༄༅། །མཛེ་གསོ་བའི་མན་ངག་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་ཞུ་ལན་སོགས་བཞུགས་སོ།།

༄༅། །མཛེ་གསོ་བའི་མན་ངག་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་ཞུ་ལན་སོགས་བཞུགས་སོ།།[1]

 

༄༅། །རྒྱ་གར་སྐད་དུ། ནཱ་ག་རཱ་ཛ་ཏཀྵཱ་ཀ་མཧཱ་ཏ་བྷི་ཀྵུ་པ་ན་ནཱ་མ། བོད་སྐད་དུ། ཀླུའི་རྒྱལ་པོ་འཇོག་པོ་དང་། དགེ་སློང་ཆེན་པོའི་ཞུ་ལན་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རི་རབ་ཆེན་པོའི་རྨང་ཀླུའི་འཇིག་རྟེན་ན། །དུག་མཚོ་ནག་མོའི་དབུས་ན་རིན་པོ་ཆེ་སྣ་ཚོགས་པའི་གཞལ་ཡས་ཁང་ན། ཀླུའི་རྒྱལ་པོ་འཇོག་པོ་ཞེས་བྱ་བ། ཀླུ་ཐམས་ཅད་ལ་དབང་བསྒྱུར་ཞིང་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ།

གྲགས་པ་ཆེ་ཞིང་། ལྷ་དང་ལྷ་ཡིན་གྱི་གཡུལ་ལས་རྣམ་པར་རྒྱལ་བ། བཙུན་མོ་སྲས་དང་བཅས་ཤིང་། བློན་པོ་དང་། འཁོར་དང་། ཉེ་འཁོར་དང་། སྤྲུལ་པ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ཏེ། དགའ་བ་དང་། བདེ་བ་དང་། ཤིན་ཏུ་བདེ་ཞིང་རབ་ཏུ་དགའ་བའི་འདོད་པའི་ཡོན་ཏན་ལ་དགའ་མགུར་གནས་པ་ལ། དུས་ནམ་ཞིག་ན་རྒས་པ་དང་། གུད་པ་དང་། ན་བ་དང་། ཤི་བའི་སྡུག་ཆེན་པོ་བཞི་ལས། ཀླུའི་རྒྱལ་པོ་བྲོ་འཚལ་བར་གྱུར་ཏོ། །ནད་དྲག་པོས་གཟིར་ཞིང་ཤིན་ཏུ་གདུང་བའི་སྨྲེ་སྔགས་སྟོན་ཏོ།།

ཨེ་མ་འོག་ཀླུའི་འཇིག་རྟེན། གང་འཚོ་བར་བྱེད་པའི་སྨན་དང་། གསོ་བ་རིག་པའི་ཐབས་འབྱུང་བ་འཁྲུགས་པ། དགེ་སློང་འཚོ་བྱེད་གཞོན་ནུ་ལྟ་བུ་ནི་མེད། ཀླུའི་འཇིག་རྟེན་སྟོངས་སོ། །ཤིན་ཏུ་སྟོངས་སོ། །ཞེས་སྨྲེ་སྔགས་སྟོན་པ་ལས། ཀླུ་རྣམས་སྤྲོས་ཏེ། རྫུ་འཕྲུལ་དང་ལྡན་ཞིང་ཐབས་ལ་མཁས་པ་རྣམས་བྱང་ཆུབ་སེམས་དཔའ་སྤྱན་འདྲེན་དུ་བཏང་བ་ལས། རྗེ་ལུས་འོད་ཟེར་དང་ལྡན་པ། མདོ་སྡེ་ལངྐར་གཤེགས་པ་ལས། ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་ལུང་བསྟན་པ། མདོ་སྡེ་པདྨ་དཀར་པོ་ལས། བཅོམ་ལྡན་འདས་ཀྱིས། ནམ་ཞིག་ངའི་བསྟན་པ་ལ་དགེ་སློང་འཚོ་བྱེད་གཞོན་ནུ་ཞེས་བྱ་བ་ཡིས། ངའི་བསྟན་པ་ལོ་བརྒྱར་འཛིན་པར་བྱེད་དོ། །ཞེས་བྱ་བ་ལུང་བསྟན་པའི། རམ་པ་རིན་པོ་ཆེ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྐུར་འགྲོ་བ་སེམས་ཅན། འཕགས་པ་ཤིན་ཀུན་དང་། རང་བྱུང་གི་མཆོད་རྟེན་ན་བསྐོར་བ་མཛད་ཅིང་བཞུགས་པ་ལས། ཀླུ་གཞོན་ནུ་མཛེས་ཤིང་ཡིད་དུ་འོང་བའི་ཁྱེའུ་ཟུར་ཕུད་ཅན་དག་རྣམས་ཀྱིས། ཙནྡན་གོ་རོ་ཤི་ཤ་དང་། མེ་ཏོག་སྣ་ཚོགས་དང་། རིན་པོ་ཆེ་དུ་མའི་མཆོད་པ་ཕུལ་ནས། བྱང་ཆུབ་སེམས་དཔའ་འོག་ཀླུའི་འཇིག་རྟེན་དུ་གཤེགས་པར་ཞུས་པས། གཟིགས་པ་གསུམ་ལ་དགོངས་ཏེ་གཤེགས་པར་གནང་ངོ་། །གཟིགས་སྟངས་དང་པོ་ནི། ཀླུའི་རྒྱལ་པོ་ནད་སེལ། གཉིས་པ་ཀླུ་དཀར་པོ་ཕྱོགས་ལ་བསྒྱུར་བ་དང་། གསུམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པར་མཛད་པའི་ཡུམ་ཤེས་རབ་ཀྱི་ཕྱིན་མ། གཟིགས་རྟོག་མཛད་པའི་དོན་དུ་གཤེགས་སོ།།

དེ་ནས་བྱང་ཆུབ་སེམས་དཔའ་དེས་ཀླུ་ཐམས་ཅད་ཀྱི་དུག་ཞི་བར་བྱེད་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ་གཤེགས། ཀླུ་རྣམས་ཀྱིས་གདུག་རྩུབ་ལས་གྱུར་པའི་ནད། མཐོང་བའི་དུག་དང་། རེག་པའི་དུག་དང་། ཡིད་ཀྱི་དུག་ལ་སོགས་པ་རྣམས་རང་བཞིན་གྱིས་ཞི་བར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་སྤྲུལ་པའི་ལུས་ཀྱིས། བྱང་ཆུབ་སེམས་དཔའ་ལ་བསྟན་པས། ཀླུའི་བདག་པོ་མ་སྤྲུལ་བའི་གཟུགས་ཀྱིས་སོ། །དགེ་སློང་ཆེན་པོ་དུག་གིས་ཕོག་སྟེ་མི་འཆིའམ། ཞེས་བསྙད་པས། བྱང་ཆུབ་སེམས་དཔའི་ཞལ་ནས། ང་ནི་དུག་བཅོམ་ཞིང་འཁོར་བའི་རྒྱ་མཚོ་ལས་གྲོལ་བའི་ཕྱིར། ཞེས་གསུངས་སོ། །དེ་ནས་ཀླུའི་རྒྱལ་པོ་དེ་མ་སྤྲུལ་བར་རང་གི་ལུས་སུ་གནས་པ་དགེ་སློང་ཆེན་པོས་གཟིགས་ནས། ཀླུའི་བདག་པོ་དེ་དག་རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ་ལ། ན་ག་གེ་སར་དང་། ན་ག་པུས་པ་ལ་སོགས་ཏེ། སྨན་སྣ་ཚོགས་ལེན་དུ་བཅུག་ནས། གསོ་བ་རིག་པ་དང་། མན་ཏྲའི་བྱིན་བརླབས་མཛད་པ་ལ། ཀླུའི་རྒྱལ་པོ་ནད་དེ་ལས་སོས་པར་གྱུར་ཏོ། །གླེང་གཞིའི་རྟོགས་པ་དང་པོ་འོ།།  །།

 

དེ་ནས་བྱང་ཆུབ་སེམས་དཔའ་དེས་ཀླུའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་ཀླུའི་བདག་པོ་ཆེན་པོ་གང་དག་ལྷོའི་འཛམ་བུ་གླིང་ན། སེམས་ཅན་ཀླུའི་ནད་ཀྱིས་ཟིན་པའི་སྡུག་བསྔལ་བ་རྣམས་གསོ་བར་རུང་བ་དང་། མི་རུང་བ་དང་། གང་གིས་བཟུང་བ། ཀླུའི་དུག་གིས་ཟིན་པ་དང་། རྐྱེན་ལས་གྱུར་པ་དང་། ནད་ཀྱི་མཚན་ཉིད་རྣམས་བསྟན་དུ་གསོལ། ཞེས་གསུངས་སོ། །གླེ་གླང་གིས་ཞུས་པའི་རྟོགས་པ་དེ་གཉིས་པའོ།།  །།

 

ཀྱེ་ཀྱེ། དགེ་སློང་ཆེན་པོ་གསོན་ཅིག །ཇི་ལྟར་འགྲོ་བ་རིགས་དྲུག་ལས་མི་རྣམས་ཀླུས་བཟུང་བའི་ཀླུའི་དུག་གིས་ཟིན་པ་རྣམས། གསོ་རུང་བ་དང་མི་རུང་དང་། ཀླུའི་རིགས་རྣམས་གང་གིས་བཟུང་བ་དང་། ཟིན་པའི་ནད་དང་དུག་ངོས་བཟུང་། རྐྱེན་དང་ལས་ལས་ནད་ཀྱི་མཚན་ཉིད་རྣམ་གྲངས་རྣམས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བདག་གིས་བརྗོད་པར་བྱ། །ཞུ་ལན་གྱི་རྟོགས་པ་གསལ་བའི་ལེའུ་སྟེ་གསུམ་པའོ།།  །།

ཀྱེ་དགེ་སློང་ཆེན་པོ་གསོན་ཅིག །འགྲོ་བ་རིགས་ལས་མི་ཡི་འཇིག་རྟེན་ན། །གང་ཞིག་ལུས་ཅན་རྣམས་ལ་ནི། །གླེན་པ་ང་རྒྱལ་མཐུ་དང་ལྡན། །བྱོལ་སོང་གདུག་པ་ཞེ་རིང་པོ། །དུག་ཆེན་བཞི་ལྡན་རྫུ་འཕྲུ་ཅན། །ཕ་རོལ་ལུས་ལ་འཛིན་ཤེས་ཤིང་། །གཏོང་མི་ཤེས་ལ་གྲོལ་མི་བྱེད། །གཡོས་པ་མེད་པའི་ཡིད་ཀྱི་སུ། །ཚོར་བ་མེད་པ་དུག་རྣམས་གཏོང་། །ཚོར་བ་མེད་པའི་ནད་རྣམས་སྨིན་པར་བྱེད། །གདུག་པ་ཀླུ་ཡིས་བཟུང་བ་ལ། །གསོ་རུ་རུང་དང་མི་རུང་བའི། །དེ་ཉིད་བདག་གིས་བརྗོད་པར་བྱ། །ཤེས་བྱས་ཟིན་དང་མ་ཟིན་པའོ། །ཟིན་པ་གསོ་བ་རུང་བ་སྟེ། །དེས་མ་ཟིན་པ་གསོ་དཀའ་བས། །དེ་ཡི་མཚན་ཉིད་རྟོགས་པར་དཀའ། །ཤེས་བྱས་ཟིན་པ་སྣ་ཚོགས་དུག །ལུས་རྣམས་ཀུན་ལ་གང་བས་ན། །དེ་ཕྱིར་ཁྱབ་བྱེད་ནད་ཅེས་བྱ། །སྲིད་པའི་རྩེ་མོ་མན་ཆོད་ནས། །ནར་ག་མ་ཐ་ཡན་ཆོད་དུ། །ནད་ཀྱི་རང་བཞིན་སྣ་ཚོགས་དང་། །དུག་གི་རྣམ་པ་གྲངས་མེད་ཀྱང་། །ཟིན་པ་རྩོལ་བ་ཅན་གྱིས་འགྲུབ། །དེ་དང་དེ་བཞིན་གསོ་རུ་རུང་། །ཤེས་བྱས་མ་ཟིན་ནད་རྣམས་ནི། །དིག་པ་དང་ཤིན་ཏུ་དིག །ལྐུགས་པ་དང་ནི་ཤིན་ཏུ་ལྐུགས། །ནག་པོ་ཁ་མེད་ཁྲོ་ཆུའི་གཟེར། །ཁ་དོག་ཅན་དང་ཁ་དོག་བྲལ། །གཟུགས་ཅན་གཟུགས་ཅན་མ་ཡིན་པ། །རྒྱ་མཚོའི་གཏིང་ནས་སྐྱེས་པ་དང་། །ནམ་མཁའི་མཐོང་ནས་འབབ་པའོ། །ཞེ་སྡང་གཏི་མུག་བསྐྱེད་པའི་དུག །བར་གྱི་ན་བ་བདེ་དང་བྲལ། །དེ་རྣམས་ཀུན་གྱི་མཚན་ཉིད་ཀྱང་། །གསོ་རུ་རུང་དང་མི་རུང་རྣམས། །སོ་སོར་བརྟགས་ཏེ་ཤེས་པར་བཤད། །རྐུན་པོ་ཕུགས་སུ་ཞུགས་པ་ནི། །རྒྱལ་པོའི་དཀོར་མཛོད་འཇོམས་བྱེད་ཅིང་། །དེ་བཞིན་དེ་ཡི་ལུས་དག་ལ། །དེ་དག་ལྔ་ལ་བཞུགས་པ་ནི། །གསོ་རུ་མི་རུང་སྤང་བར་བྱ། །གསོ་རུ་རུང་བ་དང་མི་རུང་བའི་རྟོགས་པ་དེ་བཞི་པའོ།།  །།

 

ཀླུའི་རྒྱལ་པོས་ཡང་གསོལ་པ། གདོན་གྱི་རིགས་ཀྱི་རྣམ་གྲངས་རྣམས། །དེ་རྣམས་དག་གི་རྣམ་པར་དབྱེ། །རྒྱལ་པོ་དང་ནི་བློན་པོ་དང་། །རིགས་བཞི་རིགས་དྲུག་ཀླུ་བྲན་དང་། །གཉན་དང་ས་བདག་སྟོང་ལ་སོགས། །ཀླུ་བདུད་ཀླུ་བཙན་བྲག་སྲིན་མོ། །དེ་བཞིན་མོ་ཡི་རིགས་རྣམས་དང་། །མཚོ་སྨན་ཀླུ་མོ་ས་བདག་མོ། །ས་སྲིན་ཀླུ་སྲིན་བསེན་མོ་དང་། །དེ་ཡི་གདོང་ནི་སྡེ་བརྒྱད་དོ། །རྒྱལ་པོ་ཀླུ་ཆེན་བརྒྱད་པོས་ཏེ། །འཇིག་རྟེན་འདས་དང་མ་འདས་པའོ། །འདས་པ་བྱང་ཆུབ་སེམས་དཔའི་རིགས། །སེམས་ཅན་ཀུན་ལ་སྐྱབས་བྱེད་དང་། །ཀླུ་ཡི་དུག་རྣམས་ཞི་བར་བྱེད། །འཇིག་རྟེན་པ་ཡི་ཀླུ་བརྒྱད་ནི། །རང་ཉིད་གནས་ནས་མ་གཡོས་པར། །སྤྲུལ་པ་མང་པོ་བཀྱེ་ནས་ནི། །སྦྱོར་བས་གཞན་ལ་གནོད་པར་བྱེད། །གཞན་ཡང་ལས་ལས་སྐྱེས་པའི་ཀླུ། །རྒྱལ་རིགས་དང་ནི་རྗེ་རིགས་དང་། །བྲམ་ཟེའི་རིགས་དང་དམངས་ཀྱི་རིགས། །དེ་བཞིན་གདོལ་པ་ཅན་དང་ལྔ། །དེ་རྣམས་ཀུན་ལ་ལྔ་ལྔ་སྟེ། །ཀླུ་རིགས་ཉི་ཤུ་རྩ་ལྔའོ། །གདོན་གྱི་རིགས་ཀྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་ལྔ་པའོ།།  །།

 

རྒྱལ་རིགས་ས་ལ་དབང་བ་ཡི། །རྒྱལ་རིགས་ར་ཙའི་བཟུང་བ་ནི། །ཁ་དོག་དཀར་ལ་ལྕི་ཞིང་འཐིབས། །སྨྲ་བ་ཉུང་ཞིང་རྒྱུད་ངན་ཏེ། །ཟས་དང་སྐོམ་ལ་འདུན་པ་དང་། །དཀར་གསུམ་དག་ལ་རབ་ཏུ་དགའ། །དྲན་པ་མི་གསལ་ཤེས་པ་རྨུགས། །དེ་རྣམས་མཚན་ཉིད་ཚང་གྱུར་ན། །དེ་དང་དེ་ཡིས་བཟུང་བར་ངེས། །དེ་ཡིས་བཟུང་བའི་ནད་རྣམས་ཀྱང་། །ཤེས་བྱས་ཟིན་དང་མ་ཟིན་པ། །མ་ཟིན་པ་ཡི་མཚན་ཉིད་ནི། །ལྕི་ལ་ཐིག་ལེར་བེམ་པ་དང་། །དབྱེ་མའི་ཕུར་མ་འཇུས་པ་དང་། །འཇིམ་པ་ས་གདོང་ལ་སོགས་པའི། །སྡིག་པ་རྨུག་པ་དེ་འདྲ་འབྱུང་། །དེས་གཟུགས་དབྱིབས་དང་ཁ་དོག་དང་། །ཞི་བའི་དབྱིབས་དང་དེ་བཞིན་ལྕིའོ། །ཁྱེའུ་དང་ནི་བུ་མོའི་གཟུགས། །ཉ་དང་སྦྲུལ་དང་སྦལ་ལྕོང་དང་། །རྨིག་པ་ཁ་བྲག་རྨིག་ཟླུམ་དང་། །སྣ་ཚོགས་གཟུགས་སུ་སྣང་གྱུར་ན། །ཁ་དོག་དཀར་དང་དཀར་སྐྱ་དང་། །དེ་བཞིན་སྦལ་སྐྱ་བ་མོ་ཁང་། །འབྲུམ་པ་དཀར་པོ་ཤ་ཀྲ་དང་། །བལ་འདག་སྐྱ་བོར་གྱུར་པ་ན། །རྒྱལ་པོས་བཟུང་བའི་རྟགས་སུ་ངེས། །རྒྱལ་རིགས་བྲམ་ཟེས་བཟུང་བ་ནི། །ཁུས་རྣམས་ལྕི་ཞིང་གྲང་བ་དང་། །ཁ་དོག་སེར་སྐྱ་བེམ་པོ་འབྱུང་། །གདོང་གི་མདངས་ཀྱང་སེར་སྐྱ་ལ། །མིག་སེར་བྷེ་ཏའི་མེ་ཏོག་འདྲ། །ཁྱེའུ་བུ་མོ་སྲོག་ཆགས་གཟུགས། །ཁ་དོག་སེར་གྱི་རྨི་ལམ་འབྱུང་། །དེ་དག་རྒྱལ་རིགས་བྲམ་ཟེས་བཟུང་། །རཱ་ཙ་རྗེའུས་བཟུང་བ་ནི། །ཚ་ཞིང་ལྕི་ལ་འཐིབས་པ་དང་། །ཁ་དོག་དམར་སྐྱ་དཀྲིས་ཆུང་ཅན། །དུད་འགྲོ་དམར་སྐྱ་རྟག་ཏུ་རྨི། །ཁ་དོག་དམར་སྐྱ་བལ་འདགས་དང་། །ཤ་བཀྲ་ཤ་རོལ་འབྱུང་བར་འགྱུར། །ཚ་ཞིང་དེ་ནི་ཟ་བ་ཡིན། །

རྒྱལ་རིགས་ཆེ་ལ་རྗེའུ་ཡི་ཆ་འཛིན་པ། །རྟག་ཏུ་རྨི་ལམ་སྣ་ཚོགས་སྦལ་སྐྱས་བཟུང་། །རཱ་ཙ་རྗེའུས་གནོད་པའི་རྟགས། །རྒྱལ་རིགས་དང་དམངས་ཀྱིས་བཟུང་བ་ནི། །ཉ་དང་སྦྲུལ་དང་སྦལ་ལྕོང་དང་། །དེ་བཞིན་སྲོག་ཆགས་བྱོལ་སོང་རྣམས། །དཀར་ནག་ཁྲ་བོའི་གཟུང་དང་བསྐོར། །ལྕི་ཞིང་འདར་ལ་གཡའ་བ་འབྱུང་། །ཁ་དོག་ནག་པོའི་བེམ་པོ་ལ། །བ་སྤུ་མི་ཆགས་ཐིག་ལེར་ན། །གདོང་ལ་སྦལ་སྐྱ་ཁྲ་ནག་དང་། །བ་སྤུ་རླུང་གིས་བསྐྱོད་པར་འབྱུང་། །རྩ་རྣམས་འཁྲུག་ལ་སྐྲ་རྩ་རྦ། །རཱ་ཙ་དམངས་ཀྱིས་བཟུང་བའི་རྟགས། །རྒྱལ་རིགས་གདོལ་པས་བཟུང་བ་ནི། །ངུ་སྙིང་འདོད་ལ་ཁྲོ་ལ་དགའ། །བཞིན་དང་ཤེས་པ་བཙན་ཐབས་འགྱུར། །ས་ལ་འཆི་ཞིང་མཆིལ་མ་འབྱིན། །རྐང་མཐིལ་བེམ་པོ་འབྱུང་བར་འགྱུར། །ལུས་པོ་ལྕི་ལ་ན་ཚ་ཆེ། །ཁ་དོག་ཀུ་མུ་ཏ་ལྟར་གནས་ཤིང་། །རྒྱལ་རིགས་གདོལ་པ་གནོད་པའི་རྟགས། །རྒྱལ་རིགས་ལས་གྱུར་པའི་རིགས་རྣམས་ངོས་བསྟན་པའི་ལེའུ་སྟེ་དྲུག་པའོ།།  །།

 

ཀྱེ་དགེ་སློང་ཆེན་པོ་གསོན་ཅིག །ཆུ་ལས་གྱུར་པ་བྲམ་ཟེའི་རིགས། །དེ་དག་ལ་ཡང་དབྱེ་ན་ལྔ། །བྲམ་ཟེ་ལས་གྱུར་བྲམ་ཟེའི་རིགས། །ཁ་དོག་སེར་ལ་གྲང་ཞིང་བསིལ། །ཤ་དང་སྤགས་པ་གྲང་བ་དང་། །སྐྱིགས་བུས་ཐེབས་ཤིང་དབུགས་ཀྱང་གྲང་། །ལུས་ལ་གྲང་བའི་ནད་རྣམས་ནི། །རྒྱུས་མེད་པར་ནི་ཞུགས་གྱུར་ནས། །ཆུ་ཡི་དུག་གིས་བཟུང་བའི་རྟགས། །བྲམ་ཟེ་ལས་གྱུར་རྒྱལ་རིགས་ཀྱིས། །དེ་ཡིས་བཟུང་བའི་མཚན་ཉིད་ནི། །ཉམས་ལྕི་གློ་སྙིང་འདར་བ་དེ། །ཡན་ལག་སོར་མོ་གྲང་ཞིང་བརྩེ། །གདོང་ལ་སོགས་པ་སྐྱ་ལ་སྲབ། །སྨིན་མ་བ་སྤུ་སླར་སྐྱེ་ཞིང་། །མཐེབ་མཛུབ་བར་གྱི་གོང་ཤ་ཤོར། །སྡོམ་དང་རྩངས་པས་བཟུང་བ་དང་། །གོས་སེར་ལུས་ལ་གྱོན་པ་རྨིས། །བྲམ་ཟེའི་རྗེའུས་ཟིན་པ་ནི། །ཚ་ཞིང་དེ་ནི་གྲང་བས་ཏེ། །མདོག་ཀྱང་དམར་སེར་གཉིས་པོ་འབྱུང་། །ཚང་བ་ཚ་བེར་ཚ་ཞིང་འཁྱུག །བ་སྤུ་ཐམས་ཅད་གྱེན་ལ་ལྡོག །རྟག་ཏུ་དང་ཁ་མི་བདེ་ཞིང་། །མངར་གསུམ་དག་ལ་རབ་ཏུ་དགའ། །དགྲ་བཅོམ་མ་དང་འགྲོགས་པ་དང་། །འདམ་རྫབ་ཆུ་གསེབ་ནང་ན་ཉལ། །དེས་ཟིན་པར་ནི་ཤེས་པར་བྱ། །བྲམ་ཟེ་དམངས་ཀྱིས་བཟུང་བ་ནི། །ལུས་རྣམས་ཐམས་ཅད་ཁྱབ་པ་གཡའ། །བྱ་སྤུ་རླུང་གིས་གཡོ་བར་འབྱུང་། །བྱི་བ་བྷི་ལ་སྲམ་དག་གིས། །ལུས་ལ་བཟུང་རྨི་རྟག་ཏུ་རྨིས། །གདོལ་པ་སེ་སྲན་བཟུང་བ་ནི། །གཉེ་མ་དག་ལ་ཞུགས་གྱུར་ན། །དེ་བཞིན་ལྦུ་མའི་སྐད་རྣམས་འབྱིན། །སྐབས་སུ་ཁྲིས་པ་ལྟ་བུར་འབྱང་། །བྲང་འགྲོ་སེར་ཁྲ་མགོ་དགུ་པ། །རྨི་ལམ་ལུས་ལ་འཁྲིལ་གྱུར་ན། །དེས་གནོད་པར་ནི་གདོན་མི་ཟ། །བྲམ་ཟེ་ལས་གྱུར་པའི་གདོན་དང་ནད་ཀྱི་མཚན་ཉིད་བརྟག་པའི་ལེའུ་སྟེ་བདུན་པའོ།།  །།

 

དགེ་སློང་ཆེན་པོ་ཡང་གསོན་ཅིག །མེ་ལས་གྱུར་པ་རྗེའུའི་རིགས། །དེ་རྣམས་དབྱེ་བ་བདག་གིས་བཤད། །དེ་དག་ལ་ཡང་རིགས་ལྔ་སྟེ། །རྗེ་རིགས་ལས་གྱུར་རྗེའུའི་རིགས། །དེས་བཟུང་བ་ཡི་མཚན་ཉིད་ནི། །ཁ་དོག་དམར་བ་ཟངས་མདོག་སྟེ། །ཚ་ཞིང་རྔུལ་བ་མེ་ཡི་དུག །མདོག་དམར་ཤ་རོ་ཤ་འཚག་དང་། །ཤ་བཀྲ་ཤ་རོ་བལ་འདག་འབྱུང་། །རྩ་རྣམས་ཀུན་ལ་ཞུགས་གྱུར་ན། །ལུས་རྣམས་ལ་ཡང་ཁྱབ་བྱེད་དུག །ཚ་བ་མེ་དབལ་ལྟ་བུ་འབྱུང་། །གྷོ་ར་དམར་པོ་ཞོན་པ་དང་། །བ་དམར་གླང་དམར་རྨི་བ་དང་། །གོས་དམར་ལུས་ལ་གྱོན་པ་ནི། །དེ་དང་དེ་ཡིས་ཟིན་པའི་རྟགས། །རྗེའུ་རྒྱལ་པོས་བཟུང་བ་ནི། །པདྨ་ལྟ་བུའི་ཁ་དོག་སྟེ། །ཤིན་ཏུ་འདོད་ཆགས་དག་ལ་དགའ། །སྐམ་པ་མ་མཆིས་མེད་པར་སྨྲ། །བཞིན་ཡང་དམར་ལ་འགྱུར་ལྡོག་ཆེ། །ཚ་ཞིང་ལྕི་ལ་ཁ་ལྕེ་ན། །ཆུ་དམར་གྱེན་ལ་ཁྱེར་བ་དང་། །རྒྱལ་དང་རྟག་ཏུ་འགྲོགས་པ་ནི། །རྗེ་རིགས་ལས་འགྱུར་རྒྱལ་པོ་ཡིན། །དེས་བཟུང་བར་ནི་མཁས་པས་བརྟག །རྗེའུའི་བྲམ་ཟེ་ཞུགས་པ་ནི། །ལུས་ཀྱང་རྔུལ་ལ་མིག་དམར་བ། །ཚ་ཞིང་འདར་བའི་ནད་འབྱུང་སྟེ། །རྐང་ལག་ན་ཞིང་བརྐྱང་བསྐུམ་བྱེད། །སར་མ་ཤ་རྣམས་ཟད་གྱུར་ཏེ། །སྐམ་པའི་ནད་ཀྱིས་འཆི་བར་འགྱུར། །རྗེ་རིགས་ལས་གྱུར་དམངས་རིགས་ཀྱི། །དེ་ཡི་ནད་ཀྱི་མཚན་ཉིད་ནི། །མདོག་ཀྱང་དམར་ནག་ཚ་ཞིང་ཚ། །སྙིང་མི་དགའ་ལ་ཡང་ཞིང་གཡོ། །ཟས་དམར་དག་ལ་དགའ་བས་ཏེ། །གླང་དམར་ཞོན་ནས་ཁུས་འདེབས་དང་། །རླུང་དམར་འཚུབ་མས་འཁྱེར་བ་རྨི། །དེ་རྣམས་མཚན་ཉིད་ལྡན་གྱུར་ན། །དེས་གནོད་པར་ནི་གདོན་མི་ཟ། །གདོལ་པ་དམར་ཁྲས་བཟུང་བ་ནི། །སྨུག་ནག་འཚོ་འདྲའི་ཁ་དོག་སྟེ། །ཤ་རོ་སྨུག་ནག་མེ་ལྕེ་རིས། །སྤྱི་བོའི་གཙུག་ཏུ་ཤ་རོ་འབྱུང་། །བསེ་འབྲུམ་སྨུག་པོས་ལུས་རྣམས་གང་། །ཆུ་སྲིན་སིར་དང་ཉ་མིད་རྨི། །སྔོན་པས་སྐྱུར་དང་དམར་ལ་དགའ། །དེས་བཟུང་བར་ནི་ཤེས་པར་བྱ། །ཀླུ་རྗེ་རིགས་ཀྱི་དོན་གྱི་རིགས་དང་། དབྱིབས་དང་ནད་ཀྱི་མཚན་ཉིད་བསྟན་པ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།  །།

 

ཀྱཻ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ཡང་ཞིང་གཡོ་བ་རླུང་གི་དུག །དམངས་རིགས་ནག་པོས་བཟུང་བ་ནི། །གཅིག་ལས་ལྔ་རུ་ཤེས་པར་བྱ། །དམངས་རིགས་དམངས་ཀྱིས་བཟུང་བ་ནི། །ཁ་དོག་དག་ནི་ལྕགས་མདོག་ལ། །ཤ་མཚན་ཤ་རོ་ནག་པོ་འབྱུང་། །རྐང་མཐིལ་རྨ་དང་ཤ་རོ་འབྱུང་། །དྲི་མ་མི་ཞིམ་ཉ་ཡི་རོ། །སྐད་གདངས་དག་དང་བྲལ་གྱུར་ཏེ། །སྦལ་པའི་དྲི་ཡང་འབྱུང་བར་འགྱུར། །སྐྲ་ཤི་གནམ་དུ་བརྫེ་བ་དང་། །བ་སྤུ་མི་ཆགས་བྱི་འགྱུར་ཞིང་། །ལུས་འདར་ཤེས་པ་ཡང་ཡང་གཡོ། །ཉ་དང་སྦྲུལ་དང་སྦལ་ལྕོང་དང་། །སྲོག་ཆགས་ནག་པོའི་ཚོགས་དག་རྨི། །ཆུ་མིག་ནག་པོའི་ནང་དག་ཏུ། །ཉ་དང་དེ་ཡི་ནང་ན་གནས། །གོས་ནག་རྟག་ཏུ་གྱོན་ཞིང་རྨི། །དམངས་རིགས་ནག་པོས་བཟུང་བའི་རྟགས། །དམངས་ལས་གྱུར་པའི་རྒྱལ་རིགས་ཀྱིས། །ཟིན་པའི་མཚན་ཉིད་འདི་ལྟ་སྟེ། །རྒྱ་མཚོ་ཆེན་པོ་ལུད་གྱུར་ན། །ཆུ་བྲན་རྟག་ཏུ་འཛག་པ་དང་། །ཤིང་གི་རླངས་བསྐྱིབས་བསེར་གྱི། །སྐྱེན་པ་ཙམ་གྱིས་འོངས་འགྱུར་ཞིང་། །ཁ་དོག་ནག་ལ་སོ་དཀར་བ། །ས་ལས་གྱུར་པ་དྲི་བྱུང་ཞིང་། །བཞིན་གྱི་དཀྱིལ་འཁོར་ལྕི་ལ་འཐིབས། །སྡིག་པ་རྟ་ནག་ཞོན་ནས་ཐུར་དུ་དཀྱུས། །དེ་དང་དེ་ཡིས་བཟུང་བར་ངེས། །དམངས་ཀྱི་བྲམ་ཟེས་བཟུང་བ་ན། །དེ་ཡི་རྟགས་ནི་བརྗོད་པར་བྱ། །ཁ་དོག་ནག་སེར་བཞིན་ཉམས་ཤིང་། །སྨིན་དྲག་དག་ཏུ་བེམ་པོ་འབྱུང་། །བཞིན་གྱི་དཀྱིལ་འཁོར་བཻཾ་ལ་ཟ། །ཟ་ཞིང་དེ་ནི་འཕྲུག་པ་ཡིན། །སྟོན་ཀའི་མེ་ཏོག་རྙིད་པ་ལྟར། །ཡིད་དུ་མི་འོང་དེ་འདྲར་འགྱུར། །ཆུ་སྲིན་ཆུ་གླང་ཆུ་ལུད་ལྟ། །དེ་རྣམས་འགྲོགས་དང་རྨིས་གྱུར་ན། །དེ་ཟིན་པར་ནི་ངེས་པས་སོ། །དམངས་ལས་གྱུར་པའི་རྗེ་རིགས་ནི། །ཁ་དོག་དམར་ནག་ཁྲག་ཤའི་མདོག །བཞིན་གྱི་དཀྱིལ་འཁོར་ལྕི་ལ་ཐང་། །གྲོད་པ་བུས་པའི་དབྱིབས་འདྲ་ཞིང་། །སྣ་ཞོ་རྟག་ཏུ་ཆུ་སེར་འཛག །ཤེས་པ་མྱོས་ཤིང་གཉིད་ལ་དགའ། །ཤ་དད་ཆེ་ལ་དམར་ལ་མོས། །རྟག་ཏུ་གླུ་ལེན་སྙིང་མི་དགའ། །དོག་པར་མཆིས་ཤིང་མཆིལ་པ་འབྱིན། །བུད་མེད་གཞོན་ནུ་ཟས་སྟེར་ཞིང་། །དེ་དང་ལྷན་ཅིག་ཉལ་གྱུར་ནས། །ཁུ་བ་འབྱིན་པར་བྱེད་པ་ནི། །དེས་ཟིན་པར་ནི་མཁས་པས་བརྟག །དམངས་རིགས་གདོལ་པས་བཟུང་བ་ནི། །མདོག་དང་དབྱིབས་ནི་ཧུ་ལུ་ཀའི། །དེ་ཡི་འབྲས་བུ་སྨིན་པ་འདྲ། །ཚིགས་གཞི་དག་ལ་ཤ་རོ་འབྱུང་། །རྟག་ཏུ་རུས་པ་འཁོལ་ཞིང་ན། །ཀླད་པ་ན་ཞིང་སྐྲ་བྱི་སྟེ། །དྲི་མ་དང་བྲལ་དྲི་ང་བ། །ན་བ་ཚ་བ་འཁམ་པ་འབྱུང་། །གསོ་རུ་མི་རུང་སྤང་བར་བྱ། །ཀླུ་དམངས་རིགས་ནག་པོ་སོ་སོར་ཕྱེ་སྟེ། རིགས་བརྟག་པ་དང་། ནད་ཀྱི་མཚན་ཉིད་བསྟན་པ་དང་། སོ་སོར་ངོས་བཟུང་བའི་ལེའུ་སྟེ་དགུ་པའོ།།  །།

 

དགེ་སློང་ཆེན་པོ་ཡང་གསོན་ཅིག །མཚམས་བཞི་གདོལ་པ་སྣ་ཚོགས་དུག །ཤར་ལྷོ་རྒྱལ་རིགས་གདོལ་པ་ཅན། །དེས་གནོད་པ་ཡི་མཚན་ཉིད་ནི། །ཁ་དོག་སྐྱ་སྣ་སྣོ་མ་དམིགས། །སྣ་ཆུ་རྟག་ཏུ་སྐྱ་བོར་འཛག །རི་ཡི་སུལ་ལ་གས་པ་འབྱུང་། །སྲིད་པའི་ལོ་མའི་མདངས་ཤར་ན། །གངས་རི་དཀར་པོ་ཞུ་བའི་རྟགས། །རྩུབ་པའི་གོས་གྱོན་རྟ་ཞོན་ན། །རོ་ཉེས་བཟུང་དང་བཅས་པ་དང་། །དེ་ཡི་གནས་སུ་ཁྲིད་གྱུར་ནས། །སྣུམ་པའི་ཟས་དག་ཟོར་གྱུར་ན། །དེ་ཡང་ཚེ་རབས་ལས་ཀྱི་འདྲེ། །གསོ་རུ་མི་རུང་སྤང་བར་བྱ། །ལྷོ་ནུབ་བྲམ་ཟེ་གདོལ་པའི་རིགས། །དེས་ཟིན་པར་ནི་འདི་ལྟ་སྟེ། །ཕོ་མཆིན་མི་བདེ་དང་ག་འགག །ཟས་ཟོས་ཁ་ནས་ཆུ་སྔོན་འཛག །གདོང་དམར་ལྕེ་རྩི་མི་ཆགས། །སྣ་ནས་ཆུ་སེར་ཁྲག་དག་འབྱུང་། །རྩ་རྣམས་ཐམས་ཅད་སྦྲིད་ཅིང་བེར། །ལྷེ་སྣ་ལྟོ་རྒྱབ་ཤ་རོ་འབྱུང་། །རྩི་ཏི་འགོ་གྱོན་ཕག་ནག་ཞོན། །རྒྱ་མཚོའི་ནང་ཕྱིན་གྱུར་ཉ་ལ། །དེ་ཡང་ལས་ལས་གྱུར་པའི་གདོན། །ནུབ་བྱང་འདྲེས་པ་མེ་ཡི་རིགས། །དེ་ཡི་ནད་དང་མཚན་ཉིད་ནི། །མཁལ་མ་ན་ཞིང་ཤ་རོ་འབྱུང་། །སྒུར་ཞིང་ལུས་སྐམ་ཤ་མདོག་ནག །རྣ་བ་མི་བདེ་ཕོ་མཚན་ལ། །ཟིན་པ་ལས་ལས་གྱུར་པ་ཡིན། །དེ་གནོད་པ་ཡི་རྟགས་བསྟན་པ། །གྲང་འབྲོ་དག་གིས་བཟུང་གྱུར་ན། །རྒྱ་མཚོའི་ཆུ་ཀླུང་དག་ཏུ་ཕྱིན། །སྲོག་ཆགས་སྣ་ཚོགས་འཇུས་གྱུར་ན། །དེ་ཡང་དེ་བཞིན་གྲོལ་བར་དཀའ། །བྱང་ཤར་འདྲེས་པ་རླུང་གི་རིགས། །གདོལ་པ་ནག་པོས་ཟིན་གྱུར་ན། །ཤེས་པ་མི་བདེ་སྙིང་འཕར་ཞིང་། །དྲན་པ་ཉམས་ཤིང་སྨྲ་ལ་དགའ། །སྙིང་གའི་ཚིགས་པ་དྲུག་པ་ལ། །བེམ་པོའི་ཤ་རོ་མཚན་མ་འབྱུང་། །ལུས་ཀྱི་སྟོབས་ཀྱང་ཤོར་འགྱུར་ཏེ། །ཆུ་སྲིན་གྲེ་བར་ཆུད་ཅིང་རྨི། །མུན་པའི་རླུང་ནག་འཚུབ་མ་ཡི། །དཀྱིལ་ན་གནས་ཤིང་འབུ་འབུར་རྣམས། །ལུས་ལ་ཞུགས་གྱུར་དེ་གནོད་རྟགས། །གདོལ་ཅན་གདོལ་པ་ནག་པོ་ནི། །རིགས་ལྡན་མགོ་རྒྱས་གཙིགས་པ་སྟེ། །སྐམ་ལ་དུག་གི་མཆེ་བ་ཅན། །རིགས་བཞི་ཕོ་ཉར་གྱིས་ནས་ནི། །དེ་ཡི་ལུས་ལ་དུག་རྣམས་འཇུག །བཞིས་ཟིན་པ་ནི་གསོར་མི་རུང་། །ཀླུའི་རིགས་སུམ་བརྒྱ་དྲུག་ཅུ་ལས། བསྡུས་པ་ཉི་ཤུ་རྩ་ལྔའོ། །དེ་རྣམས་ཀྱི་རིགས་བསྟན་པ་དང་། ལུས་ལ་ཞུགས་པའི་གནས་དང་། ནད་ཀྱི་མཚན་ཉིད་བསྟན་པ་སྟེ་ལེའུ་བཅུ་པའོ།།  །།

 

ཀྱཻ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ཇི་ལྟར་འགྲོ་བ་རིགས་དྲུག་ལས་དང་དེའི་འབྲས་བུ་སུ་ཏ་ནི་ཀླུ་རིགས་དྲུག །དེས་བཟུང་བ་ཡི་མཚན་ཉིད་ནི། །ཇི་ལྟ་བ་ནི་བདག་གིས་བཤད། །ལྷ་ཡི་རིགས་དང་མི་རིགས་ཀྱི། །ཀླུ་རིགས་དང་ནི་གནོད་སྦྱིན་རིགས། །དེ་བཞིན་སྲོག་ཆགས་བྱོལ་སོང་རིགས། །ལྷ་ཡི་རིགས་ཀྱིས་བཟུང་བ་ནི། །རྒྱུན་པར་རང་རྒྱུད་བཟང་ལ་འཇམ། །དཀར་གསུམ་དག་ལ་རབ་ཏུ་དགའ། །གཙང་སྦྲ་ཆེ་ཞིང་སྙིང་རྗེར་ལྡན། །གོས་བཟང་རིན་ཆེན་རྒྱན་ལ་དགའ། །རྟག་ཏུ་གླུ་གར་འཇོ་མོས། །ལུས་ཡང་དྲི་ཞིམ་རྟག་ཏུ་འབྱུང་། །ཙན་དན་ཨ་ཀ་དུ་རུ་ཀ །རྒྱུས་མེད་པར་ནི་ལུས་ལ་མིན། །མེ་ཏོག་དཀར་པོ་འཐུ་བ་དང་། །པི་ཝང་གླིང་བུ་འབུད་པ་འབྱུང་། །རིན་ཆེན་གཞལ་བས་ནང་ཕྱིན་ཏེ། །ལྷ་བྲན་ཕོ་མོས་བསྐོར་བ་རྨི། །ཚངས་པའི་གནས་དང་སྨིན་མཚམས་སུ། །ཤ་མཚན་དཀར་པོ་བྱུང་བ་དང་། །གཡའ་བ་དང་ནི་ཟ་ཞིང་དགའ། །སྐྲ་དང་བ་སྤུ་ཟ་ཞིང་འབྱི། །ཀླུ་ཡི་རིགས་ཀྱིས་བཟུང་བར་ངེས། །ཁྲུས་དང་ཞི་བས་མཆོད་གྱུར་ན། །དེ་དག་གྲོལ་བར་འགྱུར་བ་ཡིན། །ཀླུ་ལྷའི་རིགས་ཀྱིས་བཟུང་བའི་མཚན་ཉིད་བསྟན་པ་སྟེ། ལེའུ་བཅུག་གཅིག་པའོ།།  །།

 

ཀླུ་མིའི་རིགས་ཀྱིས་བཟུང་བ་ནི། །དབྱིབས་དང་ཁ་དོག་མི་འགྱུར་བས། །ཚིག་དྲུག་པ་ན་རྒྱབ་ཏུ། །དེ་བཞིན་དེ་ཡི་གཡས་གཡོན་སོགས། །ཤ་བཀྲ་ཤ་མཚན་འབྱུང་བར་འགྱུར། །ལུས་རྣམས་ཐམས་ཅད་ཁྱབ་པར་ནི། །རྟག་ཏུ་བྱ་བའི་ལས་ལ་བརྩོན། །ཁྱེའུ་བུ་མོ་ལ་སོགས་དང་། །སྐྱེས་པ་བུད་མེད་རྒྱན་བཟང་དང་། །རྟག་ཏུ་ཀླུ་གར་རྩེ་མོ་རྨི། །དེ་གནོད་བཟློག་པས་སླ་བར་གསུངས། །ཀླུ་མིའི་རིགས་ཀྱི་བཟུང་བའི་བརྟག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།  །།

 

ཀླུ་ཡི་རིགས་ཀྱིས་བཟུང་བ་ནི། །ལུས་རྣམས་ཀྱི་རོས་གང་གྱུར་ནས། །ཁ་དོག་འགྱུར་ཞིང་ལུས་ཀྱང་ལྕི། །ནུབ་མོ་ན་ཞིང་ཀོ་དྲི་མནན། །རོ་ཉེ་དཀར་ཁྲ་སེར་ཁྲ་དང་། །དམར་དང་ནག་གིས་བཟུང་བ་རྨི། །དེ་བཞིན་ཉ་དང་སྦལ་ལྕོང་སོགས། །དེ་གནོད་པ་ནི་ཤེས་པར་བྱ། །ཀླུའི་རིགས་ཀྱིས་བཟུང་བའི་བརྟག་ཐབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།།  །།

 

ཀླུ་གནོད་སྦྱིན་གྱི་རིགས་ཀྱིས་བཟུང་བ་ནི། །སྔོན་པའི་རང་བཞིན་ཁྲོ་ལ་དགའ། །ཁ་དོག་སྔོ་ལ་མདོག་འགྱུར་ཚེ། །སྔོ་བའི་ཟས་ལ་རབ་དགའ་ཞིང་། །ཤ་དད་ཆེ་བ་དམར་ལ་མོས། །མི་གཙང་རྒོད་ཅིང་སྨྲ་བ་མང་། །ལུས་རྣམས་བལ་འདག་དག་གིས་གང་། །རྩ་རྣམས་རྟག་ཏུ་འཁྲུགས་ལ་ནི། །བཞིན་ཡང་དམར་པོ་ཐིག་ལེ་གནས། །མིག་རྩ་དམར་ལ་མཆི་མ་འཛག །ལུས་ལ་ཤ་གླང་དག་གིས་གང་། །མི་སྔོན་དག་དང་རྟག་ཏུ་འགྲོགས། །ཁ་ཟ་སྔོན་པོ་སྟེར་བ་དང་། །ཆུ་སྔོན་ནང་དུ་རྟག་ཉལ་དང་། །སྔོ་བའི་གོས་རུལ་གྱོན་པ་རྨི། །ཀླུ་གནོད་སྦྱིན་རིགས་ཀྱིས་བཟུང་བའི་རྟགས། །དེ་ཡང་བརྟག་པར་རབ་དཀའ་སྟེ། །སྒྲུབ་ལ་ལེ་ལོ་མེད་པར་སྐྱེན་དུ་འགྱུར། །ཀླུ་གནོད་སྦྱིན་རིགས་ཀྱིས་བཟུང་བའི་བརྟག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།  །།

 

གླེན་པ་བྱོལ་སོང་ཀླུ་ཡི་རིགས། །དེ་གནོད་པ་ཡི་མཚན་མ་ནི། །སྔོན་པས་ཤེས་པ་མི་གསལ་བླུན། །རྟག་ཏུ་ཉལ་དང་གཉིད་ལ་དགའ། །སྨྲ་བ་ཉུང་ལ་ཚིག་པ་ཟ། །གཉིད་ཀྱི་དུས་སུ་སོ་འཆང་ཞིང་། །དེ་བཞིན་འབུ་སྒྲ་ཕུ་ཡིས་འདེབས། །རྟག་ཏུ་ཁ་གླང་བྱོལ་སོང་དང་། །མ་ཧེའི་གནག་སོགས་བ་གླང་དང་། །བདེད་རྩེ་ཏ་ཁྱུས་འགྲོ་བ་རྨིས། །ཚིགས་བཞི་ཡུན་མང་ཤ་རོ་འབྱུང་། །དེས་ཟིན་པ་ནི་ཤེས་པར་བྱ། །ཀླུ་བྱོལ་སོང་གིས་གཟུང་བའི་མཚན་ཉིད་དེ་བཅོ་ལྔ་པའོ།།  །།

 

ཀླུ་བྲན་དག་གིས་བཟུང་བ་ནི། །སྐོར་ཚེ་ཚོར་བ་མེད་པ་དང་། །ཤ་རླངས་ཆུ་རླངས་བྱི་སན་དང་། །རྨ་དང་ཤུ་བ་སྐྱ་རབས་འབྱུང་། །རྐང་པ་རྐང་གཅིག་རྐང་པ་མེད། །འབུ་སྦུར་སྲོག་ཆགས་སྣ་ཚོགས་གཟུགས། །དེ་རྣམས་རྨི་ལམ་དངོས་སུ་འབྱུང་། །ཆུ་མིག་མཚོའམ་སྟེང་དུ་རྨི། །ལུས་ནི་དམར་ལ་ཚ་བྲབ་ཆེ། །དེ་གྲོལ་བ་ནི་སླ་བར་གསུངས། །ནཱ་ག་ཀླུ་བྲན་གྱིས་བཟུང་བའི་མཚན་ཉིད་བསྟན་པ་སྟེ་ལེའུ་བཅུ་དྲུག་པའོ།།  །།

 

དགེ་སློང་ཆེན་པོ་ཡང་གསོན་ཅིག །གཉན་བཞི་བསྟོད་ཀྱིས་ཟིན་པ་ལ། །དེ་ཡི་དབྱེ་བ་བདག་གིས་བརྗོད། །ས་གཉན་དང་ནི་ཤིང་གཉན་དང་། །དེ་བཞིན་མེ་གཉན་ཆུ་གཉན་ནོ། །ས་གཉན་གདུག་པས་བཟུང་བ་ནི། །ལྕི་ཞིང་འཐིབ་ལ་གོང་པོར་འགྱུར། །གཞོགས་ཕྱེད་སྐམ་ལ་ཤ་རོ་འབྱུང་། །ཟུག་གཟེར་ཆེ་ལ་ནུབ་མོ་ན། །རྒན་པོ་སེ་བོ་རྟག་པར་རྨི། །ཆད་པའམ་ལ་མའི་ཁ་ཕུ་རུ། །ཉལ་དང་དེ་ན་གནས་ཤིང་སྡོད། །ཤྭ་བ་རི་དྭགས་མགོ་ཅན་གྱིས། །འདེད་དམ་གཤེད་མ་ལྟར་བྱེད་ཅིང་། །དེ་ལ་སོགས་པ་རྨིས་གྱུར་ནས། །དེས་ཟིན་པ་ནི་ཤེས་པར་གྱིས། །ས་གཉན་གནོད་པ་བསྟན་པ་སྟེ་བཅུ་བདུན་པའོ།།  །།

 

དེ་བཞིན་ཤིང་གཉན་གནོད་གྱུར་ན། །ལུས་རྣམས་སེར་ལ་སྐེམ་པ་དང་། །རྐང་ལག་རྣམས་ནི་ན་གྱུར་ཏེ། །གྲང་ཞིང་རུས་པའི་ཚིགས་རྣམས་འཁོལ། །སྐྲ་རྩ་ཟ་ལ་ཀླད་པ་འཐོམས། །མིག་སླེ་མཆི་མ་རྟག་ཏུ་འཛག །ཤ་བཀྲ་ཤ་རོས་ལུས་རྣམས་དང་། །སྐབས་སུ་དེ་བར་ཐོར་བུ་འབྱུང་། །བཙུན་པ་བཙུན་མ་རྟག་ཏུ་རྨི། །ལུང་པའི་གཅོང་རོང་ཁྲོད་དག་ཏུ། །གཅིག་པུར་ཉལ་ཤིང་གནས་པ་རྨི། །ཤིང་ལ་གྱུར་པའི་གཉན་དག་ནི། །གནོད་པ་རུ་ནི་མཁས་པར་བརྟག །འབྱུང་བ་ཤིང་གཉན་གནོད་པའི་རྟགས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།  །།

 

མེ་གཉན་དམར་པོས་བཟུང་ནས་ནི། །ཡན་ལག་ཤ་བཀྲ་མང་པོས་གང་། །གདོང་ཡང་དམར་ལ་སྐམ་པ་སྟེ། །ཁ་ཡོ་མིག་སླེ་ཡན་ལག་གི །རུལ་ཚིགས་ཐམས་ཅད་འབྲུལ་ཞིང་འཆད། །གཞོགས་ཕྱེད་སྐམས་ནས་གོང་པོར་འགྲོ། །ཚིགས་ལ་རྨ་དང་ཤུ་བ་འབྱུང་། །རྟ་དམར་ཞོན་ཅིང་རྒྱུག་པ་དང་། །དྲེའུ་བོང་བུ་རྨིག་ཟླུམ་དང་། །ཞོན་ནས་རྟག་ཏུ་འགྲོགས་ཤིང་རྨི། །རྟའམ་མ་ཧེའི་མགོ་ཅན་ལ། །ལུས་རྣམས་མི་རུ་འདུག་པ་ཡིས། །གཤེད་ལ་སྡིག་པར་བྱེད་པའམ། །དེ་བཞིན་དེ་དང་གནས་གྱུར་རྨི། །དེ་དང་དེ་ཡི་རིགས་དག་གིས། །ཟིན་པ་ཤིན་ཏུ་གྲོལ་བར་དཀའ། །མེ་གཉན་དམར་པོས་བཟུང་བའི་རྟགས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།  །།

 

འབྱུང་བ་ཆུ་ལས་གྱུར་པ་ཡི། །དེ་གཉན་སྔོན་པོས་བཟུང་བ་ནི། །ཤ་སྔོ་ལུས་པོ་གཉེར་ཆུང་གི །གང་ཞིང་ཤ་ཡི་འཛེར་པ་འབྱུང་། །ཆུ་བ་དག་ལ་ཞུགས་པ་ཡིན། །གྲང་ཞིང་ཆུ་རྒྱུས་འཁོལ་བ་དང་། །ཡན་ལག་རེངས་ཤིང་ན་བ་འབྱུང་། །དབང་པོའི་དྭངས་མ་མིག་ཟླུམ་ཞིང་། །རྣལ་བའི་དྲི་དག་འབྱུང་བར་འགྱུར། །རྟ་སྔོན་ཞོན་ཞིང་ཆུ་ངན་ཕྱོ། །མི་སྔོན་ཞགས་པ་ཐོགས་པ་ཡིས། །འགུལ་ནས་བཏབས་སམ་ཡན་ལག་བཅིངས། །ཉ་རྒྱས་བཟུང་ལ་དཀྲིས་འགྱུར་རྨིས། །གྲོད་པ་བུས་པ་ལྟ་བུ་ཡིས། །འཇུས་འགྱུར་ལུས་ལ་འབྱུང་བའམ། །སྔོ་བའི་ཁ་སས་ཟོས་གྱུར་རྨི། །དེས་ཟིན་པ་རུ་མཁས་པས་བརྟག །གཉན་སྔོན་པོས་བཟུང་བའི་ལེའུ་སྟེ་ཉི་ཤུ་པའོ།།  །།

 

ཀྱཻ་དགེ་སློང་ཆེན་པོ་ལགས། །ཕ་ནི་གཉན་ལ་མ་ས་བདག །ས་བདག་གཉན་གྱི་བུ་རྣམས་ཏེ། །དེ་ཡི་མིང་ནི་སྟོད་ཅེས་བྱ། །དེས་བཟུང་བ་ཡི་ནད་རྣམས་ནི། །བཞིན་གྱིས་དཀྱིལ་འཁོར་སྲངས་པ་དང་། །ཤ་རྣམས་འགྱུར་ཞིང་མེ་དབལ་འབྱུང་། །གློ་བུར་བ་སྤུ་མི་ཆགས་བྱི། །ཤེས་པ་མི་བརྟན་སྡུག་བསྔལ་ཚེ། །ངུ་སྙིང་འདོད་ལ་ཁྲོ་སྙིང་འདོད། །རྟག་ཏུ་སྐྱེས་པ་གཞོན་ནུ་དང་། །ཁྱེའུ་བུ་མོ་དགའ་གྲོགས་པ། །སྣོད་བཟང་དག་ཏུ་ཟས་སྟེར་རྨི། །བྱང་གི་སེམས་ཅན་ཨ་ཡག་དང་། །དེ་བཞིན་སྲོག་ཆགས་དམར་ཁྲ་ཡིས། །ལུས་ལ་འཇུས་ཤིང་མཆུ་གཙུགས་དང་། །དེ་མཐོང་དེ་རྣམས་དྲུང་དུ་རྨིས། །དེ་འདྲའི་གོས་གྱོན་དེ་འདྲ་ཡི། །བྱོལ་སོང་དུད་འགྲོ་ཞོན་གྱུར་ནས། །སྔར་མཐོང་གི་ནི་ཡུལ་དག་ཏུ། །ཕྱིན་གྱུར་རྨིས་ན་དེས་ཟིན་རྟགས། །ས་གཉན་གྱི་བུ་བྱོལ་སོང་སྟོད་ཀྱི་རིགས་ཀྱིས་བཟུང་བའི་ནད་བརྟགས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།  །།

 

ཀྱཻ་དགེ་སློང་ཆེན་པོ་གསོན་ཅིག །ཕ་ནི་བདུད་ལ་མི་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ཀླུ་བདུད་ནག་པོ་ཞེས་སུ་གྲགས། །གནས་ནི་བྲག་དང་ནེའུ་གསིང་དང་། །ཕོ་བྲང་ཤིང་རྩེ་དག་ལ་དགའ། །འགྲོ་ན་འབྲོག་དགོན་གྲོང་ཁྱེར་དང་། །རྒྱུག་ཅིང་ཀུན་ལ་གནོད་པར་བྱེད། །དེས་བཟུང་བ་ཡི་མཚན་ཉིད་ནི། །བཙན་ཐབས་ཙི་ཙི་ཛཱ་ལར་བྱེད། །ཉ་གླང་དང་ནི་ཆུ་རླངས་དང་། །དེ་བཞིན་ཆུ་བུར་ཆུ་རླངས་དང་། །ལྡོག་པ་ལས་གྱུར་མཛེ་ནད་འབྱུང་། །རླུང་མཁྲིས་བད་ཀན་འདུས་པའི་ནད། །སྔར་མེད་པར་ནི་བསྐྱེད་པར་བྱེད། །ཕོ་ལོག་གླང་ཐབས་གཟེར་ཐབས་ཀྱིས། །ནད་རྣམས་དག་ཀྱང་གློ་བུར་འབྱུང་། །ཕོལ་འབྲས་ལྡོག་པ་ནག་པོ་དང་། །གཤང་ནད་གཞང་རྩའི་ཆུ་རྒྱུ་འདེབས། །རྨ་དང་སེར་ཁ་བཙན་ཐབས་འབྱུང་། །དེ་གནོད་པ་ཡི་མི་རྟགས་ནི། །མི་རྟ་ནག་པོ་ཞོན་པ་དང་། །གླང་ནག་ཞོན་ཅིང་ཁྱི་ནག་ཁྲིད། །སྦལ་ནག་ལག་ན་མདུང་ཐོགས་དང་། །ཉ་ནག་ཆུ་ལ་འཕྱོ་བ་དང་། །སྦྲུལ་ནག་ལུས་ལ་འཁྲིལ་བ་དང་། །བྱ་ནག་ཆར་ལྟར་བབས་པ་རྨི། །རྩུབ་པའི་གོས་གྱོན་སྦྲ་ནག་གནས། །བནྡེ་བཙུན་ཆེན་དགེ་བཤེས་དང་། །བོན་པོ་སྐྱེས་པ་མཚོན་ཆ་ཐོགས། །རྨིས་གྱུར་དེས་ཟིན་དེས་གནོད་རྟགས། །གདུག་པ་ཀླུ་བདུད་ཀྱིས་ཟིན་པའི་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།  །།

 

དེ་དང་རིགས་མཐུན་དེ་འདྲའི་གནོན། །ཕ་བི་བྲག་སྐྱེས་མ་ཀླུ་མོ། །ཀླུ་བཙན་སྔོན་པོ་ཞེས་བྱ་བ། །དེ་གནོད་པ་ཡི་རྟགས་བརྟན་པ། །མགོ་དང་ལག་པ་སྲང་བ་དང་། །མདོག་སྔོན་ཁ་དོག་མིག་སླེ་བ། །ལུས་ལ་རྨ་དང་ཐོར་པ་འབྱུང་། །བལ་འདག་ཤ་བཀྲ་གླུང་ཤུ་བ། །སྔོ་དམར་སྦྲུལ་རིགས་ལྟ་བུ་དང་། །དེ་བཞིན་སྦལ་ལྕོང་རི་མོ་འབྱུང་། །རྩ་རྣམས་འཁྲུག་ཅིང་ལུས་པོ་སྦྲིད། །ལུས་པ་ཟ་ཞིང་བེར་བ་ལྡང་། །དེ་གནོད་རྨི་ལྟས་འདི་ལྟ་སྟེ། །རང་ཉིད་རྟ་སྔོན་ཞོན་དང་གོས། །དེ་དང་དེ་བཞིན་རྨི་ལམ་འབྱུང་། །སྦྲུལ་སྔོན་རྨི་དང་དེ་བཟུང་དང་། །གླ་བར་རི་དྭགས་རྩང་པ་དང་། །བྱ་སྔོན་སྦྲང་མ་སྔོན་པོ་དང་། །ལུས་ལ་འཇུས་དང་ཟ་ལ་རྨི། །ཤིང་སྔོན་དག་ལ་འཛེགས་པ་དང་། །གཡང་དུ་ལྷུང་དང་ཐུར་དུ་རྒྱུག །ཆུ་སྔོན་དག་གིས་ཁྱེར་བ་རྨིས། །འདི་དག་རྟག་ཏུ་འོང་འགྱུར་ན། །དེས་ཟིན་པར་ནི་ཤེས་པར་བྱ། །དེ་དག་གདོང་སྟེ་བྲག་སྲིན་ནི། །ཀུན་ལ་འཇུག་ཅིང་ནད་སློང་བྱེད། །ཕོ་མཆིན་ན་ཞིང་སྐྱ་བབས་གཏོང་། །ན་ཚ་མེད་པར་ཡན་ལག་སྲངས། །ཁ་གདོང་བཀྲ་ཞིང་ཟ་བར་བྱེད། །ཆུ་སེར་དཀར་པོས་ཤ་མདངས་པར། །གང་ཞིག་སྲོག་ལ་འབབ་པར་བྱེད། །དགེ་སློང་ཆེན་པོ་དེ་དག་ནི། །ཀླུ་བཙན་དང་བྲག་སྲིན་གནོད་པའི་རྟགས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།  །།

 

དགེ་སློང་ཆེན་པོ་ཡང་གསོན་ཅིག །ས་ལ་གནས་པ་ས་ཡི་གདོན། །ས་བདག་ནད་ཀྱིས་བཟུང་བ་ནི། །དེ་ཡི་མཚན་ཉི་བརྗོད་བྱ་སྟེ། །གྲང་ལ་ཚ་ཞིང་འཁོལ་བ་དང་། །དེ་བཞིན་ཚ་ལ་འཇིགས་པ་དང་། །ཚ་བ་བཞུགས་དང་ཚ་འཚག་དང་། །གདོང་ལ་སོགས་པ་གྲང་ཤུམ་བྱེད། །ཀྱི་རོ་ཐིག་ལེར་འབྱུང་འགྱུར་ཏེ། །དེ་གཟུགས་སྲོག་ཆགས་ལྟ་བུར་འབྱུང་། །ཁྱི་དང་ལྕེ་སྤྱང་གཅན་གཟན་དང་། །མཆེ་བ་ཅན་གྱི་གཟུགས་སོགས་རྨི། །དེ་རྣམས་ལུས་ལ་འཇུས་གྱུར་ན། །ལྡག་དང་དྲུག་མཚན་གནས་ནའང་། །ཤིན་ཏུ་གནོད་ཚབས་ཆེ་བར་གསུངས། །ཁྱིམ་མི་གཞན་ན་གནས་པ་དང་། །དེ་བཞིན་དུད་འགྲོ་ཁྱུས་འགྲོ་དང་། །རྟག་ཏུ་རྨི་ལམ་འགྲོགས་གྱུར་ན། །ས་བདག་ལ་སོགས་གནོད་པའི་རྟགས། །ས་དྲི་མི་ཞིམ་དྲི་ང་བ། །ཁྱི་རོ་རུལ་བའི་དྲི་ལྟ་བུ། །སྒོ་སྐྱ་བསེ་དྲི་རྣག་ལ་སོགས། །རྒྱུས་མེད་པར་ནི་མནམ་གྱུར་ན། །ས་བདག་གནོད་པར་གདོན་མི་ཟ། །དེས་ཟིན་དགྲོལ་འགྱུར་ཐེ་ཚོམ་མེད། །ས་བདག་གནོད་པའི་མཚན་ཉིད་དང་། དེའི་ནད་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།  །།

 

དགེ་སློང་དཔལ་དང་ལྡན་པ་ཡི། །ནཱ་ག་ཛུ་ནས་ཡང་གསོལ་པ། །ཀྱཻ་ཀླུའི་རྒྱལ་པོ་སྟག་ཤ་ཀ །གོང་དུ་གསུངས་པ་ས་འོག་གདོན། །དེ་དག་ཕོ་ཡི་རིགས་རྣམས་ཏེ། །དེ་རྣམས་དག་དང་འབྲེལ་པ་ཡི། །མོ་ཡི་གདོན་རྣམས་བསྟན་དུ་གསོལ། །དེ་སྐད་ཅེས་ནི་བཀའ་སྩལ་པ། །ཀླུ་ཡི་རྒྱལ་པོས་ཡང་གསོལ་པ། །མཚོ་སྨན་ཆེན་མོ་མཆེད་རྣམས་ནི། །རོལ་མཚོ་ཆེན་པོ་བརྒྱད་ལ་གནས། །འདི་དག་སྲིད་པའི་མ་མོ་སྟེ། །ཀླུ་ཆེན་བརྒྱད་ཀྱི་སྲིང་མོ་ཡིན། །མིང་པོ་ཀླུ་ཡི་ལས་རྣམས་བྱེད། །ཀླུ་རྣམས་ཀུན་ལ་དབང་ཡང་བསྒྱུར། །རིགས་བཞི་ཀླུ་རྣམས་ཕོ་ཉར་འགྱེད། །ས་བདག་ཀླུ་རྣམས་བྲན་དུ་འཁོལ། །མཚོ་སྨན་ཆེན་པོ་དེ་རྣམས་ནི། །རང་གི་གནས་ནས་མ་གཡོས་པ། །སྤྲུལ་པ་བྱེ་བ་ས་ཡ་གཏོང་། །གཡོས་པ་མེད་པའི་ཡིད་ཀྱིས་སུ། །འཚོ་བ་མེད་པའི་ནད་གཏོང་ཞིང་། །འཚོ་བ་མེད་པའི་ཀླུ་ནད་དང་། །རྒྱ་ནད་མིག་སེར་གཤའ་ཡ་དང་། །ཆུ་སོགས་ཆུ་རྒངས་ཆུ་ནད་དང་། །ལྷོག་པ་ནག་པོ་མཛེ་ནད་སོགས། །དེ་བཞིན་རིམས་ནད་སྣ་ཚོགས་སྟོང་། །མཚོ་དང་རྒྱ་མཚོ་ཆུ་རླུང་དང་། །འཐིང་ཤུན་ལྟ་བུའི་བྲག་རྣམ་དང་། །དེ་བཞིན་ཐང་སྔོན་རི་སྔོན་རྨི། །མཐིང་གུར་གྱོན་པའི་ནང་དག་ན། །བདག་ཉིད་རྟག་ཏུ་འདུག་པར་རྨི། །བུད་མེད་སྔོན་མོའི་ཚོགས་བཅས་དང་། །ཉལ་ལམ་རྟག་ཏུ་འདུག་གྱུར་ན། །སྣོད་བཟང་དག་ནི་ཁ་ཟས་ཀྱི། །བཀང་སྟེ་བདག་ལ་སྟེར་གྱུར་ན། །གསེར་གཡུ་ལ་སོགས་རྒྱན་ཆ་ཡིས། །བརྒྱན་པའི་བུ་མོ་གཞོན་ནུའི་ཚོགས། །མང་པོ་ཚོགས་བཅས་འཁོར་གྱིས་བསྐོར། །དེ་བཞིན་ཆུ་རྟ་ཆུ་ལུག་དང་། །གཡུ་སྦྲུལ་སྦལ་པ་སྲོག་ཆགས་སོགས། །མཐིང་ཁ་སྔོན་པོ་རྨིས་གྱུར་ན། །མཚོ་སྨན་ཀླུ་མོ་གནོད་པའི་རྟགས། །ཀླུ་ཡི་རྒྱལ་པོའི་ཞུ་ལན་ལས། །མཚོ་སྨན་དང་ཀླུ་མོ་གནོད་པའི་མཚན་ཉིད་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའོ།།  །།

 

ཀླུ་ཡི་རྒྱལ་པོས་ཡང་གསོལ་པ། །ན་ཚ་མེད་པའི་ཁ་གདོང་སྲངས། །ཡན་ལག་རྩ་རྣམས་སྦྲིད་ཅིང་གྲང་། །ཤུ་བ་ཐོར་བུ་སྐབས་སུ་འབྱུང་། །རྒན་མོ་བཙུན་མ་ལྟ་བུ་དང་། །མཛོ་དང་བ་འབྲི་ཕག་པ་སོགས། །ཁྱི་མོ་ཁྱིམ་བྲན་ཚོགས་བཅས་ཀྱིས། །བདག་ཉིད་ལུས་ལ་ལྷག་གྱུར་རམ། །དེ་བཞིན་ཉལ་ལམ་རྨི་གྱུར་ན། །ས་བདག་གནོད་པར་གདོན་མི་ཟ། །ས་བདག་མོའི་གནོད་པའི་རྟགས་བསྟན་པ་དང་། ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།  །།

 

དགེ་སློང་ཆེན་པོ་ཡང་གསོན་ཅིག །ཀླུ་སྲིན་མོ་ཡི་བཟུང་བ་ནི། །ཐོར་བུས་ཁེངས་ཤིང་ཤུ་བ་འབྱུང་། །ཟ་ཞིང་དེ་ནི་ཚ་བ་ཡིན། །ཀྱི་རྣམས་ཤུས་ཤིང་ཆུ་སེར་འཛག །ཟམས་པ་ལྟ་བུའི་རྨ་འབྱུང་བ། །གཤང་བ་རྐང་པ་དག་ལ་འཛིན། །བུད་མེད་སྔོན་མོ་གོས་ཧྲུལ་གྱོན། །ཁ་ཡོ་མིག་སླེ་མི་འགྱུར་དང་། །དེ་འདྲ་བདག་ལ་བཀུར་སྟི་བྱེད། །ཀླུ་སྲིན་སྔོན་མོ་ཐབ་བདག་མོས། །དེས་བཟུང་བ་རུ་ཤེས་པར་བྱ། །དེ་ནི་སྲིན་བུའི་ནད་རིགས་ཏེ། །ངོས་ཟིན་སྲིན་སྔགས་བཟླས་གྱུར་ན། །ཤིན་ཏུ་གྲོལ་བ་སླ་བར་གསུངས། །ས་སྲིན་སྲིན་མོ་གནོད་པ་ནི། །རྟ་བླ་བ་སྦུར་པ་གུ་ཚེ། །སྐྱེ་དགུ་དམིགས་པ་བྱེད་ལ་སོགས། །བྱ་མོ་སྔོན་མོ་སྲམ་ཕྲུག་དང་། །བེའུ་དཀར་ཟིལ་རྟག་ཏུ་རྨི། །དེ་ཡི་ནད་ཀྱི་མཚན་ཉིད་ནི། །ལུས་ལ་ཤ་བཀྲ་སྔོ་དམར་དང་། །གླང་ཆུ་ཁྲོ་བོ་འབྲུམ་ཆུང་འབྱུང་། །དེ་ཡང་ཟ་ཞིང་འཕྲུགས་འགྱུར་ཏེ། །མེ་དབལ་འབྱུང་ཞིང་ཟ་ལ་གཡའ། །བཞིན་ཡང་བཙན་ཐབས་འགྱུར་ལྡོག་ཆེ། །སྐྲ་རྩ་ཟ་ཞིང་འབྲུམ་ཆུང་འབྱུང་། །ལུས་ལ་དམར་ཁྲ་དམར་ཐིག་སོགས། །རེས་འབྱུང་རེ་འོང་འོང་བར་བྱེད། །གྲོལ་བ་སླ་འགྱུར་ཞིང་ཆོས་བྱ། །ས་སྲིན་དང་བསེན་མོ་གནོད་པའི་ནད་ཀྱི་མཚན་ཉིད་དང་། དེའི་རྟགས་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བདུན་པའོ།།  །།

 

དགེ་སློང་ཆེན་པོས་ཡང་གསོལ་པ། །ཀྱཻ་རྒྱལ་པོ་ཆེན་པོ་ལགས། །གོང་དུ་བསྟན་པའི་ཀླུ་རིགས་རྣམས། །དབྱེ་བ་རྣམ་གྲངས་མང་གྱུར་ཀྱང་། །བསྡུས་པ་གོང་དུ་གསུངས་པར་འདུས། །དེ་དག་དུག་གིས་ཟིན་པ་ལ། །གྲོལ་བར་སླ་གྱུར་གང་དག་ལ། །གསོ་རུ་མི་རུང་གང་དང་གང་། །ཟིན་པའི་རྟགས་ལ་དཀའ་དང་སླ། །དེ་རྣམས་གོ་རིམ་དབྱེ་བ་རྣམས། །དེ་དོན་ཁྱེད་ཀྱིས་བཤད་དུ་གསོལ། །གདོན་རྣམས་དེ་དང་དེས་བཟུང་བ། །གྲོལ་བར་བྱ་བའི་ཏི་པར་རྣམས་དང་། །དེ་བཞིན་དེ་འདྲ་དེ་མཚུངས་འགྱུར། །དེ་ཡི་རིགས་ཀྱི་རྣམ་གྲངས་རྣམས། །གོང་དུ་བསྟན་པ་ཤེས་པར་བྱ། །ཀླུའི་རྒྱལ་པོའི་ཞུ་ལན་ལས་གྲོལ་བར་དཀའ་སླ་ཞུགས་པ་བཞིའི་མཚན་ཉིད་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ།།  །།

 

དགེ་སློང་ཆེན་པོ་ཡང་གསོན་ཅིག །ལུས་ལ་ཞུགས་པའི་ཟིན་པ་ལ། །དཀའ་དང་སླ་བའི་མཚན་ཉིད་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ལ་ལ་འཕྲལ་གྱི་རྐྱེན་དུ་འདོད། །ཁ་ཅིག་ལས་ལ་གྱུར་པར་ནི། །མཐོ་རིས་ཐར་པའི་ལམ་ཐོབ་ནས། །དེ་ནི་རིན་ཆེན་གཏེར་ལ་ལོངས་སྤྱོད་པའི། །རྨོངས་ལས་འདི་དོན་མ་ཤེས་པས། །གཟུགས་འབུམ་བར་ཆོད་བྱས་གྱུར་ན། །རང་ཕུང་བྱང་ཆུབ་སེམས་ལ་བསྒྲིབས། །གཞན་ཕུང་འཁོར་བ་ངན་སོང་རྒྱུ། །རང་ཕུང་གཞན་ཕུང་རྒྱུ་ཡིན་པས། །གནོད་ནས་མ་དཔྱད་ཤིན་ཏུ་སླ། །གོང་དུ་བསྟན་པའི་འོག་གདོན་རྣམས། །ལུས་ཅན་དག་ལ་གནོད་གྱུར་ན། །རིགས་རྣམས་གང་གིས་གཟུང་གྱུར་ཀྱང་། །ཞུགས་ལུགས་རྣམ་གྲངས་གཉིས་མ་གསུམ། །ཀྱལ་ཀ་ཀུ་རེ་གནོད་པའམ། །རེ་འདོད་ཕྱིར་དུ་གནོད་པའོ། །ལ་ལ་དམེ་གཙང་དམེ་བ་ཡིས། །རོ་འཕྲུག་ཕྲད་དང་འདྲི་སྐྱེན་གནོད། །དེ་དག་གྲོལ་བ་སླ་བར་གསུངས། །བསད་པའི་བསམ་པས་ཞུགས་པ་ནི། །སྐྱེས་བུ་སྟོབས་དང་ལྡན་པ་ཡིས། །བདག་ལ་མདའ་ཡིས་རྒྱས་པ་ལྟར། །གུ་ཏ་ཨ་ཏི་པར་རྣམས་དང་། །དེ་བཞིན་དེ་འདྲ་དེ་མཚུངས་འགྱུར། །དེ་ཡི་རིགས་ཀྱི་རྣམ་གྲངས་རྣམས། །གོང་དུ་བསྟན་པ་ཤེས་པར་བྱ། །ཀླུའི་རྒྱལ་པོའི་ཞུས་ལན་ལས། གྲོལ་བ་དཀའ་སླ་དང་། ཞུགས་པ་བཞིའི་མཚན་ཉིད་བསྟན་པ་སྟེ་ལེའུ་ཉི་རྩ་དགུ་པའོ།།  །།

 

ཀྱཻ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ལུས་ལ་ཞུགས་པའི་ཟིན་པ་ལ། །དཀའ་དང་སླ་བའི་མཚན་ཉིད་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ལ་ལ་འཕྲལ་གྱི་རྐྱེན་དུ་འདོད། །ཁ་ཅིག་ལས་ལ་གྱུར་པར་གསུངས། །ལས་ལས་གྱུར་པའི་གདོན་དང་ནད། །གདོན་གྱི་རྣམ་གྲངས་འདི་ལྟ་སྟེ། །ནག་པོ་བཞི་དང་གདོལ་པ་ལྔ། །རིགས་ལྡན་མགོ་རྒྱས་བཟུང་བ་དང་། །རྒྱལ་པོ་བརྒྱད་དང་བློན་པོའི་རིགས། །དེ་ཡི་ལྕམ་མོ་ཀླུ་མོ་བརྒྱད། །ཀ་མལ་དུག་གི་མཆེ་བ་ཅན། །རིགས་བཞི་ལ་ནི་བཟུང་གྱུར་ན། །དེ་རྣམས་ཚེ་རབས་ལས་ཀྱིས་བགེགས། །གསོ་རུ་མི་རུང་སྤང་བར་བྱ། །ཀླུའི་རྒྱལ་པོ་ཞུས་ལན་ལས། ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།།  །།

 

ཀླུ་ཡིརྒྱལ་པོས་ཡང་གསོལ་པ། །གདོན་སོགས་དེར་རྣམས་གང་ཡིན་ཡང་། །ཟིན་པས་སྤང་བར་བྱ་བ་ནི། །དེ་ཡི་རྣམ་གྲངས་འདི་ལྟ་སྟེ། །དེ་ཉིད་ལྔ་ལ་ཞུགས་པ་དང་། །འཁོར་ལ་ལྔ་ལ་གནས་པའོ། །ཨ་བ་དྷུ་ཏི་ནས་ཞུགས་ནས། །རྩ་གཉན་དག་ལ་ཞུགས་གྱུར་དང་། །ཕྱལ་ནི་ས་ཡི་འཁོར་ལོ་དང་། །ཚིགས་རྣམས་བཞི་བཅུའི་འཁོར་ལོ་སྟེ། །རྐང་མཐིལ་གྱི་ནི་འཁོར་ལོ་རུ། །བསད་པའི་བསམ་པས་ཞུགས་གྱུར་ན། །དེ་ཡང་ཤིན་ཏུ་དཀའ་བར་གསུངས། །དེ་དག་ལྔ་ལ་ཞུགས་པ་སྟེ། །དོན་སྙིང་རྣམ་པ་ལྔ་ཡིན་ཏེ། །སྙིང་ལ་ཞུགས་པའི་མཚན་ཉིད་ནི། །ཤེས་པ་མི་གསལ་དྲན་པ་ཉམས། །རྟག་ཏུ་སྙིང་འདར་དབུགས་མི་བདེ། །འཕར་རྩ་དག་ནི་འདར་ལ་སྤུན། །བྱ་སྤུ་རླུང་གིས་བསྐྱོད་འདྲ་ལ །ལྷག་མ་དང་མཚང་སྡོད་པ་འབྱུང་། །དེ་རྟགས་ཕྱི་རུ་ཤར་བ་ནི། །སྐབས་སུ་དབུགས་དང་འབྲལ་འགྱུར་ཏེ། །ལུས་རྣམས་བེམ་པོར་སོང་གྱུར་ན། །གཉེར་ཆུང་དྲི་མ་དང་བྲལ་འགྱུར། །མན་ཏྲའི་སྦྱོར་བ་བྱས་པ་དང་། །དེ་ནི་འཕྲལ་དུ་སྲོག་ལ་འབབ། །གངས་རི་དཀར་ལ་ཞུགས་གྱུར་ན། །རྟག་ཏུ་གློ་ཆུང་དག་གིས་འདེབས། །གློ་སྙིང་མི་བདེ་རོ་སྟོད་ན། །དེ་རྟགས་ཕྱི་རུ་ཤར་བ་ནི། །གངས་རི་དཀར་པོ་ཞུ་བའི་རྟགས། །རུས་པའི་རྩེ་མོ་རལ་པ་འབྱུང་། །རྣག་དང་ཆུ་སེར་ཆུ་སྐྱ་མོ། །དེ་ནས་རྟག་ཏུ་སྐབས་སུ་འཛག །དེ་ཡི་སྙིང་པོ་རལ་གྱུར་པས། །ཐུང་སྟེ་ལྡབ་ལྡིབ་ཉིད་འགྱུར་ཏེ། །དེ་ཉིད་ནས་ནི་སྐད་འབྱུང་ངོ་། །

དེ་ཡི་ནང་དུ་རྨ་དག་དང་། །སེར་ཀ་ལ་སོགས་འབྱུང་བར་འགྱུར། །དེ་ཡི་ནད་ཀྱིས་རླངས་པ་རྣམས། །སབ་སོབ་དག་ལ་ཤོར་འགྱུར་ཏེ། །གངས་རི་དཀར་པོ་ཞུ་བའི་རྟགས། །ལོ་བཞིའམ་ལྔ་ནས་སྲངས་པར་འགྱུར། །མཆིན་པ་ཁྲག་གི་རྒྱ་མཚོ་སྟེ། །དེ་ལ་ཞུགས་པའི་རྟགས་བསྟན་པ། །འཕོ་མཆིན་མི་བདེ་དང་ཁ་འགག །མགོ་དང་རོ་རྒྱབ་ན་ལ་འཁོམ། །ནང་རྟགས་ཕྱི་རུ་འབྱུང་བ་ནི། །སྣ་ནས་སྐབས་སུ་སྣ་ཁྲག་འབྱུང་། །རྒྱ་མཚོ་ཆེན་པོ་ལུད་པ་ཡིན། །ཆུ་བྲན་ཐམས་ཅད་གཡོ་བ་ཡིན། །ནགས་དང་ཤིང་རྩི་ཐམས་ཅད་རུལ་བ་ཡིན། །དེ་ཉིད་ནུས་པ་ཤོར་བ་ཡིན། །དབང་པོ་དྭངས་མ་ཉམས་པ་སྟེ། །སྟོན་ཀའི་མེ་ཏོག་རྙིད་པའམ། །དུར་བ་ཀ་སེའི་འབྲས་བུ་ལྟར། །དེ་ཡི་མདངས་དང་ཁ་དོག་འཆོར། །དེ་ཡི་ནད་དང་གཞི་ཡིས་སྨན་པས། །རྨ་དང་ཐོར་ཆེན་བཞིན་ལ་འོང་། །དེ་ནི་ལོ་གཉིས་དག་ན་འཚོ། །མཁལ་མ་དག་ལ་ཞུགས་པ་ནི། །སྐྱེས་པ་ཕོ་ཡིས་སྲོག་ཡིན་ཏེ། །མཁལ་སྐྱེད་ན་ཞིང་བེམ་པོ་འབྱུང་། །བླ་སྤྱི་གཟེར་ཞིང་གཞོགས་བཤལ་ཞིང་། །ཆུ་སོ་ན་བ་འབྲས་བུ་སྲངས། །ཆུ་ཡང་རྟག་ཏུ་སྲི་འགྱུར་ལ། །དབང་པོའི་ནུས་པ་ཤོར་གྱུར་ཏེ། །ཁུ་བ་གྲང་ཞིང་འཛག་པར་འགྱུར། །དེ་རྟགས་ཕྱི་རུ་ཤར་བ་ནི། །རྣ་བ་མི་བདེ་འོན་པ་དང་། །དེ་ཉིད་དག་ལ་ཤ་རོ་འབྱུང་། །མཁལ་རྩ་སྦྲིད་ཅིང་རྩེར་བ་ལྡང་། །གཞོགས་ཕྱེད་དག་ལ་ཤ་རོ་འབྱུང་། །

དེ་བཞིན་མཁལ་མ་གྲང་བ་དང་། །དེ་ཡི་རྩ་རྣམས་ཐམས་ཅད་དུ། །སེར་སེར་ནག་པོ་རྒྱུས་པ་ཡིན། །གྲང་དང་གྲང་སིལ་ཚ་འཛག་འབྱུང་། །གྲང་བཤལ་གྲང་སེར་ཚ་སྤུན་མོ། །རྩ་རྣམས་ཐམས་ཅད་གཞོན་གྱུར་ཏེ། །གཞོགས་ཕྱེད་སྐམས་དང་ཤ་རོ་འབྱུང་། །རྐང་པའི་བཅུད་དང་ཟུངས་ཁྱེར་བས། །དེ་ཡིས་མདངས་དང་ཁ་དོག་འཆོར། །རྐང་མཐིལ་སྐྱ་བོར་སོང་བ་ནི། །ཆུ་སེར་ནག་པོ་རྒྱས་པ་སྟེ། །བསེ་འབྲུམ་སྨུག་པོ་འབྱུང་བའི་རྟགས། །བསེ་འབྲུམ་སྨུག་པོ་སྨིན་པ་དང་། །ལོ་གསུམ་དག་ནས་འཕོ་བར་འགྱུར། །མཚེར་པ་གཉེ་མ་དག་ལ་ནི། །ཞུགས་པའི་མཚན་ཉིད་འདི་ལྟ་སྟེ། །སྦོམ་ཞིང་ཕོ་བགྲང་བ་དང་། །ལོང་དང་གཉེ་མ་འཁྲེལ་ཞིང་ནི། །སྐབས་སུ་ཁ་དོག་འགྱུར་ཞིང་འཁྲུ། །དེ་རྟགས་ཕྱི་རུ་ཤར་བ་ནི། །ཁ་སྣ་རྟག་ཏུ་སྐམས་འགྱུར་ཏེ། །དེ་ཡི་ནད་ཀྱི་རླངས་པ་ནི། །སྣ་བུབ་སབ་སོབ་སྲུངས་གྱུར་ཏེ། །དེ་བཞིན་དབུགས་ཀྱང་འགགས་པར་འགྱུར། །ལྕི་ཡི་མདོག་ཀྱང་ཤོར་འགྱུར་ཏེ། །སོ་རྩི་ལ་སོགས་ཉམས་པར་འགྱུར། །ལྷ་བའི་ཆུ་སེར་ཕྱིར་ཐོན་པའི། །སོ་དང་སེན་མོ་མདོག་ཤོར་ཏེ། །དཀར་དང་དེ་བཞིན་སེར་བར་འགྱུར། །དེ་ཡི་ནད་ཀྱི་རླངས་པ་རྣམས། །མགྲིན་པ་དག་ལ་བབས་གྱུར་ཏེ། །ཁྱི་ཟན་ལྟ་བུ་སྐད་བྱུང་ན། །ལོ་གཉིས་དག་ན་འཁྱམ་པར་འགྱུར། །དགེ་སློང་ཆེན་པོའི་ཞུ་ལན་ལས། དོན་སྙིང་ལྔ་ལ་ཞུགས་པའི་གདོན་དང་། ནད་དང་མཚན་ཉིད་བསྟན་པ་སྟེ་ལེའུ་སུམ་ཅུ་རྩ་གཅིག་པའོ།།  །།

 

ཀླུ་ཡི་རྒྱལ་པོས་ཡང་གསོལ་པ། ཀྱཻ་དགེ་སློང་ཆེན་པོ་ལགས། །ས་འོག་ཀླུ་ཡིས་ཟིན་པ་ཡི། །ནད་དང་གདོན་གྱིས་ཉེན་པ་ལ། །གྲོལ་བར་བྱ་བའི་ཐབས་དག་ནི། །ཀྱལ་ཀ་རེ་འདོད་གནོད་པ་ལས། །བྱམས་དང་སྙིང་རྗེ་བཏང་སྙོམས་བསྒོམས། །ཞི་བས་མཆོད་པ་ཀླུ་སྒྲུབ་དང་། །གཏོར་མ་སོགས་པ་བཞུགས་པར་བྱ། །མི་གཙང་སྣོད་ཀྱིས་ཕོག་པས་ན། །ཁྲུས་དང་གསོ་བའི་ཆོ་ག་ལ། །བྱད་ལས་དགྲོལ་བའི་ལས་ཚོགས་རྣམས། །ཡང་ནས་ཡང་དུ་བྱས་གྱུར་ན། །གྲོལ་བར་འགྱུར་ཏེ་ཐེ་ཚོམ་མེད། །དེ་རྗེས་ཞི་བའི་མན་ཏྲ་བཟླས། །མདངས་ལྡན་རྫས་ཀྱིས་དུག་ཕྱུང་ལ། །རྟེན་པའི་གཟུགས་ལ་ཕབ་གྱུར་ནས། །གང་གདོན་ཕྱོགས་སུ་བསྐྱལ་གྱུར་ན། །དེ་ཡིས་གདོན་ལས་གྲོལ་བར་འགྱུར། །རིན་ཆེན་ལྔ་ལས་བྱས་པ་ཡིས། །རིན་ཆེན་སྣ་བདུན་གཟུགས་དག་ཏུ། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་སྣ་ལྔ་དང་སྙིང་པོ་ལྔ། །མངར་གསུམ་ཀླུ་སྨན་དར་སྣ་ལྔ། །ཀླུ་སྨན་བླུགས་ཏེ་རྒྱན་གྱིས་བརྒྱན། །སྔགས་དང་ཏིང་འཛིན་བྱིན་བརླབས་ནས། །རྟེན་པའི་གནས་སུ་སྦས་གྱུར་ན། །དེས་ཀྱང་ཞི་བར་འགྱུར་བ་ཡིན། །བསད་པའི་བསམ་པས་ཞུགས་པ་ན། །ཞི་བས་ཕན་པར་མི་འགྱུར་ཏེ། །བདེ་གཤེགས་བཀའ་ལས་གསུངས་པ་ཡི། །བསྙེན་སྒྲུབ་ལ་སོགས་ཇི་སྙེད་དང་། །ཡ་ཏྲ་མ་ཏྲའི་སྦྱོར་བ་རྣམས། །ཏན་ཏྲའི་བཀའ་ལས་ཤེས་པར་བྱ། །བདག་གིས་བརྗོད་པར་མི་ནུས་པས། །དེ་དག་འདིར་ནི་མ་བསྟན་ནོ། །དགེ་སློང་ཆེན་པོས་ཞུས་པའི་ལན་ལས། ཞུགས་པ་བཞིའི་མཚན་ཉིད་ལས། བཅོས་པའི་ཐབས་བསྟན་པ་ལ། བསད་སེམས་ཀྱིས་ཞུགས་པ་ལ། མན་ཏྲ་དང་ཏན་ཏྲའི་སྦྱོར་བ་དགོས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།།  །།

 

ཀྱཻ་དགེ་སློང་ཆེན་པོ་ཡང་གསོན་ཅིག །ས་སྟེང་མི་ཡི་འཇིག་རྟེན་ལ། །ས་འོག་ཀླུ་ཡིས་གཟུང་བ་ནི། །ཀླུ་ཡི་སྤྲུལ་པ་བསམ་མི་ཁྱབ། །རང་གི་གནས་ནས་མ་གཡོས་པར། །སྤྲུལ་པས་སྡེ་བརྒྱད་དག་དང་སྡོངས། །ཀླུ་དང་ཡུལ་ལྷར་སྡོངས་གྱུར་ན། །བརྩད་པོ་ཡུལ་གྱི་མི་ཆེན་དང་། །ཞང་བློན་ཕ་དགུ་རྒན་རིམ་གྱིས། །གཤེད་མ་བཀའ་ཆད་གཅོད་པར་རྨི། །ཀླུ་དང་གཤིན་རྗེ་སྡོངས་གྱུར་ནས། །མོན་པ་ཀླ་ཀློ་ཨ་ཙ་ར། །དམག་དང་ཞུབ་ཅན་མཚོན་ཐོགས་ཀྱིས། །རྟག་ཏུ་བདག་ལ་འཚེ་བར་རྨི། །ཀླུ་དང་རྒྱལ་པོ་སྡོངས་གྱུར་ན། །ལྷ་ཁང་རོ་མི་འབག་སོགས་དང་། །དེ་བཞིན་ལྷ་ཆ་སེངྒེ་དང་། །རྨེ་ཅན་སྤྲེའུ་ཁྱི་དཀར་རྨི། །ཀླུ་དང་བདུད་དུ་སྡོངས་གྱུར་ན། །གཡག་དང་བྱ་ནག་ཁྱི་ནག་དག །མི་ནག་རྟ་ནག་ཞོན་པ་དང་། །གོས་ནག་ལུས་ལ་གྱོན་པ་དང་། །བུང་བ་ཟངས་སུ་བོན་པོ་རྨི། །ཀླུ་དང་བྲག་སྐྱེས་སྡོངས་གྱུར་ན། །བྲག་དམར་འཛེག་དང་གཡང་དུ་ལྷུང་། །རྟ་པ་མི་རིངས་མདུང་ཐོགས་ཀྱིས། །རྟག་ཏུ་བདག་ལ་འཚེ་བ་དང་། །བྱ་དམར་འུག་པ་གླ་བ་རྨི། །ཀླུ་དང་མ་མོ་སྡོངས་གྱུར་ན། །སྦྲ་ནག་ནང་དུ་གསོ་མར་གྱོན། །རྟག་ཏུ་བུད་མེད་མང་པོས་བསྐོར། །དེ་དང་འགྲོགས་ཤིང་འདོད་པས་སྤྱོད། །རྒྱ་མཚོ་རླུང་ཆེན་རྨི་གྱུར་ན། །དེ་གནོད་པ་རུ་མཁས་པས་བརྟག །ཀླུ་དང་གནོད་སྦྱིན་སྡོངས་གྱུར་ན། །རི་རབ་གཡང་སར་མཛེག་པ་དང་། །མུན་པའམ་རླུང་དམར་སར་པ་དང་། །ཆུས་ཁྱེར་ཁང་སྟོང་ཉལ་བར་རྨི། །ཀླུ་དང་དཔེ་ཧར་སྡོངས་གྱུར་ན། །ཆུ་ཀླུང་སྐྱ་བཤར་ལོང་སྤྲང་དང་། །བཙུན་ཆེན་བན་བདེ་མཆོད་ཆང་དང་། །སྐྱ་བཤར་འོད་དང་ཆོས་བཤད་རྨི། །དེ་དང་སྡོངས་པ་མཁས་པས་བརྟག །དགེ་སློང་ཆེན་པོའི་ཞུས་ལན་ལས། སྡེ་བརྒྱད་སྡོངས་པ་ངོས་བཟུང་བའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།།  །།

 

ཀླུ་ཡི་རྒྱལ་པོས་ཡང་གསོལ་པ། །དེ་དག་གནོད་པའི་རྒྱབ་ཡིན་ཏེ། །དེ་དང་སྡོངས་པར་དབྱེ་བའི་ཕྱིར། །ཇི་ལྟར་འགྲོ་བ་རིགས་དྲུག་ལ། །ཟས་ཀྱི་འདོད་པ་ཡོད་པའི་ཕྱིར། །ཞི་བས་བཅོས་པ་ཤིན་ཏུ་གཅེས། །ཡུལ་ལྷ་དག་དང་སྡོངས་པ་ལ། །འབྲས་ལུགས་འབྲང་རྒྱས་འབྲས་ཆང་གིས། །དེས་མཆོད་པ་ནི་ཤིན་ཏུ་གཅེས། །གཤིན་རྗེས་གནོད་པར་འཁྲུལ་འཁོར་གྱིས། །བྱད་ལས་གྲོལ་བར་ཤིན་ཏུ་གཅེས། །རྒྱལ་པོ་དང་དབྲལ་བ་ནི། །དེའི་མདོས་དང་བསྐང་ཐབས་བྱ། །ཡང་ན་སྲོག་གི་འཁོར་ལོ་བསྐོར། །མདུན་ལ་མདའ་ནག་བཤོས་ནག་དང་། །དེ་བཞིན་དེའི་མདོས་ཀླུད་ཀྱིས། །དེས་གྲོལ་བ་ནི་ཤེས་པར་བྱ། །བཙན་ལ་ཡང་ནི་དེ་བཞིན་ནོ། །མ་མོ་གནོད་ན་ཤ་ཁྲག་གི །གཏོར་མ་སྦྱིན་ལ་བདེན་པ་བདར། །ཤིན་ཏུ་གནོད་ན་སྤྱི་མདོས་བྱ། །གནོད་སྦྱིན་ལ་ནི་གཟུངས་གདོན་ཏེ། །དེ་ཡི་ཆོ་ག་རྫོགས་པར་བྱ། །དཔེ་ཧར་ལ་ནི་མནན་པ་སྟེ། །དུང་དང་ཕ་ཝང་ལོང་བུ་དང་། །སྙིང་པོ་བྲིས་ཏེ་དར་དཀར་ལ། །དྲིལ་ཏེ་བྱི་བའི་ཐོད་པར་བཅུག །ལྷ་ཁང་སྒྲུབ་ཁང་ཐེམ་འོག་མནན། །སྡོངས་དང་དབྱེ་བའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།།  །།

 

ཀླུའི་རྒྱལ་པོའི་མངོན་པར་རྟོགས་པ་ལས། གསོ་རུ་རུང་དང་མི་རུང་བ་དང་། གདོན་རྣམ་གྲངས་དང་། གདོན་དང་དབྱེ་བ་དང་། ཞི་བར་བྱ་བའི་ཐབས་དང་། ཞུགས་པ་བཞིའི་མཚན་ཉིད་བསྟན་པ་ལས། དགེ་སློང་ཆེན་པོ་ཡིད་རངས་ཏེ། ཀླུའི་རྒྱལ་པོ་ལ་ཡང་དག་པར་བསྟོད་དོ། །ཀླུའི་རྒྱལ་པོ་ཆེན་པོའི་མངོན་པར་རྟོགས་པ་ཕྱོགས་གཅིག་པ་རྫོགས་སོ།།  །།

 

དཔྱད་གཞིའི་ཡིག་ཆ།

[1] བཀའ་བརྒྱུད་སྔགས་མཛོད། ༼ཉ༽ མཛེ་ནད་གསོ་བའི་མན་ངག་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་ཞུ་ལན་སོགས་བཞུགས་སོའི་མཐའ་ཅན་ཤིང་པར་ཤོག་གྲངས་ ༢༦ ཅན་ལས་བཏུས་ཤིང་། གཞུང་འདིའི་བར་མཚམས་རྣམས་སུ་ཡིག་ཆུང་མང་དུ་སྣང་བ་དེ་ཙམ་མི་གསལ་བས་སྐབས་འདིར་མ་ཡིག་ལས། ཡིག་ཆུང་རྣམས་མི་དགོས་པར་བྱས་སོ།།

 

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༥ ནས་ ༥༠༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *