤིའོ། །དེར་རྟ་ཤི་བ་དང་། ཁོས་ང་ལ་ཚེ་སྔོན་གྱི་དགྲ་སྲིང་མོ་དེས་སྡུག་དེ་འདྲ་བཏང་། སྲོག་མགོ་འདོན་པའི་རྟ་དེ་ཤི་སོང་བསམས་ནས་ངུས་པས་ཁ་ཆར་བབས། ངུ་འཕྲོ་ལ་ཧེ་ཧེ་བྱས་པས་དེར་ཉི་མ་དྲོ་བ་ཞིག་བྱུང་། དེར་རྟ་ཁོ་རང་གིས་བསླབས་པ་བཞིན་བྱས་པས་ཐང་ཆད་པ་དང་། ངུས་པ་བཅབས་ཏེ་དུབ་ནས་ཉི་མ་ལ་གཉིད་དུ་སོང་འདུག །གཉིད་གུང་ལ་བུ་མོ་ཞིག་གིས་དེ་འདྲ་མ་གཟིམ་པར་བཞེངས་དང་ཟེར་མགོ་ལ་རེག་རེག་བྱེད་པ་ཞིག་སྣང་། གཉིད་སད་པ་དང་། ངའི་སྲིང་མོ་དེ་ནི་བདུད་མོ་དེ་འདྲ་ཞིག་བྱུང་། རྟ་དེ་ནི་ཤི །ད་སུ་ཡོད་དམ་བསམས་ནས་བལྟས་པས་བུ་མོ་མཚར་སྡུག་འོད་ཆགས་པ། རྒྱན་ཆ་ལུགས་ཀྱིས་བརྒྱན་པ་ཞིག་འདུག །ཡར་བཞེངས་པ་ཞུ། ཁྱེད་ལ་དྲིན་ལན་འཇལ་བའི་རྟ་དེ་ཡིན་ཟེར་བ་དང་། ཁོ་ཡར་ལངས་པ་དང་བུ་མོ་དེས་ཁོ་ནང་དུ་གདན་དྲངས་སོ།།
དེར་ནི་ཕོ་བྲང་ཁྱད་དུ་འཕགས་པ་དགུ་ཐོག་ཡོད་པ་དེ་རྟའི་མགོ་ལས་བྱུང་བ་ཡིན་པར་འདུག །ཁ་ནང་དུ་སྙིང་བཞག་པ་དེ་བུ་མོ་མཚར་སྡུག་ལྡན་པ་དེ་ཡིན་པར་འདུག །མཁལ་མ་གཉིས་ལས་ནི་རྟ་བཟང་པོ་ཁོ་རང་གི་རྟ་དེ་དང་འདྲ་བ་བྱུང་བ་ཡིན་པར་འདུག །སྤུ་རྣམས་སྟོར་བས་ནགས་ལ་ཤིང་སྣ་ཚོགས་བྱུང་བ་ཡིན་པར་འདུག །སྤང་ལ་སོ་སྟོར་བའི་ཡོན་ཏན་གྱིས་ལུག་ཁྱུ་འུར་རྡོས་མི་འགུལ་བ་ཞིག་བྱུང་བ་ཡིན་འདུག །ཕུ་རུ་གློ་བ་བསྐྱལ་བའི་ཡོན་ཏན་གྱིས་ཤེལ་ལས་གྲུབ་པ་ལྟར་གྱི་གངས་རི་ལུང་པ་དེ་འཚོ་བ་ཞིག་བྱུང་བ་ཡིན་པར་འདུག་ཟེར་བ་རོས་སྨྲས་པས། རྒྱལ་བུའི་ཞལ་ནས། ཇོ་ཇོ་བཟང་པོ་དེ་གཤིས་རྒྱུད་ངན་པའི་སྲིང་མོ་དེས་གསོད་རྩིས་བྱས་རུང་། སྲོག་མགོ་འདོན་པའི་རྟ་དེ་དྲིན་ཆེ་བ་ལ་ཨང་བྱས་པས། རོ་ལ་གཏམ་ལན་བྱ་ཁྲ་ཧུར་ཟེར་འགྲམ་ལྕག་ཚ་ཐག་ཆོད་གཉིས་གཞུས་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་།།
དེར་རྒྱལ་བུ་ཐང་ཆད་གྲོད་པ་ཡང་ལྟོགས། ད་གང་བྱས་ཀྱང་རོ་མི་ལོན་པ་འདྲ་བསམས་དགོན་པ་ལ་ལོག་ཕྱིན། མཚམས་རྡོ་བརྒལ་མ་ནུས། སྐོར་བ་ཞིག་བསྐོར་ཤར་ནས་ལྷོ་ལ་ཕྱིན་པས། ལྷོའི་མཚམས་རྡོ་ལ་ཡི་གེ་ཞིག་སྦྱར་འདུག་པ་དེ་བཀླགས་པས། བུ་ཁྱོད་ལ་ཇི་ཙམ་སྨྲས་ཀྱང་གོ་རྒྱུ་ནི་མི་འདུག །སྔ་མ་ནས་ཞེ་རུས་བསྐྱེད་ན་སེམས་ཅན་ལ་ཕན་ཐོགས་པའི་གསེར་ཁ་ཞིག་ཡོད་དེ་དེ་ནི་མ་བྱུང་། དེ་རྗེས་ཀྱང་ཞེ་རུས་བསྐྱེད་ན་པུས་མོ་ཡན་གསེར་དུ་འགྲོ་བ་ཡོད་དེ་དེ་ཡང་མ་བྱུང་། ད་བུ་ཁྱོད་སྙིང་རུས་བསྐྱེད་ན་ལྟེ་བ་ཡན་གསེར་དུ་འགྲོ་བ་ཡོད་པས་སྙིང་རུས་སྐྱེད་ཅིག་གསུངས། མར་ཟན་གའུ་ཁ་སང་གི་དེ་ལས་ཆེ་བ་ཞིག་བཞག་འདུག་གོ །དེར་མར་ཟན་དེ་ནས་རྒྱགས་ཚད་ཅིག་ཟོས། ལྷག་མ་རྣམས་ཁྱེར་ནས་ཡང་དུར་ཁྲོད་དེར་ཕྱིན་ཏོ།།
དེར་རོ་ཕྲན་རྣམས་འཇིགས་པའི་ཆ་ལུགས་མང་པོ་བསྟན་ནས། རོ་ལ་ལ་ཧ་ལ་ཟེར་གྱིན་ཙོག་པོར་ལངས། ལ་ལ་ཧུ་ལུ་ཧུ་ལུ་ཟེར་གྱིན་ཕར་འགྲོ་ཚུར་འགྲོ་བྱེད། ངའི་བླ་མ་བདེན། སྤྲང་པོ་འདི་ཚོས་ཀྱང་ང་ལ་བརྙས་པ་བྱེད་ཀྱི་འདུག་བསམ་སྐྲག་པ་སྐད་ཅིག་ཀྱང་མ་བྱུང་སྟེ། རོ་ཧ་ལ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཧུ་ལུ་ཟེར་བ་རྣམས་རྡོག་པས་བརྡུངས་པ་དང་རླུང་ཞི་བ་ལྟར་སོང་། རོ་ཆེན་པོ་དེའི་རྩར་ཕྱིན་པ་དང་། ཁོ་སོ་ཐམ་ཐམ་མང་པོ་བྱེད་ཅིང་། ལུས་ཤིང་དང་བྲལ་ནས་མིག་ཕར་ཧྲིལ་མང་པོ་བྱེད་པ་མཐོང་ངོ་།། །།

 

ལེའུ་བཅོ་ལྔ་པ།
ཐགས་མཁན་ཕོ་ཧྲེང་ལམ་འགྲོ་རྒྱུགས་པའི་སྟབས་ཀྱིས་སྟག་མི་ཟན་གྱི་ཁ་ནས་ཐར་ཏེ་དུག་སྦྲུལ་དང་ཝ་མི་ཟན་བཏུལ་ནས་རྒྱལ་ས་ཟིན་པ།

དེར་རྒྱལ་བུས་རལ་གྲི་དེ་བཏོན་ནས་ཤིང་དེའི་རྩར་ཕྱིན། ཤིང་སྡོང་ཕྱེད་ཙམ་ཆོད་པ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས་རོ་དེ་བབས་བྱུང་སྟེ། རོ་དེའི་སྤྱི་བོ་ནས་རྐང་མཐིལ་ཡན་ཏོག་མས་བརྡུངས། ཁྱོད་ཁ་ཐམ་ཐམ་བྱེད་རྒྱུ་གང་ཡོད་ཟེར་རལ་གྲི་བརྒྱབ། མིག་ཁྲབ་ཁྲབ་བྱེད་རྒྱུ་གང་ཡོད་ཟེར་མིག་ལ་གྲི་བཙུགས། གཟུགས་གཞི་ཐམས་ཅད་འཕྲལ་ནས་དྲ་བའི་ནང་དུ་བརྫངས་ཏེ་ཁྱེར་ཡོང་བས་གོམ་པ་བདུན་བརྒྱད་ཙམ་སླེབས་པ་ན་རོའི་ཁ་ནས་རྒྱལ་བུ་ཟེར་བར། རྒྱལ་བུས་རྒྱུད་ཡོད་བསམ་ཁ་རོག་བསྡད་པས། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་མི་ཐོན། ངས་སྒྲུང་ཞིག་བཤད་ཀྱིས་ཉན་ཨང་ཟེར།
ལུང་པ་ཞིག་ན་རྒྱལ་པོ་ཞིག་ཡོད་ཅིང་། ལུང་པ་དེའི་ཕུ་ན་སྟག་མོ་གཅིག་ཡོད་པ་ཡིན་འདུག །སྟག་མི་ཟན་ལ་ལུང་པ་དེ་ནས་ལོ་རེ་མི་གསུམ་གསུམ་སྤྲོད་དགོས་ཀྱི་ཡོད་པར་འདུག །ལུང་པ་དེའི་ཕུ་ན་ཐགས་མཁན་ཕོ་ཧྲེང་གཅིག་ཡོད་ཅིང་། མདའ་དེ་ན་ལས་ལ་བརྩོན་པའི་མ་བུ་གསུམ་ཡོད་པས། མ་བུ་གསུམ་པོ་དེ་ལ་སྟག་གིས་ཟ་རེས་འཁོར། དེའི་དགོང་མོ་སྟག་དེ་ཁོང་མ་བུ་གསུམ་གྱི་ཁང་པའི་སྐས་ལ་འཛེགས་ནས་ཁུག་ཅིག་ཏུ་ཡིབ་ནས་བསྡད། ཨ་མ་དེའི་བསམ་པར་ང་ཟོས་ཀྱང་ལོ་ན་རྒས་པས་འགྱོད་པ་མེད། ཕྲུ་གུ་འདི་གང་དྲག་སྐྱོབ་ཐབས་ཅི་ཡོད་བསམ། དེར་ཁོང་མ་བུ་གསུམ་བཟའ་རྒྱུ་ཡོད་པ་ཟོས། བཏུང་རྒྱུ་ཡོད་པ་རྣམས་བཏུངས་ནས་སྡོད་པའི་སྐབས་དེར། ཨ་མ་ན་རེ། ང་ཚོ་གསུམ་དོ་ནུབ་སྟག་གིས་བཟའ་རྒྱུ་ཡིན་པས་ཕྲུ་གུ་གཉིས་སྟག་གིས་བཟའ་བར་སྐྲག་གི་མི་འདུག་གམ་བྱས་པར། བུ་དེ་ན་རེ། སྐྲག་རྒྱུ་གང་ཡོད། དོན་དམ་སྐྲག་དགོས་པའི་སེམས་ཅན་གཞན་ན་འདུག་བྱས་པར། ཨ་མ་ན་རེ། ཁོ་རེ་སྟག་ལས་ཀྱང་འཇིགས་པའི་སེམས་ཅན་གང་ན་འདུག་བྱས་པ་དང་། དེར་བུས་སྨྲས་པ། སྟག་ལས་འཇིགས་པའི་སེམས་ཅན་ཟག་ཟེར་བ་ཆེན་པོ་ཞིག་འདུག །ཟག་ལས་ཀྱང་འཇིགས་པའི་སེམས་ཅན་སུ་རུ་ཁ་སྦུབ་ཟེར་བ་ཞིག་དང་། སུ་རུ་ཁ་སྦུབ་ལས་ཀྱང་འཇིགས་པའི་སེམས་ཅན་མདའ་ལེ་སྔོ་སྐྱ་ཟེར་བ་ཞིག་འདུག་བྱས་པ་དང་། སྟག་གི་བསམ་པ་ལ། ང་ལས་སེམས་ཅན་ཟག །ཟག་ལས་འཇིགས་པའི་སེམས་ཅན་སུ་རུ་ཁ་སྦུབ། སུ་རུ་ཁ་སྦུབ་ལས་ཀྱང་འཇིགས་པའི་སེམས་ཅན་མདའ་ལེ་སྔོ་སྐྱ། གཞན་དེ་གཉིས་ལ་སྐྲག་དགོས་དོན་མེད་རུང་སུ་རུ་ཁ་སྦུབ་ཀྱི་ཁ་སྦུབ་ལུགས་དེ་རང་གི་ཐོག་ཏུ་མི་ཡོང་བའི་ངེས་པ་མེད་པས་དོ་ནུབ་རྭ་བའི་གླང་མ་གི་ཟོས་ནས་ཚོད་ལྟ་མ་བྱས་ན་གང་ཡོང་མི་ཤེས་བསམ། རྭ་བར་འཛུལ་ནས་གླང་རྒ་ཁྲ་བོ་གཅིག་ཡོད་པ་དེ་ཟོས་ནས་ཉལ་བསྡད་དོ།།
སྐབས་དེར་ལུང་པའི་ཕུའི་ཐགས་མཁན་ཁོའི་བསམ་པ་ལ་ཚེས་བཅོ་ལྔའི་ཟླ་བ་ཤར་ནས་གང་ཙམ་ཕྱིན་སོང་། སྟག་གིས་མི་ཟ་བ་རྣམས་སྲོད་ལ་ཟ་བ་ཡིན་པས། མོ་རང་མ་བུ་གསུམ་གྱི་གླང་དེ་བརྐུས་ནས་ཟ་དགོས་བསམ། ལག་པ་གཡས་སུ་ཏོག་མ་ཞིག་ཁྱེར། གཡོན་དུ་ཞགས་པ་གཅིག་ཁུར་ནས་མ་བུ་གསུམ་གྱི་གླང་རྐུ་བར་ཕྱིན་པས་སྒོ་འགག་ཏུ་སླེབས་པ་དང་། མི་སྐད་ཁྱི་སྐད་གང་ཡང་མ་ཐོས་ཤིང་། ཚེས་བཅོ་ལྔའི་ཟླ་བ་གནམ་གྱི་གུང་དུ་སླེབས། སྟག་དེ་ནི་རྭ་བའི་མཐོངས་སུ་ཁྲ་འཁྱིལ་ལེར་ཉལ་བསྡད་ཡོད་པས། ཐགས་མཁན་ཕོ་ཧྲེང་པོའི་བསམ་པ་ལ་མི་སྐད་ཁྱི་སྐད་ནི་མི་འདུག །འདི་ནི་གླང་ཁྲ་བོ་དེ་ཡིན་པ་ཐག་གིས་ཆོད་བསམ་པའི་དགའ་ཚོར་སྐྱེས་ཏེ་སྟག་དེ་ལ་བཞོན་པས། སྟག་གི་བསམ་པར་འདི་ནི་སུ་རུ་ཁ་སྦུབ་ཁོ་ཡིན་པ་འདྲ་བསམས་ཏེ་ཧར་དེ་ལངས་ནས་བྲོས་ཕྱིན། ཐགས་མཁན་གྱི་བསམས་པ་ལ་ད་ང་གང་དྲག་བསམ་སྟག་གི་རྣ་མཆོག་གཉིས་ནས་བཟུང་བས་ལ་ལུང་བཅོ་བརྒྱད་ཀྱི་བར་ཁྱེར་རོ། །ལ་ལུང་མང་པོ་བརྒལ་ནས་ཉི་མ་རྩེ་ཤར་དུ་སླེབས་པ་དང་། ཤིང་ཙནྡ་སྡོང་པོ་གཅིག་ལ་ཁྱུང་གི་ཚང་ཡོད་ཅིང་། ཚེས་བཅོ་ལྔའི་ནུབ་མོ་ཁྱུང་གི་སྒོ་ང་རྡོལ་རྒྱུ་ཡིན་པས་ཤིང་དེའི་རྩ་བ་ན་དུག་སྦྲུལ་ཆེན་པོ་ཞིག་ཡོད་པ་དེས་ཚེས་བཅོ་ལྔའི་སྔ་དྲོ་ཤིང་དེར་འཛེགས་ནས་ཁྱུང་ཕྲུག་ཚོ་ཟ་རྒྱུ་ཡིན་འདུག །ཐགས་མཁན་ཕོ་ཧྲེང་པོའི་བསམ་པ་ལ་ཤིང་སྡོང་ཕ་གི་ལ་ཞགས་པ་བརྒྱབ་ནས་སྡོད་དགོས་བསམ་ཞིང་། ཤིང་སྡོང་རྩར་སླེབས་པ་དང་ཞགས་པ་བསྐྱུར་བས་དུག་སྦྲུལ་གྱི་མཇུག་མ་ནས་ཟིན། དུག་སྦྲུལ་མར་བབས་ནས་སྟག་གི་སྙིང་ལ་འཆང་། དུག་སྦྲུལ་ཡང་སྟག་གིས་བསད། སྟག་དང་དུས་སྦྲུལ་གཉིས་ཀ་དེར་ཤི །དེར་ལུང་པའི་ཕྱུགས་རྫི་བ་མང་པོ་ཡོད་པས་དེ་རྣམས་ཀྱིས་ཁོ་སྔོན་དུ་སྟག་ལ་བཞོན་ནས་བྱུང་། བར་དུ་སྦྲུལ་ལ་ཞགས་པ་བརྒྱབ། སྟག་དང་དུག་སྦྲུལ་གཉིས་འཛིང་ཀ་བརྒྱབ་པ་མཐོང་བ་ཡིན་འདུག །ཕྱུགས་རྫི་རྣམས་བརྒྱུགས་ཕྱིན་ནས་ལུང་པའི་མདའི་རྒྱལ་པོར་ཞུས་པས། རྒྱལ་པོས་བློན་པོ་དྲག་པ་ཞིག་ཕྱུགས་རྫི་བ་དང་སྦྲགས་ནས་ཁོའི་རྩར་བཏང་། ཁོ་སྟག་གི་པགས་པ་བཤུ་བཞིན་བསྡད་ཡོད་པས་བློན་པོས་ཁྱེད་སྐུ་ཁམས་བདེའམ། ཁྱེད་ངེད་ཀྱི་རྒྱལ་པོ་ཆེན་པོས་ཕེབས་གསུང་གི་འདུག་བྱས་པ་དང་། དེར་སྟག་གི་པགས་པ་བཤུས་ནས་རྒྱལ་པོའི་དྲུང་དུ་ཕྱིན་ཏོ།།
རྒྱལ་པོའི་དྲུང་དུ་སླེབས་པ་དང་། རྒྱལ་པོས་རང་གི་སྲས་ཞོན་ཕྱག་ན་སྦྲུལ་ཞགས་བསྣམས་པ་ཞེས་མཚན་གསོལ། ནམ་ཞིག་ལུང་པ་དེའི་ཆང་ས་ཆེན་མོའི་འདུ་ཚོགས་ཤིག་ལ་ཁོ་གདན་དྲངས། ཆང་གིས་བཟི་ནས་ནང་དུ་ལོག་ཡོང་སྟེ་ལྷ་ལྕམ་ཉིད་རང་ངའི་མལ་བཟོས་ལ་ཁྱོད་ཀྱང་ཉོལ་སྡོད་ཟེར། ཁོའི་མལ་བཅོས་ཚར་བ་དང་ཁོས་རྩིབ་སྐྱོང་ཆེན་པོ་ཞིག་བྱས་ཏེ། ལྷ་ལྕམ། ང་ལུང་པའི་ཕུའི་ཐགས་མཁན་ཕོ་ཧྲེང་དེ་ཡིན། མ་སྨད་གསུམ་གྱི་གླང་ཁྲ་བོ་རྐུ་བར་ཕྱིན་པས་སྟག་མི་ཟན་དང་ཐུག །གླང་རེད་བསམས་དགའ་ནས་བཞོན་པས་སྟག་གིས་ལ་ལུང་མེད་པར་ཁྱེར། ཙནྡ་གྱི་ཡལ་ག་རེད་བསམས་ནས་ཞགས་པ་བསྐྱུར་བས་དུག་སྦྲུལ་གྱི་མཇུག་མ་ནས་ཟིན། དུག་སྦྲུལ་ཕྱིར་ལྡོག་སྟག་གི་སྙིང་ལ་འཆང་། སྟག་གིས་མ་བཟོད་དུག་སྦྲུལ་གྱི་མགོ་ནས་བཟུང་། སྟག་ལྤགས་བཤུ་ཞིང་སྡོད་སྐབས་བློན་པོ་གདན་དྲང་དུ་ཡོང་། རྒྱལ་པོའི་སྐུ་མདུན་དུ་ཕྱིན་པས་སྲས་མོ་ཁྱེད་ཉིད་གནང་། ལུང་པའི་ཕུ་ཡི་ཐགས་མཁན་ཕོ་ཧྲེང་ངར། ལྷ་ལྕམ་སྙིང་ནས་བརྩེ་མིན་མི་ཤེས་པས། ཐགས་ཟན་ལག་པས་ཐེག་ཚད་ཟ་བ་ལ། ཁྱོད་ཉིད་ཨེ་དགའ་བདག་གིས་འདྲི་བར་ཞུ་བྱས་པ་དང་། ལྷ་ལྕམ་འཚིག་པ་ཟོས་ཏེ། ཡབ་རྒྱལ་པོའི་སྐུ་མདུན་དུ་ཕྱིན་ངུ་ཤགས་དང་སྦྲགས། ཡབ་རྒྱལ་པོ་ཁྱེད་ལ་བུ་མོ་ང་གཅིག་པུ་ལས་མེད་པར་སུ་ལ་གནང་ཡང་ཆོག་སྟེ། ཁོས་མ་གསང་དྲང་པོ་ཤོད་ལུགས་ལ་བལྟས་ན། ལུང་པའི་ཕུའི་ཐགས་མཁན་ཕོ་ཧྲེང་ཁོ་ཡིན་ཞུས་པས། རྒྱལ་པོས། བུ་མོ་ཁྱོད་རང་བློ་ཀྱོག་མི་དགོས། ངོ་མ་ཡིན་མིན་ད་དུང་བལྟས་པས་ཆོག་གསུངས། བློན་པོ་རིག་པ་ཅན་ཞིག་ཡོད་པ་དེ་ལ་ཤོག་གསུངས་ནས་རང་རེའི་ལུང་པའི་ཕུ་ཡ་གི་ན། ཝ་མི་ཟན་ཞིག་ཡོད་པས་ལོ་རེ་མི་རེ་སྤྲོད་དགོས་པ་དེ་ཚ་བོས་ཐུལ་ཤོག་ཟེར་བ་གྱིས། ལག་ཆ་གང་དགོས་ཁྱོད་ཀྱིས་དྲིས་ཤོག་གསུངས་པ་དང་། བློན་པོ་རིག་པ་ཅན་དེས་ཆང་དམ་བི་གང་ཁུར་ནས་ཆང་འདྲེན་ཞིང་ཁོ་ལ་དྲིས་པར། རང་རེའི་ལུང་པའི་ཕུ་ན་ལོ་རེ་མི་རེ་སྤྲོད་དགོས་པའི་ཝ་མི་ཟན་ཞིག་ཡོད་པ་དེ་འདུལ་བ་ལ། ལག་ཆ་གང་དགོས་ང་ལ་ཞལ་ཏ་བསྐུར་དང་བྱས་པས། ཁོའི་བསམ་པ་ལ་ང་ནི་ལས་སུ་ཐགས་བཏགས། ལག་ཆ་ཐགས་ཁྲི་ལས་མེད་པས་གང་དྲག་བསམས་ནས་ཀ་གདུང་ལ་མིག་ཧུར་ཧུར་བལྟ་བཞིན་ཁོའི་ཁ་ནས་ཀ་གཞུ་ལེགས་ཤིང་ཁྱུང་གཤོག་ལྡིང་བ་འདྲ། གདུང་མ་ཤོན་ཞིང་རིང་ལ་དུག་སྦྲུལ་རྒྱུགས་པ་འདྲ་བྱས་པ་དང་། ངས་གོ་ཟེར་བློན་པོ་དེ་ལོག་ཕྱིན། ཐགས་མཁན་ལན་འདེབས་རྒྱུ་མེད་པའི་སྐབས་དེར་སྙིང་ཡང་གྲང་བསང་བ་ཞིག་བྱུང་། བློན་པོ་དེ་རྒྱལ་པོའི་སྐུ་མདུན་དུ་ཕྱིན་ཏེ་ཚ་བོས་མདའ་ཀ་བ་ཙམ་ཞིག་དང་། གཞུ་གདུང་མ་ཙམ་ཞིག་དགོས་གསུང་གི་འདུག་ཞུས་པས། རྒྱལ་པོའི་ལྡུམ་རྭ་ནས་ལྕང་མ་གདུང་ཙམ་ཞིག་བཅད་ནས་གཞུ་བཟོས། ཀོ་ཐུབ་མང་པོ་སྒོར་དྲས་བྱས་ནས་རྒྱུད་བཟོས། ལྕང་མ་སྦོམ་ཞིང་ལྡེམ་པ་རྣམས་ལ་མདའ་བཟོས། མགར་བ་རྣམས་རུབ་ནས་ལྕགས་མང་པོ་ལ་མདེའུ་བཟོས་ཏེ་མདའ་གཞུ་རྣམས་མི་ལག་བྱས་ཏེ་བསྐྱལ་ལོ། །སྐྱེལ་མཁན་རྣམས་ལོག་སོང་རྗེས་ཁོའི་བསམ་པ་ལ། ཝ་མོ་ཚང་ན་ཡོད་པས་ཟ་རུ་ཡོང་བ་ཐག་གིས་ཆོད་བསམས་ནས་ཉལ་བསྡད་དོ།།
ཝ་མོ་ཚང་ན་མེད་པར་ཕྱི་ནས་ལོག་འོང་བ་དང་། གཞུའི་རྒྱུད་མཐོང་སྟེ་ལྟོགས་བླ་ཆེ་བ་དང་། བསམ་པ་ངན་པས་གཞུ་རྒྱུད་དེ་བཅད་སྟབས་གཞུ་འཕར་ནས་ཝ་མོའི་སྣ་ལ་ཕོག་སྟེ་ཤིའོ། །ཁོའི་བསམ་པ་ལ་ནང་ན་མི་འདུག་པས་གང་དུ་ཕྱིན་པ་ཡིན་འདུག་པས། གང་དུ་ཕྱིན་པ་ཡིན་ནམ་བསམས་ནས་བལྟས་པས་ཝ་མོ་ཤི་ཡོད་པ་མཐོང་། དེ་མ་ཐག་ཁོ་ཝ་མོའི་རྩར་ཕྱིན་ཏེ་རོ་དྲུད་ཡོང་། རྩིབ་མ་དེ་གྲིས་དབྲལ་ནས་མདའ་དེ་བྱང་ཁོག་ཏུ་བརྫངས། ཁོས་རྒྱལ་པོའི་རྩར་ཕྱིན་ནས། ཝ་མི་ཟན་ངས་བསད་ཡོད་པས་ལེན་མཁན་གཏོང་བར་ཞུ་ཞུས་པས། གཡོག་མང་པོ་ཝའི་རོ་ལེན་དུ་བཏང་ངོ་། །དེར་ཝའི་པགས་པ་བཤུས། མདའ་གཞུ་རྣམས་ཁུར་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་རང་གི་སྲས་མོ་དེ་བོས་ཤོག་གསུངས་ཤིང་། སྲས་མོ་སྐུ་མདུན་དུ་བཅར་བ་དང་། བུ་མོ་ཁྱོད་ཀྱིས་ཐགས་མཁན་ཕོ་ཧྲེང་ཡིན་ཟེར་ཞིང་། མ་སངས་ཀྱི་སྤྲུལ་པ་ཡིན་མིན་ཝ་ལྤགས་འདི་ལ་ལྟོས་གསུངས་པས། སྲས་མོ་དེ་ཡང་དགའ་ནས་ཁོ་རང་གཉིས་ལྷན་དུ་བསྡད་དོ། །
ཡང་དུས་ནམ་ཞིག་སོང་བ་དང་རྒྱལ་པོ་ལ་སྟོན་མོ་ཞུ་མཁན་བྱུང་བའི་དུས་ཁོ་ཆང་གིས་བཟི་སྟེ། ལུང་པའི་ཕུ་ཡི་ཐགས་མཁན་ཕོ་ཧྲེང་ཁོ་ང་ཡིན། ཝ་མོས་ཟ་བར་ཡོང་རྒྱུར་ཚང་དུ་ཉལ་ནས་བསྡད། ཝ་མོས་གཞུ་རྒྱུད་བཅད་ནས་སྣ་ལ་ཕོག་སྟེ་ཝ་མོ་ཤི་བ་ཡིན། ངས་ལྷ་ལྕམ་ཁྱེད་ཀྱི་ཁྱོ་བོ་ཨེ་ཉན་མི་ཤེས་པས། དེ་ལས་ལུང་པའི་ཕུའི་ཐགས་མཁན་ལག་པས་ཐེག་ཚད་ཟ་བར་འགྲོ་བ་ཨེ་དྲག་བྱས་པས། བུ་མོས་རྒྱལ་པོར་ཡབ་རྒྱལ་པོ་ལ་སྲས་མོ་བདག་གཅིག་པུ་ལས་མེད་པ་སུ་ལ་གནང་ཡང་ཆོག་པ་ལ། ཐགས་མཁན་པོ་ཧྲེང་འདི་ལ་གནང་བ་ཐབས་རེ་སྡུག་ཞུས་པས། ཡབ་ཀྱིས་བུ་མོར། འདི་ལ་མ་སངས་ཀྱི་རྣམ་སྤྲུལ་ཆེན་པོ་ཡོད་པ་ཡིན། བུ་མོ་ཁྱོད་ཀྱི་ཁྱོ་བོ་འདི་རང་གིས་ཆོག་པ་ཡོད། ཐགས་མཁན་ཕོ་ཧྲེང་ཁོ་ཡིན་མིན་བརྟག་པས་ཆོག །དེང་སང་རང་རེ་ལ་ལུང་པ་གཞན་ནས་དམག་ཡོང་བ་འདུག་པས། དམག་དཔོན་ལ་ཚ་བོ་འབྱོན་དགོས་པ་འདུག །ལག་ཆ་གང་དགོས་བློན་པོ་རིག་པ་ཅན་ཁྱོད་འདྲི་བར་རྒྱུགས་གསུངས་པ་དང་། བློན་པོ་རིག་པ་ཅན་དེས་ཆང་དམ་བི་གང་ཁུར་ཏེ་ལྡུམ་རྭ་ཞིག་ཏུ་ཆང་དྲངས་ནས། དེང་སང་རང་རེའི་ཕྱོགས་སུ་དམག་ཡོང་བ་འདུག །དམག་རློག་པའི་དམག་དཔོན་ལ་ཚ་བོ་ཁྱོད་འབྱོན་དགོས་པ་འདུག་པས། ལག་ཆ་གང་དགོས་ང་ལ་ཞལ་ཏ་གནང་བ་ཞུ་བྱས་པ་དང་། ལྡུམ་རྭའི་སྒོག་པ་མགོ་རྐང་གི་རྩ་བ་རྐོ་རན་པའི་མདུང་རྩེ་ཤར་བ་དེ་མཐོང་ནས་ཁོའི་བསམ་པ་ལ། ངས་ལས་སུ་ནི་ཐགས་བཏགས། ལག་ཆ་ལ་ཐགས་ཁྲི་ལས་མེད་བསམས་ཏེ་བློ་ལྡུམ་རྭ་ལ་རྒྱ་ཡན་པའི་ངང་། རྩ་བ་སྐྱ་བོ་ཁ་ཚ་བ། རྩེ་མོ་དུག་མདུང་རྩེ་གསུམ་པ། ད་དུང་མང་ལ་ཧྲག་པ་འདུག་བྱས་པ་དང་། བློན་པོ་རིག་པ་ཅན་དེས་ངས་གོ་སོང་ཟེར་ནས་ལོག་ཕྱིན། རྒྱལ་པོ་ལ་བློན་པོས་ཞུས་པ། ཚ་བོ་ལ་འོག་རྟ་བྲ་བོ་ཁ་ཚ་ཅན་ཞིག་དགོས། ལག་ཏུ་དུག་མདུང་རྩེ་གསུམ་པ་ཞིག་དགོས། རྒྱབ་ཏུ་དཔུང་མང་ལ་ཧྲག་པ་ཞིག་དགོས། ཁོ་རྟ་བྲ་བོ་ཁ་ཚ་ཅན་ཞིག་ལ་བསྐྱོན། ལུས་ལ་གོ་ཁྲབ་པ་བཙན་པོ་ཞིག་གཡོགས། ལག་ཏུ་དུག་མདུང་རྩེ་གསུམ་པ་ཞིག་ཁྱེར། རྒྱལ་པོ་རང་གིས་འགོ་བྱས་པའི་དམག་དཔུང་རྣམས་ཀྱིས་རྒྱབ་དཔུང་བྱས་ཏེ་ཕ་རོལ་པོའི་དམག་གི་གདོང་ལ་ཕྱིན་ཏོ།།
དེར་དགྲ་དམག་རྣམས་ཀྱི་བསམ་པ་ལ་ཁོང་ཚོ་ལ་ཚ་བོ་ངམ་གྱི་སྟག་ཞོན་ཟེར་བའི་ཕོ་ངར་མ་ཞིག་ཡོད་པ་ཐོས་ནས་སྐྲག་གོ །ཕར་ཕྱོགས་ནས་ཀྱང་དམག་བཤམས། འདི་ཕྱོགས་ནས་ཀྱང་དམག་བཤམས། དམག་རུ་ཁ་གཏུགས་གྲབས་ཀྱི་མཚམས་སུ་ཁོའི་རྟ་དེ་ཁ་ཚ་ལངས་ཏེ་དགྲ་དམག་གི་དཀྱིལ་ལ་ཤོར་རོ། །ཅི་དྲན་ཅི་མ་དྲན་ལ་ཁོའི་ཁ་ནས་ཕ་ང་གང་བྱེད་ཟེར་བ་ཞིག་ཤོར་བས། རྒྱལ་པོའི་སྙན་དུ་ཕོ་ང་བཞིན་གྱིས་ཤོག་ཟེར་བར་གོ་ནས། ཕོ་ང་བཞིན་གྱིས་ལ་རྒྱུགས་ཟེར་དམག་རྣམས་བརྫངས་སོ། །ཁོས་རྟ་ཁ་འགོག་མ་ཐུབ་པར་ཕར་འགྲོ་ཚུར་འགྲོ་བྱས་པས། དུག་མདུང་ཕོག་ནས་མི་མང་པོ་ཤི །དགྲ་དམག་རྣམས་ཀྱི་སེམས་ལ་ཕོ་རྒོད་པོ་ཡོད་ཟེར་བ་ཐོས་ལ་འདུག་ཀྱང་འདུག་ཟེར་འུར་ནས་བྲོས་ཕྱིན། དེར་དམག་ལས་རྒྱལ་ནས་ཡར་ལོག་སླེབས་པ་དང་། ཁོ་ལུང་པའི་ཕུའི་ཐགས་མཁན་ཕོ་ཧྲེང་ཁོ་ཡིན་པ་ཨེ་འདུག །བུ་མེད་མིན་པས་མི་མི་ཕུང་། རྒོད་མ་ཡོ་ཡོ་མས་མིན་པ་མི་ཚོང་ཟེར་བ་བདེན་པར་འདུག་བྱས་སོ། །ལྷ་ལྕམ་ཡང་དགའ། རྒྱལ་བློན་རྣམས་ཀྱང་དགའ་ནས་ཡིད་ཆེས་སོ།།
རྒྱལ་པོ་དེར་སྲས་མེད་པས་སྲས་མོ་དང་ཐགས་མཁན་པོ་ཧྲེང་གཉིས་པོར་རྒྱལ་སྲིད་གཏད། ལྷ་ལྕམ་དེ་ལ་སྲས་དང་སྲས་མོ་ལྔ་འཁྲུངས། རྒྱལ་སྲིད་ཀྱང་སྔར་ལས་དར་ཞིང་རྒྱས་པ་བྱུང་བ་ཡིན་པར་འདུག་བྱས་པ་དང་། རྒྱལ་བུའི་ཁ་ནས། མ་བུ་གསུམ་པོ་དེ་བསོད་ནམས་ཆེ། དེ་ལས་ཀྱང་ཐགས་མཁན་ཕོ་ཧྲེང་བསོད་ནམས་ཆེ་བ་བྱུང་འདུག་ཟེར་བ་ཤོར་བས་རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེར་ལོག་སོང་ངོ་། །བླ་མའི་དྲུང་དུ་ཕྱིན་ན་བཀའ་བཀྱོན་གནང་ཡོང་བསམས། རོ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་རྡོག་པས་བརྡུངས། སྔར་གྱི་ཤིང་སྡོང་གི་རྩར་ཕྱིན་ཏོ།། །།

 

ལེའུ་བཅུ་དྲུག་པ།
བུ་ཤིང་འཐུ་བས་མཐར་རྒྱལ་ས་ཟིན་པ།

ཡང་རྒྱལ་བུས་ཤིང་སྡོང་དེ་ལ་གྲི་ཚག་ཅིག་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས་རོ་དེ་བབས་བྱུང་སྟེ། ཏོག་མས་བརྡུངས། དྲ་བར་བཅུག་ཞགས་པས་བསྡམས། གོམ་པ་བདུན་བརྒྱད་ཙམ་དུ་སླེབས་པ་དང་རོས་སྨྲས་པ། རྒྱལ་བུ་རྒྱལ་བུ་ལམ་ཐག་ཐུང་བ་ཡོང་བས་སྒྲུང་ཞིག་ཤོད་དང་བྱས་པར། ཁོ་རྒྱུས་ཡོད་བསམས་ཁ་རོག་ཡོང་བ་དང་། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་མི་ཡོང་བས་ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར།
ལུང་པ་ཆེན་པོ་གཅིག་ན་རྒྱལ་པོ་ཆེན་པོ་གཅིག་ཡོད་ཅིང་། རྒྱལ་པོ་དེའི་ཁབ་ན་ཤིང་བསྒྲུགས་ནས་འཚོ་ཐབས་བྱེད་པའི་མ་བུ་གཉིས་ཡོད་པར་གདའ། ཉིན་གཅིག་བུ་དེ་རྩེད་མོ་ལ་ཡེངས་ནས་ཤིང་ཁུར་རྒྱུ་མ་རྙེད་པར་དེའི་མཚན་མོ་རྡོ་ཁུང་ཞིག་ཏུ་ཉལ་བསྡད་པས། ཆུ་ཆེན་པོ་ཞིག་བྱུང་སྟེ་སྡོད་བཟོད་མ་ཟིན་པར་ལངས་ནས་གཞན་དུ་ཕྱིན་ཏོ། །དེའི་ཕྱི་ཉིན་ཤིང་ཁུར་ཐེག་ཆེན་ཁུར་ནས་ལོག་ཡོང་བའི་ལམ་བར་ངལ་གསོ་ཞིག་རྒྱག་དུས། ས་དེ་ནས་ཡར་ཨི་ཨི་ཟེར་བ་ཞིག་བྱུང་། ཅི་ཡིན་ནམ་བསམས་ནས་བལྟ་དུས་ས་དེའི་དཀྱིལ་ནས་ཡིད་བཞིན་གྱི་ནོར་བུ་ཞིག་འབུར་དུ་ཐོན། ནོར་བུ་དེ་ཁུར་ནས་ནང་དུ་ལོག་ཕྱིན་པ་དང་། མས་བུ་མདང་ལོག་མ་ཡོང་བ་ཅི་བྱུང་བྱས་པར། ཁ་སང་རྩེད་མོ་ལ་ཡེངས་ནས་ཤི་མ་རྙེད། ཨ་མས་རྡུང་གིན་དོགས་ནས་བསྡད་པ་ཡིན་ཟེར། དེར་ནམ་ཞིག་ནས་ནོར་བུའི་ཡོན་ཏན་གྱིས་སྔར་ལྟར་མེ་ཤིང་འཚོང་མི་དགོས་པར་སྐྱིད་པོ་བྱུང་བ་ཡིན་འདུག།
དེར་རྒྱལ་པོས་ཁོང་མ་བུ་ལ་ནོར་བུ་འདུག་ཟེར་བ་གསན་པ་དང་། ནོར་བུ་དེ་ངེད་ལ་དགོས། ཁྱོད་རང་མ་བུ་ངེད་ཀྱིས་གསོ་བ་ཡིན་ཟེར་ནས་བློན་པོ་མངགས་སོ། །བློན་པོས་ཁོང་མ་བུ་ཁྲིད། ནོར་བུ་ཁུར་ནས་རྒྱལ་པོ་ལ་ཕུལ་ལོ། །ཁོང་མ་བུ་གཉིས་ཀྱིས་རྒྱལ་པོ་ལ་ཕྱག་དང་བཅས་ཏེ་ནོར་བུ་ཕུལ་ནས་ངེད་མ་བུའི་སྐྱིད་སྡུག་རྒྱལ་པོས་མཁྱེན་ཞུས་པ་དང་། རྒྱལ་པོའི་ཞལ་ནས་ཁྱེད་མ་བུ་ལ་ལྟ་རྟོག་ལོས་བྱེད་གསུངས་ཏེ། བུ་ཇ་མར་བཅུག །ཨ་མར་འཚོ་བའི་མཁོ་ཆས་སྤྲད་ནས་ཟུར་དུ་བཞག །ནམ་ཞིག་ནས། བུ་དེ་ཕྱི་གོས་ཀྱིས་བརྒྱན། ནང་ལྟོས་འགྱོངས་པ་དང་། བུ་དེ་མཚར་སྡུག་འོད་ཆགས་པ་ཞིག་བྱུང་བའི་སྐབས་སུ་རྒྱལ་པོའི་བཙུན་མོ་དེས་བུ་མཚར་སྡུག་ལྡན་པ་ཁྱོད་ངའི་གཟིམ་ཆུང་དུ་ཤོག་དང་ཟེར་བས། རྒྱལ་པོས་བཀའ་བཀྱོན་ཕོག་གིས་དོགས་ནས་འགྲོ་མ་ནུས། དེར་བཙུན་མོ་ཚིག་པ་ཟོས་ནས་ན་རྫུ་བཏབ་བོ། །རྒྱལ་པོས་ཁྱོད་ཀྱི་ནད་ལ་གང་གིས་ཕན་བྱས་པས། ང་ན་བ་ལ་ཐབས་ཡོད། རང་རེའི་ཇ་མ་འདི་བསད་ནས་སྙིང་བཏོན་ཏེ་ང་ལ་བྱིན་ན་ཕན་ཟེར་རོ། །དེར་རྒྱལ་པོས་འཆི་བ་ལ་ཐུག་ཀྱང་ཁོ་བསད་པས་མི་ཡོང་། མིག་གིས་མི་མཐོང་སར་བཏང་ན་ཆོག་གསུངས་པས། བཙུན་མོ་ན་རེ། བཏང་བ་ཡིན་ན་ནུབ་ཕྱོགས་སྲིན་པོའི་ཡུལ་ན་ས་ལེ་ཉག་གཅིག་ཟེར་བ་སྲིན་པོ་ལངྐ་འདོད་འཇོའི་བུ་མོ་ཞིག་ཡོད་པ་དེ་ཁུགས་ཤོག །དེ་མ་ཁུག་ཕྱིན་གསོད་པ་ལས་ཐབས་མི་འདུག་ཞུས་སོ།།
དེར་ཆས་ཀ་གླང་པོ་ཆེའི་རྒྱལ་ཁབ་གཅིག་བྱིན་ནས། ཁྱོད་རང་ནུབ་ཕྱོགས་སྲིན་པོའི་ཡུལ་དུ་སྲིན་པོ་ལངྐ་འདོད་འཇོའི་བུ་མོ་ས་ལེ་ཉག་གཅིག་ཟེར་བ་ཞིག་ཡོད་པ་དེ་ཁུག་ཤོག །མ་ཁུགས་ན་སྲོག་དང་བྲལ་ལོ་གསུངས་སོ། །ཁོ་རྒྱལ་པོའི་བཀའ་བཞིན་ནུབ་ཕྱོགས་སྲིན་པོའི་ཡུལ་ལ་ཕྱིན་ཏོ། །སྲིན་པོའི་ཡུལ་དུ་སླེབས་པ་དང་། སྲིན་པོའི་སྲུང་མ་སྒོ་སྲུང་བུ་མོ་མཚར་སྡུག་འོད་ཆགས་པ་ཞིག་གིས་མཐོང་སྟེ། ཁྱོད་སྟབས་ལེགས་པ་ཞིག་ལ་དེ་རིང་འདིར་ཕ་མ་དང་ང་མིན་པ་སྲིན་པོ་ཐམས་ཅད་མེད། དཔོན་མོ་ས་ལེ་ཉག་གཅིག་ཟེར་བ་དེ། ངེད་སྲིན་པོ་རྣམས་ཀྱི་དཔོན་མོ་ཡིན་ལ། མཁའ་འགྲོ་རྣམས་ཀྱི་གཙོ་མོ་ཡིན། ཆོས་ལ་དཀར་བས་དེ་རིང་ཕ་གི་ན་མངའ་འོག་གི་སྲིན་པོ་རྣམས་ལ་བསྙེན་གནས་གསུང་བའི་སྒང་ཡིན། བསྙེན་གནས་ཞག་གསུམ་ཡིན་པས་དེའི་རིང་ལ་སྲིན་པོ་རྣམས་ཀྱིས་མི་མི་ཟ། དཔོན་མོ་ས་ལེ་ཉག་གཅིག་དེ་བློ་ཆོས་ལ་དཀར་བའི་ཡོན་ཏན་གྱིས་དོན་གང་བསྒྲུབས་ཀྱང་གྲུབ་པ་ཡིན། སང་ཉིན་ནས་བསྙེན་གནས་གྲོལ་རྒྱུ་ཡིན་པས། ཁྱེད་རང་ཟླ་བ་རྟིང་མའི་ཚེས་བཅོ་ལྔ་ཚུན་ཆད་ངས་འདིར་སྦས་པས་དོན་འགྲུབ། དོན་ཅི་ཡོད་ང་ལ་ཤོད་གསུངས་པ་དང་། དེས་ང་མི་ཡུལ་དུ་ཡོད་ཙ་ན་དཔོན་མོས་ང་གཟིམ་ཆུང་དུ་ཤོག་ཟེར་བར་མ་ཕྱིན་པས་བཙུན་མོ་སྙིང་ན་ནས་ན་རྫུ་བཏབ། རྒྱལ་པོའི་སྙན་བརྒྱངས། སྲིན་པོ་ལངྐ་འདོད་འཇོའི་སྲས་མོ་ས་ལེ་ཉག་གཅིག་ཁུགས་ཤོག །ཁ་ཁུགས་ན་རིན་ཆེན་སྲོག་དང་བྲལ་ཡོང་ཟེར་བས་འདིར་འགུག་པ་ལ་ཡོང་བ་ཡིན་བྱས་པ་དང་། བུ་མོས་ཁོ་ལ་སྨྲས་པ། དཔོན་མོ་ས་ལེ་ཉག་གཅིག་དེ། མཁའ་འགྲོ་སྡེ་ལྔའི་གཙོ་མོ་ཡིན། མི་ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མིན། ལྷ་བརྒྱ་བྱིན་ལ་སོགས་འདོད་མཁན་མང་རུང་། ད་ལྟ་བར་བྱོན་མེད། མི་ཁྱོད་བསོད་ནམས་ཆེན་པོ་རང་ཞིག་ཡིན་པར་འདུག །ཁྱེད་ཉལ་བའི་ས་དེར་སྒོར་མོ་འདོམ་གང་ཙམ་ཞིག་སྒོར་རེ་འདུག་ན། ཁྱོད་མི་ཕལ་པ་ཞིག་མིན་པས་གདན་དྲོངས་ཙམ་ཨེ་ཡོང་། དེ་གདན་དྲོངས་ན་རྒྱལ་པོའི་ཇོ་མོ་ལ་སྤྲོད་མི་དགོས་པར་རྒྱལ་འབངས་དེ་ཡང་འོག་ཏུ་ཚད་ནས་ཁྱོད་རང་གི་ཇོ་མོ་བྱས་པས་ཆོག་པ་ཡོང་ཟེར། ཁོས་བུ་མོ་ཁྱོད་ཀྱིས་ང་སྲིན་པོས་མི་ཟ་བ་དང་དཔོན་མོ་དེ་དང་མཇལ་བ་དམ་དོན་གནང་སྐྱོང་ཡོང་བ་ཞུ་ཟེར་རོ། །བུ་མོ་དེས་མོ་རང་གི་ཉལ་སའི་ཁང་ཆུང་གཅིག་ཟུར་ན་ཡོདཔ་དེར་ཁོ་བཙུད་དེ་སྒོ་དམ་པར་བརྒྱབ། དེའི་ནུབ་མོ་མོ་རང་གིས་ཁོ་ལ་བཟའ་བཏུང་ནོམས་པ་བྱིན་ནོ།།
ནམ་ཞིག་སོང་བ་དང་ཚེས་བཅོ་ལྔའི་དུས་བཟང་པོ་ཤར་བའི་ཉིན་དཔོན་མོ་ས་ལེ་ཉག་གཅིག་དེར་བྱོན། དེར་ཡོད་ཚང་མ་ཚོགས་ཤིག་ཟེར་རོ། །བུ་མོ་དེས་མོ་རང་གི་ཕ་མ་ལ། ད་རེས་ང་འགྲོ་བྱས་པར་ཕ་མ་གཉིས་ནས་ཁྱེད་རང་ཕྱིན་པས་ཆོག །ཁྱོད་རང་ཨ་མ་ཨ་ལྕེ་ཇོ་མོ་དང་སྡོངས་ལ་རྒྱུགས་ཟེར་ཏེ་གཏོང་བར་ཁས་བླངས་སོ། །གཞན་ཚོ་ཉིན་མོ་སོང་ངོ་། །མོ་དེའི་ཉིན་མོ་མ་ཕྱིན་པར་མཚན་ལ་ཕྱིན་ནོ། །ནམ་ལངས་པ་དང་སྲིན་པོའི་རྒྱལ་པོའི་ཕོ་བྲང་རིན་ཆེན་སྣ་ལྔ་ལས་གྲུབ་པ་ཞིག་ཡོད་པ་དེའི་སྒོ་གདོང་ན་ཁྲོ་ཆུའི་ཕ་བོང་ཁྲག་རྡོ་ཆེན་པོ་ཞིག་ཡོད་པ་དེའི་ཁར་ཁོ་བཞག །བུ་མོ་ཕོ་བྲང་དུ་ཕྱིན་ནོ། །བྱིངས་རྣམས་ཚོགས་པའི་དབུས་སུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁྲི་ཞིག་གི་སྟེང་ན་དཔོན་མོ་ས་ལེན་ཉག་གཅིག་དེ་བཞུགས་འདུག་གོ །བུ་མོ་དེའི་སྐུ་མདུན་དུ་ཕྱིན་ཕྱག་འཚལ་བྱིན་རླབས་ཞུས་པ་དང་། དཔོན་མོ་ས་ལེ་ཉག་གཅིག་གིས་བུ་མོ་མཐོང་འཕྲལ་སྔར་བྱུང་མྱོང་མེད་པའི་དགའ་བ་དཔག་མེད་སྐྱེས། དེའི་ནུབ་མོ་རྨི་ལམ་ཡང་བཟང་བ་ཞིག་བྱུང་། དེར་བུ་མོ་དེས་བུ་ཤིན་ཏུ་མཚར་བ་ཡིད་དུ་འོང་བ་ཞིག་དཔོན་མོའི་སྐུ་མདུན་དུ་བཅར་བ་ཡིན་ཟེར་བདག་དང་བསྡེབས་ནས་ཡོད་ལགས་ཞུས་པས། བུ་མོ་ཁྱེད་མགྱོགས་པར་སོང་ལས་གནས་ཚང་ཞིག་བཙལ་ནས་གནོད་འཚེ་མེད་པར་གྱིས། དོ་ནུབ་འཕྲད་དོ་བྱས་པས། བུ་མོ་དེ་མགྱོགས་པར་ཕྱིན་ནས་ཁྱོད་དཔོན་མོ་དང་མཇལ་བ་ཡོད་པས་བློ་ལྷོད་པོར་སྡོད་ཟེར་གནས་ཚང་དུ་བཅོལ་ལོ། །དེའི་ནུབ་མོ་བསྙེན་གནས་གྲོལ་དུས་ནམ་ཐོ་རེངས་ཁར་སླེབས་ཡོད་ནའང་དཔོན་མོས་ཁ་སང་གི་ཁྱེའུ་དེ་ཁྲིད་ཤོག་གསུངས། བུ་མོ་དེས་ཁོང་དཔོན་མོའི་དྲུང་དུ་ཁྲིད་དོ། །དྲུང་དུ་སླེབས་པ་དང་ཕྱག་བྱེད་པའི་གྲབས་བྱས་པས། ཁྱེད་ནི་སྐྱེ་རབས་ཐམས་ཅད་དུ་ང་དང་འགྲོགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པས་ཁྱེད་ཀྱི་ཕྱག་ནི་ངས་མི་ཐེག་གསུངས་ནས་ཁོའི་ལག་པ་ལ་དམ་པོར་འཆང་ངོ་། །ཁོས་བཙུན་མོ་ས་ལེ་ཉག་གཅིག་ལ་སྨྲས་པ། བདག་ཚེ་སྔོན་བསོད་ནམས་བསགས་པས་མི་ལུས་རིན་པོ་ཆེ་ཐོབ། ཚེ་སྔོན་སྦྱིན་པ་མ་བཏང་དབུལ་པོའི་བུ་ཚར་སྐྱེས། བདུད་མོ་ཞིག་རྒྱལ་པོའི་ཇོ་མོར་འཁོད་གྱུར་ནས་བདག་གི་གཟུགས་དཔྱད་ལྷ་ལུས་ལྟ་བུ་འདི། བདུད་མོ་མོ་ཡིན་སྔར་བབས་གྱུར་ནས། མོ་ཡི་ཞབས་ཏོག་མ་སྒྲུབ་མཐའ་ལ་སྤྱུགས། ལས་ཀྱིས་ལྷ་མོ་ཁྱེད་དང་མཇལ་བྱས་པ་དང་། ལྷ་མོས་སྨྲས་པ། བདག་དང་སྐྱེས་བུ་ཆེན་པོ་ཁྱོད། ཚེ་རབས་སྔོན་ནས་འགྲོགས་པའི་སྐྱེས་བུ་ཡིན། ཡབ་ལ་བདག་སློང་མྱུར་དུ་སྟེགས་ནས་སུ། བདུད་མོ་འདུལ་བའི་དོ་དམ་བདག་གིས་བྱེད་ཟེར་ནས་མོ་རང་གི་ཕོ་བྲང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཞིག་ཡོད་པ་དེའི་ནང་དུ་གདན་དྲངས་སོ། །དེར་བུ་མོས་སང་ཉིན་དུས་བཟང་ཡིན་པས་ངས་ཡབ་ལ་ཞུ་བ་བྱེད་གསུངས་སོ། །
དེའི་ཕྱི་ཉིན་བུ་མོ་དེ་ཡབ་རྒྱལ་པོ་ལངྐ་མགྲིན་བཅུའི་དྲུང་དུ་ཕྱིན། ཡབ་རྒྱལ་པོ་ལགས་གསན་པར་ཞུ། བདག་གིས་ཚེ་རབས་འགྲོགས་པའི་སྐྱེས་བུ་ཆེན་པོ་ཞིག་མིའི་ལུས་སུ་བླངས་གྱུར་ནས། སྡིག་ཅན་རྒྱལ་པོ་ཞིག་གིས་སྲིན་པོའི་ཡུལ་དུ་སྤྱུགས་ནས་གདའ། བདག་དང་ལས་འཕྲོ་ཡོད་པས་གནས་འདིར་མཇལ་བ་ལགས་ཞུས་པར། རྒྱལ་པོས་སྨྲས་པ། བུ་མོ་ས་ལེ་ཉག་གཅིག་ང་ལ་ཉོན། ལྷ་དབང་ལ་སོགས་ཁྱོད་ལ་འདོད་མཁན་མང་གྱུར་ཀྱང་། ལྷ་དབང་ལས་ཀྱང་ལྷག་པ་རྐང་ཕྲ་མི་ཡི་རིགས། འཁོར་ལོས་བསྒྱུར་རྒྱལ་ཡིན་ཡང་ལྷ་དབང་ལས་ནི་ལྷག་རྒྱུ་མེད། རྐང་ཕྲ་ཕལ་པ་དག་ལ་སྟེར་བ་མི་སྲིད་དོ་གསུངས་པ་དང་། བུ་མོས་ཞུས་པ། བུ་མོ་ང་དང་འགྲོགས་ན་ཕལ་པ་ཡིན་ཡང་ཤུགས་ཀྱིས་མཐོ་རུ་འགྲོ། ནོར་དང་ལོངས་སྤྱོད་ཡོད་ན་རྒྱལ་པོ་ཤུགས་ཀྱིས་ཡོང་ཞུས་པར། ཡབ་ན་རེ། གཡོག་གི་དྲག་པ་བཅོལ་ཀྱང་གྲོགས་སུ་མི་རུང་ངོ་། །ཚེ་སྔོན་སྨོན་ལམ་གྱི་ཤུགས་ཡོད་ན་གཡོག་བཅོལ་ཙམ་འོས། དེ་ཡང་རྗེས་སུ་བརྟག་པ་བྱས་ནས་ཐག་གཅོད་དོ་གསུངས། བུ་མོའི་སེམས་ལ། ཡབ་རྒྱལ་པོ་འདི་སྡིག་སེམས་ཆེ་བས་གོད་ཁ་གར་ཡོང་མི་ཤེས་བསམས་ནས། ཀྱེ་རྒྱལ་པོ་ཆེན་པོ་ལགས། བདག་གི་ཚེ་སྔོན་འགྲོགས་པའི་སྐྱེས་བུ་དེ་ཁྱིད་ཀྱི་སྐུ་མདུན་དུ་ཡོང་བ་ལ་གནོད་འཚེ་བར་ཆད་གང་ཡང་མི་ཡོང་བའི་དབུ་མནའ་མཛད་དགོས་ཞུས་པ་དང་། དཀའ་བའི་ལས་གང་ཡང་མ་བྱས་པར་ངའི་རྩར་ཡོང་མི་ཆོག་གསུངས། དཀའ་བའི་ལས་ཅི་སྒྲུབ་དགོས་ཞུས་པར། དཀའ་བའི་ལས་མང་དུ་ཡོད། གངས་ཀྱི་དཀྱིལ་ནས་སེང་གེ་འཚོལ་བ་དང་། རྒྱ་མཚོའི་དཀྱིལ་ནས་ནོར་བུ་འཚོལ་བ་དང་བཅས་མང་དུ་ཡོད་པས་སྔོན་མ་དེ་གཉིས་འགྲུབ་གྱིས་གསུངས་པས། བུ་མོས། གངས་དཀར་ཤོག་པའི་ད་བྱིད་ཡིན། རྒྱ་མཚོ་ཤོག་པའི་ཆུ་སྲིན་ཡིན། ང་དང་སྐྱེས་བུ་དེ་ཚེ་རབས་སྡོངས་པའི་ཟླ་བོ་ཡིན་པས། ང་དང་དེ་གཉིས་ལ་སྲོག་གཅིག་ལས་མེད་ཙ་ན་དཀའ་ལས་དེ་ལྟ་བུ་སུས་ཀྱང་མི་འགྲུབ་ཞུས་པས། ད་ཁྱོད་གཉིས་འབྲལ་མི་ཕོད་པ་ཡིན་ན། ང་ལ་བོང་བུ་སུམ་བརྒྱ་ཐམ་པ་ཡོད། དེ་རྣམས་ལ་ཉིན་གཅིག་སྤང་རྒྱབ་རེ་ལོན་པ་གྱིས་གསུངས་སོ། །བུ་མོས་བཀའ་སྒྲུབ་དགོས་ཟེར་ཕོ་བྲང་ལ་ལོག་ཡོང་།
དེའི་ཕྱི་ཉིན་བུ་མོས་ཁོང་ལ། འདི་ཚོ་བོང་བུ་མིན་སྲིན་པོ་བོང་ཤུབས་གྱོན་པ་ཡིན། ངའི་རྟ་འདི་ཁྲིད་ལས་ཡ་གིར་བྱོན། བོང་བུ་སུམ་བརྒྱ་ཐམ་པ་ལ་ཐགས་པ་དྲུག་བརྒྱ་ཐམ་པ་ཡོད། ཏོག་མ་སུམ་བརྒྱ་ཐམ་པ་ཡོད། འཛའ་ར་སུམ་བརྒྱ་ཐམ་པ་ཡོད། ཁྱོད་རང་སྤང་རྐོ་སར་སླེབས་པ་དང་བོང་བུ་རེ་རེ་ལ་ཏོག་མ་རེ་རེ་རྒྱོབ་ལ་རང་ཟས་ཟོ་ལ་རང་ལས་གྱིས་ཟེར་བ་གྱིས་ཤིག །དེ་ནས་ཁྱེད་རང་སྒར་གཅིག་ཏུ་བཞུགས་ལ། ཁོ་རང་ཚོས་སྤང་ཁལ་རེ་བླངས་ནས་སླེབས་ཡོད། དེར་ཚང་མ་འཛོམས་པ་དང་ཏོག་མས་བརྡུང་གིན་རླག་བོང་ཁྱོད་ཚོ་མི་འགྲོ་བ་ཨེ་ཡིན། ཕུང་བོང་ཁྱོད་ཚོ་མི་འགྲོ་བ་ཨེ་ཡིན་ཟེར་བ་གྱིས་ལ་ཟམ་པ་ཕ་གིའི་ཚུན་དེད། ཁོང་ཚོ་ཟམ་པ་སྒྲོལ་བ་དང་རྟ་བཞོན་ནས་ཕོ་བྲང་དུ་དབུགས་ཐེངས་གཅིག་ལ་བྲོས་བྱོན་ཞིག་ཅེས་བསླབས་སོ།།
དེར་ཁོང་གིས་ས་ལེ་ཉག་གཅིག་གིས་བསླབས་པ་བཞིན་བོང་བུ་རྣམས་དེད་ནས་སྤང་ལེན་པར་ཕྱིན། རང་ཉིད་སྒང་ཞིག་ཏུ་བསྡད་པས་བོང་བུ་རེ་རེའི་པགས་པའི་འོག་ནས་སྲིན་པོ་རེ་རེ་དོན་ནས་སྤང་བརྐོས། སྤང་བརྐོས་ཚར་ནས་བོང་བུའི་པགས་པ་གྱོན་སྤང་ཁལ་རེ་ཁུར་ནས་སླེབས་བྱུང་ངོ་། །བོང་བུ་སུམ་བརྒྱ་ཚང་བ་དང་རྟ་དེ་ཁྲིད། ཏོག་མས་བརྡུང་གིན་ཡོང་། ཟམ་པ་མ་བུད་བར་དུ་བརྡུངས་ཤིང་། ཟམ་པ་བུད་ལ་ཁད་དུ་བུ་མོ་སྤྱི་གཙུག་ཏུ་བསྒོམས་རྟ་ཞོན་ཏེ་ཕོ་བྲང་ལ་བྲོས་ནས་ཡོང་། སྲིན་པོ་སུམ་བརྒྱས་བོང་བུའི་པགས་པ་ཕུད་ནས་ཁོང་གི་རྗེས་སུ་དེད་ཀྱང་མཇུག་མ་ཟིན།
སང་ཉིན་རྒྱལ་པོའི་དྲུང་དུ་ཁོང་གཉིས་ཀ་ཤོག་གསུངས། ཕོ་བྲང་དུ་སླེབས་པ་དང་ཁོང་ལ་ཁྲི་ཆུང་ཞིག་བརྒྱབ། བུ་མོ་ལ་གཡུ་ཁྲི་ཞིག་བརྒྱབ་འདུག་གོ །དེར་ཁོང་གིས་རྒྱལ་པོ་ལ་ཕྱག་འཚལ་གྲབས་བྱས་པས་རྒྱལ་པོ་ཁྲི་ཁ་ནས་ལྷུང་། རྒྱལ་པོས་ཚུར་ལ་བསུ་བར་མཛད། ཁྲི་རྒྱལ་པོ་རང་དང་མཉམ་པ་ཞིག་བརྒྱབ། བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ། །འཇིག་རྟེན་གྱི་ཆོས་དང་མཐུན་པའི་གསུང་གླེང་མང་དུ་མཛད་དེ། རྒྱལ་པོ་ན་རེ། ངའི་བུ་མོ་ས་ལེ་ཉག་གཅིག་ལྷ་དབང་ལ་སོགས་འདོད་མཁན་མང་དུ་བྱུང་ཡང་། ད་བར་སུ་ལའང་སྟེར་རྒྱུའི་ཁ་ཆད་བྱས་པ་མེད། བུ་མོ་དང་ཁྱོད་གཉིས་ཚེ་རབས་ཀྱི་བར་འབྲལ་མི་ཕོད་པར་འདུག་པས་ཁྱེད་ལ་སྟེར་བར་བྱེད། ང་ནི་སྲིན་པོ་འདུལ་བའི་དོན་དུ་ཤ་ཁྲག་མཆོད་སྦྱིན་བྱེད་པའི་རྒྱལ་པོ་ཞིག་ཡིན། ཁྱོད་གཉིས་ལ་ནོར་དང་ལོངས་སྤྱོད་རྒྱལ་སྲིད་མེད་པའི་སྔུག་བསྔལ་མི་དགོས་གསུངས། དེར་ཁོང་གིས་རྒྱལ་པོ་ལ། བདག་ནི་དབུལ་པོར་སྐྱེས་གྱུར་ཀྱང་བསོད་ནམས་བསགས་པས་ཆོས་རྒྱལ་ཁྱེད་དང་མཇལ། ལས་འཕྲོ་ཡོད་པའི་ལྷ་མོ་འདི་དང་མཇལ། བདག་གཉིས་ཁྱོད་ཀྱི་བཀའ་ལ་ལོས་ཀྱང་ཉན་ཟེར་རོ།།
དེར་དངོས་རྫས་གསེར་དངུལ་ཟངས་ལྕགས། ནོར་གཡག་རྟ་ལུག་གསུམ་གང་ཡང་སྟེར་བ་འདུག་སྟེ། ཁོང་གིས་བུ་མོ་ལ། ཁ་ཟས་ཡོ་བྱད་དུ་མ་གཅིག་མ་ཁྱེར་ན་ང་ལ་ཕན་གང་ཡང་མེད་བྱས་པར། བུ་མོས། གང་དུ་སླེབས་སར་ནོར་གྱི་ཆར་པ་ཡོང་། བུ་མོ་གང་སླེབས་ཟས་ཀྱི་ཆར་པ་ཡོང་ཟེར། བུ་མོ་དེ་རྟ་འོལ་བ་ཞིག་ལ་བཞོན། རྟ་མཆོག་དེར་ཁོ་བཞོན། དེར་ཡང་རྒྱལ་པོ་འཁོར་དང་བཅས་པས་དཔག་ཚད་གསུམ་སྐྱེལ་མ་བྱས། ཉིན་ཞག་དྲུག་གསུམ་ཙམ་དུ་གསུང་གླེང་དང་ཕན་ཚུན་བསླབ་བྱ། དྲན་སྐུལ་བྱས། ཡབ་རྒྱལ་བློན་རྣམས་ཕྱིར་ལོག་གོ །བུ་མོ་དང་ཁོང་གཉིས་བོད་ཡུལ་དུ་ཡོང་། དེར་ཁོ་གཉིས་ཡུལ་དུ་མ་སླེབས་ཙམ་དུ་ས་སྟོང་ཆེན་པོ་ཞིག་ཡོད་པས་བཙུན་མོ་ས་ལེ་ཉག་གཅིག་གིས་དེར་སྨོན་ལམ་བཏབ་སྟེ། སྔར་གྱི་ཚེར་ཤིང་དང་དུག་ཤིང་སོགས་ནི་ཙནྡ་གྱི་ཤིང་དང་ལྷའི་མེ་ཏོག་མནྡྷ་ར་བ་ལ་སོགས་པར་གྱུར་ཅིང་། ཡན་ལག་བརྒྱད་ལྡན་གྱི་ཆུ་བབས། འབྲས་ལ་སོགས་པའི་ལོ་ཏོག་རྒྱས། རིན་ཆེན་སྣ་ལྔ་ལས་གྲུབ་པའི་སྐུ་མཁར་ཡང་བྱུང་། དེའི་ནང་དུ་གསེར་དངུལ་ཟངས་ལྕགས་ལ་སོགས་པའི་བང་མཛོད་བསམ་གྱིས་མི་ཁྱབ་པ་དང་མངའ་འབངས་འཁོར་གཡོག་ཐེམ་དུད་སུམ་བརྒྱ་ཙམ་བྱུང་ངོ་། །བདེ་སྐྱིད་ལྡན་པའི་ཡུལ་དེ་སྔར་གྱི་རྒྱལ་པོ་དེའི་ཕྱུགས་རྫི་ལུག་རྫིས་མཐོང་ངོ་།།
དེ་རྣམས་ཀྱིས་རྒྱལ་པོར་རང་རེའི་ས་སྟེང་ན་སྔར་མེད་པའི་རིན་པོ་ཆེའི་ཕོ་བྲང་བསམ་གྱིས་མི་ཁྱབ་པ་ཞིག་འདུག་ཅེས་ཞུས་པ་དང་། རྒྱལ་པོའི་ཞལ་ནས་རང་རེའི་བུ་ཚ་དེ་ན་ནིང་སྲིན་པོའི་ཡུལ་ནས་ས་ལེ་ཉག་གཅིག་འགུགས་སུ་བཏང་བ་དེས་ཁུགས་ཡོད་པ་ཨེ་ཡིན། ཁོ་རང་གི་ཨ་མ་དེ་བལྟ་བར་གཏོང་དགོས་གསུངས་ནས་མ་དེ་ལ་ཁྱོད་སླེབས་པ་ཨེ་ཡིན་རྒྱུགས་ལས་ལྟོས་ཤོག །རང་རེའི་ས་སྟེང་ཡ་གི་ན་སྔར་མེད་པའི་ཕོ་བྲང་འཁོར་དང་བཅས་པ་ཡོད་འདུག་པས་ལྟོས་ཤོག་གསུངས་ནས་བཏང་། ཨ་མ་རྒན་མོ་དེ་ག་ལེར་བལྟ་བར་ཕྱིན་པས། ཕོ་བྲང་མིག་གིས་མཐོང་ཙམ་གྱི་སར་སླེབས་པ་དང་། བཙུན་མོ་ས་ལེ་ཉག་གཅིག་གིས་རྒྱལ་པོ་ལ་སྨྲས་པ། སྐྱེས་བུ་ཆེན་པོ་ཁྱེད་ཀྱི་ཡུམ་འདིར་འབྱོན་གྱི་འདུག་གསུངས། དེར་རྒྱལ་བུས་རྟ་སྒ་བཏང་ནས་བསུ་བར་བྱོན་ནོ། །ཁོང་ཨ་མ་དང་འཕྲད་པ་དང་། ཨ་མ་རྟ་ལ་བསྐྱོན། ཁོ་རང་གིས་རྟ་སྣ་ཁྲིད་ནས་ཕོ་བྲང་དུ་ཡོང་། ནང་དུ་སླེབས་པ་དང་། བཙུན་མོ་ས་ལེ་ཉག་གཅིག་ལ་ཨ་མས་ཕྱག་བྱས་སོ། །དེར་རྒྱལ་པོ་ན་རེ། ངས་ཕྱག་འཚལ་དུས་མ་བྱེད་གསུང་དོན་ཅི་ཡིན་གསུངས་པ་དང་། བཙུན་མོ་ན་རེ། སྐྱེས་བུ་ཆེན་པོ་ཁྱེད་ནི་ཚེ་རབས་ནས་བདག་དང་འགྲོགས་པའི་བཟའ་ཟླ་ཡིན་པས་དེའི་ཕྱག་མི་ཐེག་གསུངས། ཨ་མར་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དྲངས་སོ།།
དེའི་གནངས་ཉིན་ཨ་མར་ཡིད་བཞིན་གྱི་ནོར་བུ་ཛཱ་ཏི་དང་། ཨ་རུའི་སྡོང་པོ་རྩ་བ་བཏོན་པ་སོགས་རྒྱལ་བུ་ལ་འབུལ་རྒྱུར་བཀུར། རྟ་གཅིག་ལ་བསྐྱོན་ནས་བཏང་ངོ་། །དེར་ཨ་མ་རྒྱལ་པོའི་ཕོ་བྲང་དུ་སླེབས་པ་དང་སྐྱེས་རྣམས་རྒྱལ་པོ་ལ་ཕུལ་ནས་བདག་གི་བུ་དེས་དཀའ་བའི་ལས་བསྒྲུབས་ནས་སླེབས་འདུག་ལགས་ཞུས། རྒྱལ་པོས་བློན་པོ་འཁོར་དང་བཅས་པ་སྐད་བཏང་སྟེ་བཀའ་གནང་བར། རང་རེས་སྔར་སྲིན་ཡུལ་ལ་ས་ལེ་ཉག་གཅིག་འགུགས་སུ་བཏང་བ་དེས་ས་ལེ་ཉག་གཅིག་ཁུགས་ནས་རང་རེའི་ས་སྟོང་ཕ་གི་ན་ཕོ་བྲང་འཁོར་མངའ་འབངས་དང་བཅས་སླེབས་ཡོད་འདུག་པས་གང་དྲག་གསུངས་པས། ནང་བློན་རྣམས་ཀྱི་ནང་ནས་གཅིག་ན་རེ། རང་རེའི་འདི་ནས་ས་ལེ་ཉག་གཅིག་འགུགས་སུ་བཏང་བའི་མི་དེ་སྔར་རྒྱལ་པོའི་ཇ་མ་བྱེད་པའི་དུས་སུ། མེ་དང་མར་མེ་མེད་པར་འོད་འདོམ་གང་ཙམ་སྒོར་རེ་ཡོང་བའི་མི་གཅིག་འདུག །དེ་ལ་གནོད་ན་རང་རེ་ཕམ་པ་ལས་མི་ཡོང་། རྒྱལ་པོ་ལ་ནི་སྲས་མེད་པས་ཁོང་སྲས་ཚབ་ཏུ་བཞག་ནས་རྒྱལ་སྲིད་གཉིས་ཀ་སྤེལ་བཅུག་ན་མི་ལེགས་སམ་ཞུས། ཡང་བློན་པོ་གཞན་ཞིག་ཡར་ལངས་ཏེ། རང་རེའི་མི་དེ་ནི་སྙོམས་ཆུང་ཚུལ་ལྡན་བྱས་ནས་སྡོད་མཁན་ཞིག་ཡིན་ཏེ། ངེད་རང་གི་བཙུན་མོས་མ་བཞག་པ་ཡིན་པས་འདི་འདྲ་ཞིག་རང་དགོས་པ་ཡོད་ཅེས་རྒྱལ་པོར་ཞུས། དེར་རྒྱལ་པོས་བློན་པོ་བཅུ་ཙམ་ཞིག་དང་བཅས་གླང་པོ་ལ་ཆིབས་ཏེ་ཁོང་མཇལ་དུ་འགྲོ་བར་ཐག་བཅད་དོ། །བློན་པོའི་ནང་ནས་གཅིག་ན་རེ། ཁོ་ལ་ཕར་ནོར་བུ་ལ་སོགས་མ་ཁྱེར་བར་དྲེགས་གྱོང་བྱས་ན་འབུལ་བ་བྱེད་དགོས་པ་ཡོང་། དྲེགས་གྱོང་མ་བྱས་ན་གནང་སྦྱིན་བླངས་པས་ཆོག་ཟེར་བར་རྒྱལ་པོས། ཁྱོད་བདེན་ཟེར་ནས་ནོར་བུ་ཟུར་གསུམ་པ་ཞིག་ཁྱེར་ནས་ཕྱིན་ཏོ།།
ཁོའི་ཕོ་བྲང་གི་རྩར་རྒྱལ་པོ་དེ་ཕེབས་པའི་སྐབས་སུ་མི་དེས་དང་པོ་རྗེ་འབངས་ཀྱི་ཚུལ་བྱས་ནས་བསུ་བ་ལ་འགྲོ་བྱས་པས། བཙུན་མོས་གཡུ་ཁྲི་ལ་བསྡད་དེ། ཁྱེད་ནི་སྐྱེས་བུ་ཆེན་པོ་ཡིན། མ་གི་ནི་སྦྱིན་པའི་རྒྱལ་པོ་ཡིན་ཟེར། ཁོས་རྒྱལ་པོ་ལ་གསེར་ཁྲི་ཞིག་གྲབས་བྱས་པས། བཙུན་མོས་གསེར་ཁྲི་མི་ཐོབ་ཟེར་བས་དུང་ཁྲི་གཅིག་བརྒྱབ། གསེར་ཁྲི་ལ་ཁོ་རང་བསྡད། བཙུན་མོ་གཡུ་ཁྲི་ལ་བསྡད། རྒྱལ་པོ་དེ་ཕོ་བྲང་དུ་ཕེབས་ནས་བུ་མོའི་གཟི་བརྗིད་མ་ཐེག་པར་སྟབ་སྟོབ་ལ་རྒྱལ་པོ་ཡབ་ཡུམ་ལ་ཕྱག་འཚལ་ལོ། །མི་དེས་དང་པོ་རྗེ་འབངས་ཀྱི་ཚུལ་འཛིན་ནས་ཕྱག་ལེན་མཛད་པས་རྒྱལ་པོའི་སྣ་དང་རྐང་མཐབ་འབྲེལ་ནས་རྒྱལ་པོ་ལངས་མ་ཐུབ་བོ།།
དེ་ཅི་ཡིན་ཟེར་བ་དང་། བཙུན་མོ་ས་ལེ་ཉག་གཅིག་གིས། རྒྱལ་པོ་འདི་ནི་ཚེ་སྔོན་སྦྱིན་པ་བཏང་བའི་རྒྱལ་པོ་ཡིན། ཁྱེད་ནི་སྐལ་པར་ཚོགས་དང་བསོད་ནམས་བསགས་པའི་སྐྱེས་བུ་ཆེན་པོ་ཡིན། ཁྱེད་ལ་ད་གིན་ནས་ཕྱག་ལན་མ་མཛད་ན་ཞུས་པ་ཡིན་གསུངས་པས། དེར་མི་དེས་ཁྲི་སྟེང་ནས་བབས། གང་དྲག་ཞུས་པས། སྐྱེས་བུ་ཆེན་པོ་ཁྱེད་རང་གསེར་ཁྲི་ལ་བཞུགས། བློན་པོ་རྣམས་ཀྱིས་རྒྱལ་པོའི་ཚབ་མ་ཡིན་ཟེར་བ་གྱིས་ལ་ཕྱག་འཚོལ་དང་། དེར་རྒྱལ་པོ་བཞེངས་པས་ཆོག་གསུངས་སོ། །སྔར་གྱི་བློན་པོ་རྣམས་ཀྱིས་ཕྱག་འཚལ་བས་ཧར་དེ་བཞེངས་བྱུང་། དེ་ནས་རྒྱལ་པོ་དུང་ཁྲི་ལ་བཞུགས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། རྒྱལ་པོས་ཕྱག་རྟེན་ལ་ནོར་བུ་དེ་ཕུལ། དེར་གསུང་གླེང་གི་སྐབས་སུ་བཙུན་མོ་ས་ལེ་ཉག་གཅིག་གིས་རྒྱལ་པོ་ལ་གསུངས་པ། ཁྱོད་ཀྱིས་བདུད་མོའི་སྲོག་མ་བླངས་པར་མོ་ཡིས་གང་བཤད་སྒྲུབ་པས་རྒྱལ་སྲིད་ཉིན་བཞིན་ཉམས། ད་དུང་གཞན་ལ་གནོད་འཚེའི་སེམས་ངན་བཅངས་བྱས་པས། བློན་པོ་ཞིག་གིས། བདུད་མོ་མིར་སྤྲུལ་པའི་བཙུན་མོ་དེ་བས་སྔ་བ་ཤི་ན་ཇོ་མོ་གཞན་ཞིག་བླངས་ནས་རྒྱལ་བརྒྱུད་མི་ཆད་ཅིང་། མངའ་འོག་རྣམས་ཀྱང་དར་ཞིང་རྒྱས་པ་ཡོང་བ་ཡོད་ལགས་ཞུས་པས། བཙུན་མོ་ན་རེ། ང་དང་སྐྱེས་བུ་ཆེན་པོ་འདི་ཚེ་རབས་སྔོན་ནས་འགྲོགས་པའི་གྲོགས་ཡིན་པས། ངས་སྲིན་དམག་འབུམ་ཚོ་གཅིག་ཁྲིད་ནས་འོངས་གྱུར་ན་རྒྱལ་པོ་འདི་ཞག་གཅིག་ཀྱང་མི་བརྟེན་པར་བརླག་པར་འགྱུར་བས། མ་བརླག་སྡོད་རྒྱུ་བྱུང་བའི་ཡོན་ཏན་ནི་ང་ཡི་དྲིན་དུ་ཤེས་པར་བྱེད་དགོས་སོ། །རྒྱལ་པོ་ཁྱེད་ཀྱང་ད་རེས་གྲུང་པོ་ཡིན། དམག་འདྲེན་པ་ལ་སོགས་བྱས་གྱུར་ན། དེ་རིང་ཕུང་གཞི་ཐོག་མ་དེ་ཁྱེད་ཀྱི་ཐོག་ལ་འཁེལ་རྒྱུ་ཡིན་གསུངས་པ་དང་། རྒྱལ་པོ་དེ་ཡང་ཡིད་མགུ་ནས་རྒྱལ་སྲིད་ཐམས་ཅད་ཁོང་གཉིས་ལ་ཕུལ། དེ་ནས་བཟུང་རྒྱལ་སྲིད་དེ་ཡང་དར་ཞིང་རྒྱས་པ་བྱུང་འདུག་བྱས་པས། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས་མི་དེ་ནི་བསོད་ནམས་ཅན་ཞིག་རེད་ཟེར་བ་ཤོར་བས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། རོ་དེ་ཤོར་སོང་ངོ་།། །།

 

ལེའུ་བཅུ་བདུན་པ།
མོ་སྟོན་པ་དབུ་གཙུག་གི་ཕག་མགོ་ཅན་གྱིས་རྒྱལ་བརྒྱུད་ཆད་ལ་ཁད་པའི་སྲོག་བསླུས་ནས་སྲིན་པོ་བཟའ་མི་བཏུལ་བ།

དེ་ནས་ཤིང་སྡོང་དེའི་རྩར་ཕྱིན་ནས། རལ་གྲི་བཏོན་ཏེ་ཤིང་སྡོང་དེ་ལ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་སྡིག་ཟེར་བབས་བྱུང་ངོ་། །ཏོག་མས་བརྡུངས། དྲ་བར་བཅུག །ཞགས་པས་བསྡམས་ནས་ཁུར་ཡོང་བས་གོམ་པ་བདུན་བརྒྱད་ཙམ་འཕགས་པ་ན། རོ་ན་རེ། རྒྱལ་བུ་རྒྱལ་བུ། ཡང་ན་རྒྱལ་བུས་སྒྲུང་ཞིག་ཤོད། ཡང་ན་ངས་སྒྲུང་ཞིག་བཤད་ཀྱིས་ཟེར་བས། རྒྱལ་བུས་མགོ་ཕར་དྲིལ་ཚུལ་དྲིལ་བྱས་ནས་མ་ཉན་པ་དང་། རོ་ན་རེ། ལུང་པ་ཆེན་པོ་ཞིག་ན་རྒྱལ་པོ་སྤུན་བདུན་ཡོད་འདུག །ས་སྟོང་གཞན་ཞིག་ཏུ་གྲོང་པ་གཅིག་གཉིས་ཤིག་ཡོད་འདུག །དེ་ན་བུ་མོ་སྤྱང་པོ་ཞིག་ལ་ཁྱོ་ལབ་ལབ་གང་ཡང་མི་ཟེར་བ། སྐེ་རགས་ཀྱང་མི་འཆིང་བར་སྒོ་ཁ་རང་དུ་སྡོད་པ་ཞིག་འདུག །ཁོ་ལན་གཅིག་ཕྱིར་དོན་པས་འབྲོག་པ་སྐྱས་བཏེག་པའི་ཤུལ་ནས་བྱ་རོག་གིས་ཐུད་རྡར་གཅིག་རྙེད་པ་ཁུར་ནས་འཕུར་ཡོང་སྐབས་ཁོའི་ཐད་དུ་ཟགས་པ་ཡིན་འདུག །ཁོས་ཐུད་རྡར་དེ་ཁུར་ནས་ཆུང་མ་ལ་སྨྲས་པ། སྐྱེས་པ་ཕོ་ཉལ་རྒྱུ་མེད་པ་ཡིན་འདུག །མདོ་རུ་འཁྱམ་དུ་ཕྱིན་པས་ཐུད་རྡར་རྙེད་བྱུང་བྱས་པས། མོས་སྨྲས་པ། ཉལ་རྒྱུ་མེད། སྐྱེས་པ་ཉལ་ན་མདའ་མགོ་འཆོར། མདུང་མགོ་ཤོར་ན་དགྲ་མགོ་རེངས། བུད་མེད་ཉལ་ན་ཕང་མགོ་ཤོར། ཕང་མགོ་ཤོར་ན་གྱོན་གོས་ཧྲུལ། གྱོན་གོས་ཧྲུལ་ན་ཁྱི་རྒན་སྡང་ཟེར་བ་ཡིན་པས་སྐྱེས་པ་ཁྱོ་ཁ་འཆམ་འཆམ་འདྲ་བྱས་ན་བསོད་ནམས་འཕེལ་ཞིང་ནོམ་པ་ཡང་ཆེན་པོ་ཡོང་བྱས་པ་དང་། ཁོས་མོ་ལ་སྨྲས་པ། ང་ལ་ཁྱོད་རང་གིས་རྟ་བཟང་པོ་གཅིག་དང་ཁྱི་བཟང་པོ་ཞིག་གྲབས་གྱིས་ཤིག་ཟེར་རོ། །ཇི་ལྟར་ཟེར་བ་བཞིན་གྲབས་བྱས་ཟིན་པ་དང་། ཁོས་ཆས་རྣམས་སྤྲས། ཁྱི་ཁྲིད། རྟ་བཞོན་ནས་ཕྱིན་ནོ།།
ལུང་སྟོང་ཞིག་ཏུ་སླེབས་པ་དང་ཝ་མོ་གཅིག་འགྲོ་བ་མཐོང་སྟེ། ནོམ་པ་བྱ་བ་ཞིག་ནས་མ་བསགས་ན་མི་ཡོང་བསམ་ཁྱི་དེ་རྟ་གོང་དུ་བླངས་ནས་ཝ་མོ་ལ་རྦོད། ཁྱི་དེ་མགྱོགས་དྲག་ནས་ཝ་མོ་དེ་ཞ་ཁུང་གཅིག་ཏུ་བཙུད་དོ། །ཁོ་དེར་སླེབས་མ་ཐག་རྟ་ལས་བབས། ཁྱི་དེ་རྟ་ཐུར་ལ་བཏགས། ལུས་ཆས་རྣམས་ཕུད་རྟའི་སྔ་ཤ་ཕྱི་ཤ་ལ་བསྡམས། ཞྭ་དཀར་དེ་ཝ་ཚང་ལ་བཀབ། རྡོ་ཆེན་པོ་ཞིག་བླངས་ནས་ཝ་ཚང་བརྐོས་པ་ཡིན་འདུག །དེར་ཝ་བྲོས་ཁྱི་བརྒྱུགས་རྟ་ཡང་ཁྱི་ཡིས་ཁྲིད་ནས་ཁོ་གཅེར་བུར་ལུས། ཁོའི་བསམ་པ་ལ། གང་ཡང་མེད་པར་ཡུལ་དུ་ལོག་ཕྱིན་ན་ངོ་ཚ་བསམས་ནས་ལ་གཅིག་ལ་འཛེགས་ཕྱིན་ཏོ། །ལ་ཁ་དེར་སླེབས་ནས་བལྟ་དུས་རྒྱལ་པོའི་ཕོ་བྲང་ཆེན་པོ་གཅིག་འདུག་པ་མཐོང་སྟེ། ལ་ནས་བབས་ཕྱིན་པ་དང་གནམ་ངན་གཅིག་བྱུང་བས་ཕྱི་རོལ་ཏུ་མི་མེད་ཅིང་། ཁུག་ཀྱོག་ཅིག་ཏུ་སྐྱས་ནས་ཉལ་བསྡད་དོ།།
རྒྱལ་པོའི་སྲས་མི་གཅིག་དེར་འཆམ་སྐོར་ཞིག་བྱས་ནས་ལོག་འགྲོ་སྐབས་མོའི་སྐེ་ལ་བཏགས་པའི་རྒྱལ་པོའི་བླ་གཡུ་ཆེན་པོ་གཅིག་ཡོད་པ་དེ་ཐག་པ་ཟད་ནས་ཆད་དོ། །དེར་ཁོས་མིག་བལྟ་གིན་བསྡད་པས་བ་གཅིག་གིས་གཡུའི་སྟེང་དུ་ལྕི་བ་ཞིག་བཏང་། ཡང་ཉལ་ནས་བསྡད་པས་གཡོག་མོ་ཞིག་ཡོང་སྟེ་ལྕི་བ་བླངས་ནས་རྩིག་པ་ལ་བརྡབས་སོང་ངོ་། །སྔ་དྲོ་ཉི་མ་ཤར་བ་དང་རྒྱལ་པོའི་གྲོང་དེ་ན་ཡོད་པའི་མི་རྣམས་བསྐོངས་ནས། མདང་རྒྱལ་པོའི་སྲས་མོའི་བླ་གཡུ་ཐག་པ་ཆད་ནས་ཐོར། དེ་མངའ་འོག་གི་སྐྱེས་པར་རྙེད་ན་བློན་པོའི་གོ་གནས་དྲག་ཤོས་སྤྲོད། བུད་མེད་ལ་རྙེད་ན་བཙུན་མོའི་གོ་གནས་དྲག་ཤོས་སྤྲོད་པ་ཡིན་ཟེར་བརྡ་བསྒྲགས་སོ། །ཁོ་དེར་ཕྱིན་ཏེ་མི་རྣམས་འདིར་བསྐོངས་ནས་གང་བྱེད་པ་ཡིན་ཟེར་བས། རྒྱལ་པོའི་བློན་པོ་གཅིག་ཁོའི་རྩར་ཕྱིན་ནས་མི་འདི་ལ་ཕལ་ཆེར་མངོན་ཤེས་ཡོད་ཀྱི་རེད་བསམས་ནས། རྒྱལ་པོའི་སྲས་མོའི་མགུལ་ནས་གཡུ་གཅིག་བོར་བ་དེ་རྩད་གཅོད་བྱེད་པ་ཡིན་བྱས་པས། ང་ལ་དགོས་མཁོའི་རྫས་རྣམས་བཤམས་ན་ངས་མངོན་ཤེས་ཤེས་ཟེར། རྫས་ལ་ཅི་དགོས་དྲིས་པར་ཕག་པའི་མགོ་ལ་རྒྱུན་པ་བསྒར་བ་གཅིག །གོས་གསར་པ་སྤུས་ལེགས་གཅིག །དེ་བཞིན་ཞྭ་དང་ལྷམ་རྣམས་ཁྱེར་ཤོག་མངོན་ཤེས་ཆད་དོ་ཟེར་བས། བློན་པོ་དེ་མགྱོགས་པར་རྒྱལ་པོའི་སར་རྒྱུགས་ཕྱིན་ནས་མི་སྨྱོན་པ་གོས་མེད་པ་གཅིག་གིས་བླ་གཡུའི་མངོན་ཤེས་ཡོང་བ་ཡོད་ཟེར། ཁོས་དགོས་ཟེར་བ་རྣམས་ཁུར་ཕྱིན། ཁོས་གོས་ལྷམ་རྣམས་གྱོན། ཕག་པའི་མགོ་དེ་ལག་ཏུ་ཁྱེར་ནས་མི་རྣམས་ཀྱི་ཁྲོད་དུ་རེ་རེ་བཞིན་ཕག་མགོ་འཛུགས་ཀྱིན་འཛུགས་ཀྱིན་འདི་ལ་ཡོད་དམ་འདི་པ་ཡོད་དམ་ཟེར་བཞིན་ཡོང་བས་ཕག་མགོ་བཙུགས་མ་ཚར་བ་རྣམས་ཁག་སུ་ལ་ཡོང་བསམས་ནས་སྐྲག་གོ །མི་རྣམས་ལ་ཕག་མགོ་བཙུགས་ཟིན་པ་དང་གཡུ་དེ་ཡོད་པའི་ལྕི་བ་དེ་ལ་བཙུགས་ནས་འདིར་ཡོད་བྱས་པར་ལྕི་བ་བཀོག་པས་གཡུ་རྙེད་དོ།།
ཁོ་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། ཁོ་ལ་བཟང་ལན་དུ་ཅི་དགོས་བྱས་པར། ཁོ་ན་རེ། ང་ལ་གནང་སྦྱིན་ཆེན་པོ་དགོས་པས་ཨེ་འགྲུབ་བྱས་པ་དང་། ཁྱེད་ཀྱི་མངོན་ཤེས་ཀྱིས་ང་ཚོའི་བླ་གཡུ་རྙེད་ཐུབ་པས་ན་མི་འཚམ་པའི་རེ་བ་མིན་ཕྱིན་གཞན་ཁྱེད་རང་གི་སེམས་ལ་དགོས་པ་དེ་བྱེད་དང་བྱེད་བྱས་པས། འོ་ན་ཁྱེད་ཀྱིས་རྟ་སྒ་རང་འགྲིགས་མ་ཞིག་དང་། དེའི་སྟེང་དུ་གྱོན་ཆས་ཆ་ཚང་དང་འཁོར་གསུམ་བཀབ་ལ། རྟ་དེའི་ཐུར་མདའ་ལ་ཁྱི་བཏགས་པ། དེའི་ཁར་ཝ་མོའི་སོག་པའི་སྟེང་དུ་ཞྭ་དཀར་རྒྱང་དེ་སྔོན་ལ་འགྲོ་བ། སེའི་རྗེས་ལ་རྟ་དང་ཁྱི་གཉིས་འགྲོ་བ་གཅིག་དགོས་བྱས་པས་རྒྱལ་པོ་མཉེས་ཏེ་ཁོ་ལ་བཀུར་བསྟི་ཕུན་སུམ་ཚོགས་པ་བྱས། ཝ་མོ་འཛིན་དུ་བཏང་། ཝ་མོའི་སྟེང་དུ་ཞྭ་དཀར་གྱོན་ཞིང་མགོ་སྒྲོག་བསྡམས་ནས་སྔོན་དུ་འགྲོ། རྟ་སྒ་ཆ་ཚང་འཁོར་གསུམ་དང་བཅས་པ་ཁོ་རང་གིས་ཟེར་བ་ལྟར་བསྒྲུབས་པས་ཁོ་དགའོ། །ཁོ་ལ་རྒྱལ་པོས་མངོན་ཤེས་ཐོགས་པ་མེད་པ་སྟོན་པ་དབུ་གཙུག་ཕག་མགོ་ཅན་དུ་མིང་བཏགས་སོ།།
དེ་ནས་ཁོ་ལ་མངོན་ཤེས་ཀྱི་གྲགས་པ་ཆེན་པོ་བྱུང་། བློན་པོ་ཞིག་དངོས་པོ་རྣམས་དང་སྦྲགས་ཁོའི་ཆུང་མའི་སར་སྐྱེལ་མར་བཏང་། སྒོ་གདོང་དུ་སླེབས་པ་དང་། ཁོ་རང་གི་རྟ་དང་ཁྱི་རྣམས་ཀྱང་སླེབས་འདུག་ཅིང་། ཆུང་མ་དེ་ཡང་རང་གི་བཟའ་ཟླ་ལོག་ཡོང་བའི་དགའ་ཚོར་གྱིས་ཁོ་ནང་དུ་གདན་དྲངས་པར་མ་ཟད། སྐྱེལ་མ་རྣམས་ལ་ཡང་ཟ་མ་ཕུན་སུམ་ཚོགས་པ་དྲངས། དེར་ཆུང་མ་ན་རེ། ཁྱེད་ལྷ་འདྲེས་ཁྲིད་པ་མིན་ནམ་བསམས་ནས་རིམ་འགྲོ་དང་མོ་ཕྱྭ་ཡང་མང་པོ་བྱས། དངོས་པོ་དེ་རྣམས་གང་ནས་བྱུང་ཟེར་བར། ཁོས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་མཐར་འདི་ཚོ་ནི་རྒྱལ་པོའི་བླ་གཡུ་རྙེད་པའི་རྔན་པ་ཡིན། ནོམ་པ་ཆེན་པོ་ཡིན་ནམ་བྱས་པར། ཆུང་མ་ན་རེ། རང་རེའི་རྟ་ཁྱི་དང་དངོས་པོ་འདི་རྣམས་བྱུང་བའི་ཁར་ཁྱོད་ཀྱང་ལོག་ཐུབ་ནོམ་པ་ཆེ་སྟེ། བླ་གཡུ་ཙམ་རྙེད་པའི་ནོམ་པ་ཆུང་དྲགས་འདུག་པས་ངས་ཞུ་ཡིག་གཏོང་དགོས་ཟེར་རོ། །མོས་རྒྱ་པོ་ལ་ཁོའི་ཞུ་ཡིག་ཡིན་པའི་ཁུལ་གྱིས་ཁ་སང་རྒྱལ་པོ་ལ་བར་ཆད་ཆེན་པོ་འདུག་པས་བླ་གཡུ་བོར། བླ་གཡུ་འཚོལ་བའི་དགོས་ཆ་དང་ནོམ་པ་འདི་རྣམས་ཞུས་པ་ཡིན། ད་བདག་ལ་བླ་གཡུ་ལ་གང་རི་བའི་དངོས་ཆས་ཐུགས་ལ་འདོགས་པ་ཞུ་ཟེར་བའི་ཞུ་ཡིག་ཅིག་ཕུལ་ལོ།།
དེར་རྒྱལ་བློན་རྣམས་གྲོས་བྱས་པའི་མཐར། ཁོ་བདེན། བླ་གཡུ་ཙམ་རྙེད་པའི་ནོམ་ལ་དེ་ཙམ་གྱིས་ག་ནས་ཆོག་གསུངས་ཏེ། གསེར་དངུལ་ཟངས་ལྕགས་ནོར་གནག་རྟ་ལུག་སོགས་ཁོ་རང་གཉིས་དབུལ་དང་བྲལ་བའི་གནང་སྦྱིན་སྐྱེལ་བར་བཏང་ངོ་། །དེར་ཁོང་གཉིས་སྐྱིད་པར་ཡོད་ཙ་ན། མི་དེ་ལ་མངོན་ཤེས་པའི་གྲགས་པ་ཡང་ཆེ་བ་བྱུང་ངོ་། །དེ་ནས་ལ་ལུང་མང་པོ་བརྒྱབ་པའི་ས་ན་སྐུ་མཆེད་བདུན་གྱིས་རྒྱལ་སྲིད་སྐྱོང་གིན་ཡོད་འདུག །ཁོང་ཚོར་བཙུན་མོ་ལེན་རན་ཡང་རང་དང་མཉམ་པའི་ཞིག་གང་དུ་བཙལ་ཀྱང་མ་རྙེད་པའི་སྐབས་དེར། སྲིན་ཡུལ་ནས་བོད་ཀྱི་ཡུལ་དུ་རྒྱལ་བུ་སྐུ་མཆེད་བདུན་པོ་དེས་རྒྱལ་སྲིད་དར་ཞིང་རྒྱས་པ་སྐྱོང་གིན་འདུག་པས། དེ་བས་དར་རྒྱས་སུ་ཕྱིན་ན་རང་རེ་ལའང་དམག་ཡོང་བས་འདུལ་དུ་འགྲོ་དགོས་ཟེར། དམག་དྲངས་ཀྱང་ཨེ་ཐུབ་མི་ཤེས་པས་ཐབས་ཀྱིས་འདུལ་བ་ལ་སུ་བཏང་ན་དྲག་ཟེར་བར། དེ་རྣམས་ཀྱི་ནང་ནས་སྲིན་པོ་ཆེ་བ་བཟའ་མི་གཉིས་འགྲོ་རྒྱུ་བྱས་ནས་བོད་འདུལ་བར་བཏང་ངོ་།།
སྲིན་པོས་གཡག་ཁམ་པ་ཡུ་བོ་ཞིག་ཏུ་སྤྲུལ་ནས་གསེར་གཡུ་ཟངས་ལྕགས་མང་པོ་བཀལ། སྲིན་མོ་དེས་བུད་མེད་མཚར་སྡུག་འོད་ཆགས་པ་གཅིག་ཏུ་སྤྲུལ་ནས་བོད་དུ་ཡོང་ངོ། རྒྱལ་པོ་དེའི་སྒོ་དྲུང་དུ་སླེབས་པ་དང་། མོ་རྒྱལ་པོའི་སྐུ་མཁར་གྱི་འདབས་སུ་གསེར་དངུལ་ལ་སོགས་ཚོང་རྒྱག་གིན་བསྡད། ཟོག་འཛོམས་ལ་མཚར་སྡུག་ལྡན་པའི་བུད་མེད་གཅིག་རྒྱལ་པོའི་མཁར་འདབས་སུ་འདུག་ཟེར་བའི་གྲགས་ཆེན་པོ་བྱུང་བ་རྒྱལ་པོའི་སྙན་དུ་གསན་ཏེ་རྒྱལ་པོས་ཕོ་བྲང་གི་རྩེ་མོ་ནས་གཟིགས་མོ་མཛད། མོས་ཀྱང་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་རྒྱན་ཆ་ལུགས་སྤྲས་ཏེ་ཚོང་རྒྱག་གིན་བསྡད་པས་རྒྱལ་པོ་མ་ལ་ཐུགས་ཤོར་ཏེ། རྒྱལ་པོས་མོའི་རིགས་རྒྱུད་བཟང་ངན་འདྲི་བར་བཏང་ངོ་། །མོ་ན་རེ། ང་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་ཞིག་གི་རྒྱུད་ཡིན། རང་ཡུལ་དང་བྲལ་ནས་ཚོང་རྒྱག་པར་ཡོང་བ་ཡིན། ད་ལོག་རྒྱུ་ཡིན་བྱས། རྒྱལ་པོ་ལ་ཞུས་པས་རྒྱལ་པོ་མཉེས་ནས་རྒྱལ་བརྒྱུད་ཡིན་ན་རང་རེའི་ཁབ་ཏུ་བླངས་པས་ཆོག་ཡར་ཤོག་གསུངས་སོ། །ནང་དུ་བོས་ནས་མོ་རང་ཉིད་ཀྱི་བཙུན་མོར་མངའ་གསོལ་ལོ།།
ལོ་གཉིས་ཙམ་སོང་བའི་རྗེས་སུ་རྒྱལ་པོར་སྙུང་གཞི་དྲག་པོ་ཞིག་ཕོག་ནས་གྲོངས། ཡང་སྐུ་མཆེད་གཞན་རྣམས་ཀྱི་བཙུན་མོ་བྱེད་པའི་རིང་ལ་ཆུང་ཤོས་དེ་མ་གཏོགས་རྒྱལ་པོ་ཆེ་རིམ་གྱི་གྲོངས། མོ་གཟུགས་མཚར་ཞིང་ཟས་ཆང་ཞིམ་ལ་ཞབས་ཞུ་མཁས་པའི་སྟབས་ཀྱིས་བློས་མ་ཐོངས། མོ་ཕྱྭ་བྱས་པ་དང་མི་རྣམས་ཀྱིས་བཙུན་མོ་དེ་རྒྱལ་པོར་འཕྲོད་ཀྱི་མེད་པ་འདྲ་ཟེར་ནས་སྐུ་མཁར་གྱི་ཟུར་དུ་གཟིམ་ཆུང་ཞིག་བརྩིགས། མོས་སྙུང་གཡོག་བརྒྱུགས་ནས་སྡོད་པའི་སྐབས་དེར་རྒྱལ་པོའི་ནད་དོས་དྲག་ཏུ་ཕྱིན་པས་མངའ་འོག་བློན་པོ་རྣམས་གྲོས་བྱས་མཐར་འདི་ནས་ཉིན་ཁ་ཤས་ཀྱི་ས་ན་མོ་སྟོན་པ་མངོན་ཤེས་ཐོགས་པ་མེད་པ་དབུ་གཙུག་ཕག་མགོ་ཅན་ཞེས་པ་གཅིག་ཡོད་འདུག་པ་དེ་གདན་འདྲེན་པར་ཕྱིན་ན་དྲག་ཟེར། བློན་པོ་དྲག་པ་གསུམ་དང་མི་རྐྱང་མང་པོ་ཁོད་རྩད་གཅོད་གདན་འདྲེན་ལ་ཕྱིན་ནོ།།
ཁོའི་ཁང་པའི་སྒོ་ཁར་སླེབས་པ་དང་ཁོ་ན་རེ། ཁྱེད་རྣམས་འདིར་ཕེབས་དོན་ཅི་ཡིན་བྱས་པར། ཁོང་ཚོས་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་ནས་མོ་སྟོན་ཆེན་པོ་ཁྱེད་གདན་འདྲེན་དུ་ཡོང་ལགས་བྱས་པས། ཆུང་མའི་རྩར་ཕྱིན་ནས་ན་ནིང་སྟབས་ལེགས་ཀྱིས་དོན་གྲུབ་པ་ཡིན་ཏེ། ད་རེས་སྔོ་ལོ་འཕྱར་རྒྱུ་རེད་བྱས་པར། མོ་ན་རེ། ད་རེས་མ་ཕྱིན་ན་མི་རྟ་འདི་ག་ཙམ་ལྷགས་ནས་སྔོ་ལོ་དེ་བས་ཀྱང་ཆེ་བ་འཕྱར་རྒྱུ་ཡིན་པས་ཕྱིན་པ་དྲག །སྔར་བཞིན་སྟབས་ལེགས་ཡོང་ཤས་ཆེ་བས་དངངས་སྐྲག་གིས་འདར་བ་སོགས་མ་མཛད་པར་བློ་བརྟན་པོར་འཇོག །གལ་ཏེ་རྒྱལ་པོ་སྙུང་དྭངས་ན། རང་རེ་གྲོང་གཅིག་མ་སོང་བས་ཐགས་ཆ་གཡར་མཁན་ཡང་མི་རྙེད་པ་འདུག་པས་ན་ཞོར་ལ་ཐགས་ཆ་གཅིག་བསྒྲུབས་ནས་ལོག་ཤོག་ཟེར་ཁོང་རྣམས་དང་ལྷན་གཅིག་ཏུ་བརྫངས་སོ།།
རྒྱལ་པོའི་ཕོ་བྲང་དུ་སླེབས་པ་དང་གཟིམ་ཆུང་དུ་རྒྱལ་པོའི་སྔས་འགོར་བསྡད་ནས་གཏོར་བཅོས་སོགས་གང་རྒྱས་བྱས། སྔར་གྱི་ཕག་མགོ་དེ་གཏོར་མ་དེ་ལ་བཙུགས། དབུ་སྔས་འགོར་བཞག་ནས་རག་ཤའི་ཕྲེང་བ་གཅིག་ཧབ་ཉེད་བྱེད་ཀྱིན་བསྡད་དོ། །སྐབས་དེར་བཙུན་མོ་དེ་ནང་དུ་འཛུལ་ཡོང་ནང་མངོན་ཤེས་མཁན་མཐོང་འཕྲལ་སྐྲག་སྣང་སྐྱེས་ཤིང་། ཆང་ཡང་ལ་ཡང་བསིངས་བྱས་པ་གང་དྲངས་ནས་རྒྱལ་པོ་ཆེན་པོ་སྙུང་གཞི་དྭངས་པ་ཞིག་ཁྱེད་ཀྱིས་མཁྱེན་ཟེར་ཕྱིན་ཐོན། དེའི་ནུབ་མོ་རྒྱལ་པོ་ཡང་བཟོད་བདེ་བ་ཞིག་བྱུང་ངོ་། །རྒྱལ་པོས་མངོན་ཤེས་མཁན་ཕེབས་ནས་ང་ན་བ་འདི་བདེ་འབོལ་བ་ཞིག་བྱུང་གསུངས་པས། མོ་སྟོན་པའི་བསམ་པར་དྭངས་པའི་ཚུལ་སྟོན་པ་དེ་ནི་འཆི་ཁར་སླེབས་པ་འདྲ་བསམ། མོ་སྟོན་འཇིགས་སྣང་སྐྱེས་ནས་ནམ་ཕྱེད་ཙམ་ནས་བྲོས་འགྲོ་དགོས་བསམས་གཏོར་མར་བཙུགས་པའི་ཕག་མགོ་དེ་བཏོན་ཏེ་རྒྱལ་པོའི་ཆིབས་རྭའི་རྩར་སླེབས་པ་དང་། རྟ་རྫི་བས་ཤུ་སྒྲ་སྒྲོག་ནས་བྲོས་འགྲོ་ས་མ་བྱུང་ངོ་། །ལུག་རྭའི་ཕྱོགས་སུ་ཕྱིན་ཀྱང་ཕྱིར་དོན་མ་ཐུབ། ཕྱུགས་རྭ་ཆེན་པོ་ཞིག་འདུག་པ་དེར་ཕྱིན་པས་ཕྱུགས་རྣམས་ཉལ་འདུག་ཅིང་། སྒོ་འགག་དེ་ན་གཡག་གུ་ཁམ་པ་ཞིག་ཉལ་འདུག་པས་དེ་ལ་བསྐོར་ནས་འགྲོ་ས་ནི་མེད། འགམས་ནས་ཕྱིན་པས་ཁོ་ཧར་དེ་ལངས་ནས་མོ་སྟོན་པ་འགྱེལ་ལོ། །མོ་སྟོན་པ་ཚིག་པ་ཟོས་ནས་གཡག་དེ་བརྡུངས་པས་ཁོ་སྟབ་སྟོབ་ལ་སྒོ་ཕྱེ་ནས་བྲོས་ཕྱིན། དུད་འགྲོས་སྒོ་ཕྱེ་ཤེས་པ་གང་ཡིན་བསམས་ནས་མགྱོགས་པར་བལྟ་བར་ཕྱིན་པས། སྒོ་ཕྱེ་མཁན་བཙུན་མོ་དེ་ཡིན་པས་སྐས་ལ་འཛེགས་ནས་ཕྱིན་སོང་ངོ་། །མོ་སྟོན་པས་ལྐོག་ཉན་བྱས་པས། མོ་ན་རེ། ཁྱོད་ལ་ཅི་བྱུང་ཟེར་བ་དང་། གཡག་ན་རེ། མངོན་ཤེས་མཁན་གྱིས་རིག་ནས་ང་འཚོལ་དུ་སླེབས་བྱུང་། གཉའ་བ་ནས་བཟུང་གང་དུ་ཆིབས་ཀྱང་རྡོ་རྡུང་བཏང་། བྲོས་ས་མ་རྙེད་པར་གསོད་གྲབས་བྱས་བྱུང་ཟེར་བས། བཙུན་མོ་སྐྲག་ནས་ད་ཇི་ལྟར་བྱས་པ་དྲག་ཟེར། ཁོ་ན་རེ། ད་རང་རེ་གཉིས་འཆི་ལུགས་ལེགས་པོ་ཞིག་ཡོང་བཟོ་མི་འདུག་པས་བྲོས་ཕྱིན་ན་མི་དྲག་གམ་ཟེར། མངོན་ཤེས་མཁན་དེ་ཚོ་འཕྲུལ་ཅན་ཞིག་འདུག་པས་བྲོས་པས་ཐར་ས་ནི་མེད། ད་འཆི་ལུགས་འདི་འདྲ་ཡོང་། སང་ཉི་མ་ཤར་བ་དང་མངའ་འོག་གི་མི་རྣམས་ལ་ལག་ཆ་བསྐུར་ནས་ཕུ་ལ་ཤིང་གཅོད་དུ་གཏོང་། གཡག་གུ་འདི་ལ་སྒ་རྒྱོབ་ཟེར་ཞིང་མངོན་ཤེས་མཁན་པོས་བཞོན་ནས་བཅག་བརྡུང་གིན་ལུང་པའི་ཕུ་མདའ་མེད་པར་དེད་ཡོང་། ཤིང་ལས་བྱེད་དུ་བཅུག་ནས་ཐང་ཆད་མར་སླེབས་པ་དང་སྦྱིན་སྲེག་བྱེད་ཟེར། ཕྱི་མ་གིར་ཤིང་རྣམས་བརྩིགས་ནས་རང་རེ་གཉིས་བསྐྱིགས་ཏེ་མེ་སྲེག་གཏོང་ཟེར། གཅིག་ལ་གཅིག་འཆང་ནས་རང་རེ་གཉིས་སྲིན་པོའི་རྒྱལ་པོས་འདིར་རྒྱལ་པོས་འདིར་བཏང་བ་ཐབས་སྡུག་ལ་ཟེར་ཁ་སྦྱར་ནས་ངུ་གིན་བསྡད་དོ།།
མོ་སྟོན་ཁོ་དགའ་ནས་གཟིམས་ཆུང་དུ་ལོག །མོ་སྟོན་པས་རག་ཤའི་ཕྲེང་བ་དེ་རྒྱལ་པོའི་དབུ་ལ་བཅག་པ་ཞིག་བྱས་ནས། རྒྱལ་པོ་སྐུ་དྭངས་སྐྱེད་ཅི་འདྲ་བྱུང་འདུག་ཞུས་པས། བླ་མ་ཕེབས་ནས་ཟུག་རྣམས་ཆག །ལུས་ཁམས་ཀྱང་བདེ་འབོལ་བྱུང་གསུངས་ནས་ཐོ་རེངས་དུས་སུ་བཙུན་མོ་དེས་ཆང་ཡང་ལ་ཡང་བསིངས་དམ་བི་གང་དྲངས། མོ་སྟོན་པར་ཕྱག་གཅིག་ཕུལ། རྒྱལ་པོ་སྐུ་དྭངས་སྐྱེད་གང་འདྲ་བྱུང་ཡོད་ཞུས་པར། མོ་སྟོན་པས། རྒྱལ་པོ་སྙུང་བ་གདོན་ཚབས་ཆེན་ཞིག་གིས་ཟིན་འདུག་པས་སྦྱིན་སྲེག་བྱེད་དགོས་པ་འདུག །མར་སྣུམ་ཟས་སྣ་སོགས་ཐམས་ཅད་གྲབས་ཡག་པོ་མཛོད་ཟེར། དེ་ནས་མོ་རྒྱལ་པོའི་རྩར་ཕྱིན་ནས་མདང་སྐུ་ཁམས་བདེ་བ་ཨེ་བྱུང་ཞུས་པར། བླ་མ་ཕེབས་པ་དེ་ནས་བདེ་འབོལ་སོང་། བླ་མས་གང་གསུང་གི་རྫས་རྣམས་མགྱོགས་པོ་སྒྲུབས་ཤིག་ཟེར་ཞལ་ཏ་གནང་། མོ་སྐྲག་སྣང་སྐྱེ་བཞིན་པར་ཕྱིར་དོན། ནམ་ལངས་ནས་བློན་པོ་དྲག་པ་རྣམས་དང་། ཡུལ་གྱི་གཙོ་བོ་རྒན་རིམ་རྣམས་དེར་འདུས་ནས་སྟོན་པ་ཕག་མགོ་ཅན་ཕེབས་ནས་རྒྱལ་པོ་སྐུ་ཁམས་དྭངས་སྐྱེད་ཅི་འདྲ་བྱུང་ཡོད་བསམས་ནས་ཐམས་ཅད་དེར་འཛོམས་ཏེ་གླེང་མོལ་བྱེད་ཅིང་། ཁོང་ཚོས་གཟིམ་དཔོན་གཅིག་ལ་ཞུ་བ་བསྐུར་ནས་ཞལ་མཇལ་ཨེ་ཡོང་ཟེར། རྒྱལ་པོས་ང་དྲག་སྐྱེས་ཆེན་པོ་བྱུང་། ཡོང་ཆོག་མིན་མོ་སྟོན་པར་བཀའ་འདྲི་ཞུས་ཟེར་བས། བླ་མས་གདོན་གྲོལ་བྱས་ཚར་བས་སྐུ་ཁམས་དྭངས་སྐྱེད་བྱུང་། ཁོ་རང་ཚོ་ནང་དུ་བོས་ཤོག་གསུངས་པས་ཁོང་རྣམས་ནང་དུ་བོས། སྐབས་དེར་གཟིམ་ཆུང་གི་སྒོ་བསྡམས་ཏེ་བླ་མའི་ཞལ་ནས། རྒྱལ་པོ་རྩ་བ་ནས་སྙུང་གཞི་དྭངས་འདོད་དམ་མི་འདོད་བྱས་པར། རྒྱལ་པོས་ལོས་ཀྱང་འདོད་ཟེར། འོ་ན་རང་རེའི་བཙུན་མོ་འདི་དང་མོའི་བཟའ་ཟླ་གཉིས་སྲིན་ཡུལ་ནས་རྒྱལ་རབས་གཅོད་པ་ལ་བཏང་བ་ཡིན་འདུག་པས། འདི་གཉིས་མེ་ལ་བསྲེགས་ན་རྒྱལ་རབས་ཀྱང་མི་ཆད་པར་རྒྱལ་སྲིད་དར་ཞིང་རྒྱས་པ་ཡོང་། རྒྱལ་པོ་ཁྱེད་ཀྱིས་གསོད་ཨེ་ནུས་གསུངས་པར། རྒྱལ་པོས། བཙུན་མོ་འདིས་ངེད་སྤུན་རྣམས་ཀྱི་ཆུང་མ་བྱས་པས་བསྲེགས་ན་སྙིང་རྗེ། འདིའི་ཁྱོ་བོ་བསྲེགས་ན་ཁྱད་མེད་ལས་ཆེ་བས། ཁྱོ་བོ་དེ་ག་ན་ཡོད་པ་ཡིན་ཞུས་པས། ཁྱོ་བོ་མོ་རང་དང་བསྡེབས་ནས་ཡོང་བའི་གཡག་ཡུ་བོ་དེ་ཡིན། ང་ལ་ཉན་ན་གཉིས་ཀ་བསྲེག་དགོས་བྱས་པས། དེར་བློན་པོ་རྣམས་ཀྱིས། བླ་མ་མངོན་ཤེས་མངའ་བ་ལགས་པས། བླ་མས་གང་གསུངས་ལ་ཉན་ནས་གཉིས་ཀ་བསྲེག་པ་དྲག་ཟེར་བས། རྒྱལ་པོས་ཀྱང་བླ་མའི་བཀའ་མ་ཆོག་པར་དེ་ལྟར་བྱེད་རྒྱུ་དང་དུ་བླངས། དེར་ཁོང་རྣམས་སུས་ཀྱང་ཕྱིར་ལབ་རྒྱུ་མེད་པའི་མནའ་བསྒག།
དེའི་ཕྱི་ཉིན་མངའ་འོག་གི་འབངས་འཁོར་གཡོག་ཁལ་མ་དང་བཅས་པ་རྣམས་སྦྱིན་བསྲེག་ལ་མཁོ་བའི་ཤིང་གཅོད་དུ་ལུང་པའི་ཕུར་ཕྱིན། བླ་མས་ཀྱང་སྒ་གཡག་གུ་ལ་རྒྱོབ་ཅིག་ང་ཡང་འགྲོ་གསུངས་ནས་ཕག་མགོ་ཏོག་ཡུ་བྱས་པ་ཕྱག་ཏུ་བླངས། རག་ཤའི་ཕྲེང་བ་བསྣམས། གཡག་གུར་ཆིབས་ནས་བྱོན། ཚང་མ་བྲེལ་ཟིང་ངང་ཤིང་གཅོད་ཀྱི་ཡོད་ཙ་ན་བླ་མ་མངོན་ཤེས་མཁན་གྱིས་ཁྱེད་རང་རྣམ་པ་འོ་རྒྱལ། གཡག་ཡུ་བོའི་སྒ་བཤུས། ཁོའི་ལག་ཏུ་སྟ་གྲི་གཏོད་ལ་ཤིང་གཅོད་དུ་ཆུག །ཁོས་སྒོ་འབྱེད་པ་དང་སྐས་འཛེགས་པ་བྱུང་བས་ཤིང་སྡོང་གཅོད་པ་ལོས་ཡོང་གསུངས། སྟ་གྲི་ལག་ཏུ་སྤྲད་ནས་ཤིང་གཅོད་དུ་བཅུག་པས་མི་རྣམས་ཡིད་ཆེས་སོ།།
ཤིང་རྣམས་ཆོད་རྗེས་གཡག་གུ་ལ་བཀལ་ནས་ཕོ་བྲང་དུ་སླེབས། བློན་པོ་མངའ་འོག་རྣམས་ལ་བཀའ་གནང་ནས་ཤིང་གི་ཁང་པ་གྲུ་བཞི་གཅིག་བརྩིག་ཏུ་བཅུག་སྟེ། སྟོན་པ་རྒྱལ་པོའི་དྲུང་དུ་ཕྱིན་པས། བཙུན་མོ་དེ་རྒྱལ་པོའི་བསླུ་བར་རེ་ནས་དེ་ན་སླེབས་འདུག་ཅིང་། དེར་མོ་སྟོན་པས་ལིངྐ་ཧོམ་ཁུང་གྲབས་བྱས་ཚར་ཡོད་པས། བཙུན་མོས་སྣུམ་དང་ཁ་ཟས་རྣམས་གྲ་སྒྲིག་བྱས་ཚར་ཡོད་ཤས་ཆེ། ད་ལྟ་མགྱོགས་པར་ཁྱེར་ཤོག་བྱས་པས་དེར་བཙུན་མོ་ཕྱག་མཛོད་དུ་ཕྱིན་ནས་སྣུམ་དང་བཟའ་ཆ་རྣམས་ཁྱེར་ཤོག་བྱས་པས་དེར་བཙུན་མོ་ཕྱག་མཛོད་དུ་ཕྱིན་ནས་སྣུམ་དང་བཟའ་ཆ་རྣམས་ཁྱེར་བྱུང་ངོ་། །
དེར་རྒྱལ་པོས་སྟོན་པ་ལ། ཐབས་དང་བསྲུང་བ་བཞིན་བྱས་ན་ཇོ་མོ་དེ་འཇོག་ཨེ་ཐུབ་བྱས་པས། མོ་སྟོན་པས། ཕྱིའི་ཡི་དམ་ལྷ་སྲུང་གི་ཁ་གནོན་མོའི་ཁྱོ་བོ་འདིས་བྱེད་པ་ཡིན། ཁྱོད་ཀྱི་སྤུན་མཆེད་རྣམས་མོས་ཟོས་པ་ཡིན། ཁྱེད་རང་ཡང་ང་མ་སླེབས་ན་བཟའ་བ་ཡོད། རྒྱལ་པོ་ཁྱོད་རང་ཁང་ཐོག་ནས་གཟིགས་པ་ཞུ་ཞུས་ནས་སྟོན་པ་མར་བྱོན་ནོ། །མི་རྣམས་ཀྱི་ནང་ནས་ཕོ་དཔའ་རྩལ་ཆེ་བ་རྣམས་ཀྱིས་སྲིན་པོ་བཟའ་མི་གཉིས་བཟུང་ནས་དམ་པོར་བཀྱིག་སྟེ་ཁྱོད་གཉིས་ཀྱི་རང་གཟུགས་སྟོན་མི་སྟོན་ཟེར་མགོ་ནས་མཇུག་བར་ཏོག་མས་བརྡུངས་པས། མོ་ན་རེ་ངོ་ཚ་ཡང་རང་གཟུགས་བསྟན་པ་དྲག །སྡུག་ཐག་ཐུང་ན་དགའ་ཟེར། དེར་གཡག་ཁམ་པ་དེ་སྲིན་པོ་མགོ་གཉིས་པ་མཆེ་བ་ལན་ཕུར་ཙམ་བྱས་པ་ཞིག་ཏུ་གྱུར། ཐག་པས་ཡང་བཀྱིག་བྱས་པ་དང་། མོ་ཡང་མཆེ་བ་ལན་ཕུར་ཙམ་རྩིག་པ། ནུ་མ་ཕྲག་ལ་བཀལ་བ་ཞིག་ཏུ་གྱུར་ཏོ། །ཤིང་ཁང་དེར་མེ་སྤར་ཏེ་ཁོང་གཉིས་བསྐྱུར་བས་སྲིན་མོ་ན་རེ། སྲིན་པོའི་རྒྱལ་པོས་རང་རེ་གཉིས་ལ་འདི་ལྟ་བུའི་སྡུག་བསྔལ་སྦྱར་བྱུང་ཟེར་ནས་ཆོ་ངེ་ཆེན་པོ་བཏོན་ནོ། །རང་གཟུགས་བརྗེན་པར་ཐོན་པས་མི་རྣམས་ཀྱང་ཡིད་ཆེས་སོ། །མར་སྣུམ་རྣམས་ཁོ་གཉིས་ཀྱི་མགོ་ལ་བླུགས་པས་སྐད་ཅིག་ཉིད་དུ་ཚིག་གོ།
རྒྱལ་བློན་ཐམས་ཅད་ཀྱིས་བླ་མ་ལ་ཕྱག་ཕུལ། རྒྱལ་པོས་བླ་མ་ཁྱེད་ལ་འབུལ་བ་ཅི་དགོས་ཐུགས་ལ་འཇོག་པ་ཞུ། ཁྱེད་ལས་སྐུ་དྲིན་ཆེ་བ་མེད་པས་རང་རེའི་མངའ་འོག་ན་འདུག་པ་དང་། ཕྱག་མཛོད་དུ་ཡོད་པ་གང་དགོས་འབུལ་ཞུས་སོ། །དེར་སྟོན་པས་ང་ལ་ཐགས་ཆ་མ་སྨད་བཅུ་གཉིས་དང་སྣ་འཇུ་དང་བཅས་བཅུ་གསུམ་དགོས་ཟེར་བས། དེ་རྣམས་ལས་སླ་ཟེར་ཐགས་ཆ་ཕུལ་ལོ། །དེ་མིན་བེར་ཐུལ་རིང་ཐུང་ཞྭ་མོ་ལ་སོགས་པ་དང་། གོས་ཆེན་ར་ཧུན་ལས་བྱས་པའི་རིང་འགགས་སོགས་དངོས་རྫས་ཁལ་རྒྱབ་ཁ་ཤས་ཕུལ། དེར་བླ་མ་ལ་སྐྱེལ་མ་དང་བཅས་བརྫངས། དེར་རྒྱལ་བློན་རྣམས་ཀྱང་དཔག་ཚད་གསུམ་བཞིའི་མཚམས་སུ་སྐྱེལ་མ་མཛད་དོ།།
སྟོན་པ་ཁོ་རང་གི་ཆུང་མའི་སར་སླེབས་སྐབས་ཆུང་མས་བསུ་བ་བྱས། རྒྱལ་པོ་སྙུང་གཞི་དྭངས་ལགས་བྱས་པས། རྒྱལ་པོའི་སྙུང་གཞི་དྭངས་སོང་། ཁྱོད་རང་གི་དོན་ཡང་བསྒྲུབས་ཡོད་ཟེར། དེའི་ནུབ་མོར་སྐྱེལ་མི་རྣམས་ལ་བཟའ་བཏུང་གི་སྣེ་ལེན་གཟབ་པ་དང་སྦྲགས། ཐགས་ཆ་མ་སྨད་བཅུ་གཉིས་པོ་འདི་ནི་རྒྱལ་བརྒྱུད་བཅུ་གཉིས་ཀྱི་བར་དུ་དར་ཞིང་རྒྱས་པ་ཡོང་བའི་རྟགས་ཡིན། སྣ་འཇུ་དང་བཅས་བཅུ་གསུམ་ཡོང་བ་ནི་ཁྱེད་རང་དང་བཅུ་གསུམ་ཡོང་བའི་རྟགས་ཡིན། རྒྱལ་པོས་ཐུགས་ལས་བཅད་པའི་གནང་སྦྱིན་གང་གནང་རྒྱལ་པོ་རང་གིས་མཁྱེན་ཟེར་བའི་ཞུ་ཡིག་གཅིག་སྐྱེལ་མི་རྣམས་ལ་བསྐུར་རོ། །སྐྱེལ་མི་རྣམས་ཡར་སླེབས་ནས་རྒྱལ་པོ་ལ་བླ་མའི་གསུང་ཤོག་ཕུལ་བ་དང་། རྒྱལ་བློན་ཐམས་ཅད་ཀྱིས་དེ་བདེན་པར་འདུག་ཟེར་བཀའ་གྲོས་མཛད་ནས་ནོར་བུ་རིན་པོ་ཆེས་འགོ་བྱས་པའི་སྤྱི་ནོར་གསེར་དངུལ་ཟངས་ལྕགས་རྟ་དང་གླང་པོ་མ་ཧེ་ལ་སོགས་པ་དང་ས་གཞིས་གོས་དང་བཅས་པ་གནང་ངོ་བྱས་པས། རྒྱལ་པོའི་ཁ་ནས་མི་དེ་ལམ་འགྲོ་རྒྱུགས་པའི་ཐོག་ལ་ཆུང་མ་དེས་ཁོའི་འགོ་བཏོན་འདུག་ཟེར་བ་ཁ་ནས་ཤོར་བས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་ནས་རྡུལ་འཕྱུར་རེ་ཤོར་རོ། །རྒྱལ་པོའི་བསམ་པ་ལ། ཁོའི་ལབ་ལབ་དེ་མང་བས་སེམས་ཡེངས་ཏེ་གཏམ་ཤོར། རོ་དེ་མེད་པར་ཕྱིན་ན་ནི་བཀའ་བཀྱོན་ཕོག་ཡོང་བསམས་ཏེ་ཡང་དུར་ཁྲོད་དེར་ཁ་བལྟས་ནས་ཕྱིན་ཏོ། །རོ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་རྡོག་པས་བརྡུངས། ཤིང་སྡོང་དེའི་རྩར་སླེབས་སོ།། །།

ལེའུ་བཅོ་བརྒྱད་པ།
བུ་མོ་བསོད་ནམས་ཅན་སྐྱེས་པ།

ཡང་ཏོག་མ་དེ་ཤིང་སྡོང་དེ་ལ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་བས་ཏོག་མས་བརྡུངས། དྲ་བར་བཅུག །ཞགས་པས་བསྡམས། གོམ་པ་བདུན་བརྒྱད་ཙམ་འཕགས་པའི་སར་སླེབས་པ་དང་། རོ་ན་རེ། རྒྱལ་བུ་ཁྱེད་ལ་ཐང་ཆད་རྒྱུ་ནི་མི་འདུག །རོ་ཁུར་བ་ལ་བསུན་རྒྱུ་ཡང་མི་འདུག །ད་ལམ་ཁྱེད་ཀྱིས་ལམ་ཐག་ཐུང་བའི་ཐབས་ཤིག་བྱེད་དང་ཟེར་ཞིང་། གཉིས་ཀ་ཁ་རོག་བསྡད་ནས་དུམ་ཞིག་ཡོང་། རོ་ན་རེ། རྒྱལ་བུ་ལས་ཟད་པོ་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བ་ནི་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཟེར།
ལུང་པ་ཆེན་པོ་ཞིག་ན་རྒྱལ་པོ་ཡབ་ཡུམ་བགྲེས་སོང་གཉིས་ཡོད་འདུག །མངའ་འོག་གི་མི་ཐམས་ཅད་རང་རེའི་རྒྱལ་པོའི་ཡུམ་འདི་ལ་ད་རུང་སྲས་སྲོས་མ་བྱུང་ཙ་ན་རྒྱལ་བརྒྱུད་ཆད་འགྲོ་བ་ཨེ་ཡིན་བསམས། དུས་ནམ་ཞིག་ན་ཟླ་བ་དགུ་ངོ་བཅུ་ཞག་གསུམ་སོང་བ་ན་སྲས་ཤིག་བཙས་ཤིང་། རྒྱལ་བུ་དེ་དགུང་ལོ་བརྒྱད་དུ་སླེབས་སྐབས་སྲིད་ཁྲིར་མངའ་གསོལ་ལོ། །རྒྱལ་ས་གཞན་ཞིག་ན་རྒྱལ་པོ་ཞིག་ཡོད་པ་དེས་རྒྱལ་པོ་ལོ་ན་ཕྲ་ཞིང་ཡབ་ཡུམ་གཉིས་ཀྱང་གྲོངས་ཟིན་པ་ཐོས་ནས་དམག་འབུམ་ཕྲག་གསུམ་བརྫངས་ཏེ་རྒྱལ་ས་འཕྲོག་ཏུ་འོངས་པ་ཡིན་འདུག །རྒྱལ་པོ་དེ་བསོད་ནམས་ཆེ་བའི་མཐུ་ཡིས་ལུང་པ་ཆེན་པོ་ཞིག་ནས་སྔར་མེད་པའི་ཆུ་ཆེན་པོ་ཞིག་བབས་ཏེ་དམག་འབུམ་ཕྲག་གསུམ་པོ་དེ་ཆུ་དེར་བརྒལ་ཡོང་སྐབས་ཆུ་དེ་འབབ་དྲག་ཏུ་སོང་ནས་དམག་འབུམ་གཅིག་དང་སྣ་རལ་གྲིའི་འཁོར་ལོ་བཏགས་པའི་གླང་པོ་སྟོབས་དང་ལྡན་པ་ཞིག་ཡོད་པ་དེ་ཆུས་ཁྱེར་རོ། །དེར་དམག་གི་མི་རྣམས་ཀྱིས་སྔར་ལུང་པ་དེ་ན་ཆུ་མེད་པར་ད་རེས་ཆུ་ཆེན་པོ་འདི་ལྟ་བུ་ཞིག་ཡོང་དོན་ཅི་ཡིན་ཟེར་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་དེ་བསོད་ནམས་ཅན་ཞིག་ཡོད་པ་ཨེ་ཡིན། རང་རེས་མི་ཐུབ་པ་འདྲ་ཟེར་ཕྱིན་ལོག་གོ།
ལུང་པ་དེའི་མདའ་ན་མ་སྨད་གཉིས་ཡོད་པ་ལ། ནོར་བུ་འབྲས་མ་ག་དྷའི་བྲེ་གང་ཡོད་པར་འདུག །མ་རྒན་དེས་འདི་དེ་རིང་སང་ཇོ་ཇོ་དཔྱིད་ཉི་རིང་པོ་བྱ་བ་ཞིག་འོང་བ་ཡོད། དེ་དུས་ཟའོ་ཟེར། ཉིན་གཅིག་ཨ་མ་དེ་ཤིང་འཐུ་རུ་སོང་བའི་ཤུལ་དུ། སངས་རྒྱས་འཁོར་བ་འཇིག་རྟེན་དུ་བྱོན་ཞིང་། གྲོང་ཁྱེར་དེར་བསོད་སྙོམས་ལ་བྱོན་དུས་མ་སྨད་གཉིས་ཀྱི་སྒོ་དྲུང་དུ་ཕེབས་པ་དང་། མ་དེ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པ་མཁྱེན་ཅིང་། བུ་མོ་དེ་སངས་རྒྱས་མཁའ་འགྲོ་ཡིན་པ་གཟིགས་ནས། བུ་མོས་གདན་ཤོམས་ཤིག་གསུངས་འདིང་བ་མཁར་བསིལ་ལྷུང་གཟེད་བསྣམས་ནས་བཞུགས་སོ། །དེར་བུ་མོས་སངས་རྒྱས་ལ། ངེད་མ་སྨད་གཉིས་པོ་ཉིན་མོ་ཟས་འཚོལ་ཞིང་མཚན་མོ་ཟ་བ་གཅིག་ཡིན་པས་གདན་གཤོམ་རྒྱུ་མེད་ལགས་ཞུས་པས། སངས་རྒྱས་ཀྱིས། ནང་གི་འབྲས་བྲེ་གང་པོ་དེ་བཙོས་ནས་དྲོངས་ཤིག་གསུངས་པ་དང་། ཨ་མས་ཇོ་ཇོ་དཔྱིད་ཉི་རིང་མོ་བྱུང་དུས་ཟ་དགོས་ཟེར་གྱི་འདུག་ལགས་ཞུས་པས། ཇོ་ཇོ་དཔྱིད་ཉི་རིང་མོ་ང་ཡིན། དེ་བཙོས་ནས་ང་ལ་དྲོངས་ཤིག་གསུངས་སོ། །དེར་བུ་མོས་འབྲས་ལ་གད་ལེགས་པར་བྱས་ཏེ་སྤང་ལུམ་ལེགས་པར་བརྒྱབ་ནས་བཙོས་པས་རོ་མཆོག་བརྒྱ་དང་ལྡན་པ་བྱུང་ངོ་། །སངས་རྒྱས་ལ་རྒྱགས་ཚད་ཞུས། མོ་རང་ཡང་རྒྱགས་ཚད་ཟོས་རུང་ཉུང་རུ་མ་སོང་ངོ་། །སངས་རྒྱས་ཀྱིས། བུ་མོ་ཁྱོད་ལ་ཨ་མས་འཐབ་བྱུང་ན་ལམ་དཀར་པོ་ཡ་གི་ལ་ཞུགས་ལས་ལ་རྒྱབ་ཡ་གི་ན་དགོན་པ་གཅིག་ཡོད་པ་དེར་ཤོག་གསུངས་ནས་བྱོན་ནོ། །
དེ་ནས་དགོང་མོ་ཨ་མ་ལོག་ཡོང་ནས་བུ་མོ་སྒོ་ཕྱེ་ཟེར་ནང་དུ་སླེབས་པ་དང་། ཨ་མས་བུ་མོ་ཁྱོད་ཀྱིས་མེ་བཏང་བ་ཨེ་ཡིན་ཟེར་བར། བུ་མོས་ཁ་སང་ཨ་མ་རང་གིས་ཟེར་བའི་ཇོ་ཇོ་དཔྱིད་ཉི་རིང་པོ་དེ་བྱོན་བྱུང་བས་མེ་བཏང་ནས་འབྲས་རྣམས་བཙོས་ཏེ་ཁོང་ལ་དྲངས། ཨ་མ་རང་ལ་ཡང་སྐལ་བ་རྒྱགས་ཚད་བཞག་ཡོད་བྱས་པས། ཨ་མས་བུ་མོར། སྤྲང་མོ་ཁྱོད་ཇོ་ཇོ་དཔྱིད་ཉི་རིང་མོ་བྱ་བ་དེ་མི་ལ་ཟེར་བ་མིན། ནམ་ཟླ་དཔྱིད་ཀ་ཉི་མ་རིང་མོ་གཅིག་ཡོང་བ་ཡིན་པས་དེ་དུས་ཟ་ཟེར་བ་ཡིན། བུ་མོ་ཁྱོད་རང་སྡོད་མི་དགོས་ཟེར་ནས་ཨ་མས་བུ་མོ་ཕྱིར་བཏོན་ནོ། །བུ་མོས་ཁ་སང་བཙུན་པས་ཟེར་བའི་ལམ་དཀར་པོ་དེ་ལ་ཞུགས་ནས་ཕྱིན་པས་ཕ་གི་ན་བྲག་གཅིག་གི་ལྡེབས་ལ་བྲག་ཁུང་སྐས་རིང་བཙུགས་པ་ཞིག་འདུག་པ་དེར་ཕྱིན་ནས། ཇོ་ཇོ་ལགས་བྱས་བོས་པས་ཞུམ་བུ་གཅིག་ཡོངས་ཏེ་ཇོ་ཇོ་ལགས་ཁ་སང་གི་བུ་མོ་དེ་ཡིན་འདུག་ཟེར། དེ་ནས་བྲག་ཁུང་གི་སྒོ་རྩར་བྱ་ཕོ་གཅིག་ཡོང་སྟེ། བུ་མོ་ཡར་ཤོག་གསུང་གི་འདུག་ཟེར་ཞིང་། བུ་མོར་ཡར་འཛེགས་ཕྱིན་པས་སངས་རྒྱས་དེར་བཞུགས་འདུག་སྟེ། བུ་མོས་ཕྱག་བྱས་པས། ཨ་མས་ཁྱོད་ལ་འཐབ་བྱུང་ངམ་གསུངས། ཨ་མས་བདག་བརྡུངས་ཏེ་ཕྱིར་བཏོན་བྱུང་ཞུས་པས། ཁྱོད་ཀྱི་ཨ་མས་དེའི་དོན་དུ་ཁ་བཏང་བས་ཁོང་ཚེ་རིང་པོ་མི་ཡོང་བར་འདུག །བུ་མོ་ཁྱོད་རང་འདིར་སྡོད་ལས་ཟས་ཀྱི་གཡོ་བདའ་གྱིས་ལ་ང་ལ་དྲོངས། ཟས་ཆེ་ཆུང་ཅི་བྱུང་རུང་ཁྱོད་རང་དང་། བྱ་ཕོ། ཞུམ་བུ་གསུམ་མཉམ་དུ་ཟོ་ཞིག་གསུངས་སོ། །དེར་བུ་མོས་ནང་གི་གཡོ་བདའ་བྱས། སངས་རྒྱས་ལ་ཞུས། ཁོང་གཉིས་ལའང་རང་དང་མཉམ་དུ་བྱིན།
ནམ་ཞིག་སྔ་དྲོ་ལྟོ་གཡོ་བའི་སྒྱེ་བུ་འགུལ་བ་དང་། ཡོས་འབྲུ་གཅིག་ཕྱིར་ཐོར་བ་ཁ་ནང་ཟོས་པས་བྱ་ཕོ་དང་ཞུམ་བུ་གཉིས་ཀྱིས། ཨ་ལྕེས་གང་བཟའ་གི་ཡོད་ཟེར། ངས་ཅི་ཡང་མ་ཟོས་བྱས་པས་ཁོང་གཉིས་ཀྱིས་བུ་མོའི་ཁའི་ནང་མྱུལ་བས་ཡོས་ཀྱི་དུམ་བུ་གཅིག་བྱུང་སྟེ། ངེད་གཉིས་ལ་མ་སྟེར་བ་ཨ་ལྕེ་རང་གཅིག་པུས་ཟོས་ནས་ཟེར་ཁོང་གཉིས་འཚིག་པ་བཟོས་ཏེ་མེ་བསད། དེར་བུ་མོས་བླ་མ་ལ་ཞུས་ན་བཀའ་བཀྱོན་ཕོག་ཡོང་བསམས་ཏེ་བུ་མོ་མེ་སློང་དུ་ཕྱིན། དེ་ནས་གཤམ་ལ་བལྟ་དུས་གྲོང་སྡེ་ཞིག་ཡོད་པ་མཐོང་ནས་དེར་མི་སློང་དུ་ཕྱིན་ཏོ། །དེའི་སྔ་དྲོ་ཁ་བ་སིམ་སིམ་འབབ་ཀྱི་ཡོད་ཅིང་། བུ་མོ་དེས་མེ་སློང་ནས་ལོག་ཡོང་དུས་གངས་ཀྱི་ཐོག་ལ་བཞག་པའི་རྐང་རྗེས་རྣམས་མེ་ཏོག་པདྨ་ལྷམ་མེར་ཤར་བ་དང་མཚུངས། ཡུལ་དེའི་རྒྱལ་པོའི་བློན་པོ་ཞིག་རྟ་བཅག་པར་འགྲོ་དུས་རྐང་རྗེས་དེ་རྣམས་མཐོང་ངོ་། །ཁོ་ན་རེ། རང་རེའི་འདི་གར་ཕྱི་མི་སུ་སླེབས་བྱུང་ཞེས་དྲིས་པར། སྒོ་རྭ་བའི་ཆུང་མ་ན་རེ། སྔར་ནི་བྲག་ཁུང་ཡ་གི་སྡོད་མཁན་མེད། ད་རང་སྔ་དྲོ་བུ་མོ་ཞིག་མེ་སློང་དུ་ཡོང་བ་ལས་གཞན་སུ་ཡང་སླེབས་མ་བྱུང་ཞུས། བློན་པོ་དེ་འཕྲལ་མ་ཉིད་དུ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏོ།།
རྒྱལ་པོ་ལ་ཕྱག་འབུལ་ཞེ་ས་དང་བཅས་པའི་སྒོ་ནས་རང་རེའི་ལྷོ་རི་ཕ་གི་ན། དེ་སྔའི་དུས་སུ་སྒྲུབ་པ་བ་བཟང་པོ་གཉིས་གསུམ་བཞུགས་པ་ལས་གཞན་སུ་ཡང་མེད་པར། ད་རང་ངས་རྟ་སྒ་གཏད་ནས་ཕྱིར་འགྲོ་དུས་རྐང་རྗེས་ལ་མེ་ཏོག་པདྨའི་རྗེས་ལྷམ་ལྷམ་འདུག་པ་ཞིག་མཐོང་། ངེད་རང་གིས་ཡུལ་མིར་རྩད་བཅད་པས་བླ་མས་མེ་སློང་དུ་བཏང་བྱུང་ཟེར་བའི་བུ་མོ་ཞིག་སླེབས་བྱུང་ཟེར། རྐང་རྗེས་ལ་པདྨ་འཁྲུངས་པ་ནི་སངས་རྒྱས་མཁའ་འགྲོ་དང་དུས་གསུམ་སངས་རྒྱས་ལ་མ་གཏོགས་མི་ཡོང་ཟེར། མདང་ང་ལ་རྨི་ལམ་བཟང་པོ་གཅིག་བྱུང་། ཕུ་རུ་གངས་རི་ཆགས་པ་རྨིས། སེང་གེ་དེ་ལ་གཡུ་རལ་རྒྱས་པ་རྨིས། གངས་མཐའ་མཚོ་ཡིས་བསྐོར་བ་རྨིས། རྒྱལ་པོ་ཁྱོད་ལ་ཇོ་མོ་ཡེ་ཤེས་མཁའ་འགྲོ་མ་གཅིག་ཡོང་བ་ཨེ་ཡིན་ཟེར། དེར་བློན་པོ་གཞན་རྣམས་ཀྱིས་ངེད་རྣམས་ཀྱང་མདང་རྨི་ལམ་བཟང་ཟེར། ལ་ལས་དུང་བྱས་པ་རྨིས་ཟེར། ལ་ལས་ནི་དར་འཕྱར་བ་རྨིས་ཞུས་སོ། །དེར་བློན་པོ་དེའི་ཟླ་ལ་བློན་པོ་གསུམ་བཏང་ནས་བུ་མོ་དེ་ཨེ་འདུག་བལྟ་བར་ཕྱིན་ཏོ།།
བུ་མོས་མེ་སློང་ལོག་སླེབས་རྗེས་སངས་རྒྱས་ལ་གསོལ་བ་ཞུས་པས། བུ་མོ་ད་རང་གི་ཚ་ཚ་ཕྱིས་སོང་གསུངས། ད་ནང་གི་ཚ་ཚ་ཕྱིས་པ་ཁོ་གཉིས་ཀྱིས་མེ་བསད་ལགས་ཞུས་པར། ཁོ་གཉིས་སྐུ་མདུན་དུ་ཤོག་གསུངས་ནས། ཁྱོད་གཉིས་ཀྱིས་ད་རང་མོའི་མེ་གསོད་དོན་ཅི་ཡིན་གསུངས་པར། མོ་རང་གིས་ཡོས་ཟོས། ངེད་གཉིས་ལ་མ་བྱིན་པས་བསད་ལགས་ཞུས། བླ་མས། དེ་ནི་བུ་མོ་ཁྱོད་ལ་བར་ཆད་ཡོང་བའི་རྟགས་ཡིན། ཁྱོད་ངའི་མདུན་དུ་སྒོར་འདོད་ཀྱང་ད་ནི་རྒྱལ་པོ་ཆེན་པོ་ཕ་གི་ལ་སྟེར་དགོས་པ་ཡོང་བ་འདུག་གསུངས། དེའི་ཕྱི་ཉིན་བློན་པོ་རྣམས་བྲག་ཁུང་གི་སྒོ་འགྲམ་དུ་སླེབས་ཏེ། བླ་མ་ལ་གཟིགས་ཞུ་ཞུས་པར་བླ་མ་ཕྱིར་དོན་ནས་གཟིགས་པས། བློན་པོ་ན་རེ། ཁྱེད་ཀྱི་འདི་ན་བུ་མོ་གཅིག་ཡོད་འདུག་པས་དེ་རྒྱལ་པོའི་ཇོ་མོར་གནང་དགོས་པ་འདུག་བྱས་པ་དང་། བླ་མས་བྱ་བྲལ་བ་དབེན་པར་སྡོད་པ་ལ་བུ་མོ་གང་ནས་ཡོང་གསུངས་པ་དང་། བློན་པོ་ཞིག་ན་རེ། བུ་མོ་མེ་སློང་བར་ཡོང་དུས་སྒོ་རྭ་བས་མཐོང་འདུག །རྐང་པའི་རྗེས་ལ་མེ་ཏོག་པདྨ་འཁྲུངས་པའི་བུ་མོ་དེ་འདི་ག་རང་དུ་ཡོད་འདུག་པས་ཕུལ་བ་དྲག་ཞུས་པ་དང་། དེར་བླ་མས་བློན་པོ་རྣམས་ནང་དུ་བོས། ལྗགས་ནར་མཛོད་གསུངས་ནས་ལྕེ་སྟེང་དུ་ཞལ་ཆབ་ཐིགས་པ་རེ་བཞག་སྟེ་ཞག་བདུན་གྱི་བར་དུ་ཟས་ཟ་མི་དགོས་པའི་ལྷའི་བདུད་རྩི་རོ་མཆོག་བརྒྱད་ལྡན་པ་བྱུང་ངོ་།།
གནངས་ཉིན་རྒྱལ་པོ་དང་ཁྱེད་བཞི་པོ་བསུར་ཤོག་གསུངས་སོ། །བློན་པོས་བླ་མར། རྒྱལ་པོ་བུ་མོ་བསུ་བར་ཚུར་ཨེ་འབྱོན་ནམ་ཞུས་པར། བུ་མོ་དགོས་ན་ཁོ་རང་ངོ་མ་འདིར་བྱོན་གྱིས་གསུངས་སོ། །བློན་པོ་རྣམས་རྒྱལ་པོའི་སྐུ་མདུན་དུ་སླེབས་ནས་བུ་མོ་བླ་མས་གནང་བ་འདུག་ཞུས་པས། ཁྱོད་ཚོས་བུ་མོ་ཨེ་མཐོང་གསུངས་པར། མཐོང་ལགས། བུ་མོ་བསུ་བར་རྒྱལ་པོ་རང་ཕེབས་དགོས་པ་འདུག་ཞུས་པར། མནའ་མ་ཚུར་ལེན་པ་ལ་བདག་པོ་ཕར་བསུ་བར་འགྲོ་བ་མི་ཡོང་གསུངས། རྒྱལ་པོ་རང་མ་བྱོན་ན་བུ་མོ་མི་གནང་བ་འདུག་ལགས་ཞུས། དེར་རྒྱལ་བློན་རྣམས་བྱོན་པའི་གྲབས་བྱས། རྒྱལ་པོས་བྱ་བྲལ་བ་ལ་རྒྱན་ཆ་ལུགས་འདོགས་རྒྱུ་ཨེ་ཡོད་མི་ཤེས་པས་འདི་ནས་ཁུར་དགོས་ཟེར་བར། བློན་པོ་རྣམས་ཀྱིས་ཁ་སང་ངེད་ཚོ་བླ་མའི་དྲུང་དུ་འགྲོ་དུས་ངེད་ཚོའི་ལྕེའི་སྟེང་དུ་ཞལ་ཆབ་རེ་བླུགས་བྱུང་བ་ནི་རོ་མཆོག་བརྒྱ་ལྡན་ཞིག་ཡིན་པས་ད་དུང་ཡང་ཟས་བཟའ་མ་དགོས་པ་བྱུང་། བླ་མ་དེ་ཕལ་པ་ཞིག་མིན་པ་འདྲ་བས་རྒྱན་ཆ་ལུགས་ཡོད་ཤས་ཆེ་ཞུས་སོ།།
དེར་རྒྱལ་པོས་ལྟག་སྒོ་ནས་ཐོན། རྒྱལ་བློན་རྣམས་བླ་མའི་སྒོ་དྲུང་དུ་ཕེབས་པ་དང་། བཙུན་པ་གཉིས་བྲག་ཕུག་གིས་སྒོར་བསུ་བར་བྱུང་ངོ་། །བཻ་ཌཱུརྱའི་ཁྲི་རྩིབས་སྟོང་ལྡན་པ་ཞིག་གི་སྟེང་དུ་འདིང་བ་བཏིངས་ནས་བླ་མ་བཞུགས། རྒྱལ་པོ་ལ་གསེར་ཁྲི་བརྒྱབ། བུ་མོ་ལ་གཡུ་ཁྲི་བརྒྱབ། བུ་མོ་དེ་ནི་རྒྱན་ཆ་ལུགས་བསམ་གྱིས་མི་ཁྱབ་པས་བརྒྱན་ནས་སྒོ་དྲུང་དུ་རྒྱལ་པོ་བསུ་བར་བྱོན་ནོ། །ཕན་ཚུན་ལས་འཕྲོ་ཡོད་པས་མཐོང་བ་དང་མ་དང་བུ་འཕྲད་པ་ལྟར་གཅིག་གིས་གཅིག་ལ་ཕྱག་འཆང་ནས་ཡར་བྱོན་ནོ། །དེར་བླ་མ་ལ་ཕྱག་བྱས་རྒྱལ་པོ་གསེར་ཁྲི་ལ་བཞུགས། བུ་མོ་གཡུ་ཁྲི་ལ་བཞུགས། བཙུན་པ་གཉིས་པོས་རྒྱལ་པོ་དཔོན་གཡོག་རྣམས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ། །བླ་མས་ཁོང་གཉིས་མེ་ཏོག་སྟོར་ཏེ་སེམས་ཅན་ལ་ཕན་ཐོགས་པ་གཅིག་ཏུ་གྱུར་ཅིག་གསུངས་ནས་བུ་མོ་དེ་རྒྱལ་པོ་ལ་གནང་ངོ་། །བླ་མས་བུ་མོར་ཞལ་ཏ་གནང་བར། ཁྱོད་ཀྱི་ཁ་ནས་ཚིག་ཤོར་བ་གཅིག་ཡོང་། དེ་དུས་བྲོས་ནས་འདིར་ཤོག །ང་ལོ་གཅིག་སྡོད་གསུངས། དེ་ནས་རྒྱལ་བློན་རྣམས་རྒྱལ་པོའི་ཕོ་བྲང་ལ་བྱོན། རྒྱལ་སྲིད་དར་ཞིང་རྒྱས་པ་བསྐྱངས། རྒྱལ་པོ་དང་བུ་མོ་གཉིས་གཅིག་གིས་གཅིག་ལ་དཔལ་བསྐྱེད་ནས་སྔ་སོར་དམག་འདྲེན་པའི་རྒྱལ་པོ་དེ་ཡང་མངའ་འོག་ཏུ་ཚུད་དོ།།
དུས་ནམ་ཞིག་ན་བཙུན་མོ་དེས་ཞལ་ཏ་མ་ཁྲིད་ནས་ཕོ་བྲང་གི་ལྕགས་སྐོར་ལ་བྱོན་ནོ། །སྐབས་དེར་ཕོ་བྲང་གི་སྒོ་དྲུང་ན་ཨ་མ་རྒན་མོ་ལག་པ་གཡས་ན་ཐང་ཁུག་ཁྱེར་བ། གཡོན་ན་དབྱུག་པ་ཁྱེར་བ་གཅིག་འདུག་པ་མཐོང་བས་བཙུན་མོས་ཞལ་ཏ་མ་དེ་ལ་ཁྱོད་རང་སྔོན་ལ་རྒྱུགས། ངས་རྒན་མོ་མ་གི་གང་ནས་ཡིན་དྲིས་ཡོང་ཟེར་ཏེ་རྒན་མོའི་རྩར་ཕྱིན་པས། བུ་མོ་དེ་ཕྱི་རྒྱན་ཆ་ལུགས་ལེགས་པ་དང་ནང་ཟས་བཅུད་འཛོམས་པའི་སྟབས་ཀྱིས་ཨ་མས་ངོ་མ་ཤེས་པར་ཕྱག་འཚལ་ལོ། །བུ་མོས། ཨ་མ་ཁྱེད་ཀྱི་བུ་མོ་ང་ཡིན་ཟེར་མགོ་ནས་བཏེགས་པ་དང་། དྲུང་པ་བདག་ལ་བུ་མོ་གཅིག་ཡོད་པ་དེ་ག་ལ་ཡིན། འབྲས་དེ་གང་གི་དོན་ལ་འཐབ་པས་དེ་ནས་བཟུང་གོ་རྒྱུ་ཚོར་རྒྱུ་མི་འདུག་ཟེར། གོང་གི་སྐྱེ་རྒྱུད་རྣམས་ཨ་མ་ལ་ཟེར་བས་ཨ་མས་ཀྱང་བུ་མོ་ངོ་ཤེས། དེར་ཨ་མས་བུ་མོ་དང་སྡོངས་ནས་ཕོ་བྲང་ལ་ཕྱིན་ནོ། །བུ་མོ་རང་གི་གཟིམ་ཆུང་གཅིག་ཡོད་པ་དེར་ཨ་མ་ཤར་གྱིས་ཁྲིད་ནས་ཨ་མ་ལ་གོས་ལྷམ་རྣམས་གཏད། བཟའ་བཏུང་ཕུན་སུམ་ཚོགས་པ་སྦྱིན་ནས་སྐྱིད་པོར་བཞག །རྒྱལ་པོ་ལ་ངོ་ཚ་བ་བསམས་ནས་ཨ་མ་ཡོད་ལུགས་མ་ཞུས་སོ།།
དེ་ནས་དུས་ནམ་ཞིག་སོང་བ་དང་ཨ་མ་སྐས་ལས་འགྲིལ་ཏེ་ལྟག་པ་རྡོལ་ནས་ཤིའོ། །བུ་མོའི་བསམ་པ་ལ་མ་ཤི་བའི་སྔོན་དུ་རྒྱལ་པོ་ལ་ཞུས་ན་འགྲིག་རུང་ད་ཅི་འདྲ་བྱེད་བསམས་ནས་སྟབ་སྟོབ་ལ་གཟིམ་ཆུང་གི་སྦུག་དེར་ལྷ་རྟེན་ཡོད་སར་སྙེས་མ་ཙོག་ལ་བཞག་ནས་དར་གྱི་ཡོལ་བ་ཞིག་བཏང་། ཉིན་མཚན་མེད་པར་དཀར་མེ་ཕུལ། སྒྲོལ་མ་ལ་གསོལ་བ་བཏབ་པས་ཨ་མའི་རོ་དེ་གཡུའི་བུམ་པ་ལེགས་པོ་ཞིག་ཏུ་གྱུར་ཞིང་། བུམ་པའི་ནང་ནས་སྒྲོལ་མ་ཁྱད་འཕགས་གཅིག་བྱུང་ངོ་། །ནམ་ཞིག་ན་རྒྱལ་པོས་བུ་མོ་ཁྱོད་ནུབ་རེ་ལ་དཀར་མེ་རེ་ཁྱེར་འགྲོ་བ་དེ་ཁྱོད་ལ་ཡི་དམ་གྱི་ལྷ་གཅིག་ཡོད་བཟོ་འདུག་གསུངས་ནས་བུ་མོའི་གཟིམ་ཆུང་དུ་བྱོན་པས་གཡུའི་བུམ་པ་དེ་གཟིགས་ཏེ་བུ་མོ་ཁྱོད་ལ་བུམ་པ་དེ་སུས་བྱིན། ན་ནིང་གླེང་མོ་མི་འདུག་གསུངས་པ་དང་། བུ་མོས་སྟབ་སྟོབ་ཏུ་ལངས་ནས་ཨ་མས་བྱིན་པ་ལགས་ཞུས། རྒྱལ་པོས་བུ་མོ་ཁྱོད་ལ་ཨ་མ་ནོར་ཆེན་ཞིག་ཡོད་འདུག་པས་འཕྲད་དུ་འགྲོ་བའི་གྲབས་གྱིས་གསུངས་སོ། །བུ་མོས་སྔ་དྲོ་རྒྱལ་པོ་ལ་ཕྱག་ཕུལ་ནས་ཨ་མ་ལ་གྲབས་གྱིས་ཟེར་དུ་འགྲོ་ལགས་ཞུས་སོ། །བུ་མོས་བླ་མའི་སྐུ་མདུན་དུ་ཕྱིན་ནས། བདག་གི་ཨ་མ་སྒོ་དྲུང་དུ་འདུག་པ་ནང་དུ་བོས་པས། རྒན་མོ་ཤི་བའི་རུས་པ་ལ་གཡུའི་བུམ་པ་གཅིག་བྱུང་འདུག་ལགས། རྒྱལ་པོས་ཁྱོད་རྟག་པར་དཀར་མེ་ཁུར་འགྲོ་བ་ཡི་དམ་ཅི་འདྲ་ཞིག་ཡོད་གསུངས། བདག་གི་ཁ་ནས་ཨ་མས་བྱིན་ཟེར་ཤོར་བས་ཁྱོད་ལ་ཨ་མ་ནོར་ཆེན་པོ་ཞིག་ཡོད་འདུག་པས་འཕྲད་དུ་འགྲོ་གསུང་གི་འདུག་པས་གང་དྲག་བཀའ་གྲོས་ཞུ་བར་ཡོང་ལགས་ཞུས་པར། ང་ཁྱོད་ལ་མི་དགོས་དགོས་པའི་དུས་གཅིག་ཡོང་། ང་ལོ་གཅིག་སྡོད་ཟེར་བ་དེ་ཀ་ཡིན་པས་སང་ཁྱོད་རང་རྒྱལ་པོ་དཔོན་གཡོག་བྱོན་རུང་གདན་དྲོངས་ཤོག །ལ་ཕར་རྒྱབ་ན་གྲོང་ཁྱེར་ཆེན་པོ་ཕོ་བྲང་དང་བཅས་པ་ཞིག་ཡོད་པ་ན། རྒན་མོ་བག་དྲོ་མ་གཅིག་ཡོད། བུ་མོ་སླེབས་སམ་ཟེར་ཡོང་། སླེབས་ལགས་གྱིས། མི་གཞོན་རྣ་གཡུ་ཅན་གཅིག་ཡོང་། བུ་མོ་སླེབས་སམ་ཟེར་ཡོང་། སླེབས་ལགས་གྱིས། འབངས་འཁོར་གཡོག་རྣམས་ཀྱིས་ཕྱག་བྱས་ཡོང་། ཁྱེད་ཚོ་ཁམས་བདེ་འམ་གྱིས། དེ་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཡོང་། དེ་རྣམས་ཀྱི་ཕན་ཐོགས་པ་ཡོད། དུས་ཕྱི་ཕ་གིའི་གླེང་མོལ་མ་གཏོང་། ཤེལ་ཕྲེང་འདི་ཁྱེར་ལ་ཉ་ར་གྱིས། ལ་ཁར་སླེབས་པ་དང་ངའི་དགོན་པ་འདི་ལ་ཕྱི་མིག་གཅིག་ལྟོས་གསུངས་སོ།།
དེར་བུ་མོས་རྒྱལ་པོ་ལ་ཕེབས་པ་ཞུ་བྱས་པས། རྒྱལ་འབངས་འཁོར་དང་བཅས་པ་བྱོན་ནོ། །ཕ་གིར་སླེབས་པ་དང་རྒན་མོ་བག་དྲོ་མ་གཅིག་བྱུང་ནས། བུ་མོ་སླེབས་སམ་ཟེར། སླེབས་ལགས། ཨ་མ་སྐུ་ཁམས་བདེ་ལགས་བྱས། ཡང་མི་གཞོན་ནུ་རྣ་གཡུ་ཅན་གཅིག་བྱུང་ནས། བུ་མོ་སླེབས་སམ་ཟེར་བར། སླེབས་ལགས། ཇོ་ཇོ་སྐུ་ཁམས་བཟང་ངམ་བྱས། འབངས་འཁོར་རྣམས་ན་རེ། དཔོན་མོ་ཕེབས་ལགས་སམ་ཟེར་ཕྱག་ཕུལ་བར་སླེབས། ཁྱོད་ཚོ་ཁམས་བདེ་འམ་བྱས། དེར་རྒྱལ་པོའི་དྲུང་དུ་གསེར་བྲེ་དང་དངུལ་བྲེ་ལ་སོགས་ཕུལ་ལོ། །བུ་མོ་ལ་ཡང་གསེར་དངུལ་མང་པོ་བྱིན་ནོ། །བློན་པོ་རྣམས་ལའང་གནང་སྦྱིན་མང་པོ་བྱས། གཡོག་གཞན་རྣམས་ལའང་སྟེར་སྦྱིན་བསམ་གྱིས་མི་ཁྱབ་པ་བྱས་ཏེ། རྒྱལ་པོ་ཡབ་ཡུམ་ཕོ་བྲང་ལ་ལོག་གོ །དེར་དགོན་པ་མཐོང་བ་དང་། བུ་མོས་ཕྱི་མིག་བལྟས་པས་བྲག་ཁུང་དེའི་ཐད་དུ་ནམ་མཁའ་ནས་དར་དཀར་པོ་གཅིག་སྐྱ་རྒྱང་ངེ་བྱུང་ཞིང་། དར་དཀར་པོའི་ལམ་ལས་སངས་རྒྱས་དཔོན་སློབ་གསུམ་བྱིན་ནས་རིམ་གྱིས་མཁའ་འགྲོ་མ་གཅིག་གིས་དར་བའི་བསྡུ་གིན་ནམ་མཁའ་ལ་ཐེགས་སོང་ངོ་།།
རྒྱལ་པོ་ཡབ་ཡུམ་བློན་པོ་དང་བཅས་པ་ཕོ་བྲང་གི་ནང་དུ་ཕེབས། ཤེལ་ཕྲེང་གནང་བའི་ཡོན་ཏན་གྱིས་སྲས་གཅིག་འཁྲུངས། རྒྱལ་སྲིད་དེ་ཡང་སྔར་ལས་དར་རྒྱས་ཆེ་བ་བྱུང་བ་ཡིན་པར་གདའ་བྱས་པ་དང་། རྒྱལ་བུའི་ཁ་ནས་བུ་མོ་དེས་འབྲས་བྲེ་གང་པོ་སངས་རྒྱས་ལ་དྲངས་པས་བུ་མོ་དེ་བསོད་ནམས་རྒྱས་འདུག་བྱས་པས་རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་མེ་ལྟར་ཚ་བ་གསུམ་བརྒྱབ་ནས་རོ་དེ་ཤོར་སོང་ངོ་། །རྒྱལ་བུའི་བསམ་པར་རོ་མེད་པར་ཕྱིན་ཀྱང་བཀའ་བཀྱོན་ལས་མི་ཡོང་བསམས་ཏེ། ཡང་དུར་ཁྲོད་དུ་ཕྱིན་ནས་རོ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་རྡོག་པས་བརྡུངས་ནས་ཤིང་སྡོང་དེའི་རྩར་ཕྱིན་ཏོ།། །།

 

ལེའུ་བཅུ་དགུ་པ།
རྨི་ལམ་ཟས་སུ་བཟའ་བ་དེའི་རྨི་ལམ་ཐིག་ནས་རྒྱལ་ས་ཟིན་པ།

ཡང་གྲི་དེ་བཏོན་ནས་ཤིང་སྡོང་ལ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རལ་གྲི་རང་མ་རྡོ་ཆོད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་སྟེ་ཏོག་མས་བརྡུངས། དྲ་བའི་ནང་དུ་བརྫངས། ཞགས་པས་བསྡམས་ནས་ཁུར་ཡོང་། གོམ་པ་བཅུ་ཙམ་སླེབས་པ་དང་། རོ་ན་རེ། ཡང་ན་རྒྱལ་བུས་སྒྲུང་ཞིག་ཐོངས། ཡང་ན་ངས་སྒྲུང་ཞིག་བཏང་གིས་ཟེར་རུང་། རྒྱལ་བུས་ཅང་མ་སྨྲས་པ་དང་། རྒྱལ་བུ་ལས་ཟད་ཁྱོད་ཀྱི་ཁ་ནས་གཏམ་ཡོང་བཟོ་མི་འདུག །ངས་སྒྲུང་ཞིག་བཤད་ཀྱིས་ཟེར།
ལུང་པ་ཆེན་པོ་གཅིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་གདའ། རྒྱལ་པོ་དེའི་འབངས་ན་རྨི་ལམ་བརྟག་པ་ལེགས་པོ་ཤེས་པ་གཅིག་ཡོད། དེས་རང་ལ་རྨི་ལམ་གང་བྱུང་ཡུལ་དེའི་རྒྱལ་པོ་ལ་ཞུ་དགོས་ཤིང་། དེ་ལ་བརྟེན་ནས་ལྟོ་གོས་རྣམས་རྒྱལ་པོ་དེས་གནང་གི་ཡོད། དུས་ནམ་ཞིག་སོང་བ་དང་ཁོ་གཉིད་ཁུག་པའི་སྐབས་སུ་ཧེ་ཟེར་དགོད་གཅིག་ཤོར། དེར་ཨ་མ་ན་རེ། ཁྱོད་ལ་རྨི་ལམ་ཞིག་བྱུང་ཡོད་འདུག་ཤོད་དང་ཟེར། ཁོས་རྨི་ལམ་གཞན་མ་བྱུང་། ཤིག་ལ་ཤིག་གིས་བཞོན་པ་རྨིས། དེས་དགོད་ཤོར་བ་ཡིན་ཟེར། ཨ་མས། ཁྱོད་ཀྱིས་ང་ལ་མི་ཤོད་པ་ཡིན་འདུག །ང་རྒྱལ་པོའི་དྲུང་དུ་ཞུ་བར་འགྲོ་ཟེར་ཁོང་གཉིས་ཀ་རྒྱལ་པོའི་དྲུང་དུ་ཕྱིན་ཏོ། །ཨ་མ་དེ་ན་རེ། ཁོ་ལ་རྨི་ལམ་བཟང་པོ་ཞིག་བྱུང་སོང་ཡང་ང་ལ་ནི་མི་ཤོད་པ་འདུག །རྒྱལ་པོ་ཁྱོད་ཀྱིས་འདྲི་བར་ཞུ་ཞུས་པས། རྒྱལ་པོས་ཁྱོད་ལ་རྨི་ལམ་བཟང་པོ་ཞིག་བྱུང་ཡོད་འདུག་པས་ཤོད་ཅིག་གསུངས་པ་དང་། བདག་ལ་རྨི་ལམ་ཤིག་ལ་ཤིག་བཞོན་པ་གཅིག་བྱུང་བ་དེ་ལ་གད་མོ་ཤོར་བ་ཡིན། དེ་མིན་གཞན་མ་བྱུང་བ་ལགས་ཞུས་པས། སྤྲང་པོ་འདིས་རྫུན་བཤད་སོང་ཟེར་འབུ་དོང་དུ་བསྐྱུར་རོ།།
དེར་ནམ་ཞིག་སོང་བ་དང་ཁོའི་དོང་གི་ཁ་དེར་ཕུག་རོན་བཟའ་མི་གཉིས་བྱུང་སྟེ། ཕུག་རོན་ཕོ་དེ་ན་རེ། རྒན་མོ། ཡུལ་འདི་ན་མི་མེད་པ་འདྲ་ཟེར། མོ་དེ་ན་རེ། རྒད་པོ། འདི་ན་མི་འདུག་ཀྱང་བཤད་རྒྱུ་ཡོད་ན་དོང་ནང་གི་མི་མ་གིར་ཕན་ཡོང་ཤོད་ཅིག་ཟེར། དོང་ནང་གི་མི་མ་གིས་རྒྱལ་པོའི་དྲུང་དུ་ཕྱིན་ནས་རྨི་ལམ་འཚོལ་དུ་འགྲོ་ཞུས་ཏེ་རྒྱལ་པོའི་ཕྱག་ནས་ཉི་ཟེར་འཕྲུལ་གྱི་ཞགས་པ་ལ། ཟླ་ཟེར་འཕྲུལ་གྱི་ཨ་ལོང་བཏགས་པ་དེ་ཞུས་ཏེ། འདི་ནས་ཕར་ལ་ཕྱིན་པ་ན་ལ་ཆེན་པོ་ཞིག་བརྒྱབ་པའི་ཕར་ཕྱོགས་ཀྱི་མཚོ་འགྲམ་དེ་ན་དཀར་གོང་ལུག་ཙམ་གཅིག་ཡོད། དེའི་རྩར་ཚེས་བཅོ་ལྔའི་ནུབ་མོ་ཞགས་པ་བཟུང་ནས་བསྡད་ན་ལྷའི་བུ་མོ་དྲུག་ཁྲི་དྲུག་འབུམ་ཡོང་། དེའི་ཁྲོད་ནས་བུ་མོ་ཆུ་དར་སྔོན་པོ་གྱོན་པ། སྣ་རྡོག་རྩེ་ལ་དྲུད་པ་ཞིག་ཡོངས་ཏེ་ཁྲུས་བྱེད་པའི་སྐབས་དེར་ནམ་མཁའ་ནས་མེ་ཏོག་བསྟོར་ཡོང་། བུ་མོ་དེ་སྒུར་སྒུར་བྱས་ནས་མེ་ཏོག་སྒྲུག་སྐབས་དཀར་གོང་གི་རྒྱབ་ནས་ཞགས་པ་དེ་བུ་མོ་ལ་ཕོག་པ་ཞིག་འཕངས་ཏེ་བཟུང་ན། ཁོང་གི་རྨི་ལམ་འགྲུབ་བོ་ཟེར། ཕུག་རོན་གཉིས་ཕུར་སོང་ངོ་།།
དེའི་ཕྱི་ཉིན་ཉི་མ་ཤར་བའི་དུས་སུ་ཁོའི་དོང་ཁ་དེ་ནས་རྒྱལ་པོའི་སྲས་མོ་དེ་རྩེད་མོ་རྩེ་བར་བྱུང་བས། སྲས་མོ་ལགས་ཟེར་བོས་པས། ཁྱོད་ན་ནིང་གི་རྨི་ལམ་སྒུག་མཁན་མི་དེ་ཡིན་འདུག་པས་ད་དུང་མ་ཤི་བ་ཨེ་ཡིན་ཟེར། ད་དུང་མ་ཤི་ལགས། ཡབ་རྒྱལ་པོའི་དྲུང་དུ་རྨི་ལམ་ཞུ་རྒྱུ་ཡོད་ཅེས་ཞུ་གྲོགས་མཛོད་ཟེར་ཞུ་བ་ཕུལ་ལོ། །སྲས་མོ་དེ་ཡབ་རྒྱལ་པོའི་དྲུང་དུ་ཕྱིན་ནས། རང་རེའི་ན་ནིང་རྨི་ལམ་ཟས་སུ་ཟ་བ་དེ་ད་དུང་མ་ཤི་བར་རྨི་ལམ་ཞུ་རྒྱུ་ཡོད་ཟེར་བའི་ཞུ་བ་འབུལ་རོགས་ཟེར་གྱི་འདུག་ཞུས་པས། དེར་རྒྱལ་པོས། ད་དུང་མ་ཤི་བར་འདུག་ན་ཁྱོད་བློན་པོ་གཉིས་སོང་ལ་ཁོ་ཐོན་ཤོག་གསུངས། བློན་པོ་གཉིས་ཕྱིན་ནས་དོང་ཁ་ཕྱེ་སྟེ་བལྟས་པས། ཁོས་འབུ་རྣམས་ཟོས། པགས་པ་རྣམས་བཤུས་ནས་གོས་བྱས་པས་སྔར་བས་འཚོ་ཞིང་མདངས་དང་ལྡན་པ་འདུག །ཁོ་དེ་ནས་བཏོན་ཏེ་རྒྱལ་པོའི་སྐུ་མདུན་དུ་ཁྲིད་དོ། །ཁོ་རྒྱལ་པོའི་སྐུ་མདུན་དུ་སླེབས་པ་དང་། ཕྱག་སྒྱེད་སྒྱེད་འདྲ་བ་གསུམ་བྱས། སྒུར་སྒུར་འདྲ་བ་གསུམ་བྱས། ཞེ་ས་ཆ་ལེ་ཆོ་ལེ་རྒྱུག་པ་རློན་པ་ཐབ་གསེབ་ཏུ་ཤོར་བ་འདྲ་བ་གཅིག་བྱས། ཆུ་ཏོ་ལེབ་ཀྲོང་ངེ་མཐོ་ཉི་མ་ལ་འཇབ་པ་འདྲ་བ་གཅིག་བྱས། ཀྱེ་ཀྱེ་རྒྱལ་པོ་ཆེན་པོ་ལགས། ཁྱེད་ལ་ཉི་ཟེར་འཕྲུལ་གྱི་ཞགས་པ་ལ་ཟླ་ཟེར་འཕྲུལ་གྱི་ཨ་ལོང་བཏགས་པ་ཡོད་འདུག་པས་དེ་བདག་ལ་གཡར་པོ་ཞུ། བདག་རྨི་ལམ་བརྟག་པར་འགྲོ་བ་ལགས་ཞུས་སོ།།
རྒྱལ་པོས་ཞགས་པ་དང་ཕྱེ་ཡི་རྒྱགས་བསྐུར་ནས་རྨི་ལམ་བརྟག་པར་བརྫངས་སོ། །དེ་རྣམས་ཁུར་ནས་ལ་ཆེན་པོ་བརྒལ་བའི་ས་ན་མཚོ་ཆེན་པོ་གཅིག་ཀྱང་འདུག །དེའི་འགྲམ་ན་དཀར་གོང་ལུག་ཙམ་ཞིག་འདུག་པའི་འགྲམ་དུ་ཉལ་བསྡད་པ་དང་། ཚེས་བཅོ་ལྔའི་ཟླ་བ་རྒྱང་ངེར་ཤར་བ་དང་། ལྷའི་བུ་མོ་དྲུག་ཁྲི་དྲུག་འབུམ་བྱུང་ནས་ཁྲུས་བྱས་ཏེ་མེ་ཏོག་འཐུས། གླུ་གར་བྱས་ནས་ནམ་མཁའ་ལ་འཕུར་སོང་ངོ་། །དེའི་རྗེས་ལ་མི་འམ་ཅིའི་བུ་མོ་བྱོན། དེ་ནས་ཀླུའི་བུ་མོ་དྲུག་ཁྲི་དྲུག་འབུམ་བྱུང་སྟེ་གླུ་གར་རྩེད་འཇོ་བྱས་མེ་ཏོག་འཐུ་བ་མཐོང་། ཕུག་རོན་གྱིས་ཟེར་བ་བཞིན་བུ་མོ་ཆུ་དར་སྔོན་པོའི་གོས་གྱོན་པ། སྣ་རྡོག་རྩེ་ལ་དྲུད་པ་ཞིག་འདུག་པ་དེ་ལ་ཞགས་པ་བརྒྱབ་སྟེ་བུ་མོ་དེ་ཟིན་ནས་ཚུར་ཐོན་པས། བུ་མོ་དེ་ན་རེ། ཁྱེད་ལ་སུས་ལུང་བསྟན་པ་ཡིན་ཟེར་བར། ང་རྒྱལ་པོའི་དོང་ནང་དུ་ཡོད་དུས་ཕུག་རོན་བཟའ་མི་གཉིས་བྱུང་ནས་ང་ལ་ལུང་བསྟན་པ་ཡིན་ཟེར་བས། ཁྱེད་ལ་ལུང་བསྟན་བྱུང་འདུག་པས་ང་བཟུང་དང་མ་བཟུང་ཁྱད་མེད། ང་དཔོན་པོའི་མེ་ཏོག་སྒྲུབ་ཏུ་བཏང་བ་ཡིན། ད་ཁྱེད་མིག་ཚུམས་ཤིག་ངའི་རྒྱབ་ཏུ་ཁུར་ཏེ་འདི་ནས་མཚོ་ནང་དུ་མར་ཕྱིན་པས་ན། ཀླུའི་ཕོ་བྲང་རིན་ཆེན་སྣ་ལྔ་ལས་གྲུབ་པ་ཞིག་ཡོད། དེའི་ནང་ན་གསེར་གྱི་ཁྲི་ལ་ཀླུའི་བུ་མོ་ས་མཚོ་སྨན་ཟེར་བ་བཞུགས་ཡོད། དེ་ལ་ཕྱག་འཚལ་མེ་ཏོག་ཕུལ་བས་ན། ང་ལ་ཨ་ལྕེ་རྒྱུན་རིང་འགོར་བྱུང་ཟེར་ཡོང་། ངའི་གྲིབ་མ་དེད་ནས་དཔོན་མོའི་རྒྱབ་ལ་འཛོག་ཐོར་ཐོར་རྒྱོབ་ཅིག །དེར་ངས་མིའི་བར་ཆད་བྱུང་ལགས་ཟེར། སྐབས་དེར་བུ་མོས་ཨ་ལྕེ་ཁྱེད་འདིར་སླེབས་པ་ན་ང་ལ་སྔར་མེད་པའི་ན་ཟུག་ཅིག་གཏོང་གི་འདུག་ཟེར་བཞིན་ཨ་ར་དང་ཨུ་རུའི་སྐད་འདོན་པའི་ངང་ནས་ཆོས་སྐྱོང་རྒན་མོ་མགྱོགས་པོ་ཤོག་བླ་མ་དང་སློབ་དཔོན་རྣམས་ཀྱིས་ངའི་ནད་ཟློག་པར་གྱིས་ཤིག་ཟེར་ཡོང་། སྐབས་དེར་ཆོས་སྐྱོང་རྒན་མོ་དེའི་སྣ་ལ་ཚིལ་འགག་གཅིག་བརྒྱབ་ནས་གསོད་ཅིག །དེ་འདྲའི་འདྲེ་ངས་མི་ཐུབ་ལོག་འགྲོ་ཟེར་ཡོང་། དེར་སློབ་དཔོན་ཆེན་པོ་གདན་འདྲེན་ཞུས་ཤོག་ཟེར་ཡོང་། སློབ་དཔོན་ཆེན་པོ་རི་བོང་ལ་སྤྲུལ་པ་ཞིག་ཡོང་། ཁོང་ཧཾ་ཕཊ་ཟེར་དུས་སྣ་དེ་ལ་སོར་རྡོ་ཞིག་བརྒྱབ་པས་ཤི་འགྲོ། དེས་ཀྱང་དེ་འདྲའི་འདྲེ་ངས་མི་ཐུབ་ཟེར་ལོག་འགྲོ། ད་འདི་འདྲའི་འདྲེ་སུས་ཀྱང་མི་ཐུབ་པ་འདུག་པས་དྲུང་རིན་པོ་ཆེ་གདན་དྲོངས་ཤིག་ཟེར་ཡོང་། རིན་པོ་ཆེ་སྟག་གཟིག་ལ་སྤྲུལ་ཏེ་ཡོང་ནས་གབ་རྩེ་གཅིག་བཏིངས་ཡོང་། དེའི་སྟེང་དུ་མཆོངས་ལས་མིག་ཡ་གཅིག་བཙུམས་ཡ་གཅིག་གདངས། རྐང་པ་ཡ་གཅིག་བསྐུམས་ཡ་གཅིག་བརྐྱངས་ནས་སྡོད་ཅིག །ཁྱོད་གང་ནས་ཡོང་བ་ཡིན་ཟེར་སྐབས། ང་དགའ་ལྡན་ལྷ་ཡུལ་ནས་ཡོང་བ་ཡིན། ལྷ་ཡེ་ཤེས་སྤྱན་གཅིག་ཡིན་གྱིས། དེར་ལྷ་ཡེ་ཤེས་སྤྱན་ཁྱེད་ཅི་ལ་བྱོན། གང་དགོས་ཟེར་བ་དང་། ང་ལ་ཀླུའི་བུ་མོ་ས་མཚོ་སྨན་དགོས་པ་ཡིན་གྱིས། དེ་ནས་ཞག་གསུམ་གྱི་རིང་ལ་མཆོད་པ་ཕུན་སུམ་ཚོགས་པ་བྱེད། དེ་ནས་ལོག་མ་ཕྱིན་ན་ལྟོགས་གྲིར་ཤི་བའི་ཉེན་ཡོད། ཁྱོད་ལོག་འགྲོ་ཟེར་དུས་ཀླུའི་བུ་མོ་ས་མཚོ་སྨན་སྟེར་རོ། །ཕུག་རོན་གྱིས་ལུང་བསྟན་པའི་དོན་དེ་འགྲུབ་བོ་ཟེར། དེ་ནས་མོས་ཁུར་ཏེ་ཀླུའི་ཕོ་བྲང་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་དེར་སླེབས་སོ།།
དཔོན་མོ་ས་མཚོ་སྨན་དེ་གསེར་ཁྲི་ལ་བསྡད་འདུག་སྟེ། དེ་ནི་མཚར་སྡུག་འོད་ཆགས་པ། ཕྲ་ཞིང་ལྡེམ་པ་རྩ་རིའི་སྨྱུག་མ་འདྲ་བ། ལྡེམ་མེར་མེར་མཚོ་འདྲ་བ། ཝ་ལེ་ཁྱུག་མོ་འཇའ་འདྲ་བ། གྲང་གྲིབ་མར་བཞག་ན་འཁྱགས་པ་འདྲ་བ། དྲོ་ཉི་མར་བཞག་ན་ཞུ་ལ་ཁད་པ་འདྲ་བ། སྐེ་ལ་ནོར་བུའི་དོ་ཤལ་གྱིས་བརྒྱན་པ། ལུས་ལ་དར་མཚོན་སྣ་ལྔའི་གོས་གྱོན་པ་ཞིག་འདུག་གོ །དེར་མེ་ཏོག་ཕུལ། གྲིབ་མ་དེད་ནས་དཔོན་མོའི་རོ་སྟོད་ལ་འཛོག་གིས་ཐོར་ཐོར་བརྡུངས་པས། དེས་ད་ལམ་ཨ་ཅེ་འགོར་འགྱང་བྱུང་ཟེར། བདག་ལ་བར་ཆད་ཅིག་བྱུང་ལགས་ཞུས་པས། དེ་རང་ཡིན་པ་འདུག །ཨ་ལྕེ་སླེབས་པ་དང་ང་ལ་ན་ཚ་ཆེན་པོ་ཕོག །བློན་པོར་ཆོས་སྐྱོང་རྒན་མོ་གདན་དྲོངས་ཤོག་བྱས་པས། ཆོས་སྐྱོང་རྒན་མོ་ཡོང་ནས་ཕར་མཆོང་ཚུར་མཆོང་བྱས། དེར་ཁོས་སྣ་ལ་ཚིལ་འགག་གཅིག་བརྒྱབ་པས་དེ་འདྲའི་འདྲེ་ངས་མི་ཐུབ་ཟེར་བྲོས་སོང་ངོ་།།
ཡང་བློན་པོར་ཆོས་སྐྱོང་ཆེན་པོ་གདན་དྲོངས་ཤོག་ཟེར། རི་བོང་ལ་ཧུཾ་ཧུཾ་ཕཊ་ཕཊ་ཟེར་བ་ཞིག་བྱུང་ངོ་། །རི་བོང་དེའི་སྣ་ལ་སོར་རྡོ་གཅིག་བརྒྱབ་པས་དེ་འདྲའི་འདྲེ་ངས་མི་ཐུབ་ཟེར་བྲོས། དེ་ནས་དྲུང་རིན་པོ་ཆེ་གདན་དྲངས་བྱུང་སྟེ་སྟག་དང་གཟིག་གི་ངུར་སྒྲ་དང་བཅས་ཏེ་དོན་ནས་གབ་རྩེ་གཅིག་བཏིངས་བྱུང་ངོ་། །ཁོས་དེའི་ཁར་མཆོངས་ནས་མིག་ཡ་གཅིག་གདངས། ཡ་གཅིག་བཙུམས། རྐང་པ་ཡ་གཅིག་བརྐྱངས། ཡ་གཅིག་བསྐུམས་ནས་བསྡད་པས། ཁྱོད་སུ་ཡིན་ཟེར། ང་སྟེང་ལྷ་ཡུལ་ནས་ཡོང་བ་ཡིན། ལྷ་ཡེ་ཤེས་སྤྱན་གཅིག་ཡིན་བྱས་པས། ལྷ་ཡེ་ཤེས་སྤྱན་གཅིག་ཅི་ལ་བྱོན། གང་དགོས་ཟེར་བར། ང་ལ་ཀླུའི་བུ་མོ་ས་མཚོ་སྨན་དགོས་པ་ཡིན་བྱས་པས། ལྷ་ཡེ་ཤེས་སྤྱན་གཅིག་མ་བྱོན་པས་བུ་མོ་ལོས་སྟེར་ཟེར་རོ། །དེ་ནས་ཞག་གསུམ་གྱི་རིང་ལ་ཡོན་ཆབ་དང་མེ་ཏོག་ཕུལ། བཟའ་བཏུང་ཕུན་སུམ་ཚོགས་པ་དྲངས། ཞག་གསུམ་ཕྱིན་པའི་ཕྱི་ཉིན་ཉི་མ་ཤར་བ་དང་ང་འགྲོ་བུ་མོ་དགོས་བྱས་པས། ཟངས་ཀྱི་ཁྱི་དམར་མོ་ཁྱི་ཐག་དང་བཅས་པ་ཞིག་ཁྲིད་བྱུང་ངོ་། །དེར་ཁྱི་མོ་དེ་ཁྲིད་ནས་ཁྱེད་སྤྱན་བཙུམ་མཛད་པ་ཞུ་ཟེར། མིག་བཙུམས་པས་ཁྱི་དང་ཁོ་རང་གཉིས་ཀ་མཚོ་ཁར་སླེབས། དེར་ལྟོ་མ་རག་པར་ཞག་གསུམ་བཞི་ཙམ་སོང་བས་གྲོད་པ་ཡང་ལྟོགས། ཁོའི་བསམ་པར་ཀླུའི་བུ་མོ་ས་མཚོ་སྨན་ལེན་པར་ཕྱིན་པས། དེ་མ་བྱུང་བར་ཁྱི་མོ་འདི་འདྲ་ཞིག་གིས་གང་བྱེད་བསམས་ཏེ་ཕར་ཕྱོགས་ཀྱི་ནགས་གསེབ་ནས་རྒྱུག་པ་གཅིག་བཅད་དེ་ཁྱི་མོ་དེའི་སྐེད་པར་གཞུས། ཁྱི་མོ་དེ་ཨང་ཆོ་ལེ་སོང་ངོ་།།
དེའི་རྗེས་སུ་ཕྱིན་པས་ཁྱི་མོ་དེའི་གདོང་ན་ཟན་རྡོག་གཅིག་འདུག་ཅིང་། མོ་རང་ནི་ལག་པ་ལྡག་གིན་བསྡད་འདུག་གོ །བཙན་ཟན་དེ་བཟོས། ཁྱི་མོ་ཡ་རབས་འདིས་ཁ་གདོང་གི་ཟན་མི་ཟ་བ་ཅི་ཡིན་བསམས་པ་བྱུང་ངོ་། །ཡང་ཁྱི་མོ་འདི་དང་སྡོངས་ནས་ཤར་དེ་ཡོང་། དེར་ཡང་ཉི་མ་ཕྱེད་སོང་བ་དང་། ལ་ཞིག་ཡོད་པ་དེ་ལ་འཛེགས་འགྲོ་དུས་གྲོད་པ་ལྟོགས་བྱུང་བས། ཡང་ཁྱི་མོ་དེའི་སྐེད་པ་ལ་རྒྱུག་པ་གཞུས། ཁྱི་མོ་དེ་ཨ་ཆོ་ལེ་སྔོན་ལ་སོང་ངོ་། །ཡང་མར་ཟན་ཆེན་པོ་ཞིག་རྡོ་ཁ་ན་བཞག་འདུག་གོ །ཁོའི་བསམ་པར་ཁྱི་མོ་དེ་ལ་རྒྱུག་པ་གཞུས་ན་བཟའ་རྒྱུ་རེ་ཡོང་གི་འདུག་བསམས། མར་ཟན་དེ་ཟོས་ཚར་བ་དང་། ཡར་ལངས་པས། ཁྱི་མོ་ན་རེ། ཁྱོད་ལྷ་ཡེ་ཤེས་སྤྱན་ལ་ལྟོགས་འགོང་ཞུགས་འདུག །མི་ཡུལ་དུ་ང་ལས་ཁྱེད་གདུལ་བྱ་ཆེ་བ་དགོས་རུང་། ཁྱོད་ནི་མི་ཕལ་པའི་ནང་ནས་ལྟོགས་བཟའ་ཐེབས་པ་ཞིག་ཡིན་འདུག །ཁྱོད་ནི་གང་དུའང་འགྲོ་ས་མེད་པ་ཞིག་ཡིན་འདུག་པས་ཁྱོད་ཁྱི་འདི་གཉིས་ཁྲིད་ནས་ཕར་རིའི་ལྡེབས་ལ་རི་དྭགས་ཨེ་འདུག་ལྟོས་ལས་དགོང་མོ་འདིར་ལོག་ཤོག་ཟེར། དེར་ནི་སྔར་མེད་པའི་ཤྭ་ཁྱི་གཉིས་བྱུང་བ་ཁྲིད་དེ་རི་དྭགས་འདེད་པར་ཕྱིན་ཏོ།།
ཉི་མ་ལ་ལ་ཞུད་པ་དང་ཁྱི་མོ་དེ་ཡོད་སར་ལོག་ཡོང་། གང་ཡང་མེད་པའི་ས་སྟོང་དེར་ནི་ཐོག་རྩེགས་གཉིས་དང་ལྡན་པའི་ཁང་པ་ཞིག་གྲུབ་འདུག་པས་ཅི་ཡིན་བསམས། ཁྱི་མོ་དེ་མཇུག་མ་རིལ་རིལ་བྱེད་བཞིན་བསུ་མ་ལ་བྱུང་ངོ་། །ནང་དུ་ནི་ཡོ་བྱས་མང་པོས་ཁེངས། བཙོས་ཟན་ཚ་པོ་ཞིག་གི་ཁར་ཤ་ཟུག་ཅིག་བཞག་འདུག་པ་དེ་ཟོས་ནས་མལ་ཆས་ལེགས་པར་གྱོན་ནས་ཉལ། སང་ཉི་མ་ཤར་བར་ཉལ་བསྡད་པས་ཁྱི་མོ་སྔས་འགོར་ཡོང་ནས་ཡར་བཞེངས་ཏེ་ཚ་ཚ་ལ་འབྱོན་པར་ཞུ། དེ་རིང་ཡང་ཁྱི་རར་བྱོན་པ་དྲག་ཟེར། མར་ཟན་གཅིག་འདུག་པ་དེའི་ཙ་ན་ཤ་ཟུག་ཕྱེད་བཞག་འདུག །བཙོས་ཟན་མར་ཟན་གཉིས་ཁུར་ནས་ཁྱི་ར་ལ་འགྲོ་བའི་ཚུལ་བྱས་ནས་རྒྱབ་གཅིག་ཏུ་ཡིབ་བསྡད་དོ།།
སྐབས་དེར་ཁྱི་མོ་དེས་ཁྲི་ལྤགས་ཕུད་ནས་མཁར་ལས་བྱེད་ཅིང་། ཁང་པ་ཐོག་གཉིས་མ་དེ་ཐོག་རྩེགས་དགུ་ཐོག་ཅན་གྱི་ཁང་བཟང་ཞིག་ཏུ་བསྐྲུན། ལྕགས་རིར་མོ་ཡན་སྡོད་ཁང་ཡང་གསུམ་ཐོག་རེ་བཟོས་འདུག །ཉི་མ་ཞུད་གྲབས་ཡོད་དུས་ཁོ་ཚུར་ཡོང་ནས་ཁུག་ཀྱོག་ཏུ་འཇབ་ཉན་བྱེད་སྐབས། དེར་གྲོག་མ་ཞིག་ཡོད་པ་ན་རེ། སྐེད་པ་ང་ལས་ཕྲ་བ་མེད་པས་ཚང་མ་ང་ལ་ཧ་ལས་ཟེར། ཏ་ལ་མ་ན་རེ། རྐང་ལག་ང་ལས་མང་བ་མེད་པས་ཚང་མ་ང་ལ་ཧ་ལས་ཟེར། སྦལ་པ་ན་རེ། དཔྲལ་ཞེང་ང་ལས་ཆེ་བ་མེད། ཤེད་མོ་ང་ལས་ཆེ་བ་མེད་ཟེར་འདུག །གཞན་ཡང་སྲོག་ཐོགས་པའི་འདུ་སྲིན་ཚང་མས་མཁར་ལས་བྱེད་ཀྱི་འདུག་གོ །གཟིམ་ཁང་གཅིག་གི་ཨ་ཤིང་གི་བུ་གུ་མིན་པ་ཚར་འདུག །དེར་ཁོས་བང་བཏང་སྟེ་ཕྱིན་ནས་ཁྱི་ལྤགས་དེ་མེ་ཁྲོད་དུ་རྒྱང་བཏང་། མོ་ན་རེ། ཁྱི་ལྤགས་འདི་ཞག་གཉིས་རང་སོར་བཞག་ན་ཡོང་བ་ཡོད་དེ། ཁྱོད་ངང་ཐུང་བས་ལན་ཟེར། སྐབས་དེར་ནི་མཛོད་རྣམས་གསེར་དངུལ་ཟངས་ལྕགས། འབྲུ་གོས་དར་ལ་སོགས་པས་ཁེངས་ཤིང་། ཕྱིའི་རྭ་བ་རྣམས་རྟ་གླང་བ་ཕྱུགས་ལ་སོགས་པས་ཁེངས་འདུག་གོ །ལྕགས་རིའི་ནང་ན་ཐེམ་པ་ཉིས་བརྒྱ་ཙམ་ཡོད་པ་ཞིག་ཏུ་གྱུར།
ནམ་ཞིག་སོང་བ་དང་། ཁོ་རྒྱལ་པོའི་སྐུ་མདུན་དུ་སྡོད་དུས་ཀྱི་གྲོགས་པོ་ལུག་རྫི་བ་ཞིག་ཡོད་པ་དེ་རྩྭ་ཁ་ལ་བལྟ་བར་སླེབས་བྱུང་ངོ་། །ཁོ་ན་རེ། མཛེས་ལྡན་མ། ངའི་གྲོགས་པོ་སླེབས་བྱུང་བས་ནང་དུ་བོས་ཤོག་ཟེར། མོ་ན་རེ། ཁྱོད་ཅལ་ཅོལ་མང་པོ་མ་ལབ་བོས་པས་ཆོག་ཟེར་རོ། །མོའི་འོད་གཏན་སྒམ་གྱི་ནང་དུ་སྦས། མོ་རང་མིའི་བུ་མོ་དབྱིབས་ནག་པ་གཟུགས་ཆུང་བ་གཅིག་ཏུ་སྤྲུལ་ནས་བསྡད། ཁོས་ལུག་རྫིའི་སར་ཕྱིན་ནས་བྱོན་པས། འོ་ལགས་སོ། །ཁྱོད་འདི་པའི་གཡོག་ལ་སྡོད་པ་ཨེ་ཡིན་ཟེར། ང་འདི་པའི་གཡོག་ལ་ཡོད་པ་མིན། འདི་པའི་དཔོན་ལ་ཡོད། ང་ལ་ཆུང་མ་ཀླུ་མོ་དཔེ་མི་སྲིད་པ་གཅིག་ཡོད་ཟེར་བ་ཁ་ནས་ཤོར་རོ། །དེར་ཁོ་ནང་དུ་བོས་ཟ་མ་དྲངས་ཚར་བ་དང་། ཁྱོད་ཀྱི་ཆུང་མ་སྨན་སོགས་མ་དེ་གང་ན་ཡོད་བྱས་པར། ཁྱོད་རང་དུམ་པ་གཅིག་སྡོད་ཅིག་ཟེར། དུམ་པ་ཞིག་ནས་ཁོ་བརྒྱུགས་ནས་གཏན་སྒམ་ཁ་ཕྱེ་བ་དང་གཏན་སྒམ་གྱི་འོད་མོ་ལ་བརྒྱབ། མོའི་འོད་ཕོ་བྲང་ལ་བརྒྱབ། ཕོ་བྲང་ཕྱི་གསལ་ནང་གསལ་དུ་གྱུར། ལུག་རྫི་བ་བྲོ་ཞིམ་སོང་ཟེར་ནས་སོང་ངོ་། །ཁོས་ལུག་རྣམས་མགྱོགས་པར་དེད་དེ་རྒྱལ་པོའི་སྐུ་མདུན་དུ་ཕྱིན། དེར་རྒྱལ་པོའི་བློན་པོ་རྣམས་ཀྱིས། གང་ལ་འགྲོ་བྱས་པར། གཏམ་ལན་མི་འཇལ་བར་ཤར་རྒྱག་རྒྱལ་པོའི་སྐུ་མདུན་དུ་ཕྱིན་ཏོ།།
ཁོས་རྒྱལ་པོར་ཕྱག་མཚལ་ནས། ན་ནིང་ནས་རང་རེས་རྨི་ལམ་བརྟག་པར་བཏང་བའི་མི་དེ་ས་སྟོང་ཡ་ན་མཁར་ལྕགས་ཀྱི་སྒྲོམ་བུ་འདྲ་བ་ཞིག་བྱས། ཀླུ་མོ་ཁྱད་འཕགས་ཤིག་ཆུང་མར་འདུག་ཞུས་པས། རྒྱལ་པོ་ན་རེ། སྤྲང་པོ་ཁོར་ངའི་ཞགས་པ་བསྐུར་ནས་རྨི་ལམ་བརྟག་པར་བཏང་བ་ཡིན་པས། སང་རང་རེ་ཚོ་བལྟ་བར་འགྲོ་གསུངས་ནས་རྒྱལ་པོ་སྐུ་འཁོར་ལྔ་ཙམ་ཞིག་ལུག་རྫི་བས་སྣེ་ཁྲིད་ནས་བྱོན་ནོ། །ཁོས་རང་ཡུལ་གྱི་རྒྱལ་པོ་དེ་ཁོའི་མཁར་དེའི་རྩར་ཕེབས་པ་མཐོང་འཕྲལ། མཛེས་ལྡན་མ། ངའི་ཡུལ་གྱི་རྒྱལ་པོ་བྱོན་འདུག་པས་གདན་འདྲེན་དགོས་བྱས་པ་དང་། མོ་ན་རེ། ཁྱི་ལྤགས་དེ་མེ་ལ་མ་བསྲེགས་ན་ཡག་པོ་ཡོང་བ་ཡོད་དེ། དེ་ནི་བསྲེགས་ཚར། དེ་ནས་ཀྱང་འོད་དེ་ལུག་རྫི་བར་མ་སྟོན་བྱས་པས་བསྟན་པ་དེས་ལན་པ་ཡིན། དེ་རིང་དཀའ་ལས་ཆེན་པོ་ཞིག་ཡོང་། རྒྱལ་པོ་གདན་དྲངས་ན་དྲག་ཟེར། ཁོ་ཕྱིན་ནས་ཕྱག་དང་ཞེ་ས་བྱས། རྒྱལ་པོ་ནང་དུ་གདན་དྲངས་གསེར་ཁྲིར་བཞུགས་སུ་བཅུག །བློན་འཁོར་རྣམས་གདན་དཀྱུས་མའི་ཐོག་སྡོད་དུ་བཅུག །རྒྱལ་པོས་གཙོས་པའི་དཔོན་གཡོག་རྣམས་ལ་ཀླུའི་ཞལ་ཟས་ལ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། རྒྱལ་པོས་ལུག་རྫི་ལ་ཆུང་མ་སྨན་གསོལ་དེ་གང་ན་འདུག་གསུངས་པས་ལུག་རྫི་བརྒྱུགས་ཕྱིན་ཏེ་གཏན་སྒམ་ཁ་ཕྱེ་བས། དེར་བསྟན་སྒམ་གྱི་འོད་མོ་ལ་ཕོག །མོའི་འོད་ཕོ་བྲང་ལ་ཕོག །ཕོ་བྲང་ཁྲ་ཆིལ་ལེར་གྱུར། དེར་རྒྱལ་པོའི་ཐུགས་ལ་བཙན་ཐབས་ཀྱིས་ཁོའི་ཆུང་མ་འཕྲོག་ན་འབངས་འཁོར་རྣམས་ཡིད་ཆད་འགྲོ་བས་ཐབས་ཀྱིས་ཆུང་མ་དང་བཅས་འཕྲོག་དགོས་བསམས། རྒྱལ་པོ་ན་རེ། ཁྱོད་ལ་ངས་ཞགས་པ་བསྐུར་ནས་བཏང་བ་ཡིན་ཏེ། ང་ཁྱོད་ཀྱི་སར་མ་ཡོང་བར་ལ་ཁྱོད་ཀྱིས་ང་ལ་འདི་བྱས་འདི་མིན་གྱི་ལན་ཙམ་ཡང་མེད་པས་ན་ད་སང་གི་ཆ་ལ་ཁྱོད་དང་ང་གཉིས་དར་ཡུག་སུ་མང་འགྲན་རྒྱུ་ཡིན། ངའི་དར་མང་བ་བྱུང་ན་ཁྱོད་ཀྱི་འབངས་འཁོར་གཡོག་ཆུང་མ་དང་བཅས་པ་ང་ལ་དབང་རྒྱུ་དང་། ཁྱོད་མང་ན་བུ་མོ་གཅིག་ལས་མེད་པ་དེ་ཁྱོད་ལ་སྟེར་བ་ཡིན་གསུངས་སོ། །རྒྱལ་པོ་དཔོན་གཡོག་རྣམས་དེ་ནས་བྱོན། བུ་མོ་ས་སྨིན་གྱིས། ཁྱོད་ལ་རྒྱལ་པོས་ཅི་གསུང་གི་གདའ་བྱས་པར། རྒྱལ་པོ་ལ་ནི་འབུ་གསོས་ནས་དར་མང་པོ་ཡོད། ངེད་ལ་ནི་དར་སྐུད་ཅི་ཡང་མེད། དར་སུ་མང་འགྲན་པས་རྒྱལ་པོ་མང་ན་འབངས་ཆུང་མ་དང་བཅས་པ་རྒྱལ་པོ་ལ་དགོས་གསུང་གི་འདུག །རང་རེ་མང་བ་བྱུང་ན་རྒྱལ་པོའི་སྲས་མོ་སྟེར་གྱི་ཡིན་ཟེར་གྱི་འདུག་པས་གང་དྲག་བྱས་པར། ཁ་སང་གི་ཁྱི་ལྤགས་དེ་མེ་ལ་མ་བསྲེགས་ན་ཆོག་པ་ཡོད་དེ་དེ་ནི་བསྲེགས། འོད་ལུག་རྫི་ལ་བསྟན་པས་ལན། འོན་ཀྱང་ད་ལམ་གྱི་འདི་རང་དཀའ་རྒྱུ་མེད་པས་སླ། ཁྱོད་རང་སྒྲོམ་བུ་འདི་ཁྱེར་ལས་ཁ་སང་གི་མཚོ་ཁ་དེར་རྒྱུགས་ཤིག །ཨ་ཞང་ཀླུ་དབང་གི་རྒྱལ་པོ་ལགས་ཟེར་བོས་ནས། མཁར་ལས་ཀྱི་སྒྲོམ་བུ་དེ་མར་ལོང་ལ་དར་སྣ་འཐག་བྱེད་ཀྱི་སྒྲོམ་བུ་དེ་ཐོངས་ཟེར་བ་གྱིས། དེ་ཡར་ཁྱེར་ལས་ཁ་མ་ཕྱེ་བར་ཤོག་ཟེར། ཁོས་མཁར་ལས་ཀྱི་སྒྲོམ་བུ་དེ་ཁུར་ནས་མཚོ་ཁར་ཕྱིན་ཏོ།།
ཨ་ཞང་ཀླུ་དབང་གི་རྒྱལ་པོ། མཁར་ལས་ཀྱི་སྒྲོམ་བུ་མར་ལོངས་ལ་དར་སྣ་འཐག་བྱེད་ཀྱི་སྒྲོམ་བུ་དེ་ཡར་ཐོངས་དང་བྱས་པས། སྒྲོམ་བུ་ཞིག་བསྐུར། མཁར་ལས་ཀྱི་སྒྲོམ་བུ་དེ་མར་བླངས་སོ། །ཁོས་སྒྲོམ་བུ་ཁུར་ནས་ཡོང་། ལ་ཁར་སླེབས་པ་དང་ཁོའི་བསམ་པ་ལ། རྒྱལ་པོར་དར་མང་པོ་ཡོད། འདིའི་ནང་དར་ཅི་ཙམ་ཡོད་དམ་བསམས་ནས་ཁོས་ཁ་ཕྱེ་བས། དར་སྣ་ལྔ་དོན་བྱུང་ནས་དར་གྱིས་ཁོ་དེར་འཐུམ་གྲབས་བྱས་པ་མོས་མཐོང་ནས་མགྱོགས་པར་བརྒྱུགས་རུབ་རུབ་བཟོས་པ་དང་དར་སྣ་ལྡོག་བྱུང་སྟེ་ཁོ་མ་ཤི་ཙམ་བྱུང་ངོ་། །ཁོང་གཉིས་མཉམ་དུ་ཕོ་བྲང་ལ་ཕྱིན་ཏོ།།
དེའི་ཕྱི་ཉིན་ཉི་མ་ཤར་བ་དང་ཁོ་རང་གི་མདུན་རི་ཞིག་ཡོད་པ་དེ་རྒྱལ་པོས་བསྟུམས་ནས་འདུག་གོ །དེ་ཉིན་ཁོང་གཉིས་ཀྱི་སྒོ་འགྲམ་དུ་རྒྱལ་པོའི་བློན་པོ་དྲང་པ་ཞིག་ཡོང་སྟེ། ཁྱོད་ཀྱི་དར་སྣ་ག་ན་ཡོད། ངེད་ཚོའི་དར་གྱིས་རི་བསྟུམས་ནས་ཡོད་ཟེར། སྐབས་དེར་ས་མཚོ་སྨན་ཐོག་ཁར་ཕྱིན་ནས་སྒྲོམ་བུ་དེ་ཁ་ཕྱེ་བ་དང་། དེར་སྣ་ལྔ་དོན་བྱུང་སྟེ་ལུང་པའི་རི་ཀླུང་མེད་པ་དར་གྱིས་ཁེངས་སོང་ངོ་། །བློན་པོ་དེས་ངེད་ཀྱི་རྟ་ཕྱུགས་མི་དང་བཅས་པ་རྣམས་དར་གྱིས་འགགས་ནས་འཆི་བ་འདུག་པས་དར་བསྡུ་གྲོགས་གྱིས་ཟེར། དེར་མོས་ཚུར་རུབ་ནས་སྒྲོམ་བུ་དེའི་ནང་དུ་བསྡུས་སོ། །དེ་ནས་རྒྱལ་པོ་དེ་ཕོ་བྲང་གི་སྒོ་ཁར་བྱོན་ནས། དར་ཁྱོད་མང་བ་ཨ་ཅང་བརྗོད་མེད་རེད། སང་ཉིན་གྱི་ཆ་ལ་ང་དང་ཁྱོད་ལྷ་གཡག་སུ་འཇིགས་འགྲན། ཁྱོད་ཀྱི་ལྷ་གཡག་འཇིགས་ན་སྔར་ཆད་པ་ལྟར་བྱེད་རྒྱུ་ཡིན་ཟེར་རྒྱལ་པོ་སོང་ངོ་།།
ས་མཚོ་སྨན་གྱིས། རྒྱལ་པོས་ཅི་གསུང་གི་འདུག་བྱས་པར། ཁོས་རྒྱལ་པོ་ལ་ནི་ལྷ་གཡག་རི་ཙམ་རྫོགས་མཐའ་མེད་པ་ཡོད། རང་རེ་ལ་ནི་རྩིད་སྤུ་གཅིག་ཀྱང་མེད། སང་ལྷ་གཡག་སུ་འཇིགས་འགྲན་གསུང་གི་འདུག་བྱས་པ་དང་། ས་མཚོ་སྨན་གྱིས། དེ་ལ་དཀའ་རྒྱུ་མེད། ད་ཁྱོད་མཚོ་ཁར་ཕྱིན་ནས་ཞང་པོ་ཀླུ་དབང་རྒྱལ་པོ་ལ་དར་སྣ་འཐག་བྱེད་ཀྱི་སྒྲོམ་བུ་དེ་མར་ལོངས། སའི་གཡག་གུ་ཡར་ཐོངས་དང་གྱིས་ཤོག་ཟེར། ཁོས་དེ་ལྟར་བྱས་པས་ཀླུའི་སའི་གཡག་གུ་ཁམ་པ་དེ་མཚོ་ཁར་བསྐྱལ། དར་གྱི་སྒྲོམ་བུ་དེ་བླངས་སོང་ངོ་། །ཁོས་ཀྱང་གཡག་གུ་དེ་ལ་ཟན་སྦྱིན་གྱིན་ཡོང་། ཁོའི་བསམ་པ་ལ། རྒྱལ་པོའི་ལྷ་གཡག་ནི་རི་ལས་ཆེ་བ་ཡོད། འདིས་ཐུབ་ཨེ་ཡོང་བསམས་པའི་བློ་དོགས་སྐྱེས། ཁོ་ནང་དུ་འབྱོར་བ་དང་ས་མཚོ་སྨན་ལ་འདིས་ག་འདྲ་བྱས་ཡོང་ངམ་བྱས་པར། མོ་ན་རེ། གཡག་གིས་གོ་ཆོད་པ་ཡོད་ཟེར། སང་ཉི་མ་ཤར་བ་དང་རྒྱལ་པོའི་ལྷ་གཡག་རྣམས་དེད་ནས་སྒོ་འགྲམ་དུ་སླེབས་བྱུང་ངོ་། །དེར་ཁོ་སྐྲག་ནས་ལྷ་གཡག་རྣམས་སླེབས་བྱུང་། ལྟོས་དང་། རང་རེའི་ལྷ་གཡག་འདིས་ཨེ་ཐུབ་བྱས་པར། མོ་ན་རེ། དོན་མེད་སྐྲག་མི་དགོས། དེ་ལས་འཇིགས་པ་བྱང་ཁམས་ན་འབྲོང་ཁྱུ་ལྡིང་བ་ཡང་འདུག་ཟེར། ཡང་རྒྱལ་པོའི་བློན་པོ་གཅིག་དེར་ཡོང་ནས་ཁྱོད་ཀྱི་གཡག་ཐོན་ཤོག་ཟེར། དེར་མོས་སའི་གཡག་གུ་ཁམ་པ་དེའི་རྩར་ཕྱིན་ནས་སྤྲུགས་སྤྲུགས་གཅིག་བྱས། ཟན་ཞིག་བྱིན་ཏེ་སའི་གཡག་གུ་ཁམ་པ་ཁོ་རེ། ཁོ་ཚོའི་གཡག་འདི་རྣམས་བརྫིས་ནས་གསོད། ལ་ལ་བརྡུངས་ནས་གསོད་ཅིག །གཅིག་ཐོག་གཅིག་བརྩེགས་ནས་ཞོག་ཅིག་ཟེར་རོ། །ཐེམ་པ་དེ་བུད་པ་དང་རྒྱལ་པོའི་གཡག་རྣམས་གཅིག་ཏུ་བསྒྲིལ་ཡང་མོའི་གཡག་དེའི་མགོ་བོའི་དོད་མི་ལོན་པའི་གཡག་ཆེན་པོ་ཞིག་བྱུང་ངོ་། །མོའི་གཡག་དེ་མཐོང་བས་བློན་པོ་གཡག་རྫི་རྣམས་མིག་ཅེ་རེར་བལྟས་ནས་བྲོས་སོང་། དེར་གཡག་དེས་སྣ་གཅིག་བུས་པ་དང་སྟོབས་ཆེ་བ་རྣམས་འགྱེལ། འགྱེལ་བ་རྣམས་རྨིག་པས་བརྫིས། མ་འགྱེལ་བ་རྣམས་རྭ་ཁ་ལ་བླངས་ཏེ་བརྩིགས་ནས་བཞག་གོ །གཡག་དེ་རྣམས་བསད་ཚར་བ་དང་ས་མཚོ་སྨན་གྱིས་རང་གི་གཡག་དེ་དེད་ནས་ནང་དུ་ལོག་སོང་ངོ་།།
ཡང་རྒྱལ་པོའི་བློན་པོ་ཞིག་སྒོ་རྩར་ཡོང་ནས། དེ་རིང་གཡག་འཛིང་རྒྱལ་བ་ལ་སྐད་ཆ་ཤོད་རྒྱུ་བསྡད་མ་སོང་། སང་ཉིན་རྟ་སུ་མགྱོགས་བལྟ། ཁྱོད་མགྱོགས་ན་བུ་མོ་སྟེར། ང་མགྱོགས་ན་ཁ་ཆད་བཞིན་བྱེད་ཟེར་རོ། །ཁོ་ནང་དུ་ཡོང་བ་དང་། ས་མཚོ་སྨན་ན་རེ། རྒྱལ་པོས་ཅི་གསུང་ཟེར་བར། ཡང་རྟ་སུ་མགྱོགས་འགྲན་གསུངས། རྒྱལ་པོ་ལ་ནི་རྟ་མང་ལ་རགས་པ་ཡོད། རང་རེ་ལ་ནི་ཕར་ཞོག་བོང་བུ་གཅིག་ཀྱང་མེད་པས་གང་དྲག་བྱས་པར། བུ་མོ་ན་རེ། ཁྱོད་སྔར་གྱི་མཚོ་ཁར་སོང་། ཨ་ཞང་ཀླུ་དབང་རྒྱལ་པོའི་སར་ཕྱིན་ནས་གཡག་གུ་ཁམ་པ་འདི་ཕར་སྤྲོད། སའི་རྟ་སི་སྔོ་ཆུང་ཡར་ཐོངས་གྱིས། དེ་སྐྱོར་གྱིན་ཤོག །འདི་ནི་ལས་སླ། དེ་ལས་དཀའ་བ་ད་དུང་ཡོང་ཟེར། དེ་ལས་དཀའ་བ་ད་དུང་ཡོང་ཟེར། ཡང་ཁོ་མཚོ་ཁར་ཕྱིན། ཨ་ཞང་ཀླུ་དབང་གི་རྒྱལ་པོ། སའི་གཡག་གུ་ཁམ་པ་འདི་ལོངས་ལས་སའི་རྟ་སི་སྔོ་ཆུང་དེ་ཡང་ལ་ཐོངས་བྱས་པས། རྟ་མཐུར་ཐག་དང་བཅས་པ་ཞིག་ཁྲིད་ནས་གཡག་གུ་ཕར་བླངས་སོ། །དེར་ཁོས་མཐུར་ཐག་ནས་བཟུང་སྟེ་སྐྱོར་གྱིན་ཁྲིད་ཡོངང་ངོ་།།
ཁོའི་བསམ་པ་ལ། ས་མཚོ་སྨན་གྱིས་སྤྲུགས་སྤྲུགས་བྱས་པ་ཙམ་གྱིས་གང་ལས་ཀྱང་རྣམ་པར་རྒྱལ་བ་ཡོང་གི་འདུག་བསམས་ནས་ཤིན་ཏུ་དགའ་འོ། །ནང་དུ་སླེབས་པའི་ཕྱི་ཉིན་ཉི་མ་ཤར་བ་དང་། རྒྱལ་པོས་ཆིབས་པ་ཅང་ཤེས་ཉི་ཟེར་སྡེར་གྱིས་ནོན་པ་ཟེར་བ་གཅིག་ཡོད་པ་དེ་ཆིབས་ནས་རྟ་རྒྱུག་པ་ལ་ཤོག་ཟེར་བ་གཅིག་ཡོད་པ་དེ་ཆིབས་ནས་རྟ་རྒྱུག་པ་ལ་ཤོག་ཟེར་བློན་པོ་ཞིག་འབོད་དུ་བཏང་། དེར་མོས་རྟ་དེ་སྤྲུགས་སྤྲུགས་ལེགས་པར་བྱས། གསེར་གྱི་སྒ་ལ་གཡུའི་ཐགས་ཆས་བརྒྱན་པ་གཅིག་ཡོད་པ་དེ་རྟ་དེ་ལ་སྤྲས། ཁོ་རང་ལ་གོས་ཁྱད་དུ་འཕགས་པ། སྟོད་ལ་སངས་རྒྱས་སྟོང་རྩ་ཡོད་པ། སྨད་ལ་རྒྱལ་པོའི་བཀའ་ཆེམ་རི་མོ་བྲིས་པ། སྐེད་པ་ལ་རྒྱལ་ཆེན་སྡེ་བཞི་བྲིས་ཡོད་པ། གོང་བ་གཡས་གཡོན་ལ་ཉི་ཟླ་བྲིས་པ་གཅིག་ཡོད་པ་དེ་ཁོ་ལ་གཡོགས་ནས་རྟ་དེ་ལ་བསྐྱོན་ཏེ་བཏང་ངོ་། །དེར་བུ་མོས་ཁོ་ལ། རྟ་བརྒྱུགས་པའི་ཚད་དེ་ལ་ཁ་ཡ་གི་ལ་བྱེད་ན། རྒྱལ་པོ་ལ་གཤམ་དུ་མ་སླེབས་བར་ཁྱོད་ཀྱིས་རྟ་ཁ་བཀག་ནས་སྡོད་ཅིག །རྒྱལ་པོ་ལ་གཤམ་དུ་མ་སླེབས་བར་ཁྱོད་ཀྱིས་རྟ་ཁ་བཀག་ནས་སྡོད་ཅིག །རྒྱལ་པོ་ལ་གཤམ་དུ་སླེབས་འཕྲལ་ལྕག་གཅིག་རྒྱོབ་ལ་རྟ་སི་སྔོ་ཆུང་ད་མཆོངས་ལས་རྒྱུགས་ཤིག་གྱིས། སྒའི་སྔ་རུ་ལ་མཆོངས་ལ་ཁ་ཕོ་མ་འདོན། ཤུ་མ་རྒྱག་ཟེར་ཁ་ཏ་བྱས། རྒྱལ་པོའི་སྐུ་མདུན་དུ་ཕྱིན་ནས་རྒྱལ་པོའི་རྟ་དེའི་མགོ་མཇུག་ཚང་མ་ལ་བལྟས་པས་ན། རྟ་སྔོན་པོ་ཉ་བཞི་ནག་པོ་བྱས་པ། སྡེར་བཞི་ལྕགས་ལ་བྱས་པ། ལག་ཤོག་ཐེར་ཐེར་བྱས་པ། སྟོད་སྨད་ཡོངས་ལ་ཕོད་དཀར་ཆེ་ལེ་ཡོད་པ་གཅིག་འདུག །རྒྱལ་པོ་ཁོ་ལ། རང་རེ་གཉིས་རྟ་རྒྱུགས་པའི་ཚད་དེ་ལ་ཁ་ཡ་གི་ལ་བྱེད་ཟེར་རོ། །རྒྱལ་པོ་རྟ་ལ་བཞོན་ནས་བརྒྱུགས་སོ།།
ཁོས་རྒྱལ་པོ་ལ་གཤམ་དུ་མ་སླེབས་བར་རྟ་ཁ་འཐེན་ནས་བསྡད། རྒྱལ་པོ་ལ་གཤམ་དུ་སླེབས་པ་དང་། ལྕག་ལན་གསུམ་བརྒྱབ་ནས་ད་མཆོངས་ཤིག་བྱས་པས་མཆོང་ཐེངས་གསུམ་ལ་ལ་ཁར་སླེབས། ཁོས་ཕྱི་མིག་བལྟ་དུས་རྒྱལ་པོ་ལ་གཤམ་ནས་བྱོན་ཡོང་གི་འདུག་པས། ཁོ་རྟ་དེ་ལས་བབས་ཏེ། ཧ་ལས་སོ་བྱས་པས། རྒྱལ་པོ་ཕེབས་བྱུང་སྟེ་རྒྱལ་པོ་ན་རེ། ཁྱོད་ཀྱི་རྟ་མགྱོགས་པ་ལ་ནི་སྐད་ཆ་ཤོད་རྒྱུ་བསྡད་མ་སོང་། ཧ་ལས་སོང་ཟེར་བ་གང་ལ་ཟེར་བ་ཡིན་བྱས་པར། ཧ་ལས་ཨར་པོ་ལ་ཟེར་བ་ཡིན་བྱས་པར། ད་རེས་མཁར་ལས་བྱེད་པ་ནི་མིན། རྟ་བརྒྱུགས་པ་ལ་ཧ་ལས་སོ་ཟེར་བའི་གདམས་ངག་ཤོད་པར་སང་ཉིན་རང་ངའི་རྩར་ཤོག་ཅིག་གསུངས་ནས་རྒྱལ་པོ་གཤེགས་སོ།།
ཁོ་ཡང་ནང་དུ་ལོག་ཕྱིན། མོས་ཕྱག་ཕེབས་སམ་ཟེར། རྟ་མགྱོགས་པོ་འདུག་གམ་བྱས་པར། རྟ་མགྱོགས་པ་ལ་མཆོང་ཐེངས་གསུམ་ལ་ལ་རྩེར་སླེབས། འོན་ཀྱང་བདག་གི་ཁ་ནས་ཧ་ལས་སོ་ཟེར་ཤོར་བས། རྒྱལ་པོས་རང་རེ་གཉིས་མཁར་ལས་ལ་ཚོགས་པ་མིན། ཧ་ལས་སོ་ཟེར་བའི་རྒྱུ་མཚན་ཁྱེར་ཤོག་གསུང་གི་འདུག་ན་གང་ལྟར་དབང་ཆེ་ཆུང་ཤོར་བས་ནམ་ཕུག་རང་ཚོ་ཤོར་རྒྱུ་ཡིན་པ་འདྲ་བྱས་པར། བུ་མོས། ཧ་ལས་སོ་རང་ལས་སླ་སྟེ། འོན་ཀྱང་དེ་འདྲ་བྱས་ན་རྒྱལ་པོ་ལ་མི་དྲག་ཟེར་བའི་ཞུ་བ་ཞིག་གཏོང་དགོས། ཁྱོད་རང་མཚོ་ཁར་སོང་ལས་ཨ་ཞང་ཀླུ་དབང་རྒྱལ་པོའི་སའི་རྟ་སི་སྔོ་ཆུང་མར་ལོངས་ནས་ཧ་ལས་སོའི་སྒྲོམ་བུ་དེ་བསྐུར་དང་ཟེར་བ་གྱིས་ལས་ཁ་མ་ཕྱི་བར་ཁུར་ཤོག་བྱས་སོ།།
དེ་བར་ལ་དང་པོའི་གྲོགས་མཆེད་ལུག་རྫི་དེ་རྟ་འཆག་པ་ལ་བྱུང་བ་དང་། བུ་མོས་སྨྲས་པ། ད་ལྟའི་ལས་རྙོག་འདི་ཐམས་ཅད་བཟོ་མཁན་ཁྱོད་ཡིན། རྒྱལ་པོས་ཧ་ལས་སོ་ཁྱེར་ཤོག་གསུངས་བྱུང་བས་ཧ་ལས་སོ་ཟེར་བ་དེ་དཔོན་གཡོག་གཉིས་ཀའི་ཐད་ནས་བཤད་ན་མི་ལེགས་པ་ཡིན་པས། རྒྱལ་པོས་དགོས་གསུང་གི་འདུག་ན་ཁྱོད་ཀྱིས་ཁྱེར་ཤོག་བྱས་པ་དང་། ལུག་རྫི་ན་རེ། ཧ་ལས་སོ་ཟེར་བ་དེ་དཀོན་པོ་ཡོད་པ་ཨེ་ཡིན་ཟེར། བུ་མོ་དེ་ན་རེ། ཧ་ལས་སོ་ནི་ཤིན་ཏུ་དཀོན་པ་ཞིག་ཡིན་བྱས་པར། ལུག་རྫི་བས་ངས་ཞུ་བ་འབུལ་ཨེ་ཐུབ་བལྟ་ཟེར་སོང་ངོ་། །མོའི་ཁྱོ་ཁ་དེ་མཚོ་ཁར་ཕྱིན། ཨ་ཞང་ཀླུ་དབང་རྒྱལ་པོ། སའི་རྟ་སི་སྔོ་ཆུང་འདི་མར་ལོངས་ལ། ཧ་ལས་སོ་ཟེར་བའི་སྒྲོམ་བུ་དེ་བསྐུར་དང་བྱས་སོ།།
ཀླུ་དེས་ཧ་ལས་སྒྲོམ་བུ་དེ་ཡར་བསྐྱལ། རྟ་སི་སྔོ་ཆུང་དེ་མར་ཁྱེར་སོང་། སྒྲོམ་བུ་གྲུ་བཞི་མ་ཞིག་འདུག་པ་དེ་རྒྱབ་ཏུ་ཁུར་བ་དང་སྣ་ས་ལ་མ་ཐུག་ཙམ་བྱས་ནས་ཁུར་དགོས་པའི་ལྗིད་ཚད་ཆེན་པོ་ཞིག་བྱུང་བས། ཁོའི་བསམ་པར་ཧ་ལས་སོ་ཟེར་བ་དེ་ཅི་འདྲ་ཞིག་ཡོད་དམ། ལྗིད་ཚད་ཆེ་ལུགས་འདི་ལ་བལྟས་ན་ཧ་ལས་སོ་ཟེར་བ་དེ་ཁྱིམ་ཐོག་ཏུ་ཡོད་པ་ཨེ་ཡིན་བསམས་ནས་མོའི་རྩར་སླེབས་ལ་ཁད་ཙ་ན་ཁ་ཕྱེ་ནས་བལྟས་པས། ས་མཚོ་སྨན་གྱིས་མཐོང་སྟེ་ཁོ་མ་གིར་བསྡད་སོང་བས་སྔོ་ལོ་ཞིག་འཕྱར་སྙིང་འདོད་སོང་བསམས། སྒྲོམ་བུའི་ནང་ནས་ལྕགས་ཀྱི་མི་ཁྲུ་གང་པ། ལག་ན་ལྕགས་ཀྱི་ཐོ་བ་ཁྱེར་བ་ཞིག་དོན་བྱུང་སྟེ་ཧ་ལས་སོ་ཟེར་ཁོའི་མགོ་རུས་ཐོ་བས་བརྡུངས་སོ།།
ས་མཚོ་སྨན་དེར་མགྱོགས་པར་ཕྱིན་ནས་རུབ་རུབ་བཟོས་ཏེ་སྒམ་ནང་དུ་བླུགས་ནས་ཁོ་ལ་སྨྲས་པ། ངས་ཁྱོད་ལ་ཁ་མ་ཕྱེ་བར་ནང་དུ་ཁྱེར་ཤོག་བྱས་ཟིན། ཁྱོད་ཀྱིས་ནི་རང་གིས་རང་ལ་སྡུག་པོ་གཏོང་གི་གདའ་ཟེར། ཁོ་སྐྱོར་གྱིན་སྒམ་ཁུར་ནས་ནང་དུ་སླེབས་པ་དང་། ལུག་རྫི་བས་རྒྱལ་པོར་ཞུ་བ་ཕུལ་ཟིན་རྗེས་རྟ་རྒྱུག་མ་འདུར་གཅིག་བཏང་ནས་འདི་ཕྱོགས་སུ་ཡོང་བ་ཁོང་གཉིས་ཀྱིས་མཐོང་། བུ་དེས་ང་བསུ་བར་འགྲོ་བྱས་པར། བུ་མོ་ན་རེ། ཁྱོད་རང་བཞུགས་དང་ངས་བལྟ་བར་ཕྱིན་ཆོག་ཟེར། ལུག་རྫི་བས། ངས་ཁྱོད་ཀྱི་ཞུ་བ་ལས་རྒྱས་པ་རྒྱལ་པོ་ལ་ཕུལ་རུང་། རྒྱལ་པོས་ཞུ་བ་བཞེས་རྒྱུ་ཕར་བཞག་ད་ལྟ་མཁར་གཞིས་ཇོ་མོ་དང་བཅས་པ་ཕུལ་ན་སྲོག་ལ་མི་འབབ་པ་ཡོང་གསུང་གི་འདུག་བྱས་པ་དང་། བུ་མོས། ངེད་གཉིས་རང་ལ་དག་པའི་མཁར་གཉིས་འདི་རྒྱལ་པོས་བཞེས་རྒྱུ་ཟེར་བ་དེ་རྒྱལ་པོ་དབང་ཆེ་མ་དྲགས་ལགས་སམ། རྒྱལ་པོ་ང་རྒྱལ་ཆེ་ན་ནམ་ཕུགས་ཕམ་པའི་ཉེན་ཡོད་བྱས་པས། རྒྱལ་པོས་དམག་འདྲེན་པ་འདུག་བྱས་པར། ཁོང་གཉིས་ཀྱིས་ཁྱོད་ཕར་ཕྱིན་ནས་རྒྱལ་པོའི་འདོད་པ་ལྟར་མཛད་པར་ཞུ་ཞུས་ཤིག་བྱས། ཁོ་ཕྱིར་ལོག་ནས་རྒྱལ་པོ་ལ། ཁོང་ཚོ་མཁར་བཙན་པའི་སྟབས་ཀྱིས་ང་ལ་ནི་སྣང་བ་གཏོང་གི་མི་འདུག་པས་རྒྱལ་པོ་རང་ཕེབས་པ་ཞུ་ཞུས་པས། རྒྱལ་པོ་ཁྲོས་ཏེ། མངའ་འོག་གི་བློན་པོ་རྣམས་ལ་བཀའ་བསྒོས་ཏེ་རྒྱལ་པོས་དམག་ཁྲི་ཚོ་གཅིག་བཏང་། ཡབ་ཡུམ་གཉིས་པོ་བྲང་དུ་བཞུགས་སོ། །དམག་གི་སྔོན་དུ་ལམ་སྣེ་ཁྲིད་མཁན་ལ་ལུག་རྫི་བ་དེ་བཏང་། ལུག་རྫི་བ་དེ་ན་རེ། ངས་རྒྱལ་པོའི་དྲུང་དུ་ཁོང་ཚོར་རྒྱུ་དངོས་ནོར་ལུག་ལ་སོགས་པ་འབུལ་རྒྱུ་མི་འདུག་ཞུས་པས། རྒྱལ་པོས་ང་ལ་ནོར་གྱི་དགོས་པ་མེད། དམག་དྲོངས་ཤིག་གསུངས་ནས་དམག་ཁྲི་དམག་འདིར་འབྱོར་ཡོད། མཁར་འདིས་བརྟེན་མི་ཐུབ་པས་ཁྱོད་གཉིས་སྲོག་ལ་མི་འབབ་པའི་ཞུ་བ་བྱས་པ་མི་དྲག་གམ་བྱས་པ་དང་། ངས་ས་མཚོ་སྨན་ལ་དྲིས་ཡོང་ཟེར་བར། ལུག་རྫི་བས། ཁྱོད་ཀྱི་བཟའ་ཟླ་དེ་རྒྱལ་པོའི་ཇོ་མོར་བཅོལ་བ་འདུག །ཁྱོད་རང་ལ་ཉེས་པ་མི་ཡོང་བའི་དོན་དུ་སྒོ་ཕྱེ་ན་དྲག་བྱས་པས། ཁོ་སྟེང་དུ་ཕྱིན་ནས་མོ་ལ་སྨྲས་པ། ཕྱི་རོལ་ཏུ་སྒོ་ཕྱེ་ན་དྲག་བྱས་པས། ཁོ་སྟེང་དུ་ཕྱིན་ནས་མོ་ལ་སྨྲས་པ། ཕྱི་རོལ་ཏུ་དམག་གིས་གང་ནས་འདུག །གང་འདྲ་བྱས་པ་དྲག་བྱས་པར། མོ་ན་རེ། མང་ཉུང་འདུག་གམ་ཟེར། མང་ཉུང་ཁང་ཐོག་ནས་ལྟོས་དང་བྱས་པས་མོ་ན་རེ། གད་པ་ཆེ་ཡང་ས་ཕུག་ཡིན། ཁྲི་དམག་མང་ཡང་མི་རོ་ཡིན། ལུག་རྫི་གྲོགས་པོ་མདོ་ན་ཨེ་འདུག་ཟེར། གྲོགས་པོ་ད་ལྟ་མདོ་ན་ལན་བསྒུགས་ནས་བསྡད་འདུག་བྱས་པར། ཡོང་བས་འགྲིག་འདུག་ད་ལྟ་ཁྱེད་རང་སྒོ་ཕྱེ་བར་རྒྱུགས་ཤིག །མིག་མ་འཁྲུལ་བ་གྱིས་ལ་ལྟད་མོ་ལྟོས་ཨང་ཟེར། རྒྱ་སྒོ་རྣམས་ཕྱེ་མ་ཐག་ས་མཚོ་སྨན་གྱིས། དགྲ་ཡིན་ངེས་ཤེས་པའི་ལུག་རྫི་གསོད། དམག་ཁྲི་ཚོ་ཤི་མིན་རོ་མིན་རྡུངས། དེ་ནས་རྒྱལ་པོའི་ཕོ་བྲང་དུ་སོང་ལས་རྒྱལ་པོ་བཟའ་མི་གཉིས་ཤི་ཙམ་རྡུངས་ཤིག་ཟེར། སྒམ་ཕྱེ་སྟེ་དགྲའི་མགོ་ལ་རྒྱོབ་ཅིག་བྱས་མ་ཐག་ལྕགས་ཀྱི་མི་ཧྲེང་བཞི་དོན་ནས། སྔོན་ལ་ལུག་རྫི་དེ་བསད། དེ་ནས་ཁྲི་དམག་རྣམས་ར་མ་རོར་བཏང་། རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་སྐས་ལ་ཡར་ཧ་ལས་སོ་ཧ་ལས་སོ་ཟེར་འཛེགས་ཕྱིན། རྒྱལ་པོའི་བསམ་པ་ལ་ང་དབང་ཆེ་བ་དང་བཙུན་མོ་ཀླུ་མོ་རྫུ་འཕྲུལ་ཆེ་བས་ཧ་ལས་སོ་དེ་མངོན་སུམ་དུ་ཡོང་བ་ཨེ་ཡིན་བསམ་མིག་ཧུ་རེར་བལྟས་པས། ལྕགས་ཀྱི་མི་ཧྲེང་ཐོ་བ་ཁྱེར་བ་བཞི་བྱུང་ནས་ཧ་ལས་སོ་ཧ་ལས་སོ་ཟེར་རྒྱལ་པོ་ཁྲི་ཁ་ནས་བསྒྲིལ་ཏེ་བརྡུངས། དེར་ཀླུ་མོ་དེ་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཧ་ལས་སོ་འདིས་ཆོག་ལགས་སམ་ཞུས་པར། རྒྱལ་པོས་ཀླུ་མོ་ཁྱོད་སྤྲུལ་པ་ཆེ་བ་དང་། རི་ལམ་ཟས་སུ་ཟ་མཁན་བསོད་ནམས་ཆེ་བས། ངས་ཁྱོད་གཉིས་མི་ཐུབ། ངའི་བུ་མོ་སྙིང་ནས་བརྩེ་བ་འདི་ཁོ་ལ་སྟེར། ངེད་རྒན་རྒོན་གཉིས་ཆོས་བྱེད། རྒྱལ་སྲིད་འདི་ཁྱེད་གཉིས་ལ་འབུལ་རྒྱུ་ཡིན། དེང་རྒན་རྒོན་བསད་ཀྱང་སྡིག་པ་དུ་བ་ལས་མེད་པས་གསོད་དུ་མ་འཇུག་ཟེར། དེར་མོས་སྒམ་ཁ་ཕྱེ་ནས་ལྕགས་ཀྱི་མི་ཧྲེང་བཞི་པོ་ནང་དུ་བཙུད། སྒམ་དེར་སྐོ་ལྕགས་བརྒྱབ་ནས་མོ་རང་གི་ཕོ་བྲང་དུ་ལོག་ཡོང་ངོ་། །དེར་དམག་རྣམས་ནི་གོ་ཆ་རྒྱང་ལ་བསྐྱུར། ལག་ན་འཁར་བ་རེ་ཁྱེར། གཅིག་གིས་གཅིག་སྐྱོར་ནས་ལོག་ཕྱིན་ཏོ།།
སྐབས་དེར་ནི་རྒྱལ་པོའི་སྲས་མོ་དེར་རྒྱན་ཆ་ལུགས་གཟབ་པར་སྤྲས། བློན་པོ་འཁོར་དང་བཅས་པ་སྐྱེལ་མར་ཡོང་། ཁོས་རྒྱལ་སྲིད་ཕན་ཚུན་གཉིས་ཀ་བཟུང་ངོ་། །ཀླུ་མོས་རྒྱལ་པོའི་སྲས་མོ་དེར་ཕྲག་དོག་མ་བྱས་པར་ཁོང་གསུམ་མཐུན་པོར་གནས། བཙུན་མོ་གཉིས་ལ་བུ་རེ་རེ་སྐྱེས། རྒྱལ་སྲིད་དང་མངའ་འོག་ཆབ་འབངས་རྣམས་སྔར་ལས་དར་ཞིང་རྒྱས་པ་དང་། མི་དང་ཀླུ་གཉིས་གཅིག་དྲིན་གཅིག་ལ་ཆེ་བ་བྱུང་ངོ་། །མི་དང་ཀླུ་གཉིས་བསྡེབས་པས་མི་ནོར་དང་ཀླུ་ནོར་འཛད་མེད་ལོངས་སུ་སྤྱོད་རྒྱུ་བྱུང་ངོ་ཟེར། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས། རྨི་ལམ་བཟང་པོ་གྲུབ་པས་ཁོ་ལ་བདེ་བ་ཐོབ་འདུག་ཟེར་བས་རོ་དེ་ཤོར་ནས་རོ་ལ་གཏམ་ལན་བྱ་ཁྲ་ཧུར་ཟེར། བླ་མའི་ཞལ་ཏ་ལ་རོ་ལ་གཏམ་མ་ཟེར་གསུང་བ་ལ་ཚིག་གསུམ་ཤོར་བས་ལན་བསམས། བླ་མའི་སྐུ་མདུན་དུ་ཕྱིན་ཀྱང་བཀའ་བཀྱོན་ཡོང་བསམས་ནས་ཡང་དུར་ཁྲོད་དེར་ཕྱིན། རོ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་རྡོག་པས་བརྡུངས། ཤིང་སྡོང་དེའི་རྩར་ཕྱིན།། །།

 

ལེའུ་ཉི་ཤུ་པ།
རྒྱལ་པོ་ཆོས་བཟང་བསམ་གཏན་པ་དང་། མེ་ཏོག་ས་ལེ་སྒྲོལ་མ་གཉིས་ཀྱིས་ལྷ་སྲིན་སྡེ་བརྒྱད་

བྲན་དུ་བཀོལ་ནས་འཛམ་གླིང་བདེ་བར་བཀོད་པ།

ཡང་རྒྱལ་བུས་གྲི་བཏོན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་ཟེར་ནས་ཕྱེད་ཙམ་ཆོད་པ་བརྒྱབ་པས་རོ་དེ་སྡིག་ཟེར་བབས་བྱུང་། ཏོག་མས་བརྡུངས། རལ་གྲིས་བཏུབ། དྲ་བའི་ནང་དུ་བཙུད། ཞགས་པས་བསྡམས་ནས་ཁུར་ཕྱིན་ཏ། །གོམ་པ་བདུན་ཙམ་འཕགས་པ་ན། རྒྱལ་བུ་རྒྱལ་བུ། ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་ཤོད། རང་ན་ངས་སྒྲུང་ཞིག་བཤད་ཀྱིས་ཟེར། ཁོ་རྒྱུས་ཡོད་བསམས་ནས་ལན་མ་བརྒྱབ་པར་འོངས། རྒྱལ་བུ་ལས་ཟད་ཁྱོད་ཀྱི་ཁ་ནས་སྒྲུང་མི་ཡོང་བ་འདུག་པས་ངས་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར།
སྔར་ལུང་པ་གཅིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་གདའ། དེ་ལ་ཇོ་མོ་ཁྱད་དུ་འཕགས་པ་གཅིག་ཡོད་འདུག །ཇོ་མོ་དེ་ལ་སྲས་ཁྱད་འཕགས་གཅིག་འཁྲུངས་པ་ཡིན་འདུག །སྲས་དེ་འཁྲུངས་པའི་དུས་རྟེན་འབྲེལ་ལེགས་པའི་རྟགས་དང་མཚན་མ་སྣ་ཚོགས་བྱུང་ཞིང་། བྲམ་ཟེ་མཚན་མཁན་ལ་བསྟན་པས་ཀྱང་། འདི་གང་གི་སྤྲུལ་པ་ཡིན་མིན་བརྗོད་པར་དཀའ་བས་གནས་སྐབས་མཚན་གསོལ་ཐབས་བྲལ་ཟེར། སྲས་དེ་འཁྲུངས་ནས་ཡུན་རིང་མ་སོང་བར་བདུད་ཀྱི་བར་ཆད་ཀྱིས་ཡུམ་ཡང་གྲོངས། ལུང་པའི་ཕུ་ན་ནགས་རི་སྲིན་མོ་ཁྲོས་པ་འདྲ་བ་ཞིག་ཡོད་པ་དེ་ལ། བདུད་ཕོ་བདུད་མོ་གཉིས་ཡོད་པར་སྔར་ཡུལ་དེའི་རྒྱལ་པོས་ལོ་ལྟར་མཆོད་ཀྱི་ཡོད་པ་ལ། རྒྱལ་བུ་དེ་འཁྲུངས་ནས་བཟུང་ལོ་ཤས་རིང་གསོལ་མཆོད་བྱེད་རྒྱུ་མ་བྱུང་བས། བདུད་དེ་རྣམས་ཁྲོས་ནས་རྒྱལ་བུ་དེར་གནོད་འཚེ་ཞིག་བྱེད་རྒྱུའི་བསམ་པ་འཁོར། རྒྱལ་བུ་དེ་དགུང་ལོ་བཅོ་ལྔ་ཙམ་ལོན་སྐབས་གཡོག་གཉིས་གསུམ་ཁྲིད་ནས་ནགས་གསེབ་ཏུ་ཕེབས། བདུད་ཕོ་བདུད་མི་གཉིས་ཀྱི་བསམ་པར། རྒྱལ་བུ་དེ་སྐྱེས་ནས་ང་གཉིས་ལ་གསོལ་མཆོད་མི་བྱེད་པས། འདི་མེད་པ་ཞིག་བཟོ་དགོས་བསམས་ཏེ་ལྕགས་ཀྱི་ཕག་པ་ཕོ་མོ་དུང་གི་ཁྲ་ཐོན་པ་གཉིས་སུ་སྤྲུལ་ནས་རྒྱལ་པོ་དཔོན་གཡོག་བཀབ་བྱུང་བས་གཡོག་རྣམས་དེ་གར་འགྱེལ་ལོ།།
རྒྱལ་བུ་སྐྲག་སྣང་མ་སྐྱེས་པར། ངའི་ལག་ཏུ་ཡོད་པའི་འོད་མའི་གཞུ་འདི་ལྕགས་ཀྱི་གཞུར་འགྲོ་བར་ཤོག །མདའ་འདི་ལྕགས་ཀྱི་མདར་འགྲོ་བར་ཤོག །ངས་རྒྱལ་ས་འདི་འཛིན་མི་ཐུབ་པ་དང་། རྒྱལ་སྲིད་འདི་ཆེན་པོ་མི་དར་ན་ཕག་ཁྲ་བོ་འདི་གཉིས་ཀྱིས་ང་ཟ་བར་ཤོག་ཟེར་སྨོན་ལམ་བཏབ་པ་དང་། འོད་མའི་གཞུ་དེ་ལྕགས་ཀྱི་གཞུར་སོང་། སྨྱུག་མའི་མདར་སོང་ངོ་། །དེར་ཁོ་རང་གིས་ཤུགས་ཀྱིས་བཀང་ནས་ངའི་མདའ་འདི་ཕག་པ་ཕ་གིའི་དཔྲལ་བའི་དཀྱིལ་དུ་ཕོག་ནས་མཇུག་མའི་རྩེར་དོན་པ་ཤོག །ང་བསམ་པ་རྣམ་པར་དག་པའི་ཡོན་ཏན་གྱིས་ཁོ་འཆི་བར་ཤོག །ཤི་ནས་ཀྱང་ལྷར་སྐྱེ་བར་ཤོག །ནག་ཕྱོགས་བདུད་ཀྱི་བསྟན་པ་ནུབ་ནས་དཀར་ཕྱོགས་ཀྱི་བསྟན་པ་དར་བ་ཤོག་བྱས་པ་དང་། ཕག་དེ་ཤི་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །ཕག་ཁྲ་བོ་དེ་ནི་འཇའ་ཡལ་བ་ལྟར་གར་སོང་འདིར་སོང་མེད་པར་གྱུར། དེར་ཁོ་རང་གི་གཡོག་རྒྱལ་བ་རྣམས་ཤིང་སྡོང་པོའི་བསིལ་གྲིབ་འོག་ཏུ་བཞག །ཙནྡ་གྱི་ཡལ་ག་ཆུ་ལ་བཙུད་ནས་བརྒྱབ་པས་དྲན་པ་གསོས་སོ། །དེ་ནས་དཔོན་གཡོག་རྣམས་ལོག་ནས་ཕོ་བྲང་ལ་བྱོན་ནོ།།
དུས་ནམ་ཞིག་སོང་བ་དང་། རྒྱལ་པོའི་ཇོ་མོ་བདུད་ཀྱིས་བསྐུལ་ནས། དེ་རིང་ཉི་མ་རིང་བས་རི་ལྡེབས་ཡ་གི་ལ་སྐྱོ་བསང་ལ་འགྲོ་གསུངས། ཞལ་ཏ་མ་རྣམས་ལ་དྲོ་ཆས་བསྐུར་ནས་འོང་གསེབ་ལ་ཕེབས་པ་དང་། རིའི་ལྡེབས་ལས་དེ་རིང་འོང་གསེབ་འདིར་དགའ་བ་འདྲ་གསུངས་ནས་བཞུགས་སོ། །འོང་གསེབ་དུ་ཚུད་པ་ནས་གད་པ་ཞིག་གི་འོག་ཏུ་བཞུགས། ཁ་ཉིན་བསད་པའི་ཕག་པའི་ཆུང་བདུད་མོ་དེས་གད་པ་བརྟིབས་ནས་བཙུན་མོ་བཀྲོངས། ཞལ་ཏ་མ་དེ་ཕྱིར་ལོག་ནས་རྒྱལ་པོ་ལ་ཞུ་མ་ནུས་པར་བློན་པོ་བརྒྱུད་ནས་ཞུས་པ་དང་། རྒྱལ་པོ་ཐུགས་ཡིད་ཤིན་ཏུ་སྐྱོ་ནས་རྒྱལ་བློན་རྣམས་བལྟ་བར་བྱོན་ཞིང་། བཙུན་མོའི་སྤུར་མཐོང་བ་དང་དྲན་མེད་དུ་བརྒྱལ་ལོ། །རྒྱལ་པོའི་ཞལ་དུ་ཙནྡ་གྱི་ལྡེ་གུ་དང་བུ་རམ་གྱི་ཆུ་དྲངས་པས་རྒྱལ་བ་ལས་གསོས། རྒྱལ་པོ་ཕོ་བྲང་ལ་བྱོན་ནོ།།
བཙུན་མོའི་སྤུར་ཡང་དར་གྱིས་བསྒྲིལ་ནས་གདན་དྲངས། བཙུན་མོའི་རྗེས་སུ་གཤེགས་རྫོང་རྒྱས་པར་བྱས། རེ་ཞིག་སོང་བ་ན་བདུད་མོ་དེ་མཚར་སྡུག་འོད་ཆགས། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་གཞོན་ནུ་མ་ཞིག་ཏུ་སྤྲུལ་ནས། རྒྱལ་པོའི་ཕོ་བྲང་གི་འདབས་སུ་ཡོང་། མི་རྣམས་ཀྱིས་ཁྱེད་གང་ནས་བྱོན་པ་ཡིན་ཞེས་དྲིས་པར། ང་ནི་ལྷ་ཡུལ་ནས་ཡོང་བ་ཡིན་ཟེར། དེར་མི་རྣམས་ཀྱི་བློན་པོ་ལ། རང་རེའི་རྒྱལ་པོ་ཡབ་སྲས་ལ་ཇོ་མོ་ཞིག་དགོས་པར་འདུག་སྟེ། སྔར་གྱི་དེ་ཙམ་ནི་བཙལ་ཀྱང་མི་རྙེད། གཞན་ནས་བཙལ་ཀྱང་སྔར་ལྟར་ཨེ་ཡོང་མི་ཤེས། འདི་ནི་རྒྱལ་པོ་ཡབ་སྲས་གཉིས་ཀའི་ཇོ་མོ་ཡོང་བ་འདུག་ན། ལྷ་ནས་བབས་པའི་རིགས་བཟང་འདི་ཁབ་ཏུ་བཞེས་པ་དྲག་ཟེར་ཞུ་བ་ཕུལ་བས། མངའ་འོག་རྣམས་ཁ་འཆམ་སྟེ་བློན་པོ་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཞུས། རྒྱལ་པོས། སྔར་གྱི་བཙུན་མོ་དེ་འདྲ་ནི་བཙལ་ཀྱང་མི་རྙེད། ད་ནི་ཆུང་མ་མི་ལེན། ཁྱོད་ཚོ་རྒྱལ་བུར་འདྲི་བར་སོང་གསུངས་པས། བློན་པོ་རྣམས་རྒྱལ་བུའི་སར་ཕྱིན་ནས་རང་རེའི་ཁབ་ན་ལྷ་ནས་བབས་པའི་གཞོན་ནུ་མ་ཁྱད་དུ་འཕགས་པ་ཤིག་འདུག །ལྷ་ནས་བབས་པའི་ཇོ་མོ་ནི་ཇི་ལྟར་བྱས་ཀྱང་མི་རྙེད་པས་རྒྱལ་པོའི་ཁབ་ཏུ་བཞེས་པ་དྲག་ཞུས་པར། དེ་ཐོས་མ་ཐག་རྒྱལ་བུ་ཁམས་རྩ་འཁྲུགས་ནས། ང་ཆུང་མ་མི་ལེན། རྒྱལ་ས་ཡང་མི་ཟིན། དེ་ལས་ཆོས་བྱེད་དུ་འགྲོ་གསུངས་པས། ཡང་བློན་པོ་རྣམས་རྒྱལ་པོའི་དྲུང་དུ་ཕྱིན་ནས། རྒྱལ་བུ་ད་ཕྱིན་ཆོས་མཛད་ནས་རྒྱལ་ས་མི་ཟིན། ཇོ་མོ་ཡང་ཁབ་ཏུ་མི་ལེན་གསུང་གི་འདུག་ལགས་ཞུས་པས། རྒྱལ་པོས་བློན་པོ་ཞིག་རྒྱལ་བུ་སྐད་གཏོང་བར་བཏང་། བློན་པོས་ཁྱོད་རྒྱལ་པོའི་དྲུང་དུ་ཤོག་གསུང་གི་འདུག་པས་ཕེབས་པར་ཞུ་བྱས་པ་དང་། རྒྱལ་བུ་ཡབ་ཀྱི་སྐུ་མདུན་དུ་བྱོན། དེར་རྒྱལ་པོས་རང་གི་བུ་ལ། རང་རེའི་གྲོང་ཁྱེར་ན་ལྷ་ལས་བབས་པའི་མཛེས་མ་ཞིག་ཡོད་འདུག་པས་ངའི་ཆུང་མ་གྱིས་ཟེར་རུང་ཁྱོད་ཀྱི་ཨ་མ་དེ་མེད་པ་བྱས་ནས་བཟུང་སུ་ཞིག་དང་མི་འགྲོགས་པའི་བློ་ཐག་བཅད་ཟིན་པ་ཡིན། ཁྱོད་ཆོས་བྱས་ན་རྒྱལ་ས་སྟོངས་ཤིང་རྒྱལ་བརྒྱུད་ཆད་འགྲོ་བས་ཁྱོད་ཀྱི་ཁབ་ཏུ་ཅི་ནས་ཀྱང་བླངས་པ་དྲག་ཟེར་བཀའ་གནང་བ་དང་། རྒྱལ་བུས། ང་ཚོའི་རྒྱལ་བརྒྱུད་ཐོག་ཡབ་རྒྱལ་པོའི་བཀའ་གཅོག་སྲོལ་མེད་ལགས་ཀྱང་། ད་ལམ་བུ་མོ་འདི་མིག་གིས་མཐོང་བ་ཙམ་གྱིས་བདག་གི་སྙིང་རྩ་འཁྲུག་པ་གཅིག་བྱུང་ན། མོ་རང་ལྷ་མོ་ལས་ལྷག་པ་ཡུམ་ཆེ་མོ་ཡིན་རུང་བདག་གིས་ད་རེས་ཡབ་ཀྱི་བཀའ་མ་བཅག་ཐབས་མེད་ཡིན། གཞན་ཡབ་ཀྱིས་བཀའ་གང་གནང་ལ་མ་ཤི་བར་མངོན་བསྟོད་ཞུ་ཞུས། འོན་ཀྱང་ཡབ་ཀྱི་ཐུགས་སུ་བདུད་མོ་དེ་ཞུགས་ནས། ངས་ལབ་པ་ལ་ནི་མི་ཉན། ཁྱོད་ཀྱིས་ཁབ་ཏུ་མི་ལེན་པར་འདུག་པས་བུ་མོ་དེ་ཁྱོད་ཀྱིས་མི་ལེན་ན་ངས་བླངས་པས་ཆོག་གསུངས། དེར་རྒྱལ་བུས་ཡབ་ལ། འདི་མ་གཏོགས་གཞན་བཀའ་གང་གནང་ལ་མངོན་བསྟོད་ཞུ་ཞུས་པར། རྒྱལ་པོའི་ཐུགས་ལ། བུ་མོ་མཚར་སྡུག་འོད་ཆགས་ཤིང་དྲི་ཞིམ་པ་དེས་ནམ་ཞིག་ཁོ་རང་གི་ཡིད་ཁུག་ཡོང་། ད་ལྟ་ནི་ཁོ་རང་ན་སོ་གཞོན་པས། མི་རྣམས་ཀྱིས་ཅི་ཟེར་མི་ཤེས་བསམ་པ་ཡིན་ཡོང་དགོངས་ཏེ། རྒྱལ་པོ་རང་གིས་ཁབ་ཏུ་བཞེས་སོ། །ལྷ་ལྕམ་དེས་རྒྱལ་བུར་གཡོ་འཁྲུལ་སྣ་ཚོགས་ཀྱིས་སླུ་ཐབས་བྱས་རུང་མོས་སླུ་མ་ཐུབ། སྐབས་དེར་བདུད་མོའི་བསམ་པ་ལ། རྒྱལ་བུ་འདི་ངས་སླུ་མི་ཐུབ་པ་འདུག །འདི་དང་ཚེ་འདིར་འགྲོགས་རྒྱུ་མ་བྱུང་རུང་མཐའ་ལ་སྤྱུགས་པའི་ཐབས་ཤིག་བྱེད་དགོས་བསམས།
དུས་ནམ་ཞིག་སོང་བ་ན་མོས་འགྲམ་པ་གཡས་སུ་བཙག་བཅུག །གཡོན་དུ་རམ་བཅུག་ནས་ལུད་པ་སྔོ་དམར་ཤིག་གེ་བྱས། ང་ན་ང་ཚ་ཟེར་ནས་ཉལ་བསྡད། རྒྱལ་པོ་ནི་ཇོ་མོ་སྔ་མ་གྲོངས་པའི་སྣ་བསུན་ལ་བརྟེན་ནས་ཁྱོད་ན་བར་གང་གིས་ཕན་བྱས་པ་དང་། ང་ན་བ་ལ་ཕན་པ་ཡོད། ནུབ་ཕྱོགས་སྲིན་པོའི་ཡུལ་ན་ང་རང་གི་གྲོགས་མོ་ཡིན་པ། རྒྱལ་པོ་རཀྞ་མགྲིན་དགུའི་བུ་མོ་ས་ལེ་སྒྲོལ་མ་ཞེས་བྱ་བ་ཞིག་ཡོད་པས། སྨན་དཔྱད་ལ་མོ་ལས་མཁས་པ་མེད། ཁྱེད་མིའི་སྨན་པས་ང་ལ་བཅོས་མི་ཐུབ་ཟེར། རྒྱལ་པོས་དེ་འདྲའི་ཡུལ་ལ་བགྲོད་པའི་མི་རྒྱུས་ཡོད་པ་ནི་མེད། ཅི་དྲག་གསུངས་པས། གཞན་གྱིས་བགྲོད་ཀྱང་མི་བགྲོད། འགྲོ་ཡང་མི་ནུས། རང་རེའི་རྒྱལ་བུ་འདི་བསོད་ནམས་ཆེ་བ་དང་རྫུ་འཕྲུལ་ཆེ་བ་ཞིག་འདུག་པས། ཁོ་རང་ཉེས་པའི་སྐྱོན་གྱིས་མ་གོས་པར་ལྷ་མོ་དེ་དང་འགྲོགས་པར་འབྱོན། དེ་མིན་སུ་ཞིག་གིས་ཀྱང་མི་ཁུགས་བྱས་པ་དང་། རྒྱལ་པོས་བློན་ཆེན་གཅིག་ལ་ཞལ་ཏ་གནང་ནས། རྒྱལ་བུ་ཆོས་བཟང་བསམ་གཏན་པ་འདིར་མགྱོགས་པར་བོས་ཤོག་གསུངས་པས། བློན་པོ་དེ་རྒྱལ་པོའི་སྐུ་མདུན་དུ་ཕྱིན་ནས། ཡབ་ཀྱི་དྲུང་དུ་བྱོན་གསུང་གི་འདུག་ལགས་ཞུས་པས། རྒྱལ་བུ་སྔར་ཡབ་ཀྱི་དྲུང་དུ་འགྲོ་འདོད་མེད་ཀྱང་། ད་རེས་བློན་པོས་ཡབ་ཀྱི་བཀའ་བརྡ་སྦྱོར་བྱས་མ་ཐག་སྔར་དང་མི་འདྲ་བའི་སྤྲོ་བ་སྐྱེས་བྱུང་གསུངས་ནས་སྐུ་མདུན་དུ་ཕྱིན་ཕྱག་ཕུལ་ནས་བཞུགས་པ་དང་། རྒྱལ་བུ་ཆོས་བཟང་བསམ་གཏན་ཁྱོད། །བསོད་ནམས་སྟོབས་ཅན་ཤུགས་ཀྱི་མཐུས། །ནུབ་ཕྱོགས་སྲིན་པོའི་ཡུལ་གྲུ་ནས། །ས་ལེ་སྒྲོལ་མ་བཀུག་ནས་སུ། །འདི་ཡི་ནད་ཀྱི་གདུང་བ་སེལ། །ཕ་བུ་འཕྲད་པའི་སྨོན་ལམ་འདེབས། །གསུངས་པར། རྒྱལ་བུ་མཉེས་ནས་རིག་པ་བརྟན་པོས་ཡབ་ལ་ཞུས་པ། བདག་གིས། མེ་ཏོག་ས་ལེ་སྒྲོལ་མ་བཀུག་ནས་སུ། །བུ་མོའི་ནད་ཀྱི་གདུང་བ་ཞི་བ་དང་། །ཡབ་ཀྱི་བཀའ་རྣམས་མ་ལུས་འགྲུབ་པ་དང་། །མྱུར་དུ་ཞལ་རས་མཇལ་བའི་སྨོན་ལམ་འདེབས། །དུས་བཟང་ཡིན་པས་སང་ཉིན་འགྲོ་བ་ཞུས་པས། ཡབ་ཀྱིས། འབངས་འཁོར་གཡོག་ཁྲིད། ལམ་ཆས་རྣམས་ཁྱེར་ལ་མྱུར་དུ་འཁོར་བར་ཤོག་གསུངས་པར། རྒྱལ་བུས་ལམ་ཆས་གཡོག་དང་བཅས་པ་མི་དགོས་ལགས་ཞུས་པས། རྒྱལ་པོའི་ཐུགས་དགོངས་ལ། ངའི་བུ་འདི་ལོ་གཞོན་པ་དང་མཐོང་གོམས་མ་རྙེད་པས་ལྕེབས་པ་དང་། ཡུལ་མཐར་འཁྱམས་པ་ནི་མིན་བསམས་ནས། ཁྱོད་ཀྱིས་ལོག་པའི་བྱ་བ་བྱེད་འདོད་པ་ཡིན་ནམ་གསུངས་པར། ལོག་པའི་བྱ་བ་བྱེད་འདོད་པ་ཡིན་ནམ་གསུངས་པར། ལོག་པའི་བྱ་བ་བསྒྲུབས་ན་ཡབ་ཀྱི་བཀའ་བཅག་པ་ཡིན། ལྕེབས་པའི་ལས་ནི་བྱེད་རྒྱུའི་བསམ་པ་མེད། བུ་མོ་བཀུག་ནས་མྱུར་དུ་སྐུ་མདུན་བཅར་ཞུས་པས། རྒྱལ་པོ་མཉེས་སོ།།
བདུད་མོ་མོའི་བསམ་པ་ལ། ད་ངས་ཁོའི་སྲོག་གཅོད་ཐུབ་པ་འདུག་བསམས། རྒྱལ་བུ་ནི་སྤྲོ་བ་དཔག་མེད་ཀྱི་ངང་ནས་ནུབ་ཕྱོགས་སྲིན་པོའི་ཡུལ་ལ་བྱོན་ནོ། །ས་སྟོངས་ཤིག་ཏུ་ཕེབས་པ་དང་། སྐུ་ངལ་ནས་ངལ་གསོ་ཞིག་བརྒྱབ་པས། ཁོང་བཞུགས་པའི་སྨད་དེ་ན་མཚོ་ནག་པོ་ཆེན་པོ་ཞིག་དང་། སྟོད་དེ་ན་དཀར་པོ་ཆེན་པོ་ཞིག་ཡོད་འདུག །མཚོ་ནག་པོ་ཆེན་པོ་དེའི་ནང་ནས་སྦྲུལ་ནག་པོ་ཞིག་དོན། མཚོ་དཀར་པོ་ནས་སྦྲུལ་དཀར་པོ་ཞོག་དོན། སྦྲུལ་དེ་གཉིས་འཛིངས་ཏེ་གཉིས་ཀ་རྔུལ་ཆུ་ཁྲུམ་མེར་ལུས། རྒྱལ་བུའི་བསམ་པ་ལ། དུད་འགྲོ་འདི་གཉིས་གང་གི་དོན་ལ་མ་འཆམ་པ་ཡིན་ནམ་བསམས་པའི་ཐེ་ཚོམ་གྱི་ངང་བཞུགས་པའི་སྐབས་སུ། ནག་པོ་དེའི་ཁོག་ཏུ་དཀར་པོ་ཕྱེད་ཙམ་མིད་དོ། །ད་ལྟ་འདི་ན་ཡོད་བཞིན་དུ་ཕ་གི་ཁར་བཅུག་པ་ནི་ང་རྒྱལ་ཆེ་རང་དྲག་བསམས། རྒྱལ་བུས་སྦྲུལ་ནག་པོ་དེའི་སྒལ་པའི་སྟེང་དུ་བྱོན་ནས་ཞེ་སྡང་ཅན་ཞེ་སྡང་ཞི་བར་གྱུར་ཅིག་བྱས་ཁྲབ་པས་སྦྲུལ་དཀར་པོ་དེ་ཕྱིར་བསྐྱུགས། སྦྲུལ་ནག་པོ་དེ་མཚོ་ནག་པོའི་ནང་དུ་མཆོངས། དཀར་པོ་དེ་ཡང་མཚོ་དཀར་པོ་དེ་ལ་མཆོངས།
དེར་ནུབ་གཅིག་བཞུགས་པས། མཚོ་དཀར་པོ་དེའི་ནང་ནས་ཁྱེའུ་གསེར་གྱི་རས་ཁུག་གསིག་པ་གཅིག་བྱུང་སྟེ། དྲུང་པས་བདག་གི་སྲོག་མགོ་བཏོན་པས་ཕོ་བྲང་ལ་ཕེབས་པ་ཞུ་ཟེར། ཁྱོད་སུ་ཡིན་བྱས་པར། ང་ཀླུའི་རྒྱལ་པོ་གཅིག་ཡིན་ཟེར། སྦྲུལ་ནག་པོ་དེ་སུ་རེད་བྱས་པར། ཆུ་བདག་ཆེན་པོ་ཝ་རུ་ཎ་རེད་ཟེར། ང་ཀླུའི་ཡུལ་ན་མར་འགྲོ་མི་ཤེས་བྱས་པས། ཀླུའི་རྒྱལ་པོ་སྐྱེ་བ་སྣ་ཚོགས་ཟེར་བ་དེ་ན་རེ། ཁྱེད་སྤྱན་ཚུམས་དང་། བདག་གི་རྫུ་འཕྲུལ་གྱིས་ཕེབས་ཡོང་ཞུས་པར། དེར་རྒྱལ་བུས་སྤྱན་བཙུམས་པས་ཀླུའི་ཕོ་བྲང་རིན་པོ་ཆེ་སྣ་ལྔ་ལ་བྱས་པ། དེའི་ནང་དུ་རིན་པོ་ཆེའི་ཁྲི་བརྩིགས་པ་དེའི་སྟེང་དུ་རྒྱལ་བུ་བཞུགས་སུ་བཅུག །གསུང་གླེང་མང་དུ་མཛད། རྒྱལ་བུ་ཆེན་པོ་ཁྱེད་འདིར་སྐུ་དོན་ཅི་ལ་བྱོན་པ་ཡིན་ཟེར། ང་སྲིན་པོའི་ཡུལ་ནས་སྲིན་པོ་རཀྞ་མགྲིན་དགུའི་སྲས་མོ་མེ་ཏོག་ས་ལེ་སྒྲོལ་མ་ལེན་དུ་འགྲོ་བ་ཡིན་བྱས་པར། ཁྱེད་ནི་བསོད་ནམས་ཆེ་བའི་རྒྱལ་པོ་ཞིག་ཡིན་པས་སྨོན་ལམ་ཤུགས་ཀྱིས་ལོན་ལས་ཆེ། དེ་མིན་སུས་ཀྱང་ལེན་པར་དཀའ་བ་ཡིན། ཚངས་པ་བརྒྱ་བྱིན་ལ་སོགས་འདོད་མཁན་མང་གྱུར་ཀྱང་། བུ་མོ་སྔོན་ཆད་སུ་ལ་ཡང་སྦྱིན་པ་མེད། རྒྱལ་པོ་ཆེན་པོ་ཁྱེད་དང་མཁའ་འགྲོ་དེ་ཚེ་སྔོན་གྱི་ལས་འཕྲོ་འདུག་པས་ད་ལན་ཁུག་པ་འདུག་ཟེར། ཀླུ་རྒྱལ་ཁྱོད་ལ་མངོན་ཤེས་ཡོད་པ་ཡིན་ནམ་གསུངས་པར། མངོན་ཤེས་རྟ་རྔ་ཙམ་རྒྱུན་ཆད་མེད་ཞུས་པས། ད་ངས་བུ་མོ་ཁུག་པ་ཨེ་འདུག་བྱས་པར། ཀླུ་དེས་རྒྱལ་བུ་ལ་ཞུས་པར། ཆོས་རྒྱལ་ཆེན་པོ་ཁྱོད་ཚེ་སྔོན་བསོད་ནམས་བསགས་པས་མི་ལུས་རིན་ཆེན་ཐོབ། སྦྱིན་པ་སྔོན་དུ་སོང་བས་རྒྱལ་པོའི་སྲས་སུ་འཁྲུངས། ཚེ་སྔོན་ལས་འཕྲོ་ཡོད་པས་བཙུན་མོ་དེ་དང་མཇལ་བ་གདའ་ཞུས་སོ།།
ཆོས་རྒྱལ་ཁྱོད་ལ་མི་དགོས་པའི་དུས་ཤིག་ཡོང་བས་འདི་འབུལ་ཟེར་གྲོ་དོང་གཅིག་ཕུལ་ལོ། །གྲོ་དོང་དར་གཟབ་ཀྱི་སྒྲིལ་བ་དེ་ཚུར་བླངས་ནས་ད་ང་འགྲོ་གསུངས་སོ། །དེར་རྒྱལ་པོ་སྤྱན་བཙུམས་ཙམ་མཛད་པས་ཀླུའི་རྫུ་འཕྲུལ་གྱིས་ཆུ་སྟེང་དུ་ཕེབས། མཚོ་ཁར་ཕེབས་པ་དང་ཀླུ་དེས་རྒྱལ་པོ་ལ་ཞུས་པར། འདི་ནས་ཡར་བྱོན་པའི་ལམ་ཞིག་ན་སྲིན་པོའི་ཕོ་བྲང་མཐོང་བའི་སྒང་ཞིག་ཡོད་པ་དེ་ནས་བལྟ་དུས་ཆོས་རྒྱལ་ཁྱོད་ཀྱིས་ཚེ་སྔོན་སྨོན་ལམ་བཏབ་པའི་ཤུགས་ཀྱིས་ལྷ་མོ་དེས་མཁྱེན་ནས་བསུ་བར་ཡོང་། ལྷ་མོ་དེས་གང་གསུངས་པ་ལ་གསན་པ་གལ་ཆེ། དེ་ལ་གསན་ནས་རྒྱལ་པོའི་ཕོ་བྲང་དུ་ལྷ་མོ་དང་སྡོངས་ནས་བྱོན་ཆོག་པ་ཡོད། ཆོས་རྒྱལ་ཆེན་པོ་ཁྱེད་དོན་རྣམས་འགྲུབ་ནས་མྱུར་དུ་འབྱོན་ཐུབ་པ་འདུག་ཟེར་ནས་ལམ་ཁུངས་བསྟན་ནོ།།
དེར་ཀླུའི་རྒྱལ་པོས་ཇི་ལྟར་ཟེར་བ་བཞིན་ཚ་ལམ་གཅིག་ཕྱིན་པའི་སར། དུང་གི་མུ་ཁྱུད་དང་ཤིང་འབྲང་གཙང་བ་ཞིག་གི་སར་ཕེབས་སོ། །ཚེ་སྔོན་སྨོན་ལམ་གྱི་སྟོབས་ཀྱིས་མེ་ཏོག་ས་ལེ་སྒྲོན་མ་དེ་གཉིད་སད་པ་དང་ཚེ་སྔོན་གྱི་སྐྱེ་བ་དཔག་ཏུ་མེད་པ་དྲན་ནས་རྒྱལ་པོ་དེར་ཕེབས་པ་ཤེས་སོ། །རྟ་ངང་པའི་ཤུགས་ཆེན་ཟེར་བ་ཞིག་ཡོད་པ་དེ་ལ་རྟ་སྒ་བསྟད་ནས་རྒྱལ་བུ་བསུ་བར་ཕེབས། ལྷ་མོ་རྒྱལ་བུའི་སར་ཕེབས་པ་དང་ལྷ་མོ་དེ་རང་དབང་མེད་པར་བརྒྱལ་ལོ། །རྒྱལ་བུས་ལྷ་མོ་ལ་སྨྲས་པ། ཁྱོད་སྲིན་པོ་དང་ང་མི་ཡིན་པས་སྲིན་པོ་དང་མིའི་བར་འདུ་ཤེས་མེད་གསུངས་པས། ལྷ་མོས་རྒྱལ་བུ་ལ། བདག་ཚེ་རབས་སྔོན་ནས་ཁྱེད་དང་འགྲོགས་པའི་ཟླ་བོ་ཡིན་ལགས་ཞུས་པར། མེ་ཏོག་ས་ལེ་སྒྲོལ་མ་ཡིན་ནམ་གསུངས་པར། ཡིན་ཞུས་པ་དང་། ད་འདི་ནས་ཕར་ལ་འབྱོན་པའི་དུས་སུ་སང་ཉི་མ་རྩེ་ཤར་གྱི་བར་དུ་སྲིན་མོ་རྣམས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་བླངས་ཡོད་པས། ཕོ་བྲང་གི་མདུན་དུ་ཁྲུས་ཀྱི་རྫིང་བུ་ཆེན་པོ་གཅིག་ཡོད། དེའི་གདོང་ན་ཛཱ་ཏིའི་སྡོང་པོ་ཆེན་པོ་གནམ་ལ་བསྙེགས་པ་འདྲ་བ་ཞིག་ཡོད། དེ་ན་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གཅིག་གི་སྟེང་ན་ང་ཡོང་། སྲིན་མོ་མགོ་དྲུག་པ་མན་ཆད་ནས་མགོ་གཉིས་ཡན་གྱི་སྲིན་མོ་རྣམས་ལ་བསྙེན་གནས་ཀྱི་སྡོམ་པ་ཕོག་ཡོད། ཁྱོད་རྫིང་བུ་དེའི་འགྲམ་དུ་སྐྲག་མི་དགོས་པར་བྱོན་པས་ཆོག །རྫིང་བུ་དེའི་ཁ་ནས་མེ་ཏོག་ས་ལེ་སྒྲོལ་མ་ཟེར་འབོད་ཅིག།
དེ་ནས་ངས་སྲིན་མོ་མགོ་དྲུག་པ་ཁྱེད་ཀྱི་སྐུ་མདུན་དུ་གཏོང་བས་སྐྲག་ཅིང་འཇིགས་པ་སོགས་ཅི་ནས་ཀྱང་གནང་མི་དགོས་པས། དེའི་སར་འདི་སྐད་གསུངས་ཤིག །སྲིན་མོ་མགོ་དྲུག་པ་ཁྱོད་ང་ལ་ཉོན། ང་ཚེ་སྔོན་བསོད་ནམས་བསགས་པས་མི་ལུས་རིན་ཆེན་ཐོབ། སྦྱིན་པ་ཕྱོགས་མེད་བཏང་བས་རྒྱལ་བརྒྱུད་ལོངས་སྤྱོད་སྤེལ། སྔོན་ཚེ་རབས་འགྲོགས་པའི་ས་ལེ་སྒྲོལ་མ་དེ་རིན་ཆེན་ཁྲི་སྟེང་བསྡད་པའི་ལྷ་མོ་ཡ་གི་ཡིན་འདུག །བདག་ལ་མྱུར་དུ་ལྟོས་ཟེར་བའི་ལན་སྐུར་ཞུས། དེར་བདག་གི་ཡབ་ལ་མ་དྲིས་པར་མི་ཡོང་། དེ་ནས་བདག་གིས་ཡབ་ཀྱི་དྲུང་དུ་ཕྱི་བློན་ཞུ་བར་གཏོང་། བདག་དང་ཚེ་རབས་འགྲོགས་པའི་རྒྱལ་བུ་དེ་བདག་ལ་བརྩེ་བས་འདི་ཕྱོགས་འཕྲད་དུ་བྱོན་འདུག་པས་ངོ་འཕྲད་ཆོག་པའི་བཀའ་འཁྲོལ་དུ་སྩོལ་ཞུ། བདག་ཁ་ཁྱེད་ལ་མི་ཡོང་བདག་ལ་ཡོང་། ཡབ་རྒྱལ་པོས་དཀའ་བའི་ལས་བཅོལ་བ་རྣམས་ང་རང་གིས་ཁྱེད་ལ་སློབ་ཟེར་བུ་མོ་དེ་སྲིན་པོའི་ཕོ་བྲང་ལ་ཕྱིན་པས། ཕོ་བྲང་ནི་ལྟ་བས་ཆོག་མི་ཤེས་པ། གྲོང་ཁྱེར་འབུམ་ཕྲག་མང་པོས་བསྐོར་བ། ཕོ་བྲང་དེའི་མདུན་ན་ཁྲུས་ཀྱི་རྫིང་བུ་རིན་པོ་ཆེ་སྣ་ལྔས་བསྐོར་བ་ཞིག་འདུག །དེའི་གདོང་ན་ཛཱ་ཏིའི་སྡོང་པོ་གནམ་ལ་བསྙེགས་པ་འདྲ་བ་ཞིག་འདུག །དེའི་བསིལ་གྲིབ་ན་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག་པ་དེའི་སྟེང་ན་ཁ་སང་ཟེར་བ་ལྟར་བུ་མོ་ས་ལེ་སྒྲོལ་མ་གསུངས་པ་དང་། བུ་མོ་དེས་ངའི་ཚེ་རབས་འགྲོགས་པའི་མི་ཕོ་དེ་ཕ་གིར་སླེབས་བྱུང་། ཁྱོད་རྒྱུགས་ཤིག་གསུངས་ནས་སྲིན་པོའི་ཕྱི་བློན་ཡིན་པའི་མགོ་བོ་དྲུག་པ་ཞིག་བལྟ་བར་བཏང་ངོ་།།
དེར་སྲིན་པོས་རྒྱལ་བུའི་ཟིལ་ལ་ཐེག་པར་ཕྱག་ཕུལ་ནས། ཆོས་རྒྱལ་ཆེན་པོ་བཀའ་ཅི་གནང་ལགས་ཞུས་པས། ཁྱོད་རང་ལེགས་པར་ཡིད་ལ་ཟུངས་ཤིག །བདག་ཚེ་རབས་སྔོན་ནས་བསོད་ནམས་བསགས་པས་མི་ལུས་རིན་ཆེན་ཐོབ། སྦྱིན་པ་ཕྱོགས་མེད་བཏང་བས་རྒྱལ་བརྒྱུད་ལོངས་སྤྱོད་འཛོམས་པའི་སྲས་སུ་སྐྱེས། བདག་གི་ཚེ་རབས་འགྲོགས་པའི་ས་ལེ་སྒྲོལ་མ་དེ། ད་ལྟ་རིན་ཆེན་ཁྱི་སྟེང་ཡ་ན་འདུག །བདག་ལ་མྱུར་དུ་ལྟོས་ཤིག་གསུངས་སོ། །ཕ་གི་ན་གཟུགས་པོ་སོར་བཞི་པ། གཟི་མདངས་དཔག་ཏུ་མེད་པས་བརྒྱན་པ། ཆོས་རྒྱལ་ཆེན་པོའི་རིགས་སུ་འཁྲུངས་པ་ཡིན་ཟེར་བ། ཚེ་སྔོན་ཚེ་རབས་འགྲོགས་པའི་ཟླ་བོ་ལྷ་མོ་ཁྱོད་ཡིན་ཟེར་བ་ཞིག་གིས་མྱུར་དུ་མཇལ་ཁ་ཐོངས་ཟེར་གྱི་འདུག །བྱས་པ་དང་། ས་ལེ་སྒྲོལ་མ་ན་རེ། ཚེ་རབས་འགྲོགས་པའི་བཟའ་ཟླ་ཡིན་གྱུར་ཀྱང་། ཡབ་ཀྱི་བཀའ་དང་འགལ་ན་དགོས་པའི་དོན་མེད་པས། ཁྱོད་ཡབ་རྒྱལ་པོའི་དྲུང་དུ་སོང་ལས། ཆོས་རྒྱལ་ཆེན་པོས་བཀའ་གནང་བ་རྣམས་དང་། ང་དང་ཚེ་རབས་འགྲོགས་པའི་ཟླ་བོ་ཡིན་པའི་ཚུལ་དང་སྐྱེ་རྒྱུས་རྣམས་མགྱོགས་པར་ཞུས་ཤིག་གསུངས། དེར་སྲིན་པོ་དེ་རྒྱལ་པོའི་སྐུ་མདུན་དུ་ཕྱིན་ནས་བུ་མོའི་ཞུ་ལུགས་དང་། རྒྱལ་བུའི་གསུང་ལུགས་རྣམས་ཞུས་པས། བུ་མོ་སྙིང་ནས་བརྩེ་བའི་ས་ལེ་སྒྲོལ་མ་དེ། ཚངས་པ་བརྒྱ་བྱིན་ལ་སོགས་འདོད་མཁན་མང་གྱུར་ཀྱང་། ད་ལྟ་བར་དུ་སུ་ལའང་བྱིན་པ་མེད། འདི་རུ་བསྡད་ནས་གཡོག་པོ་བྱས་ན་འཕྲད་པས་ཆོག་གསུངས། བློན་པོ་དེ་ས་ལེ་སྒྲོལ་མའི་རྩར་ཡོང་ནས་རྒྱལ་པོའི་ཞལ་ཏ་རྣམས་བསྒྱུར་བ་དང་། བུ་མོའི་གསུང་ནས། ཁྱོད་ད་དུང་རྒྱུགས་ལས། ཚེ་རབས་འགྲོགས་པའི་བཟའ་ཟླ་ཡིན་པས་འཕྲད་ཁ་ཡོང་བ་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་སོ།།
ཡང་སྲིན་པོ་དེ་རྒྱལ་པོའི་དྲུང་དུ་བཅར་ནས། དཔོན་མོ་ས་ལེ་སྒྲོན་མའི་གསུང་ནས། ཚེ་རབས་འགྲོགས་པའི་བཟའ་ཟླ་ཡིན་པས་ན། འཕྲད་ཁ་ཆོག་པའི་བཀའ་ལུང་ཅིས་ཀྱང་ཞུ་ཞུ་གི་འདུག་ཞུས་པས། དཀའ་བའི་ལས་ཀ་སྒྲུབ་པ་དང་འདིར་བསྡད་ནས་གཡོག་བྱས་ན་འཕྲད་པས་ཆོག་གཞན་མི་ཡོང་གསུངས་སོ། །བློན་པོས་བུ་མོ་ས་ལེ་སྒྲོལ་མ་ལ་རྒྱལ་པོས་གསུངས་པ་བཞིན་བསྒྱུར་བ་དང་། ང་ནི་སུམ་ཅུ་རྩ་གསུམ་འདས་པའི་སར། རིན་ཆེན་སྣ་ལྔའི་བུ་མོ་ཁྲིད་ནས་སུ། འཇའ་དང་འོད་ཀྱི་སྦུགས་ལ་འགྲོ་བ་ཡིན། དཀའ་བའི་ལས་གང་གནང་ཡང་རྒྱལ་པོས་མཁྱེན། བུ་མོས་བློན་པོར་ཞལ་ཏ་བྱུང་བ་དང་། གསེར་གྱི་མེ་ཏོག་རྩིབས་སྟོང་དང་ལྡན་པ་དུང་གི་ཡུ་བ་བྱས་པ་གཅིག་ཏུ་སོང་ངོ་། །རྩིབས་ལ་བཻ་ཌཱུརྱ་དང་། གསེར་དང་། དངུལ་དང་། ཤེལ་དང་། རིན་པོ་ཆེ་སྣ་ལྔ་ལས་བྱས་པ་ཞིག་གྲུབ་བོ། །རིན་པོ་ཆེ་སྣ་ལྔ་ལས་བྱས་པའི་བུ་མོ་ལྔ་བྱུང་། མེ་ཏོག་དེ་ལག་ཏུ་བླངས། དར་མཚོན་སྣ་ལྔའི་ལམ་བྱས་ནས་སྟེགས་སོ།།
སྲིན་པོ་དེ་རྒྱལ་པོའི་དྲུང་དུ་ཕྱིན་ནས། རྒྱལ་པོ་ལགས། དཀའ་བའི་ལས་གང་གནང་རྒྱལ་པོས་མཁྱེན། བུ་མོས་རྒྱན་ཆ་ལུགས་སྤྲས་ནས་ནམ་མཁའི་མཐོངས་ལ་གཤེགས་སོང་ཞུས་པས། བུ་མོ་དང་མི་དེ་འཕྲད་སོང་ངམ་གསུངས། བུ་མོ་དང་མི་དེ་འཕྲད་སོང་ངམ་གསུངས། གཙོ་མོ་དང་མཇལ་ཁ་མེད་ལགས་ཞུས་པས། འོ་ན་ཁྱོད་ཀྱིས་ངའི་མདུན་དུ་ཡོལ་བ་རིམ་པ་བདུན་ཐོངས། ང་མཐོང་ན་མི་དེ་འཆི་ལ་བུ་མོ་ཡང་ཤི་བའི་དཔེ་ཡོད་གསུངས་སོ། །ཡོལ་བ་རིམ་པ་བདུན་མི་དགོས་པ་འདྲ། དེ་ནི་ལུས་པོ་སོར་བཞི་གཟི་མདངས་དཔག་ཏུ་མེད་པ་རྒྱན་དུ་མས་བརྒྱན་པ། བདག་གིས་གཟི་མདངས་མ་ཐེག་པར་ཕྱག་བྱེད་སྐབས་སུ་བདག་ཆུང་དུ་སོང་བ་སྙམ་བྱེད་དོ་ཞུས་པས། ཡིན་ན་ཡང་ཡོལ་བ་ཐོངས། ཁོས་ངའི་ཟིལ་མི་ཐེག་པར་གུམ་པའི་ཉེན་ཡོད་གསུངས་ནས་ཡོལ་བ་བཏང་ངོ་། །དེར་རྒྱལ་བུ་གདན་དྲངས་ནས་རྒྱལ་པོ་སྐུ་མདུན་དུ་སླེབས། གསོལ་བ་ཕུན་སུམ་ཚོགས་པ་དྲངས་ནས་རྒྱལ་པོས་ཡོལ་བའི་ཧྲག་ནས་གསུང་བྱོན་། ངའི་བུ་མོ་ས་ལེ་སྒྲོལ་མ་འདི། ང་རང་གི་བུ་ལས་ལྷག །སྲིན་པོ་འདུལ་བའི་ཐོ་ཆེན་ཡིན། འདི་འདྲ་ཁྱོད་ལ་སྟེར་བ་ག་ལ་ཡོང་གསུངས་སོ།།
རྒྱལ་བུས་ཞུས་པ། ང་སྔོན་བསོད་ནམས་བསགས་པའི་མི་ལུས་རིན་ཆེན་ཐོབ། སྦྱིན་པ་ཕྱོགས་མེད་བཏང་བས་རྒྱལ་བརྒྱུད་རིན་ཆེན་འཕེལ། ཚེ་རབས་འགྲོགས་པའི་ས་ལེ་སྒྲོལ་མ་དེ་བདག་ལ་མེད་ཐབས་པས་ཞུ་རུ་ཡོང་བ་ཡིན་ཞུས་པ་དང་། ངའི་སྐད་ཀྱི་ཟིལ་ཐུབ་པའི་དཔེ་མེད་དེ། ཚུལ་དེར་བལྟས་ན་ཁོ་རང་དགའ་རབ་ཡོད་པར་འདུག་དགོངས་ནས། དོ་ནུབ་ཁོ་གནས་ཤིག་ཏུ་སྐྱོལ་གསུངས་སོ། །སང་ཉིན་གྱི་ཆ་ལ་ཤར་དེར་སྐྱེད་མོས་ཚལ་ལེགས་པོ་ཞིག་ཡོད་པ་དེ་རུ་སྐྱོ་བསང་ལ་སྔ་དྲོ་ནས་དགོང་མོ་ཚུན་སྡོད་ཅིག །དྲོ་ཆས་ལེགས་པོ་སྐུར་གསུངས། དེར་རྒྱལ་བུ་གདན་དྲངས་ནས་མེ་ཏོག་ས་ལེ་སྒྲོལ་མ་གཟིམས་པའི་གཟིམ་ཆུང་རིན་ཆེན་སྣ་ལྔ་ལས་བྱས་པ་དེར་གདན་དྲངས་སོ།།
སང་ཉིན་ཉི་འཆར་ལ་འདིར་སྐྱེད་མོས་ཚལ་ལེགས་པོ་ཞིག་ཡོད་པ་དེར་སྐྱོ་བསང་ལ་དྲོ་ཆས་བསྣམས་ནས་འབྱོན་པར་ཞུ་བྱས་སོ། །དེའི་ཉིན་མོ་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་སོ། །དེའི་ནམ་ཕྱེད་ཙམ་ལ་མེ་ཏོག་ས་ལེ་སྒྲོལ་མ་རྟ་ངང་པའི་ཤུགས་ལྡན་དེ་ཆིབས་ནས་ཕེབས་བྱུང་ངོ་། །དེ་རིང་ཅི་གསུང་གི་གདའ་ལགས་ཞུས་པར། ད་རིང་འདིར་སྡོད་རྒྱུ་ཡིན། སང་ཉི་ཤར་ལ་སྐྱེ་མོས་ཚལ་ལེགས་པོ་ཞིག་ཡོད་པ་དེར་དྲོ་ཆས་ཁྱེར་ལ་ལྟད་མོ་ལ་རྒྱུགས་གསུང་གི་འདུག་ཞུས་པ་དང་། བུ་མོ་ང་སྐྱེད་མོས་ཚལ་དེའི་ནང་རྡོག་པ་བརྒྱབ་པ་དང་། ཤར་ཕྱོགས་སྣང་འགྱུར་གྱི་ཚལ་ཟེར་བ་ལགས། སྣང་བ་འགྱུར་ནས་ལ་ལ་ནི་ཞིང་འདེབས་པ་དང་། ལ་ལ་ཡུར་མ་བྱེད་པ། ལ་ལ་གཡུལ་ཚར་ནས་དགུན་ཁར་སོང་བ། དེར་ཡིད་འགྱུར་ནས་མགོ་སྦྲིད་པ་ཡོང་། ཉི་མ་དམར་ཐག་མ་ཆོད་པ་ལ། ངའི་བུ་མོས་འདི་སྐད་ཟེར་གྱི་འདུག་བསམ་པ་ཐུགས་ལ་བཞག་ནས་མགྱོགས་པར་བྱོན། ཡེངས་ན་རང་གཉིས་མཇལ་བ་དཀའ་ཞུས་ནས་བུ་མོ་ཕྱིར་ལོག་གོ།
སང་ནམ་ལངས་པ་དང་། བློན་པོ་དེས་ཚ་བཞེས་དྲངས་ནས། ལྡེ་མིག་གཅིག་ཁུར་ཏེ་གཟིགས་མོ་ལ་ཕེབས་ཞུ་ཟེར་གཉིས་པོ་སྡོངས་ནས་བྱོན། ལྡུམ་རྭ་དེའི་འགག་ཏུ་བྱོན་པ་དང་། ཁོས་སྒོ་ཕྱེ་དྲོ་ཆས་རྒྱལ་བུའི་ཕྱག་ཏུ་ཕུལ་ནས། རྒྱལ་བུ་ལྡུམ་རྭའི་ནང་དུ་འཁྱོལ་ཡོད་ཟེར་ལོག་པའི་གྲབས་བྱས་པ་དང་། བློན་པོ་དེ་ལ་དེ་རིང་ལྟད་མོ་མི་བལྟ་འམ་གསུངས་པས། བདག་རྒྱལ་པོའི་སྐུ་མདུན་དུ་བཅར་ཏེ་སྡོད་ཀྱི་ཡོད་ལགས་ཟེར་ཕྱིར་ལོག་གོ །ལྡུམ་རྭ་དེའི་ཐེམ་པའི་ནང་དུ་སླེབས་པ་དང་རྒྱལ་པོ་སྣང་བ་འགྱུར་ཏེ། ཤར་ཕྱོགས་ན་ཞིང་འདེབས་པ་དང་། ལྷོ་ཕྱོགས་ན་ཡུར་མ་ཡུར་བ། ནུབ་ཕྱོགས་ན་གཡུལ་ལས་བྱེད་པ། བྱང་ཕྱོགས་ན་དགུན་འཁྱག་པ་འདུག་པ། ཉི་མ་དམར་ཐག་ཆོད་སོང་ངོ་། །སྒོ་ཟུམ་ལ་ཁད་པ་དང་ལྷ་མོ་བྱོན་འདུག་གོ །ད་ནང་དེ་འདྲ་ཞུས་པར་ད་མགྱོགས་པར་ཕེབས་ཟེར་འཐེན་བྱུང་ངོ་།།
དེ་རིང་ལྟད་མོ་ཆེ། སང་ཞལ་ཏ་གང་གནང་ཟེར་བའི་ཞུ་བ་བསྐུར། ལྷོ་ཕྱོགས་ཀྱི་སྐྱེད་མོས་ཚལ་ལ་ལྟད་མོ་ལྟོས་གསུངས་ཡོང་། ལྷོ་ཕྱོགས་ཀྱི་ཚལ་ན། སྒོ་དེའི་ནང་དུ་སླེབས་པ་ན། ལྷོ་ཕྱོགས་རོ་ལངས་ཀྱི་ཚལ་ཟེར་བ་ཡིན། རོ་ལ་ལས་ལ་ལ་བཞོན་ནས་ལྕག་གིས་བྲབ་པ་དང་། ལ་ལས་ལ་ལ་ཟ་བ། རོ་མཚམས་མེད་པ་ཡོང་། དེ་དུས་ངའི་མེ་ལོང་དེ་རོ་ཚོའི་གདོང་ལ་མར་ཐོངས། མེ་ལོང་འདི་མཚོ་ཆེན་པོ་ཞིག་ཏུ་འགྲོ། རོ་ལ་ལས་མཚོ་མཐའ་བསྐོར། ལ་ལས་རྐྱལ་བྱེད་ཁྱད་མེད་ཀྱི་རྗེས་ལ་ཡོང་། ཉི་མ་མ་རྒས་བར་ཁྱེད་ཀྱི་རྩར་མི་སླེབས། དེ་ནས་སྒོ་འགྲིག་འགྲོ་བས་མ་སྙེལ་བར་བྱོན་ཟེར་གཤེགས་སོ། །དེ་དགོང་ཡང་རྒྱལ་པོའི་སྐུ་མདུན་དུ་བྱོན་ཟེར་ཞུས་པ་དང་། འདི་གར་སྡོད། སང་གང་བྱེད་ཞལ་ཏ་ཞུས་བྱས་པས། དེར་བློན་པོས་མ་གིར་བཞུགས་འདུག་ཞལ་ཏ་གང་གནང་ཞུས་པ་དང་། ཡང་སྐྱེད་མོས་ཚལ་ལ་དྲོ་ཆས་ཁྱེར་ནས་རྒྱུགས་གསུངས་སོ། །དེར་ཞབས་ཏོག་ཕུན་སུམ་ཚོགས་པ་བྱས།
སང་ལྷོ་ཕྱོགས་ཀྱི་སྐྱེད་མོས་ཚལ་ལ་གཟིགས་མོ་ལ་ཕེབས་པ་ཞུ་ཟེར། སང་བློན་པོ་སྣ་ཁྲིད་ནས་སྐྱེད་མོས་ཚལ་གྱི་སྒོ་ནས་བློན་པོ་ཕྱིར་ལོག་གོ །རྒྱལ་པོ་ནང་དུ་བྱོན་པ་དང་། རོ་ལ་ལས་ལ་ལ་བཞོན་ནས་ལྕག་གིས་འདེད་པར་བལྟས་པས་ལ་ལས་ལ་ལ་ཟ་བ་འདུག་པས། རྒྱལ་བུ་རོས་མཐོང་སྟེ་རྒྱལ་བུའི་སྟེང་དུ་རོ་བྱུང་བར། རྒྱལ་བུས་མེ་ལོང་བསྐྱུར་བས་མཚོ་ཆེན་པོ་ཞིག་ཏུ་བྱུང་ངོ་། །རོ་ལ་ལས་མཚོ་མཐའ་བསྐོར་བ་ལ་བལྟས། ལ་ལས་རྐྱལ་རྒྱག་ཡོང་བ་ལ་བལྟས་པས། ཉི་མ་མ་སོང་བར་དུ་རྒྱལ་པོའི་རྩར་མ་སླེབས་ཏེ། ཨ་ཁ་ཁ་སྒོ་འགྲིག་མེད་དམ་སྙམ་ནས་བརྒྱུགས་བྱོན་པ་དང་། ལྷ་མོས་མགྱོགས་པར་ཕེབས་པ་ཞུ། དེ་ལས་སྔ་ཙམ་མི་འབྱོན་པ་བྱས། ཡང་སང་སིང་མ་ན་ཁའི་རལ་གྲིའི་འཁོར་ལའི་ཚལ་བྱ་བ་ཞིག་ཡོད། དེའི་ཐེམ་པའི་ནང་དུ་སླེབས་པ་དང་ཡིད་འགྱུར་ཏེ་གསིང་མ་སྔོ་མ་ཙམ་ཞིག་ཡོང་། དེ་ནས་རླུང་ཞིག་གཡོས་ནས་གསིང་མ་ནགས་ཚལ་དུ་འགྲོ། ནགས་ཚལ་རལ་གྲིའི་འཁོར་ལོར་འགྲོ། ཤ་དུམ་ཁྲག་དུམ་ལ་གཏོང་བས་ངའི་གསེར་གྱི་གྲི་ལ་དུང་གི་ཡུ་བ་བྱས་པ་དེ་རྩར་གྱིས་བཏོན་ནས་འཕར་ཏེ་འབྱུང་བའི་རླུང་ཞི་བར་གྱུར་ཅིག །འབྱུང་བ་རླུང་གི་འཁོར་ལོ་ཞི་བར་གྱུར་ཅིག །རླུང་དང་རལ་གྲིའི་འཁོར་ལོ་ཞི་བར་གྱུར་ཅིག་བྱས་པས་རླུང་དང་རལ་གྲིའི་འཁོར་ལོ་ཞི་ནས་ནེའུ་གསིང་ལེགས་པོ་ཞིག་ཏུ་འགྲོ། དེ་ནས་སྟག་གཟིག་དོམ་དྲེད་ལ་སོགས་པ་རང་རང་གི་བུ་དང་བཅས་པ་རྩེད་དགའ་བྱེད། ཉི་མ་དམར་ཐག་མ་ཆོད་པ་ལ་ང་དྲན་པ་གྱིས་ལས་ཕེབས་པ་ཞུ་ཟེར་ལྷོ་དེར་བྱོན་ནོ།།
ཡང་བློན་པོ་དེས་ཁྱེད་རྒྱལ་པོའི་སྐུ་མདུན་དུ་འབྱོན་ལགས་སམ་བྱས་པར། གནས་ཚང་དུ་འགྲོ། སང་ཅི་བྱེད་ཀྱི་ཞལ་ཏ་ཞུ་ཟེར། དེར་རྒྱལ་པོའི་དྲུང་དུ་སང་ཞལ་ཏ་གང་ཡོད་ཞུས་པར། སང་ནུབ་ཕྱོགས་ཀྱི་སྐྱེད་མོས་ཚལ་གྱི་ལྟད་མོ་ལ་རྒྱུགས་ཤིག་གསུངས། ཡང་བློན་པོ་དང་རྒྱལ་པོ་གཉིས་ཚ་ཚ་ཟོས་ནས་ཐོན་པ་དང་། ནུབ་ཕྱོགས་ཀྱི་སྐྱེད་མོས་ཚལ་གྱི་སྒོ་ཕྱེ་ནས་རྒྱལ་བུ་ནང་དུ་བྱོན། བློན་པོ་ལོག་གོ །དེའི་ནང་དུ་ཕེབས་པ་དང་། གསིང་མ་གཡུའི་གཞོང་པ་ལྟ་བུ་ཞིག་བྱུང་སྟེ། ཡིད་ལ་མེད་པའི་རླུང་ཞིག་གཡོས་ནས་གསིང་རྣམས་ནགས་ཚལ་དུ་སོང་། ནགས་ཚལ་རྣམས་རལ་གྲིའི་འཁོར་ལོར་སོང་། རླུང་གི་སྒྲ་རྣམས་ཐམས་ཅད་ཧ་ཧ་རྒྱོབ་རྒྱོབ་གསོད་གསོད་ཟེར་བའི་སྒྲར་གྱུར་ཏོ། བུ་མོ་མིག་སྔར་ལྷམ་མེར་བསྒོམས་ནས་གྲི་དེ་འཕྱར་བ་དང་། རང་གྲིའི་འཁོར་ལོ་རྣམས་ཀྱིས་རྒྱལ་པོ་ལ་བསྐོར་བ་རེ་བྱས་རླུང་དེ་ཞི་སོང་ངོ་། །དེར་སྔར་གྱི་ནེའུ་གསིང་དེའི་སྟེང་དུ་སྟག་གཟིག་དོམ་དྲེད་མ་ཧེ་ལ་སོགས་པ་རང་རང་བུ་དང་བཅས་རྩེད་མོ་བྱེད་པ་ལ་རྒྱལ་བུ་སེམས་ཡེངས་ནས་ཉི་མ་དམར་ཐག་ཆོད་སོང་ངོ་། །དེར་ཨ་ཁ་སྒོ་དེ་འགྲིག་མེད་དམ་བསམས་བང་བཏང་ནས་བྱོན་པ་དང་། སྒོ་དེ་ཕྱེད་ཙམ་ཟུམ་སྟེ། ལྷ་མོས། ཁ་སང་ནས་ངས་ཞུས་པ་ཡིན་ཏེ། ད་མི་ཐར་སྙམ་མ་མཛད་པར་ངའི་རྗེས་སུ་ཕེབས་ཤིག་ཟེར། དེར་བྱོན་པས་ཐར་བྱུང་ངོ་།།
དེར་བུ་མོས་རྒྱལ་བུ་ལ་སྨྲས་པ། སང་ཁྱེད་རྒྱལ་པོ་སྐུ་མདུན་དུ་གདན་འདྲེན་དུ་ཡོང་ངོ་། །བུ་མོ་ང་ཐུགས་ལ་འདོགས་པར་ཞུ། ང་རྒྱལ་སྲིད་འཛིན་དགོས་པ་ཡོད་ཀྱིས། སང་བྱང་གི་སྐྱེད་མོས་ཚལ་དུ་གསུང་གླེང་མང་པོ་ཡོང་བ་འདུག །དེ་ནས་ང་གནང་བར་འདུག་ཟེར་ལྷ་མོ་སོང་ངོ་། །དེའི་སང་ཉིན་བློན་པོ་ཞིག་རྒྱལ་བུ་གདན་འདྲེན་པར་ཡོང་། རིན་པོ་ཆེའི་ཕོ་བྲང་དེའི་ནང་ན་བཻ་ཌཱུརྱའི་ཁྲི་ལེགས་པོ་ཞིག་བརྩིགས། དེ་ལ་སྲིན་པོའི་རྒྱལ་པོ་རཀྞ་མགྲིན་དགུ་བཞུགས། དེའི་གཡས་སུ་གསེར་ཁྲི་ཆུང་བ་ཞིག་བརྩིགས། དེའི་གཡོན་ན་སྲིན་པོ་མགོ་བརྒྱད་པ་དང་། བདུན་པ། དྲུག་པ། གཉིས་པ་སོགས་མཐའ་བརྟེན་ནས་བསྡད་འདུག་གོ །དེར་རྒྱལ་པོ་སྲིན་པོའི་མདུན་དུ་འབྱོར་བ་དང་། རྒྱལ་བུས་ཕྱག་འཚལ་བའི་གྲབས་བྱས་པས་སྲིན་པོ་ཁྲི་ཁ་ནས་ལྷུང་ངོ་། །སྲིན་པོ་གཞན་རྣམས་ཀྱིས་རྒྱལ་པོའི་ཟིལ་མ་ཐུབ་པར་ཕྱག་བྱས་སོ། །དེར་སྲིན་པོ་མགྲིན་དགུ་པས་བློན་པོ་དེ་ལ་ཞལ་ཏ་བྱོན་ནས་བཻ་ཌཱུརྱའི་ཁྲི་ཁོ་རང་དང་མཉམ་པ་ཞིག་བརྩིགས་སོ། །ཁྲིའི་སྟེང་དུ་རྒྱལ་བུ་བཞུགས། དེར་མགྲིན་དགུ་པ་རང་ཡང་ཁྲི་ལ་བཞུགས། སྲིན་པོ་མགྲིན་དགུ་པའི་མཚན་ཉིད་ནི། དང་པོ་བྱ་རྒོད་མགོ །གཉིས་པ་ཁྱུང་གི་མགོ །གསུམ་པ་རྟའི་མགོ །བཞི་པ་སྟག་གི་མགོ །ལྔ་པ་སེང་གེའི་མགོ །དྲུག་པ་ཆུ་སྲིན་གྱི་མགོ །བདུན་པ་གཤིན་རྗེ། བརྒྱད་པ་སྡེ་བརྒྱད་ཚོགས་ཀྱི་བདག་པོ། དགུ་པ་གླང་སྣའི་མགོ་ཅན། མགྲིན་པ་དགུ་ནས་གཏམ་རེ་སྨྲས་ཙ་ན། གཡུ་འབྲུག་སྐད་དང་ཚངས་པའི་གསུང་འདྲ་བ། གསུང་གླེང་མང་དུ་མཛད་པས། རྒྱལ་པོ་ཁྱོད་བསོད་ནམས་ཤིན་ཏུ་ཆེ་བས་མིའི་ནང་ནས་མཆོག་ཏུ་གྱུར་པ་གཟི་བརྗིད་སྟོབས་དང་ལྡན་པ་ཞིག་འདུག །དེར་ཤར་གྱི་སྐྱེད་མོས་ཚལ་དུ་བྱོན་དུས་སྒོ་འགྲིག་གམ་གསུངས། ངས་ཤར་གྱི་སྐྱེད་མོས་ཚལ་ལ་འགྲོ་བའི་སྐབས་སུ་མི་རྟག་པ་ཐུན་གཅིག་བསྒོམས་པས་ཉི་མ་མུན་རབ་ལ་ཁད་གདའ་སྟེ་ཡོང་བ་དང་སྒོ་ཟུམ་ལ་ཁད་ཅིང་། དེའི་བར་ན་སྟག་དང་སེང་གེ་རེ་རེ་ཚངས་ནས་གདའ། ལྷོའི་སྐྱེད་མོས་ཚལ་དུ་འགྲོ་བའི་དུས་སུ་རོ་ལ་ལས་ལ་ལ་བཞོན་ནས་ལྕག་གིས་འདེད་པ་དང་སྙིང་རྗེ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་བསྡད་པས། ཉི་མ་དམར་ཐག་ཆོད་པ་དང་། སྒོའི་ཧྲག་ན་སྡིག་པ་མགོ་དགུ་པ་གཅིག་འདུག །བདག་བྱུང་བ་དང་ལངས་ནས་ཐོན་སོང་། ནུབ་ཀྱི་སྐྱེད་མོས་ཚལ་དུ་འགྲོ་བའི་དུས་སུ་གསིང་མ་གཡུའི་གཞོང་པ་འདྲ་བ་ཞིག་ཡོད་བཞིན་དུ་ནགས་ཚལ་མཐུག་པོ་ཞིག་ཏུ་སོང་ནས། འབྱུང་བའི་རླུང་གཡོས་ཏེ་རལ་གྲིའི་འཁོར་ལོར་སོང་ངོ་། །མི་རྟག་ཐུན་གཅིག་བསྒོམ་རིང་ཉི་མ་སོང་གདའ། སྒོ་ཟུམ་ལ་ཁད་པའི་བར་ན་ལྕགས་ཀྱི་ཕག་རྒོད་ཆེན་པོ་གཅིག་འདུག །བདག་བྱུང་བ་དང་ལངས་སོང་། དེ་ནས་ཐར་བྱུང་ལགས་ཞུས་པས། རྒྱལ་པོ་སྨྲས་པ། རྒྱལ་པོའི་སྲས་པོ་མཐུ་སྟོབས་ཅན་ཁྱོད་ནི། བདག་གི་བུ་མོ་ས་ལེ་སྒྲོལ་མ་དང་། ཚེ་རབས་འགྲོགས་པའི་བཟའ་ཟླ་ཡིན་པར་གདའ། ཁྱེད་དེ་ལྟ་བུའི་མཐུ་སྟོབས་ཅན་ཞིག་ཡིན་པ་སྔར་ནས་མ་ཤེས་པས་འགྱོད། ད་ནས་ས་ལེ་སྒྲོལ་མ་ཁྱོད་ལ་ཕུལ། བྱང་གི་སྐྱེད་མོད་ཚལ་དུ་ཞིབ་པའི་གསུང་གླེང་མཛད་དོ།།
ཚ་བ་གྲོལ་ནས་བྱང་གི་སྐྱེད་མོས་ཚལ་དུ་རྒྱལ་པོ་རྒྱལ་བུ་དང་བཅས་པ་བྱོན་ནོ། །སྐྱེད་མོས་ཚལ་དུ་སླེབས་པ་དང་། བཻ་ཌཱུརྱའི་ཁྲི་ལ་རྒྱལ་པོ་དང་རྒྱལ་བུ་བཞུགས། མཐའ་ནས་སྲིན་པོའི་འཁོར་རྣམས་ཀྱིས་བསྐོར་ནས་བསྡད་དོ། །དེར་སྲིན་པོའི་རྒྱལ་པོ་ན་རེ། ཕྱོགས་བཞིའི་མཁའ་འགྲོ་རྣམས་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཡོད་པས། ག་ལེར་མ་གསོལ་ན་རྗེས་མ་རྣམས་ཀྱིས་ནན་གྱིས་གསོལ་བས་སྙུང་གཞི་ཕོག་པའི་ཉེན་ཡོད་པས། སྔ་དྲོ་ནས་རན་པ་གསོལ་དགོས་ཟེར། དེར་དུམ་པ་གཅིག་ནས་ཤར་གྱི་ཕྱོགས་ནས་དུང་གི་བུ་མོ་མཚར་སྡུག་འོད་ཆགས་པ། སྣོད་ཐམས་ཅད་དུང་ལ་བྱས་པ། རིན་པོ་ཆེ་སྣ་ལྔའི་རྒྱན་གྱིས་བརྒྱན་པ་ཞིག་གིས་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ངོམས་པ་གསོལ། ཉི་ཕྱེད་གཡུའི་བུ་མོ་རིན་ཆེན་རྒྱན་གྱིས་སྤྲས་པ་ཞིག་གིས་གཡུའི་སྣོད་ཐོགས་ནས་ཞལ་ཟས་རོ་བརྒྱ་དང་ལྡན་པ་ངོམས་པ་གསོལ། ཉི་མ་དགོང་མོའི་དུས་སུ་ནུབ་ནས་བྱུ་རུའི་བུ་མོ་རིན་ཆེན་སྣ་ལྔའི་རྒྱན་གྱིས་སྤྲས་པ། ལག་ཏུ་བྱུ་རུའི་སྣོད་ཐོགས་ནས་ཞལ་ཟས་རོ་བརྒྱ་དང་ལྡན་པ་ངོམས་པ་དྲངས། དགོང་མོའི་ཆ་ལ་གསེར་གྱི་བུ་མོ་རིན་ཆེན་རྒྱན་གྱིས་སྤྲས་པ་ཞིག་གིས་གསེར་གྱི་སྣོད་ནས་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་དྲངས། དེར་སྲིན་པོའི་ཞལ་ནས། ཁྱེད་གདན་བཤམས་པ་ནས་ད་བར་བཞེངས་མི་དགོས་པ་གང་གི་རྟགས་ཡིན་གསུངས་པར། རྒྱལ་བུས། བདག་ལྷའི་ཡུལ་དུ་སྡོད་པའི་དུས་གདན་ནས་ལོངས་སྤྱོད་མ་གྲོལ་བར་ལ་སྡོད་པའི་ཡོན་ཏན་ཡིན་གསུངས་པས། དེ་དུས་ས་ལེ་སྒྲོལ་མ་གང་ན་ཡོད་དམ་ཟེར། དེ་དུས་ས་ལེ་སྒྲོལ་མ་བདག་གི་གྲོགས་ཡིན་ཟེར། སྲིན་པོའི་རྒྱལ་པོ་ན་རེ། ཁྱོད་ཀྱི་ཚེ་སྔོན་མ་དེ་ད་རེས་ལས་ལྷག །ངའི་བུ་མོ་འདི་སུམ་ཅུ་རྩ་གསུམ་བུད་པའི་ས་ན་འཇའ་དང་འོད་ཀྱི་སྦུགས་ན་ཡོད། དེར་རྒྱལ་བུས། ལྷའི་ཡུལ་ན་སངས་རྒྱས་ཐོབ་པ་མེད། སྔར་གྱི་སངས་རྒྱས་རྣམས་ནི་མི་ལ་བརྟེན་ནས་བྱུང་། བདག་ཀྱང་སངས་རྒྱས་ཀྱི་འབྲས་བུ་ཐོབ་ན་བསམས་པ་ལགས་ཞུས་པས། སྲིན་པོའི་རྒྱལ་པོས་ཐོག་དྲངས་སྲིན་པོའི་ཚོགས་ཐམས་ཅད་ཀྱང་། རྒྱལ་པོའི་གསུང་དེ་ལ་དད་པའི་ཤུགས་ཆེན་པོ་སྐྱེས་ནས། རྒྱལ་བའི་སྲས་པོའི་ཚིག་པོ་ཆེ། རྒྱལ་བའི་སྲས་པོ་མཐུ་སྟོབས་ཅན་ཟེར་ནས་ཕྱག་སྨན་བླའི་ཕོ་བྲང་ལ་འཚལ་འཚལ་བྱས། སྲིན་པོ་རྣམས་ཀྱི་ཤ་ཁྲག་ལོ་རེ་ཙམ་སྤོང་བའི་དམ་བཅའ་ཕུལ། དེར་སྲིན་པོའི་རྒྱལ་པོ་མཉེས་ཏེ་སྲས་མོ་སྟེར་བར་ཞལ་གྱིས་བཞེས།
དེའི་ཕྱི་ཉིན་རྒྱལ་པོ་རང་གི་ཆིབས་སེང་གེའི་མགོ་ཅན། མི་ཟན་གཡུའི་རལ་པ་ཅན་དུང་གི་གཤོག་པ་ཅན་བྱས་པ་ཞིག་ཡོད་པ་དེ་ལ། གསེར་གྱི་སྒ་སྲབ་བསྒྲོན་ཏེ་སྲིན་པོ་མགོ་དགུ་པ་དེས་རྟ་ཁ་བཟུང་ནས་རྒྱལ་པོའི་ཆིབས་ཐོག་ཏུ་ཕེབས་པ་དང་། སྲིན་པོའི་རྒྱལ་པོས་རྒྱལ་བུ་ལ་སྨྲས་པ། ད་འདི་ནས་དཔག་ཚད་འགའ་ཞིག་འདས་པ་ན། དུང་གི་བུ་མོ་དྲུག་ཁྲི་དྲུག་འབུམ་ཡོད། ལ་ལས་དུང་གི་ཐགས་འཐག་ལ་ལས་དུང་གི་བལ་འཁེལ། ལེགས་སོ་ལེགས་སོ་སྐྱེས་བུ་ལེགས། སྡོད་ཅིག་སྐྱེས་བུ་སྡོད་ཟེར་ཡོང་། ང་ལ་ལེགས་པའི་དོན་ཡང་མེད། ང་ལ་སྡོད་པའི་དོན་ཡང་མེད། ང་ནི་ས་ལེ་སྒྲོལ་མ་འཚོལ་དུ་འགྲོ་བ་ཡིན་གྱིས། དེ་ནས་དཔག་ཚད་འགའ་ཞིག་འདས་པ་ན་གཡུ་ཡི་བུ་མོ་དྲུག་ཁྲི་དྲུག་འབུམ་ཡོད། ལ་ལས་གཡུ་ཡི་བལ་འཁེལ། ལ་ལས་གཡུ་ཡི་ཐགས་འཐག་གི་ཡོད། ལེགས་སོ་ལེགས་སོ་སྐྱེས་བུ་ལེགས། སྡོད་ཅིག་སྡོད་ཅིག་སྐྱེས་བུ་སྡོད་ཟེར་ཡོང་། ང་ལ་སྡོད་པའི་དོན་ཡང་མེད། ང་ལ་ལེགས་པའི་དོན་ཡང་མེད། ང་ནི་ས་ལེ་སྒྲོལ་མ་འཚོལ་དུ་འགྲོ་བ་ཡིན་གྱིས། དེ་ནས་དཔག་ཚད་འགའ་ཞིག་འདས་པ་ན། བྱུ་རུའི་བུ་མོ་དྲུག་གི་དྲུག་འབུམ་ཡོད། ལ་ལས་བྱུ་རུའི་བལ་འཁེལ། ལ་ལས་བྱུ་རུའི་ཐགས་འཐག་གི་ཡོད། ལེགས་སོ་ལེགས་སོ་སྐྱེས་བུ་ལེགས། སྡོད་ཅིག་སྡོད་ཅིག་སྐྱེས་བུ་སྡོད་ཟེར་ཡོང་། ང་ལ་ལེགས་པའི་དོན་ཡང་མེད། ང་ལ་སྡོད་པའི་དོན་ཡང་མེད། ང་ནི་ས་ལེ་སྒྲོལ་མ་འཚོལ་དུ་འགྲོ་བ་ཡིན་གྱིས། དེ་ནས་དཔག་ཚད་འགའ་ཞིག་འདས་པ་ན། གསེར་གྱི་བུ་མོ་དྲུག་ཁྲི་དྲུག་འབུམ་ཡོད། ལ་ལས་གསེར་གྱི་བལ་འཁེལ། ལ་ལས་གསེར་གྱི་ཐགས་འཐག་གི་ཡོད། ལེགས་སོ་ལེགས་སོ་སྐྱེས་བུ་ལེགས། སྡོད་ཅིག་སྐྱེས་བུ་སྡོད་ཟེར་ཡོང་། ང་ལ་ལེགས་པའི་དོན་ཡང་མེད། ང་ལ་སྡོད་པའི་དོན་ཡང་མེད། ང་ནི་ས་ལེ་སྒྲོལ་མ་འཚོལ་དུ་འགྲོ་བ་ཡིན་གྱིས། དེ་ནས་དཔག་ཚད་འགའ་ཞིག་འདས་པ་ན། བཻ་ཌཱུརྱའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད། དེའི་སྟེང་དུ་ཐུབ་པ་སེང་གེ་འདི་སླེབས། དེ་ནས་མིག་རྒྱང་གིས་ཆོད་ཙམ་ཞིག་གི་ནམ་མཁའི་དབྱིངས་ནས་འཇའ་དང་འོད་ཀྱི་སྦུབས་ཤིག་ནས་གསེར་གྱི་མེ་ཏོག་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དེའི་བསིལ་གྲིབ་ལ་བདག་གི་བུ་མོ་ས་ལེ་སྒྲོལ་མ་བྱོན་ཡང་། མུ་ཏིག་གི་བུ་མོ་དྲུག་ཁྲི་དྲུག་འབུམ་དང་། བཻ་ཌཱུརྱའི་བུ་མོ་དྲུག་ཁྲི་དྲུག་འབུམ་གྱིས་མཐའ་བསྐོར་བའི་དབུས་ན་བུ་མོ་ཡོད། ཁྱེད་རང་གཉིས་ཚེ་རབས་ནས་འགྲོགས་པའི་བཟའ་མིར་འདུག་པས་ཁྲིའི་སྟེང་ནས་བབས་ཡོང་ངོ་། །ང་ཡང་དེ་བས་ལས་འགྲོ་ས་མེད་གསུངས།
དེར་རྒྱལ་བུ་བྱོན་པ་དང་། སྲིན་པོའི་རྒྱལ་པོས་ཇི་ལྟར་གསུངས་པའི་ལུགས་བཞིན་འདུག་གོ །རིན་པོ་ཆེའི་ཁྲི་སྟེང་དུ་ཁོང་སླེབས་པ་དང་། བུ་མོ་འཁོར་དང་བཅས་པ་མར་བབས་རྒྱལ་བུ་ལ་ཕྱག་བྱས་སོ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱེད། དཀའ་བའི་ལས་རྣམས་འོ་མི་རྒྱལ་ལམ། བདག་ལ་བརྩེ་ནས་འདི་ཕྱོགས་ཕེབས་ལགས་སམ་ཞུས་པས། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོའི་བཀའ་རྣམས་ལེགས་པར་བསྒྲུབས། ལྷ་མོ་ཁྱོད་དང་འཕྲད་བསམ་ཡོང་བ་ཡིན། ད་ནི་མྱུར་མགྱོགས་ངའི་ཕྱི་ལ་འབྱོན་པར་གྱིས་གསུངས་པ་དང་། དེ་རིང་ངེད་ཀྱི་གླུ་གར་རྩེད་འཇོ་རྣམས་གཟིགས་མོ་འབུལ། སང་ཉིན་དུས་བཟང་ཡིན་པས་འགྲོ་བར་བྱེད། དེའི་ཉིན་མོ་གླུ་གར་རྩེད་འཇོ་ལ་སོགས་པ་མང་པོ་བྱས། གསུང་གླེང་ཡང་མང་དུ་མཛད། དེའི་སང་ཉིན་ཁོང་གཉིས་ཡབ་ཀྱི་སྐུ་མདུན་དུ་བྱོན་ནོ། །
རྒྱལ་པོའི་ཕོ་བྲང་དུ་ཕེབས་ནས་ཟླ་བ་གཅིག་གི་རིང་ལ་གླུ་གར་རྩེད་འཇོ་ལ་སོགས་པའི་སྟོན་མོ་ཕུན་སུམ་ཚོགས་པ་མཛད་དོ། །དེར་རྒྱལ་བུས་རྒྱལ་པོ་ལ་གསོལ་བ། ཀྱཻ་རྒྱལ་པོ་ཆེན་པོ་ལགས། རྒྱལ་ས་འཛིན་པའི་བུ་ནི་ང་གཅིག་པུ་ཡིན་པས་ད་ཡུལ་ལ་འགྲོ་རན་སོང་ན་གཏོང་བར་ཞུ་ཞུས་པར། རྒྱལ་པོའི་གསུང་ནས། ངའི་མིག་དང་འདྲ་བའི་ས་ལེ་སྒྲོལ་མ་འདི། མེད་ཐབས་མེད་པའི་ནོར་བུ་ལས་ཀྱང་ལྷག །ཚེ་སྔོན་ལས་ཀྱི་འབྲས་བུས་ཁྱེད་དང་འབྲལ་ཐབས་མེད། ཆོས་རྒྱལ་ཁྱེད་ལ་བུ་མོ་འབུལ་བ་ཡིན། རྒྱལ་སྲིད་འདི་དང་ཕ་གི་མཉམ་དུ་སྐྱོངས་ཤིག་ཆོས་བཟང་བསམ་གཏན་པ། སྲིན་པོའི་ཚོགས་རྣམས་ཐམས་ཅད་ང་ལ་ཉོན། །ཆོས་རྒྱལ་འདི་ནི་ང་ལས་ལྷག་པ་འདུག །ང་དང་མཉམ་དུ་བཀུར་ཅིག་སྲིན་པོའི་ཚོགས་རྣམས་ཀུན། །ངའི་སྙིང་དང་འདྲ་བའི་ས་ལེ་སྒྲོལ་མ་འདི། །བདག་གི་བུ་ལས་ལྷག་པ་ཡིན་ལགས་པས། །ཚེ་རབས་འགྲོགས་པའི་ཆོས་རྒྱལ་ཆེན་པོ་འདི། །སྤྱི་བོར་བཀུར་ཅིག་སྲིན་པོའི་ཚོགས་རྣམས་ཀུན། །གསུངས་པ་དང་། དེར་སྲིན་པོའི་བློན་པོ་དྲག་པ་ཞིག་གིས་སྲིན་པོ་ཡབ་ཡུམ་སྲས་དང་བཅས་པ་རྣམས་ལ། མེ་ཏོག་ས་ལེ་སྒྲོལ་མ་དེ། བདག་ཚོའི་གཙུག་གི་ནོར་བུ་བཞིན། ལྷ་ཀླུ་བརྒྱད་ཚོགས་པའི་གཙོ་མོར་འཁྲུངས། །ཡང་སྒོས་སྲིན་པོའི་ཚོགས་རྣམས་ཐམས་ཅད་ལ། །ཉ་སྟོང་ཚེས་བརྒྱད་དག་ལ་བསྙེན་གནས་གནང་། །ཆོས་རྒྱལ་ཁྱེད་ཀྱི་སྐུ་ཡི་བསོད་ནམས་ཀྱིས། །བགྲེས་ཁར་ལྕམ་སྲིང་གཉིས་སུ་བྱུང་བ་ཡིན། །མི་དང་སྲིན་པོའི་ཚོགས་རྣམས་ཐམས་ཅད་ལ། །ཡབ་རྒྱལ་པོས་ཐོག་དྲངས་སྲིན་པོའི་ཚོགས་རྣམས་ཀྱིས། ལྕམ་སྲིང་གཉིས་ལ་དཔག་ཚད་འགའ་ཞིག་གི་སར་སྐྱེལ་མ་བྱས། རྒྱལ་བུས་སྲིན་པོའི་ཚོགས་རྣམས་ལ་སྨྲས་པ། ང་ཚོ་སྔོན་བསོད་ནམས་བསགས་པས་མི་ལུས་རིན་ཆེན་ཐོབ། སྦྱིན་པ་ཕྱོགས་མེད་བཏང་བས་གང་དུའང་ལོངས་སྤྱོད་ཆེ། ཚེ་རབས་འགྲོགས་པའི་ལྷ་མོ་འདི་ཉིད་ཁུག །ཚེ་སྔོན་སྨོན་ལམ་བཏབ་པས་སྲིན་པོ་དྲན་དུ་འཁོལ། །ཡང་ནས་ཡང་དུ་རྒྱལ་པོ་ཁྱོད་དང་མཇལ་བར་ཤོག །མཇལ་ནས་གསུང་གླེང་ཡང་ཡང་ཡོང་བར་ཤོག །ཅེས་བརྗོད་ནས་ཁོང་གཉིས་ཀྱིས་ཡབ་རྒྱལ་པོའི་ཕྱག་ནས་འཇུས་ཏེ་འབྲལ་མི་ཕོད་པའི་ངང་གསུང་གླེང་མང་པོ་མཛད། རྒྱལ་པོ་ཡབ་ཡུམ་མཁའ་འགྲོའི་ཚོགས་དང་བཅས་པ་ལམ་དུ་ཞུགས། སྲིན་པོའི་རྒྱལ་པོའི་ཚོགས་རྣམས་ཕྱིར་ལོག་གོ།
དེར་རྒྱལ་པོ་ཡབ་ཡུམ་མཁའ་འགྲོའི་ཚོགས་དང་བཅས་ཕོ་བྲང་དུ་ཕེབས་ལ་ཁད་པ་དང་། མེ་ཏོག་ས་ལེ་སྒྲོལ་མ་དང་མཁའ་འགྲོ་མ་རྣམས་ན་རེ། རང་ལ་དཀའ་བའི་ལས་སྒྲུབ་པ་ལ་ཀླུའི་བུ་མོ་བྱ་ཁྱུང་ཀ་རུ་ཎ་དེ་ཁྲིད་པ་དྲག་ཞུས་པ་དང་། རྒྱལ་བུས། མཚོ་འདི་ནས་ང་ལ་ཀླུའི་རྒྱལ་པོས་གྲོ་དོང་གཅིག་སྟེར་བ་ཡོད་གསུངས་པས། བུ་མོ་བྱ་ཁྱུང་ཀ་རུ་ཎ་གྲོ་དོང་ཡིན་ལགས་ཞུས། ཀླུ་རྒྱལ་དེ་བོས་པ་དང་ཀླུ་རྒྱལ་གྱིས་རྒྱལ་བུ་དང་ལྷ་མོ་བུ་མོའི་ཚོགས་རྣམས་ཀླུ་ཡུལ་དུ་གདན་དྲངས་ནས་ཞག་འགའ་སྟོན་མོ་ཕུན་སུམ་ཚོགས་པ་མཛད། དེ་ནས་ཀླུའི་རྒྱལ་པོར་ད་འགྲོ་རན་སོང་བྱས་པས། ཀླུ་རྒྱལ་གྱི་གྲོ་དོང་དར་སྣ་དྲིལ་བས་འགོ་བྱས། རིན་ཆེན་སྣ་ཚོགས་ཕུལ་ལོ། །དེར་རྒྱལ་བུ་དང་ལྷ་མོ་གཉིས་ཕོ་བྲང་གཉིས་ཕོ་བྲང་ཕྱག་ཕེབས་སོ།།
དེར་ཕོ་བྲང་གི་རྩར་ཕེབས་པ་དང་། བུ་མོ་ས་ལེ་སྒྲོལ་མ་དེས་གསེར་གྱི་མེ་ཏོག་རྩིབས་སྟོང་དང་ལྡན་པ་རིན་པོ་ཆེ་སྣ་ལྔའི་ཁྲ་བྱས་པ། དུང་གི་ཡུ་བ་བྱས་པ། འཛམ་བུ་གླིང་གི་མེ་ཏོག་ཐམས་ཅད་དེ་ལ་འཁོར་བ་དེ་ཕྱག་ཏུ་བསྣམས། གྲོ་དོང་བློ་ལ་བཏགས་ནས་ཕོ་བྲང་དེའི་སྒོ་གདོང་དུ་ཕེབས་པ་དང་། བློན་པོ་འབངས་འཁོར་གཡོག་རྣམས་ནས་དགའ་སྤྲོ་དང་བཅས་པ་ཕྱག་འཚལ། དེར་ཕོ་བྲང་དེའི་སྐས་འཛེགས། རྒྱལ་པོ་དང་བློན་པོ་འབངས་འཁོར་རྣམས་སྤྲོ་བ་རབ་ཏུ་འཕེལ། བཙུན་མོ་དེས་སྔར་ཕྱག་མི་འཚལ་ཀྱང་ཧར་གྱིས་ལངས་ནས་ཆོས་རྒྱལ་ཆེན་པོ་ཕྱག་ཕེབས་བྱུང་ཟེར་ཕྱག་སྨན་བླའི་ཕོ་བྲང་ལ་འཚལ་བ་ལྟར་བྱས། རྒྱལ་པོའི་གསུང་ནས། རྒྱལ་བུ་ཆོས་བཟང་བསམ་གཏན་པ་ཕྱག་འཚལ་བའི་བར་ལ་བུ་མོའི་མེ་ཏོག་དེ་ཟུངས་གསུངས་པར། འདི་འཛིན་མི་དགོས་ལགས་ཞུས་བསྐྱུར་བས་མེ་ཏོག་རྒྱ་མཐོངས་ནས་ཡར་དཔག་ཚད་འགའ་འཕགས་པའི་ས་ན་འདུག་པ་དང་། དེར་ཡབ་རྒྱལ་པོ་ལ་ཕྱག་དང་ཞེ་ས་བྱས་ནས། སྲིན་པོའི་ཡུལ་གྱི་མེ་ཏོག་ས་ལེ་སྒྲོལ་མ་དེ་འདི་ལགས་ཞུས་པ་དང་། མེ་ཏོག་འདི་འདྲ་སྲིན་པོའི་ཡུལ་ན་མང་པོ་འདུག་གམ་གསུངས། རྒྱལ་བུས་ཡབ་ལ། རིན་ཆེན་སྣ་ལྔའི་མེ་ཏོག་རང་གི་མདོག་སྟོན་པ་མང་པོ་འདུག་ལགས་རུང་། རྒྱུ་གསེར་ལས་གྲུབ་པ། རིན་ཆེན་སྣ་ལྔའི་མཚོན་སྤེལ་བྱས་པ། ཡུ་བ་དུང་ལས་བྱས་པ་འདི་མིན་པ་མི་འདུག །འདི་རྒྱལ་པོའི་ལྡུམ་རྭར་དྲི་འདྲིས་པ་ལ་ཡང་ཡུན་རིང་པོ་དགོས། དྲི་མ་འདྲིས་པ་རྣམས་ནི་ཕྱོགས་ལ་འཁོར་ས་མི་འདུག་ཞུས། རྒྱལ་པོས་ལེགས་སོ། །རང་རེ་ཕ་བུ་ལ་ནོར་མང་པོ་ཡོད་དེ་འདི་འདྲའི་ནོར་བུ་མེད། དཀའ་བ་སྤྱད་ནས་སླེབས་པ་ལེགས་སོ་གསུངས། དེར་ཁོ་རང་གི་ཕོ་བྲང་རིན་ཆེན་སྣ་ལྔ་ལས་གྲུབ་པ་དེར་མེ་ཏོག་བསྣམས་ནས་བྱོན་ནོ།།
དེ་ནུབ་བདུད་མོ་དེས་རྒྱལ་པོ་ལ། རང་རེའི་རྒྱལ་བུ་ཆོས་བཟང་བསམ་གཏན་པ་འདི་ང་ལ་ནི་མི་མཉེས་པ་འདུག །འདི་ད་ལྟ་ན་གསོ་གཞོན་པས་རྒྱལ་པོའི་བཀའ་ལ་ཉན་པོ་འདུག་སྟེ། ཁོ་ལ་ཇོ་མོ་ཞིག་བྱུང་བས་ན། རང་རེ་རྒན་རྒོན་གཉིས་ལ་སྐྱིད་པོ་མི་སྟེར་བས། རང་རེའི་ནགས་རི་མོན་མོ་ཁྲོས་པ་འདྲ་བ་ཡ་གི་ནུབ་ཏུ་སྐྱོལ་ལ་དེའི་ཤུལ་ལ་ལྕགས་མཁར་དགུ་ཐོག་མདའ་ཡབ་སྒོར་མོ་ཡོད་པ་ཞིག །དེའི་མཐའ་ལ་ལྕགས་རི་དགུ་ཐོག་མ། དེའི་བ་གམ་སླེབས་ཙམ་ལྕགས་རི་རིམ་པ་གཉིས་ཡོད་པ། དེའི་བ་གམ་སླེབས་ཙམ་ལྕགས་རི་རིམ་པ་གཉིས་ཡོད་པ། དེའི་བར་ཆུས་བཀང་བ། ལྕགས་རི་དང་ཕོ་བྲང་བར་སྤྲིན་ཟམ་ཡོད་པ། སྤྲིན་ཟམ་བསྡུས་པས་ཆོག་པ་གྱིས། དེའི་ནང་དུ་རང་རེའི་གཉིས་མ་བསྡད་ན། རྒྱལ་པོ་ཆོ་འཕྲུལ་ཆེ་བས་མེ་ཏོག་ས་ལེ་སྒྲོལ་མ་བྱ་བ་མི་རུ་ཡོད་པ་ཡིན་ལགས། ད་ལྟའི་མེ་ཏོག་འདི་མོས་སྤྲུལ་པ་ཞིག་ཡིན་འདུག །རང་རེ་གཉིས་མཁར་དེར་བཞུགས་པ་དྲག་ཞུས་པས། རྒྱལ་པོ་ན་རེ། དེ་འདྲ་ཨེ་འགྲུབ་བམ་གསུངས། མོས་རྒྱལ་པོས་ཞལ་ཏ་གནང་ནུས་ན་འགྲུབ་ཐག་ཆོད་ཡིན་ལགས་ཞུས། དེར་རྒྱལ་པོས་རྒྱལ་བུ་མདུན་དུ་བོས་ནས། རང་རེའི་ཤར་གྱི་ནགས་རི་མོན་མོ་ཁྲོས་པ་འདྲ་བ་ཡ་གི་ནུབ་ཏུ་སྐྱོལ། དེའི་ཤུལ་དུ་ཕོ་བྲང་མོས་བསླབས་པ་བཞིན་རྒྱོབ་ཅིག་གསུངས་པ་དང་། ཡབ་རྒྱལ་པོའི་བཀའ་བཅག་པ་མེད་པས་དེ་ལྟར་ཞུ་ལགས་ཞུས། དེ་ནས་བུ་མོའི་རྩར་བྱོན་ཏེ། ཡབ་ཀྱིས་ཇི་ལྟར་གསུངས་པ་བཞིན་བཤད་པས་ཡབ་ཀྱི་བཀའ་གཅོག་ཐབས་མེད་པས་སྒྲུབ་དགོས་ཟེར། རིན་པོ་ཆེའི་བུ་མོ་དྲུག་ལ་བཀའ་གནང་ནས་རྒྱལ་པོས་ཇི་ལྟར་གསུངས་པ་བཞིན་ཕོ་བྲང་རྣམས་ཚར་བ་གྱིས་གསུངས། དེར་ཤར་རི་ནུབ་ཏུ་བསྐྱལ། རྒྱལ་པོའི་བཀའ་བཞིན་ཕོ་བྲང་ཏོག་དང་བཅས་པ་གྲུབ་བོ།།
མེ་ཏོག་ས་ལེ་སྒྲོལ་མས་རྒྱལ་བུ་ལ་ཞུས་པ། ཁྱེད་ཡབ་རྒྱལ་པོའི་དྲུང་དུ་བྱོན་ལས། ཇོ་མོ་འདི་བདུད་མོ་ཆེ་མོ་ཡིན། འདི་བདུད་མོ་ཡིན་ནམ་མིན་དོ་ནུབ་རྒྱ་མཐོངས་ལ་གཟིམ་མལ་བཅས་པ་དང་། ཟླ་སྟོད་ཡིན་པས་ཟླ་བ་གུང་ལ་ཕེབས་པ་དང་མནལ་ལ་སོང་བའི་ཚུལ་མཛོད་ལས་གཟིམ་དང་། བུ་མོ་ལྕགས་ཀྱི་ཕག་པ་དུང་གི་ཁྲ་ཐོན་པ། མཆེ་བ་ལན་ཕུར་ཙམ་བྱས་པ་ཡབ་རྒྱལ་པོའི་རྩིའུ་ལ་མཐེ་མོ་བརྒྱབ་ནས་ཡོད་ཞུས། དུས་བཟང་ཡིན་པའི་སང་ཉིན་མི་མེད་པའི་སྐབས་སུ་བྱོན་ལས་རྒྱལ་པོ་ལ་ཞུས་ཟེར་བསླབས་སོ། །དེར་རྒྱལ་བུ་ཡབ་ཀྱི་དྲུང་དུ་བྱོན་ནས་ཕྱག་ཕུལ། བུ་མོ་དེ་གསོལ་བ་ལེན་དུ་སོང་བའི་བར་ལ། ལྷ་མོས་ཇི་ལྟར་ཟེར་བའི་གནས་ལུགས་རྣམས་ཞུས་པ་དང་། བུ་མོ་དེ་སླེབས་བྱུང་ནས་རྒྱལ་པོ་ལ་གསོལ་བ་ཞུས་པའང་མ་བཞེས་སོ། །རྒྱལ་བུས་རྒྱལ་པོ་ལ་སང་དུས་བཟང་ཡིན་པས་ཕེབས་པ་ཞུ་ཞུས་སོ། །བདུད་མོ་དེ་ནི་མཁར་འདི་རུ་བསྡད་པས་ཁོས་གནོན་པ་ཐུབ་པ་མེད་བསམ། རྒྱལ་པོས་གཟིམ་ནས་བཞུགས་པས། རྒྱལ་བུས་ཟེར་བ་བདེན་པར་འདུག་སྟེ། རྒྱལ་པོ་སྐྲག་ནས་ནམ་ཧད་དེ་ལངས་ན་བསམ་པ་བྱུང་ངོ་།།
སང་ཉི་མ་རྩེ་ཤར་ལ་རྒྱལ་པོ་བྱོན་པའི་ལམ་ཚོ་རིན་ཆེན་སྣ་ལྔའི་གདུགས་དང་། རྒྱལ་མཚན། ས་གཞི་ཐམས་ཅད་རོལ་མོས་མཆོད་པར་བྱས། ནམ་མཁའ་ཐམས་ཅད་དར་གྱིས་མཆོད་པར་བྱས། མེ་ཏོག་ཁ་སང་གི་དེ་ལས་ཆེ་བ་ལེགས་པ་ཞིག་ལ་སྤྲུལ་ནས་ལྕགས་མཁར་དེའི་རྩེར་བསྡད་དོ། །དེར་རྒྱལ་པོ་ཡབ་ཡུམ་ཕེབས་པར་ཞུ་ཞུས། རྒྱལ་བུ་ཕེབས་པ་དང་། རྒྱལ་བུ་མདངས་བཞེད་པ་དེས་དགའ། བདུད་མོ་འཕྲང་ཡོད་པ་འདུག་སྙམ་དགའ། བུ་མོས་རྒྱལ་པོ་ལ། ནང་དུ་བཟའ་བཏུང་ཡོ་བྱད་དགོས་གསུང་བ་ཞུས་སོ། །རྒྱལ་བུས་ནང་དུ་བཟའ་བཏུང་ཡོ་བྱད་ཟད་མི་ཤེས་པ་ཡོད་བྱས། དེར་བདུད་མོ་དེས་ལྕགས་རི་སྒོར་གྱིས་བསྐོར། སྐས་ལ་འཛེགས་ནས་འགྲོ་དགོས་བསམ་པ་ལ་རིན་པོ་ཆེའི་མེ་ཏོག་དེ་ས་ལེ་སྒྲོལ་མར་སོང་ནས་སྐས་ལ་ཁེལ་ལེ་བྱས་བསྡད་འདུག་གོ །དེར་རྒྱལ་པོ་ཡབ་ཡུམ་སྲས་དང་བཅས་པ་ཕེབས་པ་དང་། ས་ལེ་སྒྲོལ་མས་བདུད་མོ་དེ་ལ། ཁྱོད་སུ་ཡིན་གསུངས་པས། བདུད་མོ་ན་རེ། བདག་ལྷ་མོ་ཡིན་ལགས་ཟེར། ལྷའི་བུ་མོ་དྲུག་ཁྲི་དྲུག་འབུམ་འདིར་ཤོག་ལ་འདི་ལྷའི་བུ་མོ་ཨེ་ཡིན་གསུངས་པ་དང་། ལྷ་ཡུལ་ན་གཡོག་མོའི་གཡོག་མོ་ལ་ཡང་འདི་འདྲ་མེད་ལགས་ཞུས་པས། མོ་འདར་ཏེ་ཕྱག་འཚལ་ནས་བདག་ཀླུའི་བུ་མོ་ཡིན་ལགས་ཞུས། ཀླུའི་བུ་མོ་བྱ་ཁྱུང་ཀ་རུ་ཎ་ཆུ་བདག་ཝ་རུ་ཎའི་བུ་མོ་འདིར་ཤོག །ཁྱེད་ཀླུའི་ཡུལ་ན་འདི་འདྲ་ཨེ་འདུག །ལྟོས་དང་གསུངས་པས་ཀླུའི་བུ་མོ་དྲུག་འབུམ་ཡོང་སྟེ། ངེད་ཀླུ་ཡུལ་ན་གཡག་མོའི་གཡོག་མོ་ལ་ཡང་འདི་འདྲ་མེད་ལགས་ཞུས། ཡང་མོ་འདར་ཏེ་ཕྱག་ཕུལ་ནས་བདག་ལྷ་བཙན་གྱི་བུ་མོ་ཡིན་ལགས་ཟེར། དེར་ཐག་བཟང་རིས་ཀྱི་བུ་མོ་འདིར་ཤོག་ལས་ཁྱེད་ལྷ་བཙན་ཡུལ་ན་འདི་འདྲ་ཨེ་འདུག་ལྟོས་དང་གསུངས་པས། བདག་ལྷ་བཙན་གྱི་ཡུལ་ན་འདི་འདྲ་མེད་བྱས་པས། ཡུལ་མོ་ན་རེ་སྡེ་བརྒྱད་ཀྱི་བུ་མོ་ཡིན་ཟེར། ཚོགས་བདག་གླང་སྣའི་བུ་མོ་འདིར་ཤོག །འདི་སྡེ་བརྒྱདཀྱི་བུ་མོ་ཨེ་འདྲ་འདུག་ལྟོས་དང་གསུངས་པས། ཚོགས་བདག་འདུ་བའི་བུ་མོ་ཉིས་ཁྲི་ཆིག་སྟོང་ཡོད་རུང་། སྡེ་བརྒྱད་ཀྱི་ཡུལ་ན་གཡོག་མོའི་གཡོག་མོ་ལ་ཡང་འདི་འདྲ་མེད་ལགས་ཞུས། ཡང་བདག་ནི་བཙན་གྱི་བུ་མོ་ཡིན་ཟེར། བཙན་གྱི་བུ་མོ་ཡ་བ་སྐྱ་བདུན་གྱི་བུ་མོ་འདིར་ཤོག་ལས། ཁྱེད་བཙན་གྱི་ཡུལ་ན་འདི་འདྲ་ཨེ་འདུག་ལྟོས་དང་གསུངས་པས་ངེད་བཙན་གྱི་ཡུལ་ན་གཡོག་མོའི་གཡོག་མོར་ཡང་འདི་འདྲ་མེད་ལགས་ཞུས། ལྷ་མོ་ན་རེ་ཁྱོད་གོང་གསལ་གྱི་ཡུལ་དེ་རྣམས་སུ་མེད་འདུག་པས་ད་རང་གཟུགས་སྟོན་ནམ་མི་སྟོན་གསུངས་པ་དང་། མོ་ངོ་ནག་ཆིལ་ལེར་སོང་ནས་ལྕགས་ཀྱི་ཕག་མོ་དུང་གི་ཁྲ་ཐོན་པ་ཞིག་ཏུ་སོང་། དེར་བདུད་མོ་ཁྱོད་དེ་རིང་འདུལ་བའི་དུས་ལ་བབས་སོ་གསུངས་པས། ལྕགས་རི་དེའི་ཆུ་འོབས་ནས་གླང་དམར་པོ་སྤྱི་བོའི་གཙུག་ན་རྭ་ཅོ་སྐྱེས་པ་གཅིག་བྱུང་སྟེ། མོའི་གཤམ་ནས་བརྡུངས། སྤྱི་བོའི་གཙུག་ཏུ་རྭ་ཅོ་བཏོན་ནས་ཆུའི་ནང་དུ་ཁྱེར་སོང་ངོ་། །དེར་རྒྱལ་པོ་ཡབ་སྲས་མཉེས་སོ།།
ཡབ་རྒྱལ་པོས་ཆོས་མཛད་ལྕགས་མཁར་དེའི་ནང་དུ་བཞུགས། རྒྱལ་བུ་ཆོས་བཟང་བསམ་གཏན་པ་དེ་དང་། བུ་མོ་ས་ལེ་སྒྲོལ་མས་རྒྱལ་སྲིད་བཟུང་། མཁའ་འགྲོ་སྡེ་ལྔ་ཕྱོགས་བཞིར་བསྐོས། ཡུལ་ལུང་སྲུང་བར་ཁས་བླངས་སོ། །ལྷ་ཀླུ་དྲི་ཟ་སྡེ་བརྒྱད་རྣམས་ཀྱིས་ཀྱང་ཡུལ་ལུང་བདེ་བར་བསྲུང་བར་ཁས་བླངས། རྒྱལ་པོ་ཆོས་བཟང་བསམ་གཏན་པ་དང་མེ་ཏོག་ས་ལེ་སྒྲོལ་མ་གཉིས་ཀྱིས་སྲིན་ཡུལ་དང་རྒྱལ་འབངས་ཕྱོགས་གཅིག་ཏུ་བསྐྱངས། རྒྱལ་སྲིད་དར་ཞིང་རྒྱས་པ་བྱུང་ངོ་བྱས་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཞལ་ནས། རྒྱལ་པོ་ཡབ་ཡུམ་དེ་གཉིས་སྨོན་ལམ་གྱིས་མཐུས་ཚེ་རབས་ཐམས་ཅད་དུ་ཡབ་ཡུམ་དུ་བྱུང་བ་དེ་ཡ་མཚན་ཆེ་ཟེར་བ་ཁ་ནས་ཤོར་བས་རོ་ལ་གཏམ་ཤོར་བྱ་ཁྲ་ཧུར་ཟེར་འགྲམ་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རྡུལ་འཕྱུར་རེ་ལོག་སོང་ངོ་། །དེར་རྒྱལ་པོའི་བསམ་པ་ལ། བླ་མའི་ཞལ་ཏ་ནི་རོ་ཁོ་རང་ཅི་ཟེར་ཡང་གཏམ་མ་ཟེར་གསུངས་རུང་། ང་སེམས་ཡེངས་ནས་ཁ་ནས་གཏམ་ཤོར་བས་རོ་དེ་ནི་ཤོར། རོ་མ་ལོན་ན་བླ་མའི་བཀའ་བཀྱོན་དང་ཐུགས་ཁྲེལ་ཡོང་བསམ། ཡང་དུར་ཁྲོད་དེར་ཕྱིན་ནས། རོ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་རྡོག་པས་བརྡུངས།། །།

 

ལེའུ་ཉི་ཤུ་རྩ་གཅིག་པ།
རྒྱལ་བུ་དོན་གྲུབ་འཕྲལ་དུ་སྡུག་ཁུར་བྱས་པ་ལས་ནམ་ཕུག་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་པ།

དེ་ནས་རྒྱལ་བུ་ཤིང་སྡོང་དེའི་རྩར་ཕྱིན། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རལ་གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་ནས་རྦད་དེ་ཆོས་པ་ཞིག་བརྒྱབ་པས། རོ་དེ་བབས་བྱུང་སྟེ། ཏོག་མས་བརྡུངས། ཁ་དེ་གཤགས། མིག་ལ་གྲི་ཚག་བརྒྱབ། ལྷུ་ལག་འཕྲལ། དྲ་བར་བརྫངས། ཞགས་པས་བསྡམས་ནས་ཁུར་ཡོང་བ་དང་གོམ་པ་བཅུ་ཙམ་སླེབས་པའི་སར་རྒྱལ་བུ་རྒྱལ་བུ་ཟེར། ཁ་རོག་ཡོང་བས། རྒྱལ་བུ་ལས་ཟད་པོ་ཁྱོད་འདྲའི་ཁ་ནས་གཏམ་མི་ཡོང་། ངས་རོ་སྒྲུང་ཞིག་བཤད་ཀྱིས་ཉོན་ཨང་ཟེར།
སྔར་ལུང་པ་ཆེན་པོ་ཞིག་ན་ཆོས་ཀྱི་རྒྱལ་པོ་དོན་བཟང་བྱ་བ་ཞིག་ཡོད་པར་གདའ། ལོ་ཁ་ཡར་སོང་ཡང་སྲས་གཅིག་ཀྱང་མ་འཁྲུངས་ཏེ། མོ་མ་ལ་མོ་བྱས། ཕྱྭ་མ་ལ་ཕྱྭ་རྩིས་པས། ཕྱིའི་རྒྱ་མཚོ་ཆེན་པོའི་གླིང་ན་བྱོན་ནས་ལྷ་ཀླུ་ལ་གསོལ་མཆོད་བྱས་ན་སྲས་གཅིག་ཡོང་བར་གདའ་ཟེར། དེར་རྒྱལ་པོ་ཡབ་ཡུམ་འབངས་འཁོར་གཡོག་དང་བཅས་པ་རྣམས་ཀྱིས་ལྷ་ལ་མཆོད་པའི་གླང་པོ་ཆེའི་རྒྱབ་ཁལ་མང་པོ་དང་བཅས་རྒྱན་ཆ་ལུགས་སྤྲས། སྐྱེ་བོའི་ཚོགས་དང་བཅས་རྒྱ་མཚོ་ཆེན་པོའི་གླིང་དུ་བྱོན་ནོ། །དེར་གྲུ་དང་གཟིངས་ལ་བརྟེན་ནས་ལྷ་ཀླུ་གཞིས་བདག་གནས་པའི་ས་གཙང་ས་དེར་ཞག་བདུན་གྱི་བར་དཀོན་མཆོག་ལ་གསོལ་བ་བཏབ། ཆོས་སྐྱོང་ལ་གཏོར་ཚོགས་ཕུལ། སྡེ་བརྒྱད་ལ་གཏོར་མ་བྱིན་ནས་བཞུགས་སོ། །ཞག་བདུན་སོང་བ་དང་སྲས་ཡོང་བའི་རྟེན་འབྲེལ་འགྲིགས་ནས་ཁོ་རང་གི་ཡུལ་དུ་ལོག་བྱོན་ནོ།།
ཡུལ་དུ་ཕེབས་པ་དང་ཟླ་བ་དགུ་ངོ་བཅུ་སོང་བ་དང་སྲས་ཁྱད་པར་ཅན་ཞིག་འཁྲུངས་སོ། །བྲམ་ཟེ་མཚན་མཁན་ལ་བསྟན་པས། སྲས་ནི་མཚན་དང་ལྡན་ཞིང་། སངས་རྒྱས་ཀྱི་སྤྲུལ་པ་ཞིག་ཡིན་པར་འདུག །འོད་འདོམ་གང་བྱས་པ་ཁྱད་པར་ཅན་འདུག །རྒྱལ་པོ་སྐུ་ཚེ་མ་འཕོས་པ་ནས་རྒྱལ་ས་འཛིན་པ་ཞིག་ཡོང་བར་འདུག་བྱས་པར་དེར་རྒྱལ་པོ་ཡབ་ཡུམ་མཉེས་སོ། །འབངས་འཁོར་གཡོག་རྣམས་ཀྱང་དགའ་ནས་དར་འཕྱར། དུང་འབུད། རྒྱལ་བུ་དོན་གྲུབ་ཏུ་མཚན་གསོལ་ལོ། །དེར་རྒྱལ་ཁྲིམས་ཆོས་བཞིན་དུ་དར་བ་ཞིག་བྱུང་བའི་དུས་སུ་རྒྱལ་བུ་དེ་ནི་ལོ་བཞིར་ལོན། མཚར་སྡུག་འོད་ཆགས་པ་ཞིག་བྱུང་བའི་སྐབས་སུ་ཡུམ་ལྷ་གཅིག་སྙུང་གཞི་དྲག་པོ་ཞིག་ཐེབས་ནས་གྲོངས་སོ།།
མངའ་འོག་རྣམས་བློ་ཕམ་ཆེན་པོ་བྱུང་ཞིང་། དེ་གྲོངས་ནས་ལུང་པའི་ས་བཅུད་ཀྱང་ཉམས་འགྲོ་སྐྱོན་ཆེ་ཟེར། ད་ལྟ་དེ་ལྟ་བུའི་ཡུམ་ཞིག་བཙལ་བས་ནི་མི་རྙེད། འོན་ཀྱང་རྒྱལ་པོར་ཇོ་མོ་གཅིག་མེད་ན་མི་འགྲིག་ཟེར་ཐམས་ཅད་གྲོས་བྱས་ཀྱང་། རྒྱལ་ས་མཉམ་པའི་ཇོ་མོ་ནི་མ་བྱུང་། འོས་མིན་གྱི་ཇོ་མོ་གཅིག་བླངས་སོ། །དེར་ནམ་ཞིག་གི་དུས་ན་སྲས་པོ་མཚར་སྡུག་འོད་ཆགས་པ་ཞིག་འཁྲུངས་སོ། །སྲས་པོ་དེའི་མཚན་ལ་རྒྱལ་བུ་དོན་ཡོད་ཟེར་བ་བཏགས་སོ། །ཁོང་རང་སྐུ་མཆེད་གཉིས་ནི་མཛའ་བ་ཚད་མེད་པར་གྱུར་རོ། །ཉིན་མོ་གསོལ་བ་སྣོད་གཅིག་ཏུ་མཆོད་ཅིང་། མཚན་མོ་མལ་ཟན་གཅིག་དང་སྔས་གཅིག་བྱས་ནས་གཟིམས་ཀྱི་ཡོད།
དེར་དུས་ནམ་ཞིག་སོང་བ་དང་རྒྱལ་པོའི་ཇོ་མོ་དེ་སྐུ་མཁར་གྱི་རྩེ་ལ་གཟིགས་མོ་ལ་བྱོན་ནས་དེར་ཤར་གྱི་སྤང་སྲུབ་ནས་གཟིགས་མོ་མཛད་ཅིང་གསན་པས་ཤར་ཕྱོགས་ན་རྩེད་མོ་རྩེ་མཁན་བརྒྱད་ཁྲི་བཞི་སྟོང་འཛོམས་འདུག་གོ །རྩེད་མོ་སོགས་ལོང་གཏམ་བབ་ཅོལ་གྱི་གཏམ་མང་པོ་ལབ་པའི་ནང་ན་གཙོ་བོ་གྲོས་ལ་དབང་བ་ཁ་ཡར་འདུག་པ་རྣམས་ན་རེ། ངེད་རང་གི་རྒྱལ་པོ་འདི་ལ་སྲས་གཉིས་འཁྲུངས། འདིའི་རྒྱལ་སར་སྲས་ཆེ་བ་འདི་བསྐོ་བའི་འོས་ཡིན་ཏེ། ཨ་མའི་སྟོབས་ཀྱིས་ཆུང་བ་འདི་ལ་རྒྱལ་ས་བསྐོ་བ་ཞིག་མི་ཡོང་ངམ་ཟེར། དེ་ན་ཡོད་པའི་བྱིངས་རྣམས་ཁ་འཆམ་ནས་རྒྱལ་བུ་དོན་གྲུབ་ལ་མ་མ་ཡང་རྒྱལ་བརྒྱུད་བཟང་། དོན་གྲུབ་ནི་ལྷ་གཉན་ལ་གསོལ་བ་བཏབ་པ་ལས་བྱུང་ཞིང་སངས་རྒྱས་ཀྱི་མཚན་བཟང་པོ་ཡོད་པས་རྒྱལ་སར་ཁོང་མ་གཏོགས་བསྐོས་ན་མི་འགྲིགས། རྒྱལ་བུ་དོན་ཡོད་འདིའི་ཨ་མ་ནི་སྤྱིར་བཏང་བ་ཞིག་ཡིན་ལ་ནུ་བོ་ཆུང་ཤོས་ཡིན་པས་རྒྱལ་ས་མི་ཐོབ་ཟེར། དེའི་གཏམ་ཐོས་པ་དང་བཙུན་མོའི་སེམས་ལ་མི་དགའ་བ་ཞིག་བྱུང་། དེར་ལྷོ་ཕྱོགས་ལ་གཟིགས་ཙ་ན། ལྷོའི་ཐང་ཁ་ཆེན་པོ་ཞིག་ན། སྐྱེས་པ་ཐམས་ཅད་མདའ་རྒྱག་པ། མཆོང་རྒྱག་པ། རྡོ་རྒྱག་པ་སོགས་ལ་ཚོགས་འདུག །དེ་ཐམས་ཅད་རྩེད་མོ་གྲོལ་ནས་རྒྱལ་ཆང་འཐུང་ཞིང་གཏམ་སྣ་ཚོགས་སྨྲ་བའི་ནང་ན། རྒྱལ་བུ་སྐུ་མཆེད་གཉིས་ཀྱི་གླེང་མོ་དེ་ཡང་ལབ་ཀྱི་འདུག་སྟེ། རྒྱལ་པོའི་འོས་རྒྱལ་བུ་དོན་གྲུབ་ཡིན་ཟེར། ཕོ་བྲང་གི་བྱང་ཤར་གྱི་ཕྱོགས་སུ་གཟིགས་པས་ན། བྱིས་པ་མང་པོ་རྩེད་མོ་རྩེ་ཞིང་། རྒྱལ་པོ་དོན་གྲུབ་རྒྱལ་སར་འོས་པའི་བབ་ཅོལ་གྱི་གཏམ་སྣ་ཚོགས་སྨྲ་ཞིང་། བུ་ཚ་ལ་ལས་ས་ཁག་གི་ཁྲི་བརྩིགས། དེའི་སྟེང་དུ་བསྡད་ནས་རྒྱལ་པོ་དོན་གྲུབ་རྒྱལ་སའི་ཁྲི་འདོན་བྱེད་པ་ཡིན་ཟེར། ལ་ལས་བློན་པོ་ཡིན་ཟེར་སློབ་སྟོན་ཞུ། ལ་ལས་འབངས་ཡིན་ཟེར་ནས་གུས་པའི་ཚུལ་གྱིས་ཕྱག་རྟེན་འབུལ། བུ་ཚའི་ཁྲོད་ནས་གཅིག་རྒྱལ་པོ་དོན་ཡོད་ཡིན་ཟེར་ནས་ཁྲིའི་འགྲམ་དུ་བསྡད་དེ་ཐམས་ཅད་མགྲིན་གཅིག་ཏུ་འདི་སྐད་ཟེར་རོ། །རྒྱལ་པོ་དོན་གྲུབ་རྒྱལ་སར་བཞེངས་པ་ཡིན། ཟངས་གླིང་ཡུལ་དུ་སྐྱིད་པའི་ཉི་མ་ཤར། ཞེས་ཟེར་རོ།།
དེའི་ཚེ་བློན་པོ་རྣམས་ཀྱང་རྒྱལ་པོ་དོན་གྲུབ་རྒྱལ་སར་བསྐོས་པ་ལ་ཁ་འཆམ་ཞིང་ཐག་ཆོད་པར་ཡོད་པས། བཙུན་མོའི་བསམ་པ་ལ་གྲོང་ཁྱེར་གྱི་མི་རྣམས་ཀྱི་གཏམ་དང་བྱེད་ལུགས། བློན་པོའི་གཏམ་དང་བྱེད་ལུགས་གང་ལ་བལྟས་ཀྱང་རྒྱལ་ས་ཇོ་ཇོས་འཛིན་པར་འདུག་པས། ངའི་བུ་འདིར་རྒྱལ་ས་མི་ཐོབ་པ་འདྲ། བུར་རྒྱལ་ས་མ་ཐོབ་ན་ཨ་མ་ལ་མཐོང་དང་བརྩི་འཇོག་མི་ཡོང་བས་རྒྱལ་བུ་དོན་གྲུབ་འདི་མེད་པའི་ཐབས་ཤིག་བྱེད་དགོས་སྙམ་ནས་བསམ་ངན་གྱི་སྣང་བ་ཤར་བར་གྱུར་རོ། །དེ་ནས་སྐབས་ཤིག་གི་ཚེ་འགྲམ་པ་གཡས་སུ་བཙག་བཅུག །གཡོན་དུ་རམ་བཅུག་ནས་ལུད་པ་སྔོ་དམར་ཤིག་གེ་བ་བྱས་སྐས་དེ་ལས་བབས་ཕྱིན་པ་དང་། ཆོས་ཀྱི་རྒྱལ་པོ་དོན་བཟང་དེ་སྐུ་མཁར་གྱི་ཁྱམས་དེ་ན་སྐུ་གསུང་ཐུགས་ཀྱི་རྟེན་ལ་སྐོར་བ་མཛད་ཅིང་འདུག་པའི་ལམ་ཁ་དེ་རུ་བགྲད་དེ་འགྱེལ་ནས་ལུད་པ་སྔོ་དམར་ཤིག་གེ་ཞལ་བའི་སྟེང་དུ་ཁྲག་ཁྱིལ་ལེ། ང་ན་ང་ཚ་ཟེར་འགྱེལ་བསྡད་དོ།།
དེར་རྒྱལ་པོས་ཁྱོད་ན་བ་ཅི་ཡིན། གང་ན་བ་ཡིན་ནམ་གསུངས། རྒྱལ་པོའི་དགོངས་པ་ལ་ཇོ་མོ་སྔ་མ་ཡང་ནད་ཀྱིས་གློ་བུར་དུ་གྲོངས། འདི་ཡང་ནད་དྲག་པོ་འདི་ལྟ་བུས་མནར་བར་ཐབས་ཅི་ཞིག་ཡོད་སྙམ་སྟེ་ཐུགས་འཚབ་འཚུབ་ཏུ་གྱུར། དེར་མོ་མ་ལ་མོ་བྱས། ཕྱྭ་མ་ལ་ཕྱྭ་རྩིས་ཀྱང་ཕན་པའི་ཐབས་མ་བྱུང་། རིམ་འགྲོ་གཏོ་བཅོས་ལ་སོགས་མང་དུ་བྱས་ཀྱང་ཕན་པའི་ཐབས་མ་བྱུང་། རྒྱལ་པོ་ཡང་ཐུགས་ཁྲལ་གྱིས་སྙུང་གཞི་ཡོང་ལ་ཁད་བྱུང་ངོ་། །ཞག་ཤས་སོང་བ་དང་བཙུན་མོ་ན་རེ། ང་ལ་ཕན་པའི་ཐབས་ཤིག་འདུག་སྟེ། དེ་འདྲ་བྱས་ན་མི་ཡོང་། ང་འཆི་བ་མིན་པ་འགྲོ་ས་མི་འདུག་ཟེར་རོ། །དེར་རྒྱལ་པོ་ན་རེ། ཁྱོད་ལ་ཕན་པའི་ཐབས་འདྲ་འདུག་ན་ལོས་བྱེད། ཅི་འདྲ་ཞིག་འདུག་གསུངས། དེར་བཙུན་མོ་ན་རེ། རང་རེའི་རྒྱལ་བུ་དོན་གྲུབ་འདི་མི་མིན་བདུད་ཀྱི་སྤྲུལ་པ་ཡིན་པར་འདུག །འདི་བཙས་འཕྲལ་ལ་ཡུམ་གྲོངས། ད་ང་ལ་ཡང་འཆི་བའི་གནོད་པ་སྐྱེལ་བ་འདུག །ང་དང་དེ་ཙམ་ཡིན་ཏེ། རྒྱལ་པོ་ཡང་སྐུ་སྲོག་ལ་ཉེས་སྐྱོན་ཡོང་བའི་མོ་ལུང་དང་མིག་ལྟས་ངན་པ་བྱུང་། འདི་བསད་ནས་ང་ལ་སྙིང་བྱིན་ན་ཕན་ཟེར་བ་འདུག །དེ་ན་རྒྱལ་པོའི་སྐུ་སྲོག་ལ་ཉེས་པ་མི་ཡོང་བ་འདུག །དེ་ལྟར་མི་ཡོང་ན་ཕྱིའི་རྒྱ་མཚོ་ཆེན་པོའི་གླིང་མི་གཅིག་ཀྱང་མེད་པ་ཁོང་རང་སློང་ས་དེར་བསྐྱལ་ན་ཐམས་ཅད་ལ་གནོད་པ་མི་ཡོང་པ་འདུག་སྟེ། དེ་འདྲ་བྱས་ན་ཕྱི་མིས་འཕྱ་རུ་ཡོང་། དེ་བས་ང་རང་འཆི་རུ་ཆུག་མཛོད་ཞུས་སོ།།
རྒྱལ་པོ་དར་གཅིག་ཐུགས་སེམས་ཁོག་ནང་དུ་མ་གནས་པ་ལྟར་གྱུར། ངའི་ཆུང་མ་ཁྱད་འཕགས་དེ་ཡོད་དུས་བུ་འདི་དཀོན་མཆོག་ལ་གསོལ་བ་བཏབ་པ་ལས་བྱུང་། ཁོང་རང་གི་མ་ཡང་ཤི །བྲམ་ཟེ་མཚན་མཁན་གྱི་ཞལ་ནས་ཀྱང་། ང་མ་ཤི་གོང་ལ་རྒྱལ་ས་འཛིན་པ་ཞིག་ཡོང་ཟེར་ཏེ། གཞན་ལས་རྒྱལ་ས་ནི་ཐོབ་དོགས་མེད། ངའི་ཟག་པ་སོག་པ་ཞིག་སྲིད་དམ། མོ་མ་ལ་བྱུང་བའི་ལུང་བསྟན་དང་རྨི་ལམ་ལ་བདེན་པ་རང་མི་ཡོང་བསམ། རྒྱལ་པོས་བཙུན་མོ་ལ་གསུངས་པ། ཁྱོད་ལ་ཕན་པ་འདུག་ཀྱང་གསོད་པ་ནི་མི་ཕོད། དགོས་ངེས་རང་གི་འདི་སེམས་ཅན་ལ་གནོད་འཚེ་སྤངས་པ་ཡིན་པས། ང་རང་གི་བུ་བསད་དེ་དམྱལ་བར་སྐྱེ་བའི་སྡིག་པའི་ལས་དེ་འདྲ་ཅི་ལ་ཐུག་ཀྱང་མི་བྱེད། ཁྱེད་རང་གིས་ཟེར་བ་ལྟར་མཐའ་ལ་བཅུག་དགོས་པ་ཨེ་ཡིན་ཟེར་བའི་ཞལ་ཏ་ཤོར་རོ། །རྒྱལ་པོས་ཞལ་བཞེས་བྱུང་བས་བཙུན་མོ་དེ་ན་བ་ཡང་དྲག་སྐྱེད་བྱུང་། རྒྱལ་འབངས་རྣམས་ཚོགས་པའི་སར་རྒྱལ་པོས་ངེད་རང་གི་རྒྱལ་བུ་དོན་གྲུབ་འདི་བདུད་ཀྱི་སྤྲུལ་པ་ཡིན་འདུག་པས། ཁོ་རང་དང་པོ་ལྷ་ལས་བླངས་པའི་ས་ཡུལ་ལ་སྤྱུགས་གཏོང་བ་ཡིན། དེའི་རྟེན་འབྲེལ་ལྷོ་རྫས་རྣམས་གསོག་ཅིག་ཅེས་བཀའ་གནང་། བློན་པོ་རྣམས་ཀྱིས་རྒྱལ་པོའི་བཀའ་ནི་རི་གཟར་འབབ་རྡོ་ལྟར་ལྡོག་པར་དཀའ་བས་ཞུ་ས་ནི་མ་རྙེད། ལྐོག་ཏུ་སྐུར་བ་ཚད་མེད་པ་བཏབ་བོ།།
རྒྱལ་པོ་དོན་གྲུབ་ཀྱི་སྙན་དུ་ཁོང་ལ་གུས་པའི་མི་རྣམས་ན་རེ། རང་རེའི་བཙུན་མོ་འདི་རྒྱལ་བུ་ལ་ཐུགས་ལོག་ནས། རྒྱལ་པོ་ལ་སྙན་དགྲ་ཕུལ་ཏེ་རྒྱལ་བུ་གྲོངས་ན་བསམ་པ་ཡོད་པ་འདུག་ཞུས་སོ། །རྒྱལ་བུའི་ཐུགས་ལ་ང་དོན་མེད་ཁོ་ཚོའི་ལག་འོག་ཏུ་འགྲོ་བ་ལས་བྲོས་འགྲོ་བ་དགའ་བསམ། ཁོང་རང་སྐུ་མཆེད་གཉིས་གཟིམས་པའི་བུག་ཁ་གཅིག་ཡོད་པ་དེར། ཁོང་རང་གཉིས་ཀྱི་ཟན་ལྷག་བསགས། དེར་རྒྱལ་པོ་ཡབ་ཡུམ་གྱིས་རྒྱལ་བུ་དོན་ཡོད་འབོད་པར་བཏང་ནས་གོས་ཆུང་། ལྷམ་ཆུང་། མདའ་ཆུང་། གཞུ་ཆུང་ལེགས་པོ་བཟོ་ཡི་ཡོད་ཨེ་རན་ལྟ་བར་ཤོག་ཟེར་ཁ་དྲངས་སོ། །ཁོང་རང་སྐུ་མཆེད་གཉིས་མཛའ་གྲགས་པས་རྒྱལ་པོ་ཡབ་ཡུམ་སར་གདན་མ་འདྲོངས་སོ། །དེར་རྒྱལ་བུ་དོན་ཡོད་ལའང་། མི་ལ་ལས་ཁྱོད་ཀྱི་ཇོ་ཇོ་འདི་མཐའ་ལ་སྤྱུགས་རྩིས་ཡིན་པར་འདུག་པས་ཁྱེད་རང་ཇོ་ཇོ་འདིའི་ཟླ་ལ་བཞུགས་པ་མི་དྲག་གམ་བྱས་སོ། །དེར་ནུ་བོ་ན་རེ། ཇོ་ཇོ་ལགས། ཇོ་ཇོ་མཐའ་ལ་སྤྱུགས་རྩིས་ཡོད་པར་འདུག་པས། ཇོ་ཇོའི་ཟླ་ལ་ཁྲིད་རོགས་གྱིས་ཟེར་ཇོ་ཇོའི་སྐེ་ལ་འཁྲིལ་ལོ། །
དེར་ཇོ་ཇོ་ན་རེ། མཐའ་ལ་སྤྱུགས་ན་ཟ་མ་མི་རྙེད། ང་ནི་ཕྱིའི་རྒྱ་མཚོ་ལ་བསྐྱུར་བ་ཡིན་པས་ཁྱེད་རང་དེ་ལས་ཟས་ནོར་གྱི་བདག་པོ་བྱས་ནས་རྒྱལ་བརྒྱུད་འདི་བཟུང་བ་དྲག །ཨ་མ་ལ་བུ་ཚ་གཞན་ནི་མི་འདུག །རང་རེ་གཉིས་ཆུ་ལ་བསྐྱུར་ན་ཡབ་རྒྱལ་པོའི་རྒྱལ་བརྒྱུད་ཡང་ཆད་འགྲོ། དེ་ལས་སྐུ་མཁར་གྱི་ནང་དུ་རྒྱུགས་ཤིག །ང་ནི་ཁོང་ཡབ་ཡུམ་གྱི་དགོངས་པ་ལ་མ་རྩིས་པར་ནང་ལོག་ཡོང་བས། བསད་ན་ཡང་བློས་ལོང་བ་བྱེད་བྱས། ནུ་བོ་ན་རེ། ཇོ་ཇོ་ལ་སྡུག་པོ་འདི་འདྲ་བྱུང་བས་རྒྱལ་བརྒྱུད་ཆད་ནའང་ཤི་གསོན་ཅི་བྱུང་རུང་ཇོ་ཇོ་ངེད་རང་གཉིས་མཉམ་པོར་འགྲོ་ཟེར་ཏེ་ཇོ་ཇོའི་ས་ནས་གོམ་པ་གང་ཡང་མ་བྲལ་བར་བསྡད། རྒྱལ་པོ་ཡབ་ཡུམ་གྱི་ཞལ་ནས། ནངས་པར་ཇོ་ཇོ་ཕྱིར་སྤྱུགས་པའི་དུས་སུ། བློན་པོ་རྣམས་ཀྱིས་ནུ་བོ་ཟུངས་ཤིག་གསུངས་སོ། །དེར་ཚེས་གྲངས་བརྩིས་ནས་རྒྱལ་བུ་དོན་གྲུབ་མཐའ་ལ་སྤྱུགས་པའི་གྲབས་བྱས། དེར་རྒྱལ་བུ་དོན་གྲུབ་ཀྱི་དགོངས་པར་ངའི་ནུ་བོ་འདི་དང་བྲལ་ཐབས་ནི་མི་འདུག །ངེད་གཉིས་བསྡེབས་ཕྱིན་ཚེ་ནུ་བོ་འདི་མེད་ན་རྒྱལ་པོ་ཐུགས་ཁྲལ་གྱིས་སྐམ་འགྲོ་བ་འདུག །ངེད་གཉིས་ཀ་ཐུམ་ལ་ཤི་ན་རྒྱལ་བརྒྱུད་ཀྱང་ཆད་འགྲོ་བ་འདུག་བསམས། ནམ་ཕྱེད་ལ་ཧར་དེ་ལངས་པ་དང་། ནུ་བོས་ཚོར་ནས་ཇོ་ཇོའི་སྐེ་ལ་འཁྲིལ་ཏེ་ཉལ་ལོ། །ཇོ་ཇོ་འགྲོ་ན་ང་ཡང་ཁྲིད་ཟེར་ནས་འགྲོ་ཐབས་མ་བྱུང་ངོ་།།
ནམ་ཕྱེད་ཡོལ་ཙམ་ལ་འགྲོ་དགོས་བསམས་ནས་ཡུད་ཙམ་ཞིག་བསྡད། སྔས་མགོའི་ཟན་ལྷག་བསགས་པ་རྣམས་ཤ་རྐྱལ་གྱི་ནང་དུ་བརྫངས་ནས་བཞག་གོ །ནུབ་ཁ་ཡར་གྱི་བར་དུ་བྲོས་ཀྱང་ནུ་བོས་ཚོར་ཏེ་མ་ཐར། ད་འདི་གང་བྱས་ཀྱང་སྡོད་པ་ནི་མི་འདུག་བསམས། མི་ཆེ་ཉལ་ཆུང་ཉལ་གྱི་དུས་སུ་ཤ་རྐྱལ་དེ་ཕྲག་པ་ལ་བཀལ་ནས་དོན་བྱོན་ནོ། །ཇོ་ཇོ་སོང་གི་དོགས་ནས་ནུ་བོས་ཀྱང་གོས་ལྷམ་མ་ཕུད་པར་ཉལ་ལོ། །ནུ་བོས་ཚོར་ཏེ་ལངས་ནས་རྗེས་སུ་བརྒྱུགས་བྱུང་། ཇོ་ཇོ་གར་འགྲོའི་རྗེས་ལ་ང་ཡང་འགྲོ་ཟེར་སྐད་འདོན་གྱིན་སླེབས་བྱུང་ངོ་། །བུ་སྐྱིད་བཞག་སྡུག་ཉོ་ན་ཁྱོད་འདྲ་ཡོང་བ། ཇོ་ཇོ་སྡུག་པའི་ཞོར་ལ་ནུ་བོ་ཁྱོད་ཀྱང་སྡུག་པ་འདུག་གོ་ཟེར་ཁྲིད་ཕྱིན་ཏོ།།
གར་འགྲོའི་གནས་ནི་མེད། མཐའ་ཡས་པའི་བྱེ་ཐང་། ལམ་མི་རྙེད་པའི་ས་ཆ་ཞིག་ཏུ་སླེབས་སོ། །རྒྱལ་བུ་དོན་གྲུབ་མཐའ་ལ་སྤྱུགས་པའི་གྲབས་རྣམས་ཚར་ནས་རྒྱལ་བུ་དོན་ཡོད་གདན་འདྲེན་ལ་བཏང་བས། རྒྱལ་བུ་སྐུ་མཆེད་གཉིས་ཀ་མཐོང་ས་ན་མི་འདུག་ཟེར་རྒྱལ་པོ་ལ་ཞུས་སོ། །དེ་འདྲ་ཡིན་མི་སྲིད་རང་རེའི་མངའ་འོག་གི་མི་རྣམས་ཀྱིས་སྦས་པ་ཡིན་ཡོང་འཚོལ་ཟེར་ནས་མངའ་འོག་ཏུ་བཙལ་བས་མ་རྙེད་དོ། །ཕྱོགས་བཞིར་ཕོ་ཉ་རྟ་པ་བཏང་ཡང་རྒྱལ་བུ་སྐུ་མཆེད་གཉིས་མ་རྙེད་དོ། །དེར་ཡབ་ཡུམ་གཉིས་ཐུགས་ཁྲལ་ཚད་མེད་སྐྱེས། བཙུན་མོ་དེར་ཡང་རྫུན་མིན་པའི་ན་ཚ་བདེན་ངེས་ཤེས་པ་ཞིག་བྱུང་ངོ་། །མངའ་འབངས་རྣམས་ཀྱིས་ཀྱང་རྒྱལ་བུ་དེ་གཉིས་འོ་རྒྱལ། དེ་ནས་རྒྱལ་བུ་སྐུ་མཆེད་གཉིས་བྱང་ཐང་རྩ་རྐང་གཅིག་ཀྱང་མི་སྐྱེ་བའི་ས་ཆ་ཞིག་ན་འདྲེ་སྲིན་སྡུག་པ་ཅན་དང་། གཅན་གཟན་རྣམས་ཀྱིས་ཀྱང་ཁོང་གཉིས་ལ་གནོད་པ་མི་བྱེད་པར་ཕྱག་དང་བསུ་བྱེད་དོ།།
ཟླ་བ་ཁ་ཡར་གྱི་བར་བྱང་ཐང་མི་མེད་ལུང་སྟོང་འགྲིམས་པས། ཇོ་ཇོས་ཟན་སྐམ་རྡོག་པོ་རེ་ཙམ་ཟོས། ནུ་བོ་ལ་ཡང་རྡོག་པོ་རེ་སྟེར། དེར་ལས་ཞག་རིང་བས་ཟ་རྒྱུ་ཟད་དེ་ཤ་རྐྱལ་གཏུབ་ཀྱིན་གསོལ་བས་ཤ་རྐྱལ་དེ་ལ་ཚ་དྲོ་བའི་སྟབས་ཀྱིས་ཁ་སྐོམ་པའི་ཚད་ནི་མེ་འབར་བ་ལྟ་བུ་བྱུང་། བྱང་ཐང་ཡུན་རིང་བརྒྱུད་ཅིང་། ལྟོ་ཡང་ཕུན་ཆུང་བས་ལུས་སྟོབས་ཀྱང་ཉམས། དེ་ནས་ལུང་པ་ཆུ་མེད་པ་ཞིག་ཏུ་སླེབས། ནུ་བོ་ན་ཕྲ་བའི་སྟབས་ཀྱིས་གོམ་པ་གང་ཡང་འགྲོ་མ་ཐུབ་པར། ཁུར་ནས་ཆུ་འཚོལ་བཞིན་ཡོང་རུང་མ་རྙེད་དོ། །རི་གདོང་གཅིག་བརྒྱབ་པའི་ས་ན་ཆུ་མེད་དམ་བསམས་ཏེ་ཁྱོད་རང་འདིར་སྡོད་ཅིག །ཇོ་ཇོས་བང་བཏང་ནས་ཆུ་བཙལ་ཡོང་བྱས་པ་དང་། ནུ་བོས་ཇོ་ཇོས་ང་སྐྱུར་བ་འདྲ་བྱས་པས་ཁྱོད་སྐྱུར་དོགས་མེད། ཆུ་མ་རྙེད་ན་ངེད་གཉིས་ཀ་འཆི་བ་འདུག་བྱས་ནས་ཇོ་ཇོ་ཕྱིན་ཏོ།།
ཇོ་ཇོས་ནུ་བོ་དེར་བཞག་ནས་ཆུ་འཚོལ་བར་ཕྱིན་རུང་ཆུ་མ་རྙེད། ནུ་བོ་དེ་ཇོ་ཇོ་གར་འགྲོའི་སར་སྐེ་རེར་བལྟ་བཞིན་བསྡད། ཇོ་ཇོ་མིག་གིས་མ་ཟིན་པའི་སྐབས་དེར་ནུ་བོས་ཇོ་ཇོ་ཟེར་སྐད་གཅིག་བརྒྱབ་ནས་ཁ་བུབ་ཏུ་འགྱེལ་ལོ། །ཇོ་ཇོས་ཕྱི་མིག་ཅིག་བལྟ་སྐབས་ནུ་བོ་འགྱེལ་བ་མཐོང་ནས་དེ་མ་ཐག་བརྒྱུགས་ཡོང་ངོ་། །ཇོ་ཇོ་ནུ་བོའི་རྩར་སླེབས་པ་དང་ནུ་བོ་ཤི་ཚར་འདུག་གོ །དེར་པང་དུ་བླངས། སྐེ་རགས་དཀྲོལ་ཏེ་ཤ་ལ་སྦྱར། ཁ་ལ་མཆིལ་མ་བླུག །རྣ་མཆོག་ལ་ཁ་སྦྱར་ནས་སྐད་བརྒྱབ་སྟེ་ངུ་ཡིན་བསྡད་དོ། །སྐད་བརྒྱབ་ཀྱང་མ་གསོས་ཏེ། ང་ཕུ་བོས་ནུ་བོ་བསྐྱལ་སོང་ཟེར་ནས་ཡུད་ཙམ་རིང་དྲན་མེད་དུ་སོང་། དྲན་པ་གསོས་འཕྲལ་དུ་ནུ་བོའི་རོ་ལ་སྨོན་ལམ་བཏབ་པ་འདི་ལྟར། ངེད་གཉིས་འབྲལ་བ་མེད་པ་ཞིག་ཡིན་ལ། རྒྱལ་སྲིད་སྤངས་ནས་ང་རང་གཅིག་པུར་འགྲོ་དགོས་པ་འདི་ནི་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་གཅིག་པུར་བྱང་ཐང་དུ་ལུས། ངོ་ཤེས་པ་ས་དང་གནམ་གཉིས་ལས་མེད། ངས་ཚེ་སྔོན་མི་དགེ་བའི་ལས་ཅི་བྱས་ཨང་། ང་རང་ཤི་ནས་ནུ་བོ་དེ་ལུས་ན་དགའ་བ་ལ་ཟེར་སྨྲེ་སྔགས་མང་པོ་བཏོན། འོན་ཀྱང་མི་རྟག་པ་འཆི་བ་ཟེར་བ་འདི་ལ་ཟེར་ཞིང་དེ་ནི་ཐག་རིང་པོ་ན་མི་འདུག །ང་ལ་ཚེ་སྔོན་ཡི་དམ་གྱི་ལྷ་ཡོད་ན་ཚེ་འདི་ལ་ངེད་གཉིས་འཕྲད་དེ་ཕ་མ་རྒན་རྒོན་གཉིས་དང་ཡང་མཇལ་བ་ཤོག་ཅིག །མི་དགེ་སྡིག་པའི་ལས་རྣམས་སྤོང་བ་ཤོག་ཅིག །དཔེ་འདི་ལ་བསམས་ནས་ཟས་སྐོམ་རང་ལ་གང་ཡོད་སྦྱིན་པའི་ཕྱོགས་སུ་གཏོང་ནུས་པ་ཤོག་ཅིག །ཟེར་བའི་སྨོན་ལམ་བཏབ་ནས་དར་གཅིག་ཏིང་ངེ་འཛིན་ལ་བཞུགས་རུང་། དེས་ཀྱང་ཕན་པ་གང་ཡང་མ་བྱུང་། ནུ་བོའི་ཕུང་པོ་དེ་རྒྱབ་ཏུ་ཁུར་ནས་ལ་ལུང་བཅོ་བརྒྱད་བརྒལ་བའི་ས་ན་ཕར་སླེབས་ཙ་ན། དེར་སྦས་ཀྱང་གནས་དམའ་མོར་སྐྱེ་བསམས་ནས། སེ་ཕུང་ཆེན་པོ་ཞིག་འདུག་པ་དེའི་རྩེར་ཡར་འཛེགས་ཕྱིན་པ་ན། སེ་ཕུང་དེ་ནས་བལྟས་པའི་ས་ན་གཡའ་རི་དང་གངས་རིའི་རྒྱུན་འབབ་པ་ཞིག་འདུག །ནུ་བོའི་ཕུང་པོ་དེ་དེར་སེ་བའི་བསིལ་གྲིབ་ལ་གཡམ་པའི་སྒྲོམ་ལེགས་པར་བྱས་ཏེ་སེམས་ཅན་གྱི་གནོད་འཚེ་མེད་པ་བྱས་ནས་བཞག་གོ །གཡམ་པའི་སྒྲོམ་བུ་དེ་མཐོང་རིང་བར་ལ་འབྲལ་མི་ཕོད་པར་ཕྱི་མིག་བལྟ་བཞིན་ཕྱིན་ནོ། །འདིར་བསྡད་ན་འཚོ་བས་ཕོངས་རྒྱུ་ཡིན་དགོངས་ཏེ་ལ་ལུང་མང་པོ་བརྒལ་ནས་བྱོན་ནོ།།
དེར་མི་སྐད་ཁྱི་སྐད་གང་ཡང་མེད་པ་ཞིག་ལ་རྣ་མཆོག་གི་གཏིང་དུ་གཏིང་ཤགས་ཀྱི་སྒྲ་ཁྲོལ་བ་ཞིག་ཐོས་པས། ལུང་པ་འདི་ན་ཆོས་སྡེ་ཞིག་ཡོད་པ་ཨེ་ཡིན་བསམས་ནས་མིག་གིས་ལེགས་པར་བལྟས་པས། ལན་གཅིག་ལ་མི་གཅིག་ཕྱིན་པའི་རྗེས་ཤིག་འདུག །དེ་ལ་ཞུགས་ནས་བྱོན་པ་དང་ཆུ་མིག་གི་ཁ་ཞིག་ན་བཙུན་པ་སྒོམ་ཆེན་ཞིག་གཏོར་མ་གཏོང་གིན་འདུག །དེའི་རྩར་བྱོན་ཏེ། དེ་ན་གཏོར་ཟན་གཏོར་བ་དང་སྤུངས་པ་མང་རབ་འདུག་པ་དེ་ནས་མཆོད་པས་བླ་མ་དེས་དར་གཅིག་ནས་སྤྱན་གདངས་མཛད་བྱུང་བས་རྒྱལ་བུ་གཟིགས་སོ། །རྒྱལ་བུ་ནི་བྱང་ཐང་འགྲིམ་རྒྱུན་རིང་བས་ནང་ལྟོས་མ་འགྱོངས་ཁ་ལུས་ཀྱི་མདོག་ཉམས། ཉི་ལྷགས་ཀྱིས་བརྡུངས་པས་ན་བཟའ་ཧྲུལ་པོར་སོང་། ལྷག་པར་ནུ་བོ་གྲོངས་པས་དབུ་སྐྲ་གྱེན་དུ་གཟིངས་པའི་འདོད་གཟུགས་ངན་པ་དེ་གཟིགས་ནས། ངས་གཞོན་སོ་དཀར་ནས་རྒན་སྐྲ་དཀར་གྱི་བར་དུ་སྒྲུབ་པ་གཏོར་མ་ལོ་སྒྲུབ་སོགས་ལ་བསྙེན་པ་མཐའ་བརྟེན་ནས་དམིགས་པས་རྒྱས་མ་ཐེབས་པ་ཡང་མ་བྱས་སོ། །ཡི་དྭགས་མངོན་སུམ་དུ་མཐོང་བ་ད་ལན་མིན་པ་མ་བྱུང་གསུངས་ནས་ཕྲེང་ལྕག་ཅིག་བརྒྱབ། དྲག་སྔགས་བགྲངས་སོ། །རྒྱལ་བུའི་ཐུགས་ལ་ང་ནང་ལྟོས་མ་འགྱོངས་ཕྱི་གོས་ཀྱིས་མ་ཐུམས། མི་ཚེ་སྟོད་སྨད་ཆེས་ཙ་ན་སྐྱིད་སྡུག་དང་དར་རྒུད་ངའི་འདི་དང་འདྲ། རང་ལ་ཡོད་པའི་དུས་ཤིག་བྱུང་ན་ལྟོ་ནས་འཕྲིས་ཏེ་སྦྱིན་པ་ཕྱོགས་མེད་དུ་གཏོང་། ནོར་ལོངས་སྤྱོད་ནས་འཕྲིས་ཏེ་སྦྱིན་པ་གཏོང་། གཉིད་དང་ལྟོ་ནས་འཕྲིས་ཏེ་འགྲོ་དྲུག་དགེ་ལ་བསྐུལ་ལོ་སྙམ་པའི་དམ་བཅའ་ཆེན་པོ་ཞིག་དེ་རུ་མཛད་དོ།།
དེར་བླ་མའི་སྐུ་མདུན་དུ་ཕྱག་གསུམ་བཙལ་ནས་ང་ཡི་དྭགས་མིན་ལགས། མི་དབུལ་པོ་དར་རྒུད་བྱུང་བ་ཞིག་ཡིན་ལགས་ཞུས་པས། གང་དུ་འགྲོ་རྒྱུ་ཡིན་གསུངས། རྒྱལ་བུ་ན་རེ། བླ་མའི་སྙན་གྲགས་ལ་བརྟེན་ནས་ཆུ་ལེན་དང་གཏོར་གཡོག་ལ་ཡོང་བ་ཡིན་ཞུས་པས། འོ་ན་ནང་དུ་ཤོག་གསུངས། དེར་རྒྱལ་བུའི་དབུ་སྐྲ་བཞར། ན་བཟའ་བརྗེས། འཚོ་བ་ཡང་དག་དྲངས་ནས་བླ་མས་གཟིགས་པས། བུ་ཆུང་མཚན་དང་ལྡན་པ་འོད་སྒོར་རེ་འདུག །བླ་མ་མཉེས་ཏེ་རྒྱལ་པོའི་མཆོད་གནས་བྱེད་པ་ལ་ཕ་ཚབ་ཀྱི་བུ། སོ་ཚབ་ཀྱི་ལ་བཀའ་སྲུང་ཆོས་སྐྱོང་ཞིག་གིས་བསྐྱལ་བ་ཡིན་འདུག་དགོངས་ནས་གཏོར་གཡོག་ཆུ་ལེན་བཅོལ་ལོ། །
ནངས་པར་ལུང་པ་དེའི་ཕུ་ན་འཇག་མ་རྔ་རུ་བཏང་། འཇག་མ་འབལ་གྲགས་པས་དུམ་པ་རེ་ལ་ཁུར་པོ་གཉིས་རེ་སྒྲུབ་ཐུབ། ཁུར་པོ་རེས་བླ་མའི་གཟིམས་མལ་བཅོས། ཁུར་པོ་རེས་རྒྱལ་བུ་རང་གི་མལ་བཅོས་ནས་ཉིན་རེ་བཞིན་བརྗེས་སོ། །དེར་ལུང་པའི་ཕུ་ན་ཡར་ཕྱིན་ཙ་ན་རི་རྩེ་དེ་ནས་བལྟས་པས་ལུང་པའི་མཐིལ་ན་རྒྱལ་པོའི་ཕོ་བྲང་གནམ་ལ་བསྙེགས་པ་འདྲ་བ་ཞིག་འདུག །ལུང་པའི་མདའ་ན་མཚོ་ཆེན་པོ་ནམ་མཁའ་ཐང་ལ་ལྷུང་བ་འདྲ་བ་ཞིག་འདུག་གོ །རྒྱལ་འབངས་མཐའ་མི་རྟོགས་པ་འདུག་གོ །དེ་ནས་མར་ལོག་ཉིན་ལྟར་སྔར་བཞིན་འཇག་མ་བརྔས། བླ་མའི་གཟིམས་མལ་དེ་རྩྭ་སོལ་པོ་སྔ་དྲོ་རེས་བཞིན་ཆགས། ཁོང་རང་གི་དེ་ལ་ཆགས་རྒྱུ་མེད་པ་དེ་ཁ་བྱུང་། དེར་བླ་མའི་ཞལ་ཏ་ནས་ཁྱོད་ཀྱི་མལ་སོག་དེ་ལ་ཆགས་རྒྱུ་མེད་པ་ཡོང་བ་འདུག །ནུབ་མོ་གཉིད་ཀྱང་མི་ཡོང་བ་འདུག་པས། ཁྱོད་ལ་བློ་ལས་ཆེན་པོ་རང་གཅིག་འདུག་པས་ང་ལ་ཤོད་ཅིག་གསུངས་སོ།།
དེར་རྒྱལ་བུས་བླ་མ་ལ་མི་ཞུ་ན་སུ་ལ་ཞུ། བདག་ལ་བློ་ལས་ཡོང་བ་འདི་དང་པོ་རྒྱལ་སྲིད་ཆེན་པོ་གཅིག་གི་ཡབ་རྒྱལ་པོ་དོན་བཟང་བྱ་བ་ཞིག་གི་བུ་ཡིན་ལགས། ཨ་མ་དེ་མ་ཡར་ཡིན་པས་མཐའ་ལ་སྤྱུགས་པ་སོགས་སྔར་གྱི་ལོ་རྒྱུས་རྣམས་རྒྱས་པར་ཞུས་ཤིང་། བདག་གི་ནུ་བོ་དེ་སྙིང་དང་འདྲ་བ་ཞིག་ཡོད་པ་དེ་ཤི་བས་མགོ་སྔས་ལ་བཞག་ཀྱང་གཉིད་ཡེ་མ་བྱུང་བ་དེ་བཞིན་ལགས། བླ་མའི་སྐུ་དྲིན་ཆེ་གྲགས་པ་མ་གཏོགས་ནུ་བོའི་རུས་པ་ལོན་ན་བསམ་པ་དེ་ག་གདའ་ལགས་ཞུས་པས། བླ་མའི་ཞལ་ནས་ཁྱོད་མི་ཕལ་པ་གཅིག་མིན་པར་འདུག །གདུང་རུས་ཀྱང་རྒྱལ་པོ་ཡིན་པར་འདུག །ཡབ་ཡུམ་གཉིས་ཀྱིས་སྲས་འདི་འདྲ་སྤྱུགས་པ་འོས་སུ་མ་མཆིས། ད་ནི་ནུ་བོའི་རུས་པ་ཡོད་སར་སང་འགྲོ་ཡི། བུ་དོན་གྲུབ་ཀྱིས་ལམ་སྣ་བགྱིས་གསུངས། ཞག་ཁ་ཡར་གྱི་ལྟོ་ཁུར་ནས་རུས་པ་ཡོད་སར་བྱོན་ནོ།།
དེར་ཁོང་གཉིས་ནུ་བོའི་རུས་པ་ཡོད་སར་ཕེབས་པ་དང་སེ་ཕུང་དེའི་རྩར་བྱོན་པས། གཡམ་པའི་སྒྲོམ་བུ་དེ་ཧར་དོན་ནས་མི་འདུག །ཕྱོགས་ཐམས་ཅད་ལ་གཟིགས་ཀྱང་རུས་པ་དང་སྐྲ་ཐོར་བ་ཡང་མི་འདུག །རྒྱལ་བུ་དོན་ཡོད་དེ་ཇོ་ཇོས་སྨོན་ལམ་བཏབ་པས་མཐུས། ནམ་ཟླ་དབྱར་ཁར་སོང་བས་ཆར་པ་སེ་བའི་མགོ་ལ་བབས། སེ་བའི་ཆུ་ཐིགས་རྒྱལ་བུའི་ཞལ་དུ་སོང་། སྐོམ་པ་རྒྱུན་རིང་པོ་གསོས་ཏེ་རྒྱལ་བུ་ལུས་སེམས་མ་བྲལ་བར་ལངས་རྒྱུ་བྱུང་ནས་བྱང་ཐང་ལ་ཡན་དུ་སོང་ནས་ཁོང་རང་གཉིས་མ་མཇལ་ལོ། །བླ་མ་དཔོན་སློབ་གཉིས་ཀྱང་དགོན་པར་ལོག་བྱོན་ནོ། །རྒྱལ་བུའི་དོན་དུ་དཀྱིལ་འཁོར་བུམ་པའི་ཆོ་ག་སོགས་མཛད། དེར་ཉིན་རེ་བཞིན་ལུང་པའི་ཕུ་ལ་རྒྱལ་བུས་ཤིང་སྒྲུག་པར་ཕྱིན་ཏོ། །ལ་ལས་ཇོ་ཇོ་དོན་གྲུབ་ཟེར། ལ་ལས་བུ་ཆུང་དོན་གྲུབ་ཟེར། བུ་ཆུང་སྙིང་སྡུག་ཁ་སྒོ་ལེགས་ཟེར་བ་བྱུང་ངོ་། །དེར་བྱིས་པ་མཉམ་རྣམས་དང་རྩེད་མོ་དང་འཛིང་ཁ་བྱས་པས། ཁོང་གི་ལོ་རྟགས་འབྲུག་ལོ་ཡིན་པས། ཁོ་རང་ལས་ཆེ་བར་རྣམས་ཀྱང་འཛུད་ཐུབ་པ་བྱུང་ངོ་། །དེར་འབྲུག་ལོ་པ་གཞན་སུ་ཡང་མི་འདུག་སྟེ། རྒྱལ་བུས་ང་འབྲུག་ལོ་པ་ཡིན་པས་གྲགས་པ་ཡང་འབྲུག་ལས་ཆེ། ངའི་སྟེང་དུ་ཡོང་བ་ཡང་དེ་བཞིན་ཡིན་ཟེར་ཁ་པོ་རེ་ཡང་བཏོན། དེར་བླ་མའི་དྲུང་དུ་ལོག་བྱོན་ནོ།།
ལུང་པའི་མ་གིའི་རྒྱལ་པོ་སྲས་མོ་མཚར་སྡུག་འོད་ཆགས་པ་འདྲ་བ་ཞིག་ཡོད། གཞན་སྲས་ཙམ་མེད་དོ། །ལུང་པ་དེའི་མཚོ་དེ་ལ་སྔར་ནས་དུས་བཟང་ཙ་ན་གཡུ་འབྲུག་སྔོན་མོ་ནམ་མཁའ་ནས་མར་བབས་ཏེ་དུས་བཟང་ལ་སྐད་འདོན་གྱིས་མཚོའི་དཀྱིལ་ན་མར་འགྲོ་བ་ཡོད། དེའི་ཉིན་རྒྱལ་བློན་རྣམས་ཀྱང་ལྟད་མོ་དང་སྟོན་མོ་བྱེད། དེ་ལྟར་བྱས་པས་རྒྱལ་ཁམས་སུ་ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་ལེགས་པ། མི་ནད་ཕྱུགས་ནད་ཆད་པ། ཕྱིའི་རྒྱ་མཚོ་ཆེན་པོ་དེ་ལ་ཡིད་བཞིན་གྱི་ནོར་བུ་ཅི་བསམ་འགྲུབ་པ་ཞིག་ཡོད་པས་དེ་ལ་སྨོན་ལམ་གང་བཏབ་པ་འགྲུབ་ཀྱི་ཡོད་འདུག །དུས་ཕྱིས་བསྐལ་པ་འགྲིག་ནས་འབྲུག་གསོན་དེ་མཚོ་ལ་མ་བབས་པས། མི་འབྲུག་ལོ་པ་ཡིན་པ་ལོ་བཞི་གསུམ་བཅུ་གཉིས་ལོན་པ་གསོན་མ་རེ་མཚོ་ལ་བསྐྱུར་ཅིང་། རྒྱལ་བློན་རྣམས་ཀྱང་ཆ་ལུགས་སྤྲས་ནས་གསོལ་བ་བཏབ་ན་སྔར་བཞིན་བསམ་ཚད་འགྲུབ་ཀྱི་ཡོད་པར་འདུག །དེར་ལུང་པ་དེ་ན་ལོ་དུས་ཀྱི་མི་རེ་འཚོལ་དུ་བཏང་བས། ཁྱོ་ག་ཡིན་པ། ལོ་བཅུ་གཉིས་ལོན་པ། རྒྱལ་བུ་དོན་གྲུབ་ཡིན་ཟེར་རྣ་བས་ཐོས་ཏེ་དེ་འགུགས་པའི་ཕོ་ཉ་བླ་མ་རི་པ་དེའི་རྩར་ཕྱིན་ནས། ངེད་ཀྱི་རྒྱལ་པོའི་ཞལ་ཏ་བླ་མའི་འདི་ན་བུ་ཚ་ལོ་བཞི་གསུམ་བཅུ་གཉིས་ལོན་པ་ཞིག་ཡོད་འདུག །རྟེན་འབྲེལ་ལ་དགོས་པས་བྱུང་བས་ད་ལྟ་མགྱོགས་པར་བསྐྱུར་དགོས་ཟེར་སྒོ་བརྡུངས་སོ།།
བླ་མའི་དགོངས་པ་ལ་སྔར་མཚོ་ལ་བསྐྱུར་བ་རྒྱུས་ཡོད་བསམས། བུ་རྫ་མ་ཁ་སྦུབ་པའི་འོག་ཏུ་སྦས་ནས་སྐད་ཅི་བྱུང་ཡང་ང་ལ་ཅི་ཡང་མི་ཡོང་བས། ཁྱེད་རང་མཚོ་ལ་བསྐྱུར་བ་འདུག་པས་སྐད་མ་འདོན་བྱས་ནས། བླ་མ་ང་ལོ་སྒྲུབ་ཟླ་སྒྲུབ་བྱེད་པ་ལ་བུ་ཚ་གང་ནས་ཡོང་། ང་གསོད་སྙིང་འདོད་ན་གསོད་བྱས་འུ་ཐུག་བཙོངས་སོ། །ཁོང་ཚོས་ཕུགས་སུ་ཚངས་ཕུགས་གཡེང་བྱས། གྲི་བཏོན་ནས་བླ་མ་གསོད་པ་ཡིན་ཟེར་ཚག་ཚག་བྱས་པས། རྒྱལ་བུས་རྫ་མའི་བུ་གུ་ནས་མཐོང་སྟེ་བླ་མ་གསོད་པ་འདུག་སྙམ་ནས་ང་འདི་ན་ཡོད་ལགས། ངའི་དྲིན་ཅན་ལ་དེ་འདྲ་མ་མཛད་ཟེར་རྫ་མ་བསྐྱུར་ནས་ལངས་ཡོང་། བུ་ཆུང་དེ་ག་ཡིན་ཟེར་དགའ་གྲགས། བུ་ཆུང་མཚར་པོ་འདུག་ཟེར་ལག་པ་ནས་འཇུས་ཏེ་ཁྲིད་དོ།།
བླ་མས་འཆང་ཡང་མ་ཐུབ་པར་བླ་མ་གན་རྐྱལ་དུ་འགྱེལ། དེར་བླ་མས་མྱ་ངན་གྱིས་ནོན་ནས་ཞལ་དུ་གསོལ་བ་ཡང་མ་སོང་གྲོངས་ལ་ཁད་བྱུང་ངོ་། །དེར་རྒྱལ་བུ་རྒྱལ་པོ་ཆེན་པོ་དེའི་རྩར་སླེབས་པ་དང་། རྒྱལ་བུ་མཐོང་བས་བུ་ཆུང་མཚར་སྡུག་ལྡན་པ་འདི་ལྟ་བུ་ཟེར་རྒྱལ་པོ་མཉེས་སོ། །ཉི་མ་གཉིས་གསུམ་རྒྱལ་པོའི་གཟིམ་ཆུང་དུ་བཞུགས། རྒྱལ་པོའི་སྲས་མོ་ལོ་བཞི་གསུམ་བཅུ་གཉིས་ལོན་པ་མཚར་སྡུག་འདོ་ཆགས་པ་ཞིག་ཡོད་པ་དེ་རྒྱལ་བུ་ལ་སེམས་ཤོར། ཁོང་གཉིས་གཅིག་ལ་གཅིག་འཇུས་ནས་འབྲལ་བ་རྒྱུན་ནས་མ་འདོད་དོ། །ཕྱིའི་རྒྱ་མཚོར་མཆོད་པ་བྱེད་པའི་དུས་ཀྱིས་གཏུགས་ནས། ཅི་དྲག་གང་དྲག་འདི་གཉིས་མི་འབྲལ་བ་འདུག་ཟེར་བ་ལ། རྒྱལ་བུས་རང་གི་གྲོས་བསླབས་པ། སྲས་མོས་ང་ལ་འཆང་ནས་མི་གཏོང་བ་འདུག །ནོར་བུ་ལེན་པའི་གྲུ་ནང་དུ་ཁྱེར་རང་བློན་པོ་བརྒྱ་དང་བཅས་པ་ངེད་གཉིས་དང་སྡོངས་ནས་འགྲོ་ཡི་དེར་བུ་མོ་གཉིད་དུ་སོང་བ་དང་། ཁྱེད་རང་ཚོས་བུ་མོ་བཟུང་། ངས་ཁྱེད་རང་ཚོའི་དོན་དུ་འགྲོ་དྲུག་གི་སེམས་ཅན་ལ་ཕན་འདོགས་ཕྱིར་དཀའ་བ་མེད་པའི་སེམས་ཁྱེར་ནས་འགྲོ་འོ་གསུངས་སོ།།
བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་དེ་ལྟར་ཞུས་པས། རྒྱལ་པོ་མཉེས་ནས་བུ་ཆུང་བདེན་པ་འདུག་གསུངས་སོ། །བློན་པོ་འཁོར་དང་བཅས་པ་ཁོང་གཉིས་དང་སྡོངས་ནས་གྲུའི་ནང་ན་ཕར་བྱོན་ནོ། །སྲས་མོ་སེམས་ཡེངས་ནས་ལག་པ་ལྷོད་པ་ཞིག་བྱུང་བས། རྒྱལ་བུས་བློན་པོ་རྣམས་ལ་བཟུང་ཟེར་བའི་མིག་བརྡ་བྱས། རྒྱལ་བུས་སྙིང་རྗེའི་སེམས་ཀྱིས་མཆོངས་སོ། །ནམ་མཁའ་འཇའ་དང་འོད་ཀྱི་གུར་ཕུབ་ཅིང་། ས་གཞི་ལ་འབྲུག་སྒྲ་དང་གློག་འབྱོན་པ་ཡང་བྱུང་། དེར་བློན་པོ་རྣམས་ཀྱིས་རྒྱལ་པོའི་སྲས་མོ་བཟུང་ནས་རྒྱལ་པོའི་ཕོ་བྲང་ལོག་ཕྱིན་ཏོ། །རྒྱ་མཚོ་ཆེན་པོའི་དཀྱིལ་ན་ཀླུ་དགའ་བོ་དང་འཇོག་པོས་སྣ་དྲངས་པའི་ཀླུ་མོ་བསམ་གྱིས་མི་ཁྱབ་པ་འཁོད་འདུག །རྒྱལ་བུ་ཟིལ་པ་ཁྲོམ་མེ་ཁོང་ཚོའི་རྩེ་ཕེབས་པ་དང་། ཀླུ་རྣམས་ཀྱིས་རྒྱལ་བུ་ལ་བསུ་བ་བྱས་བསྙེན་བཀུར་ཕུན་སུམ་ཚོགས་པ་དྲངས་ཏེ་སྔར་ཡིན་ན་ངེད་ཚོ་ལ་མི་རེ་སྟེར་བ་ཡིན་ཏེ། མཚོ་ལ་བསྐྱུར་ཙ་ན་ཉེ་འཁོར་དང་བཅས་པ་ངུ་དིར་དང་། རོལ་མོའི་སྒྲ། བསིལ་སྙན་བསམ་གྱིས་མི་ཁྱབ་པ་ཡོང་བ་ཡིན་ལ། ད་ལམ་ཆོས་རྒྱལ་ཆེན་པོ་ཁྱེད་འདིར་ཕེབས་པས་ངེད་ཀླུའི་ལུང་པ་རྣམས་བཅུད་དང་ལྡན་པ་ཚེ་རིང་བ་སེམས་ཅན་ཐམས་ཅད་ཀྱི་གདུག་རྩུབ་ཞི་ནས་ཤི་ན་ལྷའི་ཡུལ་དུ་སྐྱེ་བར་འདུག་ཟེར་དགའ་གྲགས་སོ།།
ད་ཁྱེད་རང་ཡར་འབྱོན་ནམ། ངེད་ཀླུའི་འགྲོ་དོན་ལ་བཞུགས་ཞུས་པས། རྒྱལ་བུའི་གསུང་ནས་ང་རང་གང་དུ་བསྡད་ཀྱང་ཁྱད་མེད། ངའི་བླ་མ་བཟང་པོ་ཞིག་ཡོད་པ་དེ་ཐུགས་འཁྲལ་གཏད། ནུ་བོ་གཅིག་ཡོད་པ་འཁོར་བར་འཁྱམས་ཡོད་པ་ཡིན་གསུངས་སོ། །དེར་ཀླུ་ཚོ་ན་རེ་འོ་ན་ཡར་འབྱོན་པར་ཞུ་ཟེར་རོ། །ཁྱེད་ཀྱི་སྐུ་དྲིན་ལ་དུས་ཕྱིས་མཚོ་ལ་མི་སྐྱུར་མི་དགོས་པ་བྱེད། ཡིད་བཞིན་གྱི་ནོར་བུ་དང་སའི་བཅུད་ཐམས་ཅད་སྔར་ལས་རྒྱས་པ་ཡོང་བ་བྱེད་ཟེར་བའི་དམ་བཅའ་ཕུལ། རྒྱལ་བུའི་ཐུ་བར་ནོར་བུ་ཁྱད་པ་ཅན་མང་དུ་ཕུལ་ཕྱག་བཙལ་སྨོན་ལམ་བཏབ་བོ། །རྒྱལ་བུས་སྤྱན་བཙུམ་ནས་བླ་མ་དེའི་རྩར་སླེབས་པར་ཤོག་གསུངས་པས། དེ་མ་ཐག་ཏུ་བླ་མའི་སྐུ་མདུན་དུ་རྒྱལ་བུ་ཕེབས། བླ་མ་དེ་རྒྱལ་བུའི་མྱ་ངན་གྱིས་ནོན་ནས་ཞལ་དུ་གསོལ་བ་ཡང་མ་སོང་བར་གྲོངས་ལ་ཁད་བྱུང་འདུག །མིག་ལྤགས་ཀྱང་བརྡིབས་ནས་མི་ངོ་མ་ཤེས་པར་འདུག་སྟེ། བླ་མའི་མགུལ་ལ་འཁྱུད་དེ་ངའི་བླ་མ་འདི་འདྲ་ཡོང་བ། ང་སླེབས་ཡོད་པས་ཐུགས་འཁྲལ་མི་མཛད་པ་ཞུ་ཞུས་པས། ངའི་རྒྱལ་བུ་མཚོ་ལ་བསྐྱུར་ནས་མེད་པ་ལ། ཤི་ནས་གསོན་པོར་སླེབས་པའི་སྲོལ་ལམ་མེད། ཁྱོད་ཀྱིས་ང་ལ་སྙིང་ཚིམ་བྱེད་པ་ཟེར་བླ་མ་བརྒྱལ་ནས་འགྱེལ་ལོ། །དེར་ཤ་སྐམ་གྱི་ཐུག་པ་དྲངས། སྐུ་ལ་སྣུམ་སྙེད་བྱས་པས་གསོས་སོ། །བླ་མའི་སྤྱན་སྐྱག་རྣམས་བསལ། མིག་ལྤགས་ནས་སྟེགས། སྐེ་ལ་འཁྱུད་དེ་རྒྱལ་བུ་ཡིན་བྱས་པས། བླ་མས་རྒྱལ་བུ་གཟིགས་ཏེ་དགའ་གྲགས་ནས་རྒྱལ་བུའི་སྐེ་ལ་འཁྱུད། ཤི་གསོན་འཕྲད་པ་འདི་འདྲ་ཡོང་བ་ཨང་ཁྱེད་ལོག་ཆོག་པ་ཇི་ལྟར་བྱུང་གསུངས། རྒྱལ་བུས་སྔར་གྱི་ལོ་རྒྱུས་རྣམས་བླ་མ་ལ་ཞུས་པ་དང་། བླ་མ་མཉེས་ནས་ཁྱོད་འདྲའི་རྒྱལ་བུ་འཇིག་རྟེན་གྱི་ཁམས་ན་དཀོན། ང་དང་སེམས་ཅན་ཀུན་ལ་སྐུ་དྲིན་ཆེ། ཚེ་འདི་ལ་མི་འབྲལ་སྐྱེ་བ་ཕྱི་མ་རུ་ཁྱེད་ཀྱི་འཁོར་གྱི་ཐོག་མར་སྐྱེ་བར་ཤོག་གསུངས་ཏེ་སྨོན་ལམ་བཏབ་བོ། །དེར་བླ་མ་དང་རྒྱལ་བུ་གཉིས་གཟིམ་སྔས་གཅིག །གསོལ་ན་སྣོད་གཅིག །འགྲོ་ན་ཕྱག་སྦྲེལ་ནས་འབྱོན་པ་མ་གཏོགས་སྐད་ཅིག་ཀྱང་འབྲལ་མི་ཕོད་པ་མཛད་དོ། །
དེར་ནམ་ཞིག་ཙ་ན་ལུང་པའི་རྒྱལ་པོའི་ཞལ་ནས་རང་རེའི་བླ་མ་གདན་དྲངས་ཏེ་བསྙེན་བཀུར་འབུལ་བ་བྱེད་དགོས། བུ་ཆུང་མཚོ་ལ་བསྐྱུར་ནས་སྔར་ལས་ལོ་ལེགས་པ་བྱུང་། ཡིད་བཞིན་གྱི་ནོར་བུ་འཕེལ་བ། མི་ནད་ཕྱུགས་ནད་རྒྱུན་ཆད་པ། ཆར་ཆུ་དུས་སུ་འབེབས་པ། བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་གསུངས་ནས་བླ་མ་གདན་འདྲེན་ལ་བཏང་ངོ་། །བླ་མ་ལ་བློན་པོ་རྣམས་ཀྱིས་ཞུས་པ། རྒྱལ་པོས་སྐུ་དྲིན་གསོ་བའི་གདན་འདྲེན་དུ་བཏང་བ་ཡིན་ཞུས་པས། བླ་མས་འབྱོན་པ་ཞལ་གྱིས་བཞེས། དེར་རྒྱལ་བུ་ལ་རང་རེ་གཉིས་སྡོངས་ནས་མ་ཕྱིན་ན་འབྲལ་མི་ཕོད་པར་འདུག །སྡོངས་ནས་ཕྱིན་ན་རྒྱལ་པོས་ཁྱེད་འཕྲོག་གམ་མི་ཤེས་པས། ད་འགྲོ་བ་ལ་ཐབས་བྱས་པས་ཆོག་གསུངས་སོ། །ན་བཟའ་ཐུལ་ཆེན་པོ་ཡོད་པ་དེ་ལ་སྐུ་ལྕམ་རིང་མོ་ཞིག་བརྩེགས་ནས་གསོལ་ལོ། །བླ་མའི་རྒྱབ་ཏུ་རྒྱལ་བུས་འཆང་ནས་བྱོན་ནོ། །དེར་བློན་པོ་རྣམས་ཀྱིས་ཆིབས་པ་ཆིབས་པ་ཞུ་ཞུས་པས། ང་རྐང་བཞི་སྤངས་ཟིན། ཁྱོད་རང་ཚོ་སྔོན་ལ་བྱོན། ངས་རྟིང་ལ་སླེབས་ཡོང་གསུངས། བློན་པོས་སྔོན་ལ་ཕྱིན་ནས་བླ་མ་རྐང་བཞི་སྤངས་ནས་ཞབས་ཐང་ལ་འབྱོན་གྱི་ཡོད་ཞུས་པས། བླ་མ་ལ་གདན་ཆགས་ཕུན་སུམ་ཚོགས་པ་བཤམས། རྒྱལ་པོའི་སྲས་མོས་བསུ་བ་མཛད། སྲས་མོ་དེ་རྒྱལ་བུ་གྲོངས་པའི་མྱ་ངན་གྱིས་འོད་མདངས་ཉམས། གདན་ཁྲི་མཐོན་པོ་དེ་ལ་བླ་མ་བཞུགས་པ་ཞུ་ཞུས་པས། བླ་མས་མི་བཞུགས་གསུངས་ཀྱང་མ་གསན་པར་བླ་མས་གདན་ཁྲི་ལ་འཛེགས་པས། བླ་མའི་སྐུ་ལྕམ་བུད་དེ་རྒྱལ་བུ་རྗེན་པར་ཁྲིའི་ཟུར་དུ་ཟགས་སོ།།
དེར་རྒྱལ་པོ་དང་སྲས་མོ་འཁོར་རྣམས་ཀྱིས་རྒྱལ་བུ་གཟིགས་པས། སྲས་མོས་རྒྱལ་བུ་ལ་འཆང་། དེར་རྒྱལ་བློན་རྣམས་ངོ་མཚར་ཆེ་གྲགས་ཏེ་འདི་འདྲ་ཡོང་བ་ཅི་ཡིན་བླ་མ་ལགས་ཞུས་པས། བླ་མས་སྔར་གྱི་ལོ་རྒྱུས་རྣམས་རྒྱལ་བློན་སྲས་མོ་དང་བཅས་ལ་ཞུས། གཞན་ཡང་རྒྱལ་བརྒྱུད་ཡིན་ལུགས་སོགས་རྒྱས་པར་ཞུས། མ་གིའི་ནོར་བུ་བླངས་ནས་རྒྱལ་པོ་ལ་དངོས་སུ་ཕུལ་བས་རྒྱལ་པོ་མཉེས། ཁྱོད་ནི་ཆོས་རྒྱལ་ཆེན་པོ་ཡིན་འདུག་པས། ངས་ངོ་མ་ཤེས་གསུངས་ཏེ་རྒྱལ་བུ་ལ་གསེར་གྱི་ཁྲི་བརྩིགས། རྒྱལ་བློན་རྣམས་རང་སར་བཞུགས་སོ། །སྲས་མོ་ལ་གཡུ་ཁྲི་ཞིག་བརྩིགས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ཤིང་གསུང་གླེང་མང་དུ་མཛད། དེར་རྒྱལ་པོའི་གསུང་ནས་རྒྱལ་བུ་དོན་གྲུབ་ཁྱེད་ནི་སྔར་གྱི་རྒྱལ་བརྒྱུད་ཅིག་ཡིན་པར་འདུག་ཅིང་། ཁྱད་པར་ཁོ་རང་གི་ངོ་ཐོག་འདི་ལ་ཆོས་རྒྱལ་ཆེན་པོ་ཡིན་འདུག་པས། ཁོང་རང་གི་མཛད་པ་འཕྲིན་ལས་རྫུ་འཕྲུལ་འདི་ལྟ་བུ་འདུག་པས། གཞན་ནས་འཚོལ་དུ་ཕྱིན་ཀྱང་འདི་འདྲ་མི་རྙེད། ང་བུ་མེད་ཀྱི་རྟིང་ལ་ངའི་རྒྱལ་ཚབ་འདི་ཁོང་འོས་པ་ཞིག་ཡོང་བ་འདུག །བུ་མོ་འདི་ཡང་ལས་ཀྱི་འབྲེལ་བ་ལྟ་བུའི་འབྲལ་མི་ཕོད་པ་ཞིག་འདུག །ད་ཉི་མ་དེ་རིང་གཟའ་སྐར་བཟང་བར་འདུག་པས། རྒྱལ་བུ་དོན་གྲུབ་འདི་རྒྱལ་སར་འདོན་པ་ཡིན་གསུངས། ང་རབ་ཏུ་བྱུང་ནས་བླ་མ་དང་རང་རེ་གཉིས་རྩྭ་ཆུ་ཤིང་གསུམ་འཛོམས་པའི་རི་ཞིག་ལ་དགོན་པ་འདེབས། དེ་རུ་སྡོད་པ་ཡིན་གསུངས་ནས་མངའ་འོག་གི་མི་ཐམས་ཅད་བསགས་ནས་ཁོང་རང་གི་ཕྱག་ན་ཡོད་པའི་ཡིད་བཞིན་ནོར་བུ་རྣམས་དང་རྟེན་བཟང་པོ་ངོ་མཚར་ཅན་དང་། གསེར་གྱི་གླེགས་བམ་གདན་དྲངས། ནམ་མཁའ་དར་གྱིས་མཆོད་པ་བྱས། ས་གཞི་ཐམས་ཅད་གླུ་གར་རྩེ་འཇོས་ཁྱབ་པར་བྱས། རྟ་མཆོག་གླང་ཆེན་དང་བཅས་པ་རྒྱལ་བུ་ལ་རབ་གནས་གསོལ། སྲས་མོ་དང་ཡབ་ཡུམ་མཛད་དེ་རྒྱལ་ས་བཟུང་། རྒྱལ་པོ་ཆེན་པོ་ཆོས་མཛད། ལུང་པའི་ཕུ་རུ་ཆོས་སྡེ་ཁྱད་པར་ཅན་ཞིག་བཏབ། བླ་མ་དང་ལྷན་ཅིག་ཏུ་དགེ་སློང་དགེ་འདུན་དང་བཅས་ཆོས་ཁྲིམས་དར་བར་བཞུགས་སོ། །དེར་མངའ་འོག་རྣམས་དགའ་སྟེ་བདེ་སྐྱིད་ཕུན་སུམ་ཚོགས་པ་སྔར་ལས་དར་རྒྱས་ཆེ་བ་བྱུང་ངོ་།།
ནམ་ཞིག་རྒྱལ་བུ་དོན་གྲུབ་ཀྱི་དགོངས་པ་ལ་ང་རྒྱལ་སྲིད་ཆོས་བཞིན་དར་གྱི་ཡོད་དེ། ནུ་བོ་དེ་གར་གནས་ཀྱི་རྩད་གཅོད་ཅིག་ཀྱང་མ་བྱུང་བས་སྐྱོ་བ་ཆེན་པོ་སྐྱེས་སོ། །ཁོང་རང་གི་མངའ་འོག་གི་སྐྱེ་བོའི་ཚོགས་རྣམས་ཕྱག་ཕྱིར་ཁྲིད་དེ། ཟླ་བ་ཕྱེད་ཀྱི་རྒྱགས་ཕྱེ་ནས་ཁུར། རང་རེ་དཔོན་གཡོག་ཚོ་དར་ཞིང་རྒྱས་པའི་སྐབས་སུ་སྐྱོ་བསང་ལ་འགྲོ་བ་དང་བྱང་ཐང་གི་ས་ཐམས་ཅད་ལ་རང་རེ་བེད་སྤྱོད་པ་ཡིན་གསུངས་ཏེ་དཔོན་གཡོག་དང་བཅས་པ་སྟེགས་བྱོན་ནོ། །ཁོང་རང་གིས་སྔར་གང་བྱོན་གྱི་ས་ན་ཕར་བྱོན། ས་སྟོངས་ཡུལ་མེད་ཀྱི་སར་ཡུལ་བཅོས། ཞིང་མེད་པར་ཞིང་བཅོས། ཆུ་མེད་པར་ཆུ་བཏོན། དེར་རྒྱལ་བུ་གྲོངས་པའི་ས་ཆ་དེར་ཕེབས་པ་དང་། སེ་ཕུང་དེར་རྫིང་དཀྱིལ། ཆོས་སྡེ་བཙུགས། དགེ་བ་རྒྱུན་ཆགས་དུས་མཆོད་དང་བཅས་པ་བཙུགས་སོ།།
དེར་ནུ་བོ་དེ་ཕར་ལམ་རྩད་མ་ཆོད། ཚུར་ལམ་དུས་མཆོད་གཏོང་དུ་བྱོན་ནས། ཆོས་སྡེའི་ཤིང་སྒྲུབ་མཁན་ན་རེ། ངེད་རང་གི་ཆོས་སྡེའི་ཕུ་འདི་ན་སྔར་མིག་གིས་མ་མཐོང་བའི་གཟུགས་མིར་བྱས་པ་ལུས་ལ་སྤུ་སྐྱེས་པ་སེམས་ཅན་འཇིགས་སུ་རུང་བ་ཅིག་སྐད་ལྷང་ལྷང་འདོན་གྱིན་འགྲོ་བ་ཞིག་འདུག །ལུང་པ་མང་རབ་བརྒལ་བ་ན་འདུག་ཞུས་སོ། །དེར་རྒྱལ་པོའི་ཐུགས་ལ་ནུ་བོ་དང་འཕྲད་པ་ལྟ་བུའི་སྙིང་རྩེ་ལྷང་བ་ཞིག་བྱུང་ངོ་། །རྒྱལ་པོའི་ཞལ་ནས་ཁྱེད་རང་འབངས་འཁོར་གཡོག་རྣམས་ས་སྟོང་དེ་ན་ཡར་གང་འོས་ཀྱི་མཁར་ལས་ཐོག །གཅིག་གིས་གཅིག་ལ་གནོད་པ་མ་བྱེད་པར། རང་ལས་གྱིས་གསུངས་སོ། །ཁོང་དཔོན་གཡོག་བཅོ་ལྔ་ཙམ་སེམས་ཅན་འདུག་ཟེར་བའི་ལ་རྒྱབ་དེར་བྱོན་ནོ། །རྒྱལ་བུ་གྲོངས་པའི་ས་ཆ་དེར་ཕེབས་པ་དང་། དེ་རིང་ནུ་བོ་དང་འཕྲད་པ་ལྟ་བུའི་དགའ་བ་ཆེན་པོ་བྱུང་། ས་ཆ་དེར་སྔར་སྡུག་པོ་མྱང་མྱོང་བ་དེ་དྲན་ནས་སྤྱན་ཆབ་ཀྱང་ཤོར། རི་མགོ་ཞིག་ཏུ་བྱོན་ཙ་ན་ལུང་པ་ཞིག་ནས་སྐད་ལྷང་ལྷང་རྒྱག་པ་ཐོས། ག་ལེར་འཇབ་ཀྱིན་ཕྱིན་པས་མིའི་ལུས་ལ་སྤུ་སྐྱེས་པ་སྲིན་པོ་འདྲ་བ་ཞིག་གིས་སེམས་ཅན་རྣ་བ་བསད་དེ་ཤ་ཁུར་ཡོང་སྟེ། ཇོ་ཇོའི་མིང་ནས་འབོད་བཞིན་ཇོ་ཇོ་དོན་གྲུབ་གང་ན་ཡོད་ཀྱང་ཤ་སྐལ་འདི་ན་ཡོད་ཟེར། ནུབ་མོ་དེར་ཉལ་ཞིང་སྔ་དྲོ་ལངས་ནས་འགྲོ་བ་ཞིག་འདུག །དེའི་རྗེས་སུ་བལྟ་བར་ཕྱིན་ཙ་ན་ཤ་སྐམ་རློན་རྙང་པོ་བཅས་ཀྱི་རྩིགས་པ་ཁང་པ་ཆེ་བ་ཙམ་ཞིག་བརྩེགས་འདུག་གོ །དེར་ཁོང་སྤྱན་ཆབ་མང་དུ་ཤོར། སྙིང་ནས་བརྩེ་བའི་ནུ་བོ་དེ་མ་ཤི་གསོན་པོར་བསྡད་ཡོད་པ་ཨེ་ཡིན་བསམས་ཏེ་སྐྱོ་ཤས་ཆེན་པོ་ཞིག་སྐྱེས་སོ།།
དེར་ཁོང་གི་ཕྱག་ཕྱི་བ་རྣམས་ཕྱིར་སློག་གོ །ཁོང་ཚོ་ལོག་པའི་རྗེས་སུའང་ཤ་སྐལ་ཁྱེར་ནས་ཇོ་ཇོ་དོན་གྲུབ་ག་ན་ཡོད་ཀྱང་ཤ་སྐལ་འདི་ན་ཡོད་ཟེར་སྐད་འདོན་གྱིན་ཡོང་གི་འདུག་གོ །དོན་ཡོད་ང་འདི་ན་ཡོད་བྱས་ལན་བཏབ་པས་ནུ་བོ་རྣ་མཆོག་ཤོག་གེ་ཉན་གྱི་འདུག་གོ །ཁོང་གིས་ཇོ་ཇོ་འདི་ན་ཡོད་ཟེར་རྩར་བྱོན་པས་དེར་རྒྱལ་བུ་དོན་ཡོད་ཀྱི་བསམ་པ་ལ་ངའི་ཇོ་ཇོའི་སྐད་འདྲ་བ་ལ་བསམས་ཕྱག་འཚལ་ཞིང་བརྒྱུགས་བྱུང་ངོ་། །དེར་སྐུ་མཆེད་གཉིས་མཇལ། ཇོ་ཇོས་ནུ་བོ་ལ་ཁྱོད་ལ་སྡུག་པོ་འདི་འདྲ་བྱུང་འདུག་ཟེར་སྤྱན་ཆབ་མང་དུ་ཤོར། ཇོ་ཇོས་ནུ་བོ་ལ་ཁྱོད་ལ་སྡུག་པོ་འདི་འདྲ་བྱུང་འདུག་ཟེར་སྤྱན་ཆབ་མང་དུ་ཤོར། ནུ་བོས་ཇོ་ཇོ་དང་མཇལ་བྱུང་ཟེར་དགའ་ཚོར་ཤིན་ཏུ་ཆེན་པོ་སྐྱེས། དེར་གཉིས་ཀ་དར་གཅིག་བརྒྱལ་ནས་ལུས་སོ། །རྒྱལ་སངས་པ་དང་ཁོང་གཉིས་ལྷན་དུ་སྔོན་ལ་སྐྱོ་བསངས་ལ་ཕེབས་ས་དེར་ཕྱིར་ཕེབས། རྒྱལ་བུ་སྐུ་མཆེད་ཤི་གསོན་མཇལ་བས་སྐྱོ་བ་སངས་པའི་སྐྱོ་བསང་ཟེར་བའི་རྒྱུ་མཚན་ཡང་དེ་ནས་བྱུང་ངོ་།།
གཅུང་པོའི་ལུས་ཀྱི་སྤུ་རྣམས་བཞར། བདུད་རྩི་ལྔ་ཞལ་དུ་དྲངས་པས་ཇོ་ཇོ་དང་གཟི་མདངས་མཉམ་པ་བྱུང་ངོ་། །དེ་སྔ་ནུ་བོ་གྲོངས་པའི་ས་ཆའི་ཆོས་སྡེ་དེར་ཕེབས། དགེ་བ་རྒྱུན་མི་ཆད་པར་མཛད། བྱོན་པའི་ལམ་ཐམས་ཅད་དུ་གྲོང་སྡེ་ཆེན་པོ་བཙུགས་ཏེ་ཕོ་བྲང་དུ་ཕྱག་ཕེབས། དེར་རྒྱལ་པོའི་དགོངས་པ་ལ་ད་ང་ནུ་བོ་དང་འཕྲད་ཐུབ་པ་དེར་གཟིགས་ན་ངས་སྨོན་ལམ་བཏབ་ཚད་ཐེབས་པ་ཡིན་ཚོད་འདུག་པས། ཡབ་རྒྱལ་པོ་དང་མཇལ་དུ་འགྲོ་དགོས་དགོངས་ཏེ་ཕོ་བྲང་ནས་ནོར་བུ་རིན་པོ་ཆེས་སྣ་དྲངས། རིན་ཆེན་སྣ་བདུན་དང་བཅས་པའི་ནོར་ཅི་འདོད་བསྣམས་ཏེ་ཡབ་ཡུམ་གསུམ་པོ་རྒྱལ་འབངས་ཀྱིས་བསྐོར་ནས་ཡབ་ཀྱི་རྩར་བྱོན་ནོ། །ཡབ་ཀྱི་ས་ཆའི་སྒབ་ན་འབངས་ནི་ཁག་ཅིག་མཁར་རྩིག་པར་སླེབས་འདུག་གོ །དེ་ནས་རྒྱལ་པོ་ཡབ་ཡུམ་གྱི་དྲུང་དུ་ཞུ་བ་འབུལ་བར་བློན་པོ་དྲག་པ་གཅིག་གིས་འགོ་བྱས་སྐྱ་མི་མང་པོ་བཏང་ངོ་། །དེར་མཁར་ལས་བྱེད་པའི་འབངས་མི་རྣམས་ཀྱིས་མཐའ་མིའི་ཆོས་རྒྱལ་ཆེན་པོ་ཞིག་ཡོད་པ་དེས་རང་རེའི་མངའ་འོག་དང་ས་ཆ་འཕྲོག་པ་འདུག་ཟེར་བ་ཐོས་ནས་ད་དམག་བྱུང་ཟེར་ཕོ་བྲང་ལ་བྲོས་སོ།།
དེར་རྒྱལ་བུ་དོན་གྲུབ་སྐུ་མཆེད་གཉིས་ཡབ་དང་མཇལ་བའི་ཞུ་བ་འབུལ་མི་ཡིན་ཞུས་རུང་། དེ་འདྲ་ཅི་ལ་སྲིད། འདི་ནི་རྒྱལ་ས་འཕྲོག་པར་ཡོང་བའི་དཔུང་ཡིན་པ་ཐག་ཆོད་ཟེར་ཚང་མ་སྐྲག་ནས་ག་བྱེད་འདི་བྱེད་མེད་པར་ལུས། རྒྱལ་པོ་དོན་གྲུབ་འདི་ཁ་ན་ཕེབས་ཀྱི་ཡོད་ཟེར་བའི་ཞུ་བ་བཏང་བས། རྒྱལ་བློན་རྣམས་དགའ་གྲགས་ཏེ་ནམ་མཁའ་དར་གྱིས་མཆོད་པར་བྱས། ས་གཞི་གླུ་གར་རོལ་མོས་བཀང་ནས་རྒྱལ་བུ་སྐུ་མཆེད་བསུ་བ་ལ་བྱོན་ནོ། །ཡབ་རྒྱལ་པོས་སྔར་ཕོ་བྲང་གི་ཐེམ་པ་མི་བརྒལ་བ་ཡིན་པ་ལ། ད་བུ་གཉིས་བསུ་བར་གསུངས་ཏེ་མིག་ལྤགས་ལ་ཤེལ་གྱི་ཀ་བ་བཙུགས། ཕྱག་ཏུ་གཡུའི་མཁར་བ་བསྣམས་ནས་རྒྱལ་པོ་ཡབ་ཡུམ་གཉིས་བསུ་བ་ལ་བྱོན་ནོ། །དེར་སྐུ་མཁར་དེ་ནས་ཚུར་བྱོན་པའི་ས་བཀྲ་ཤིས་རྫས་བརྒྱད་དང་ལྡན་པ་ཞིག་ཏུ་ཕེབས་སོ། །རྒྱལ་པོ་ཡབ་ཡུམ་དང་། རྒྱལ་བུ་སྐུ་མཆེད་ཡབ་ཡུམ་སྲས་དང་བཅས་པ་དེར་མཇལ་ལོ། །དགའ་བ་དཔག་མེད་སྐྱེས་ཏེ་གཅིག་གིས་གཅིག་ལ་འཐམས། ཨ་མ་ན་རེ། ཆོས་རྒྱལ་དོན་གྲུབ་ཁྱེད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པ་ཧ་མ་གོ་བ་ཚིག་འཁྱལ་ངན་སེམས་བྱས་པ་བཟོད་པར་གསོལ། ད་ངེད་རྒན་རྒོན་གཉིས་ཀྱི་སྐྱིད་སྡུག་ཁྱེད་སྐུ་མཆེད་གཉིས་ཀྱིས་མཁྱེན་ཟེར། ཕྱག་གྱང་འགྱེལ་བ་ལྟར་ལན་སྟོང་དུ་འཚལ་ལོ། །རྒྱལ་བུ་དོན་གྲུབ་ཀྱི་ཞལ་ནས་ང་འགྲོ་དྲུག་ཕ་མར་ཤེས་པ་ལ། འཁོན་འཛིན་དང་ཞེ་བཞག་གང་ཡང་མེད། ཨ་མས་གང་བྱས་ངའི་གྲོགས་སུ་བྱུང་གསུངས་ནས། གསུང་གླེང་མང་དག་མཛད་དེ། རྒྱལ་བུ་དོན་ཡོད་ཡབ་རྒྱལ་པོའི་རྒྱལ་སར་བསྐོས། སྐུ་མཆེད་གཉིས་ཇོ་མོ་གཅིག་གིས་འཐུས་པ་བྱས། རྒྱལ་ས་ཕན་ཚུན་གཉིས་ཁྱད་མེད་དུ་བསྐྱངས། མངའ་ཐང་འཛམ་བུ་གླིང་ལ་དབང་བསྒྱུར། རྒྱལ་འབངས་ཀྱང་བདེ་དང་ལྡན་པ་བྱུང་འདུག་བྱས་པས། དེར་རྒྱལ་བུ་བདེ་སྤྱོད་བཟང་པོའི་བསམ་པ་ལ། ངས་སྔར་ཤིང་སྡོང་གི་རྩར་འགྲོ་དུས་རོ་འདིས་ང་མ་ལེན་ཟེར། རྒྱབ་ཏུ་ཁུར་ནས་ཆོས་ཀྱི་སྒྲུང་རིང་ཐུང་མང་དུ་ང་ལ་ལབ་ཀྱང་ངས་གོ་རྟོགས་མ་རྙེད། རྒྱབ་ཏུ་རོ་ཁུར་ཡང་ལྐུག་བསུན་ནི་ང་ལ་མ་བྱུང་། དེ་རིང་བཏང་བའི་སྒྲུང་དེ་ཕན་ལ་ཉི་ཤུ་རྩ་གཅིག་སོང་བ་ལ། རྒྱལ་བུ་དོན་གྲུབ་ཀྱིས་འཕྲལ་སྡུག་ཁུར་བྱས་པ་ལས་ནམ་ཕུག་རྒྱལ་ཁྲིམས་ཆོས་བཞིན་སྐྱོང་བ་ཞིག་འདུག །ཀུན་གྱིས་རྒྱལ་བུ་དོན་གྲུབ་ནི་འགྲོ་འོང་བསྟོད་པ་སོགས་གང་བྱེད་ནའང་བླ་མ་མིན་པ་དྲན་རྒྱུ་མེད། འཆི་བ་སྲོག་ལ་བབས་ཀྱང་རྒྱ་མཚོའི་གཏིང་ནས་བླ་མ་དྲན་པ་ཞིག་བྱུང་འདུག །བླ་མ་དྲན་ནས་བཞུགས་པས་བླ་མ་དང་མཇལ། དེར་རྒྱལ་བུ་དོན་ཡོད་ས་མཐར་འཁྱམས་ཀྱང་མཐའི་རྒྱལ་སྲིད་ཐོབ་ནས་རྒྱལ་པོ་ཡབ་ཡུམ་དང་མཇལ། འཛམ་བུ་གླིང་མངའ་འོག་ཏུ་ཚུད་པའི་ཆོས་རྒྱལ་དེ་འདྲ་བྱུང་འདུག །ཁོང་རང་ལ་སྡུག་མྱོང་དེ་འདྲ་བཏང་འདུག །ང་ལ་རོ་ཁོས་རྒྱལ་པོ་ལས་ཟད་པོ་ཟེར་ཡང་ལས་མ་ཟད་པ་འདུག་བསམས། ཁྱེད་འདྲའི་སྤྲང་ཆུང་ཟླ་བ་གྲགས་པ་ཞིག་ཡོང་བ་བསམས་ནས་མཆི་མ་སྣ་གོང་དུ་ལྷགས། བླ་མ་དྲན་མོས་གུས་ཆེན་པོ་ཞིག་སྐྱེས་པའི་སྟོབས་ཀྱིས་བླ་མའི་གཟིམ་ཆུང་ན་སླེབས་འདུག་གོ །དེར་བླ་མ་ཐུགས་དམ་ལ་བཞུགས་ཀྱང་ཕྱག་འཚལ་བསྐོར་བ་བྱས་བྱིན་རླབས་ཞུས་ཏེ་ཟླ་བ་གྲགས་སླེབས་ཡོད། འདི་ནས་ཕྱིན་འཕྲལ་དད་པའི་ཤུགས་བསྐྱེད་པའི་མཐུས་བླ་མའི་བཀའ་གནང་བ་འགྲུབ་ཡོད་ཞུས་པ་དང་། བླ་མའི་ཞལ་ནས་ང་ལ་སློབ་མ་མདོ་རྒྱུད་བསྟན་བཅོས་ལ་མཁས་པ་མང་རབ་བྱུང་ཡང་། ཞེ་རུས་བྱས་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་གསེར་ཁ་འགྲུབ་པ་ཁྱོད་ལས་མ་བྱུང་། སྡུག་རུས་དང་སྙིང་རུས་ཐོན་པ་ཁྱོད་ནི་ཕྱི་མ་འགྲོ་དོན་ལ་ཕན་ཐོགས་པ་ཞིག་ཡོང་རྒྱུ་ཡིན་གསུངས། རྒྱལ་བུ་བདེ་སྤྱོད་བཟང་པོས་དཀའ་བ་མཐར་ཕྱིན་པ་སྤྱད་པའི་མི་རོ་གསེར་འགྱུར་གྱི་རོ་སྒྲུང་། ལེའུ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།
བསྟན་འདིར་སྟོན་པ་གཉིས་པར་གྲགས་པ་ཡི། །འགྲོ་བའི་མགོན་པོ་ཀླུ་སྒྲུབ་སྙིང་པོ་དེས། །རྒྱུ་འབྲས་ཡིད་ཆེས་བླང་དོར་བྱ་བ་དང་། །མི་ཆོས་ཕྱི་ཐག་གཞུང་བསྲིང་བྱ་བའི་ཕྱིར། །འབྲས་བུ་དགེ་འབྱུང་བསམ་པ་འགྲུབ་པ་ཡིས། །ངོ་མཚར་དགེ་འབྱུང་བསྟན་བཅོས་ཕྲེང་བ་མཛད། །འདི་མཐོང་ཀློག་པ་ཐུན་མོང་དངོས་གྲུབ་ནི། །སྣ་རེ་འབྱུང་ཞེས་མཁས་པའི་ངག་ལས་འབྱུང་། །རྟེན་འབྲེལ་བཟང་པོ་དགའ་སྟོན་ཆེན་པོ་ཡིས། །སྐྱེ་དགུ་ཚིམས་ཤིང་ཡངས་པའི་རྒྱལ་ཁམས་འདིར། །ཤིན་ཏུ་དགེ་ཞིང་བདེ་སྐྱིད་འབྱུང་གྱུར་ཅིག །དགེའོ།། །།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་རོ་སྒྲུང་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༩ ནས་ ༥༥༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *