༄༅། །དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།།
དཀར་ཆག
ཀ༽ ཕྱོགས་སྒྲིག་པའི་སྔོན་གླེང་། A
དང་པོ། སྔོན་འགྲོའི་རིམ་པ།
༡༽ ཆོས་འཁོར་རྣམ་གསུམ་དང་། རྒྱལ་བསྟན་དར་འཕེལ། 1
༢༽ ནཱ་ལེནྡྲའི་བཞེད་གཞུང་དང་། བོད་བརྒྱུད་ནང་བསྟན། 11
༣༽ ཐེག་པ་རྣམ་གསུམ་དང་། ཉམས་ལེན་གྱི་གོ་རིམ། 35
༤༽ ཕྱི་ནང་གི་ལྟ་གྲུབ་དང་། གྲུབ་མཐའ་རྣམ་བཞི། 39
༥༽ ནཱ་ལེནྡྲའི་རིང་ལུགས་དང་། དོན་དངོས་ཀྱི་དགེ་མཚན། 43
༦༽ རིས་མེད་ལ་སློབ་གཉེར་དང་། དུས་བསྟུན་གྱི་བསམ་གཞིག ། 53
༧༽ བླ་མའི་ཆོས་ལུགས་དང་། འདུལ་བའི་སྡོམ་རྒྱུན། 61
༨༽ བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན། 67
༩༽ སྔར་མེད་གསར་གཏོད་དང་། སློབ་གཉེར་གྱི་དགེ་མཚན། 81
༡༠༽ ནཱ་ལེནྡྲའི་ཕྱག་ལེན་དང་། རིགས་ལམ་གྱི་གལ་གནད། 87
༡༡༽ དགོས་སོགས་ཆོས་བཞི་དང་། དུས་རབས་ཀྱི་ནང་པ། 95
༡༢༽ ནཱ་ལེནྡྲའི་ཆོས་བརྒྱུད་དང་། པཎ་གྲུབ་བསྟོད་ཆེན། 101
༡༣༽ སྐུ་ཐང་ལྗགས་བཀོད་དང་། འཛམ་གླིང་ལ་ལེགས་སྐྱེས། 107
གཉིས་པ། བཀའ་ཁྲིད་དངོས་གཞི།
༡༽ མཆོད་པར་བརྗོད་པ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 119
ཀ༽ ཟབ་མོ་ལྟ་བརྒྱུད་ཀྱི་རིམ་པ།
༡༽ མགོན་པོ་ཀླུ་སྒྲུབ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 129
༢༽ རྒྱལ་སྲས་འཕགས་པ་ལྷ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 141
༣༽ སློབ་དཔོན་སངས་རྒྱས་བསྐྱངས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 145
༤༽ སློབ་དཔོན་ལེགས་ལྡན་འབྱེད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 149
༥༽ དཔལ་ལྡན་ཟླ་བ་གྲགས་པ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 161
༦༽ རྒྱལ་སྲས་ཞི་བ་ལྷ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 167
༧༽ མཁན་ཆེན་ཞི་བ་འཚོ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 177
༨༽ སློབ་དཔོན་ཀ་མ་ལ་ཤཱི་ལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 221
ཁ༽ རྒྱ་ཆེན་སྤྱོད་བརྒྱུད་ཀྱི་རིམ་པ།
༩༽ འཕགས་པ་ཐོགས་མེད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌233
༡༠༽ སློབ་དཔོན་དབྱིག་གཉེན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 145
༡༡༽ སློབ་དཔོན་ཕྱོགས་གླང་། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 249
༡༢༽ དཔལ་ལྡན་ཆོས་གྲགས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 261
༡༣༽ འཕགས་པ་གྲོལ་སྡེ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 277
༡༤༽ སློབ་དཔོན་སེངྒེ་བཟང་པོ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 283
༡༥༽ སློབ་དཔོན་ཡོན་ཏན་འོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 287
༡༦༽ སློབ་དཔོན་ཤཱཀྱ་འོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 297
༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 299
གསུམ་པ། མཇུག་གི་རིམ་པ།
ག༽ པཎ་གྲུབ་སྤྱིའི་གསོལ་འདེབས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 307
ང༽ བཀའ་བསྟན་གྱི་བརྗོད་བྱའི་སྙིང་པོ།
༡༽ བདེན་གཉིས་ཀྱི་རྣམ་གཞག ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 315
༢༽ བདེན་བཞིའི་རྣམ་གཞག ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 327
༣༽ ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 339
༤༽ རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ། ༌༌༌༌༌༌༌༌༌༌༌ 345
༥༽ རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ལུགས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 361
ཅ༽ མཇུག་གི་བསྔོ་སྨོན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 364
ཆ༽ མཛད་བྱང་གི་འགྲེལ་པ།
༡༽ སངས་རྒྱས་ཀྱི་ཆོས་ཚུལ་དང་། རྨད་བྱུང་གི་ལེགས་བཤད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 365
༢༽ ཚན་རིག་གི་ཡར་རྒྱས་དང་། ཟླ་བའི་གྲོང་ཁྱེར། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 371
༣༽ འཇིག་རྟེན་ཁམས་ལེ་དང་། ཆོས་ཚན་གྱི་གྲུབ་དོན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 375
༤༽ ས་ལམ་གྱི་ཉམས་རྟོགས་དང་། དེང་གི་དུས་སྐབས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 381
༥༽ ཆོས་ཀྱི་ཕན་ཐོགས་དང་། ཆོས་ལུགས་མཐུན་ལམ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 387
༦༽ ནཱ་ལེནྡྲའི་སྲོལ་བཟང་དང་། ཚན་རིག་གི་གལ་གནད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 399
༧༽ སེམས་ཀྱི་རྣམ་གཞག་དང་། ཚན་རིག་པའི་ཤེས་ཚད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 403
༨༽ རྟེན་འབྲེལ་ལྟོས་གྲུབ་དང་། གསར་རྩོམ་གྱི་གལ་གནད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 419
༩༽ གཟུར་གནས་ཀྱི་ཡོན་ཏན་དང་། ཕྱོགས་ལྷུང་གི་ཉེས་སྐྱོན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 413
༡༠༽ ཡིད་གཉིས་ཐེ་ཚོམ་དང་། ཡིན་མིན་གྱི་བརྟག་དཔྱད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 419
༡༡༽ ཤེས་ནས་ཐོབ་པའི་དད་པ་དང་། རྣམ་ཤེས་ཀྱི་འགྲོ་ལུགས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 425
༡༢༽ སྟོང་ཉིད་ཀྱི་ལྟ་བ་དང་། གཞི་ལམ་འབྲས་གསུམ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 435
༡༣༽ གསོལ་འདེབས་ལྗགས་རྩོམ་དང་། བྲིས་སྐུ་གསར་བཞེངས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 441
༡༤༽ ཞུ་སྐུལ་མཛད་པ་པོ་དང་། ལྗགས་རྩོམ་མཛད་ལོ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 449
༡༥༽ མཇུག་བྱང་གི་གལ་གནད་དང་། བཀའ་བསྟན་གྱི་སློབ་དེབ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 451
༡༦༽ བོད་ཀྱི་རིག་གཞུང་གི་ཁྱད་ཆོས་དང་། འཛིན་སྐྱོང་གི་ལས་འགན། ༌༌༌༌༌༌༌༌༌༌༌༌༌༌༌ 461
ཇ༽ པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 479
ལུང་འདྲེན་ཕྱག་དཔེའི་མཚན་གཞུང་། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 488
པར་བྱང་སྨོན་ཚིག༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 491
ཕྱོགས་སྒྲིག་པའི་སྔོན་གླེང་།
དེ་ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[1]། དེ་ལ་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ནི་སློབ་དཔོན་གྱི་ངག་དག་པ་དང་། སློབ་མའི་རྒྱུད་དག་པ། བཤད་བྱའི་ཆོས་དག་པ་སྟེ། དག་པ་གསུམ་གྱི་སྒོ་ནས་འཆད་པར་བཞེད་ལ། དུས་ཕྱིས་ནི་བྲི་ཀྲ་མ་ལ་ཤཱི་ལར་བསྟན་པ་དར་བས། དེའི་མཁས་པ་རྣམས་ནི་ཆོས་རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ་དང་། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་གལ་ཆེ་བར་བཞེད་པའི་ཚུལ་གཉིས་བྱུང་བར་གྲགས། ཞེས་གསུངས་པ་ལྟར། ཁྱད་འཕགས་ཕུལ་བྱུང་དེ་དག་ལ་གཟིགས་ནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་། ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་གྱི་པཎ་གྲུབ་བཅུ་བདུན་ཞེས་པའི་གྲངས་འདི་ནི། སྔར་འཕགས་བོད་ཀྱི་བྱུང་རབས་ཁྲོད་རྒྱན་དྲུག་མཆོག་གཉིས་ལས་པཎ་གྲུབ་བཅུ་བདུན་ཞེས་མ་གྲགས་ཀྱང་། མགོན་པོ་གང་ཉིད་ནས་དཔལ་ནཱ་ལེནྡྲའི་རིང་ལུགས་ཀྱི་སྐྱེས་མཆོག་གྲངས་ལས་འདས་པ་བྱོན་པའི་ནང་ནས་ཟབ་རྒྱས་ཀྱི་ཆོས་ཚུལ་ལ་མཁས་པའི་ཚུལ་དགུའི་ལམ་ནས་ཕྱག་རྗེས་ཕུལ་དུ་བྱུང་བའི་པཎ་གྲུབ་བཅུ་བདུན་ཞེས་འབུར་དོད་དུ་གསར་གཏོད་མཛད་པ་ལགས་སོ།།
ལྷག་པར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ལྗགས་རྩོམ་བཀའ་དྲིན་བསྐྱངས་ཐོག་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་གསར་བཞེངས་ཀྱི་ལྗགས་བཀོད་མཛད་པའི་དགོས་དམིགས་གཙོ་བོ་གཉིས་ལས། དང་པོ་ནི། བོད་བརྒྱུད་ནང་བསྟན་འདི་ཉིད་སངས་རྒྱས་ཀྱི་ཆོས་ལུགས་མིན་པར། བླ་མའི་ཆོས་ལུགས་ཡིན་ཞེས་པའི་སྨྲ་བ་ངན་པ་མཐའ་དག་ཚར་བཅད་ནས། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་འདི་བཞིན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པར་གསལ་སྟོན་མཛད་སླད་པཎ་གྲུབ་བཅུ་བདུན་ཞེས་པའི་སྲོལ་བཟང་བཏོད་པས། དེང་སྐབས་བོད་བརྒྱུད་ནང་བསྟན་འདི་ཉིད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ལག་ཡོངས་སུ་ཚང་བ་ཞིག་ཡིན་པར་ངོས་འཛིན་ཐུབ་པ་བྱུང་ཡོད།
དགོས་དམིགས་གཉིས་པ་ནི། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་དག་གི་རྩ་བའི་འབྱུང་ཁུངས་ནི། རིག་པའི་འབྱུང་གནས་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ལས་བརྒྱུད་པ་གཅིག་གྱུར་ཡིན་པས། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་སུ་ཕྱེ་ནས། བསྟན་པ་སྤྱི་བཙན་གྱི་གལ་གནད་ལ་གཟིགས་ནས་ཕན་ཚུན་མཐུན་ལམ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་པའི་བླ་མེད་ཀྱི་ལམ་སྟོན་དང་། རླབས་ཆེན་དགོངས་བཞེད་ལྟར་པཎ་གྲུབ་བཅུ་བདུན་ཞེས་པའི་སྲོལ་བཟང་བཏོད་པ་ཡིན།
དེ་འབྲེལ་ཕྱི་ལོ་ ༢༠༠༡ ལོའི་ཟླ་བ་ ༡༢ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་མཛད་པའི་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་རེ་རེའི་ནང་དུ་པཎ་གྲུབ་དེ་དང་དེའི་དམིགས་བསལ་རྨད་བྱུང་སྐུ་གསུང་ཐུགས་ཀྱི་མཛད་རྗེས་གང་དག་ཡོད་པ་རྣམས་ཞལ་གསལ་དུ་བཀོད་པ་གནང་ཡོད། གསོལ་འདེབས་འདི་ཉིད་ཀྱི་བཀའ་ཁྲིད་གསོལ་འདེབས་ཞུས་མིན་ཇི་ལྟར་ཡང་། གལ་གནད་ཆེར་གཟིགས་ཀྱིས་ལན་གྲངས་དུ་མར་བཀའ་ཁྲིད་སྩལ་པ་ལས།
༡༽ ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༡༢ ཚེས་ ༣ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་[2]འདི་ཉིད་ནི་ད་བར་རྙེད་སོན་བྱུང་བའི་བཀའ་ཁྲིད་ཀྱི་ཐོག་མ་དེ་ཡིན་ལ། དེ་རྗེས། ༢༽ ཕྱི་ལོ་ ༢༠༠༣ ལོའི་ཟླ་བ་ ༤ ཚེས་ ༡༣ ཉིན་མ་སུ་རི་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༤༠ ཧྲིལ་པོ་འཁོར་བའི་དུས་དྲན་ཐོག་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་[3]དང་། ༣༽ དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསོལ་སྩལ་གནང་བའི་བཀའ་ཁྲིད་སྩལ་ལོ་ཟླ་ཚེས་དང་ས་གནས་མ་རྙེད་པའི་བཀའ་ཁྲིད་གཅིག །༤༽ ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༢༤ ཉིན་ལ་དྭགས་ཟངས་དཀར་དཔའ་འདུམ་ཕོ་བྲང་གི་གསུང་ཆོས་ར་བར་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[4]
༥༽ ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༧ ཚེས་ ༡ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་པའི་རི་གཤམ་ཐང་སྟེང་དུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[5] ༦༽ ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༧ ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པའི་སྔོན་འགྲོའི་གསུང་ཆོས་སུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[6] ༧༽ ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༧ ཚེས་ ༣༠ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[7] ༨༽ ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༡༠ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙུན་མའི་འཇང་དགུན་ཆོས་ཐེངས་ཉེར་གཅིག་ཏུ་བཅར་བའི་བཙུན་མ་རྣམས་ལ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[8] ༩༽ ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༧ ཚེས་ ༡༧ ཉིན་ལ་དྭགས་ཟངས་དཀར་ཕོ་བྲང་དུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[9]
༡༠༽ ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་ ༧ ཚེས་ ༢༢ ཉིན་ལ་དྭགས་ཟངས་དཀར་མི་མང་ཕོ་བྲང་དུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[10] ༡༡༽ ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༢ ཚེས་ ༡༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཁྲུངས་རབས་གསུང་ཆོས་སྐབས་སུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་འཁྲིད།[11] ༡༢༽ ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༨ ཚེས་ ༡༤ ཉིན་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་རྫོང་ཁོངས་མ་ནཱ་ལིར་ཡུལ་མི་གཙོ་གྱུར་ལ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[12] ༡༣༽ ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༡༢ ཚེས་ ༡༤ ཉིན་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་མཛད་སྒོའི་ཐོག་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད།[13] ༡༤༽ ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༣ ཚེས་ ༡༢ ཉིན་དྲ་ཐོག་ནས་སོག་པོའི་དད་ལྡན་མི་མང་རྣམས་ལ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་[14]བཅས། གོང་གསལ་པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་ཁག་ ༡༤ རྙེད་སོན་བྱུང་བ་རྣམས་ཡིག་འབེབས་ཀྱིས་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་ཞུས་ཡོད།
གོང་གསལ་བཀའ་ཁྲིད་ཆ་ཚང་ ༡༤ སྩལ་སྨིན་མཛད་པ་དེ་དག་གི་ཐོག་ཏུ། ༡༽ ཕྱི་ལོ་ ༢༠༠༦ ལོའི་ཟླ་བ་ ༡ ཚེས་ ༨ ཉིན་ཨ་མ་ར་ཝ་ཏིའི་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་བཀའ་ཆོས་སྐབས་སུ་སྩལ་པའི་པཎ་གྲུབ་བསྟོད་ཆེན་གྱི་མཇུག་བྱང་གི་བཀའ་ཁྲིད་དང་། ༢༽ ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༦ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་ནང་པ་རྣམས་ལ་གསུང་ཆོས་སྩལ་སྐབས།
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ཞེས་སོགས་མཇུག་བསྡོམས་ཁག་དང་། མཛད་བྱང་བཅས་ཀྱི་བཀའ་ཁྲིད། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ལྗགས་རྩོམ་མཛད་པའི་དགོས་དམིགས་བཅས་ཀྱི་ཐོག་སྩལ་པའི་བཀའ་ཁྲིད་ལས་གཞུང་དངོས་གཞི་རྣམས་ལྗགས་ལུང་གནང་བ་གཅིག །༣༽ ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༢༣།༢༩ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྨིན་སྩོལ་སྐབས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་མཛད་པའི་དགོས་དམིགས་དང༌། སྐུ་ཐང་གསར་བཞེངས་ཀྱི་བྱུང་རིམ་སྐོར་སྩལ་པའི་བཀའ་སློབ། ༤༽ ཕྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༨ ཉིན་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་སྩལ་པའི་བཀའ་སློབ།
༥༽ ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༢༩ ཉིན་ལ་དྭགས་ཕྱེ་རྒྱུད་སྨད་སྔགས་པ་གྲྭ་ཚང་དུ་རིགས་ལམ་གྱི་གལ་གནད་དང་། ནཱ་ལེནྡྲའི་ཕྱག་ལེན་སྐོར་སྩལ་པའི་བཀའ་སློབ། ༦༽ ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༣༠ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་སྐབས་བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་གྱི་སྐོར་སྩལ་པའི་ཞིབ་ཕྲའི་བཀའ་སློབ། ༧༽ ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༡༠ ཚེས་ ༦ ནས་ ༩ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་དག་ལ་བཀའ་ཆོས་སྨིན་སྩོལ་སྐབས་སུ་པཎ་གྲུབ་གསོལ་འདེབས་ལྗགས་རྩོམ་མཛད་པའི་དགོས་དམིགས་སྐོར་སྩལ་པའི་བཀའ་སློབ། ༨༽ ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༢༩ ཉིན་མོན་གྷོ་ས་སྐྱ་རྩེ་ཆེན་མདོ་སྔགས་ཆོས་གླིང་དུ་སྩལ་པའི་བཀའ་སློབ། ༩༽ ཕྱི་ལོ་ ༢༠༡༦ ཟླ་བ་ ༡༢ ཚེས་ ༢༡ ཉིན་འབྲས་སྤུངས་སུ་བརྟན་བཞུགས་སྐབས་སྩལ་པའི་བཀའ་སློབ། ༡༠༽ ཕྱི་ལོ་ ༢༠༡༧ ཟླ་བ་ ༣ ཚེས་ ༩ ཉིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་སྩལ་པའི་བཀའ་སློབ། ༡༡༽ ཕྱི་ལོ་ ༢༠༡༧ ཟླ་བ་ ༦ ཚེས་ ༢༤ ཉིན་ཨ་རིའི་མངའ་སྡེ་མི་ནི་སུ་ཊར་མང་ཚོགས་ལ་སྩལ་པའི་བཀའ་སློབ། ༡༢༽ ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྩལ་པའི་བཀའ་སློབ། ༡༣༽ ཕྱི་ལོ་ ༢༠༡༨ ཟླ་བ་ ༡ ཚེས་ ༧ ཉིན་རྡོར་གདན་དུ་རྒྱ་གར་གྱི་ནང་ཆོས་དོན་གཉེར་ཅན་ལ་སྩལ་པའི་བཀའ་ཆོས། ༡༤༽ ཕྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྩལ་པའི་བཀའ་སློབ། ༡༥༽ ཕྱི་ལོ་ ༢༠༡༩ ཟླ་བ་ ༥ ཚེས་ ༡༧ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྩལ་བའི་བཀའ་སློབ། ༡༦༽ ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༡༥ ཉིན་ཅན་དྷི་སྒར་གཙུག་ལག་སློབ་ཆེན་དུ་སྩལ་པའི་ལམ་སྟོན་བཀའ་སློབ། ༡༧༽ ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་ ༨ ཚེས་ ༥ ཉིན་དྲ་ཐོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་སྐབས་ནཱ་ལེནྡྲའི་རིང་ལུགས་དང་བོད་ཀྱི་གཅེས་ནོར་སྐོར་སྩལ་པའི་བཀའ་སློབ་བཅས་འབྲེལ་ཡོད་གལ་ཆེའི་ལམ་སྟོན་བཀའ་སློབ་ཁག་བཅུ་བདུན་བཞུགས་པ་རྣམས་ཀྱང་ཡིག་འབེབས་ཀྱིས་ཕྱོགས་སྒྲིག་ཞལ་སྐོང་ཞུས་ཡོད།
མདོར་ན། གོང་གསལ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ཆ་ཚང་གནང་བ་ཁག་ ༡༤ དང་། མཇུག་བསྡོམས་དང་མཛད་བྱང་གི་བཀའ་ཁྲིད་དང་། གསོལ་འདེབས་ལྗགས་རྩོམ་མཛད་པའི་དགོས་དམིགས། སྐུ་ཐང་འབྲི་བཞེངས་སོགས་ཀྱི་སྐོར་བཀའ་ཁྲིད་ཀྱི་ཆ་ཤས་དང་བཀའ་སློབ་སྩལ་པ་ཁག་ ༡༧ བཅས་ཁྱོན་བསྡོམས་བཀའ་ཁྲིད་རྒྱས་བསྡུས་ཁག་ ༣༡ ཡོད་བཞུགས་པ་ལས། ཕྱི་ལོ་ ༢༠༡༤ ཟླ་བ་ ༧ ཚེས་ ༡ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་དུ་སྩལ་པའི་བཀའ་ཁྲིད་དེ་ཉིད་རྒྱས་ཤོས་ཡིན་པས་དེ་ཉིད་གཞི་རྩར་བཞག་སྟེ། གཞན་རྣམས་རེ་རེ་བཞིན་ཚིགས་བཅད་སོ་སོའི་སྐབས་ཐོག་སོ་སོ་དང་། གོང་འོག་བར་གསུམ་གང་འོས་སུ་ཕྱོགས་བསྒྲིགས་ཁ་སྣོན་ཞུས་ཏེ་གཞུང་གཅིག་གི་ངོ་བོར་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་། བརྗོད་དོན་དང་འཚམ་པའི་དཀར་ཆག་གསར་བསྒྲིགས་དང་། ལྷག་པར་བཀའ་སློབ་རྣམས་ཀྱི་བརྙན་འཕྲིན་གྱི་འབྲེལ་ཐག་དང་། ལུང་ཁུངས་རྣམས་ཐབས་འཚོལ་གྱིས་འོག་མཆན་གྱི་ཚུལ་དུ་གསལ་བར་བཀོད་ཡོད། དེ་མིན་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་། མཛད་པའི་ནང་ནས་མཆོག་ཏུ་གྱུར་པ་གསུང་གི་མཛད་པ་སོགས་དང་འབྲེལ་ཡོད་ཀྱི་བཀའ་སློབ་རིགས་ཀྱང་ཡིག་འབེབས་ཀྱིས་ཞལ་སྐོང་ཞུས་པའི་བཀའ་སློབ་རྣམས་ཀྱི་སྩལ་ཚེས་དང་། སྩལ་ཡུལ་བཅས་པ་འོག་མཆན་དུ་ལུང་ཁུངས་ལྟར་གསལ་བར་བཀོད་ཡོད།
དེ་ལྟར་ཕྱི་ལོ་ ༢༠༡༦ ཡན་གྱི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་རྣམས་ཕྱོགས་བསྒྲིགས་ཞུས་ཏེ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་གཞུང་ཆེན་མདོ་སྔགས་སློབ་ཐོན་པ། སྐབས་བཅུ་དྲུག་པའི་སློབ་ཐོན་པ་ཐུན་མོང་ནས་རྒྱུ་ཡོན་སྦྱར་ཏེ་ཕྱི་ལོ་ ༢༠༡༦ ལོར་པར་ཐེངས་དང་པོར་པར་གྲངས་ ༣༠༠ ཐམ་པ་དཔར་འགྲེམས་གནང་བའི་ཐོག་དེ་རྗེས་སྩལ་པའི་བཀའ་ཁྲིད་ཁག་སླར་ཡང་ཡིག་འབེབས་ཀྱིས་ཁ་སྣོན་ཕྱོགས་བསྒྲིགས་ཞུས་ཐོག །བཀའ་ཁྲིད་ཁག་སོ་སོར་འདྲེས་མེད་ཡིག་འབེབས་ཞུས་པ་རྣམས་ཀྱང་། དཔལ་ནཱ་ལེནྡྲའི་དྲ་རྒྱར་བཀོད་ནས་ལྟ་ཀློག་གི་མཐུན་རྐྱེན་ཡང་བསྐྲུན་ཡོད་པ་བཅས། ཕྱག་དེབ་འདིར་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དགེ་བཤེས་བློ་བཟང་མཁས་མཆོག་ལགས་ནས་ཞུ་དག་གི་རོགས་མགོན་དཔེ་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། གུས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༦ དགེ་བར།། །།
༄༅། །དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།།
དང་པོ། སྔོན་འགྲོའི་རིམ་པ།
༡༽ ཆོས་འཁོར་རྣམ་གསུམ་དང་། རྒྱལ་བསྟན་དར་འཕེལ།
དེ་རིང་ཆོས་འབྲེལ་བྱ་རྒྱུའི་ཐོག་མར་རྒྱུན་གྱི་ཕྱག་སྲོལ་ལྟར། ཆོས་ཁུངས་བཙུན་པར་བྱ་བའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་ཞེས་གསུངས་པ་ལྟར། བོད་གངས་ཅན་གྱི་ལྗོངས་སུ་དར་འཕེལ་བྱུང་བའི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དེ་ཉིད་ཆོས་ཁུངས་བཙུན་པ་ཞིག་ཡིན། ཁུངས་བཙུན་ལུགས་ཇི་ལྟར་ཡིན་ཞེ་ན། ང་ཚོས་རྒྱུན་དུ་བཤད་སྒྲུབ་གཉིས་དང་། ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་བྱ་རྒྱུའི་གཞུང་ལུགས་རྣམས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ཡིན་པས་ཆོས་ཁུངས་བཙུན་པ་ཡིན།
དེ་ལྟ་བུའི་སངས་རྒྱས་པའི་ཆོས་ཚུལ་འདི་ཐོག་མར་རྒྱ་གར་འཕགས་ཡུལ་ནས་བྱུང་ཞིང་། དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་འདིང་བར་མཛད་པ་དང་། དེ་ནས་ཤེར་ཕྱིན་གྱི་ཆོས་འཁོར་དེ་དག་གིས་བདེན་བཞི་ལས་འགོག་བདེན་དང་། ལམ་བདེན་གཉིས་རྩལ་དུ་བཏོན་ནས་གསུངས་པར་མ་ཟད། དེའི་ནང་ནས་ཀྱང་འགོག་བདེན་རྩལ་འདོན་གནང་ནས་གསུངས་ཡོད། དེ་རྗེས་མདོ་སྡེ་དགོངས་འགྲེལ་གྱི་ཆོས་སྐད་ལྟར་ན། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་གསུངས་པའི་ཆོས་འཁོར་རིམ་པ་གསུམ་པའི་སྡེ་ཚན་གྱི་ནང་དུ་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་སྟེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་དུ་མའི་ནང་དུ་སེམས་འོད་གསལ་བའི་རང་བཞིན་དེ་ཉིད་རྩལ་འདོན་གནང་ནས་གསུངས་པ་དང་། དེ་ནས་སེམས་འོད་གསལ་བའི་གནས་ལུགས་དཔྱིས་ཕྱིན་པའི་འགྲེལ་བཤད་རྣམས་གསང་སྔགས་ཀྱི་སྐབས་ནས་གསུངས་ཤིང་། དེ་ཡང་གཙོ་བོ་གསང་སྔགས་བླ་མེད་ཀྱི་སྐབས་ནས་གསུངས་ཡོད། དེ་ལྟར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་འདི་ཉིད་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བཤད་ནའང་གོ་རིམ་འདི་ལྟར་དུ་ཡོང་བ་ཞིག་ཡིན།
དེ་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་ཤིང་། དེར་ཡོངས་གྲགས་སུ་འཁོར་ལོ་དང་པོ་ཞེས་ཞུ་བ་དང་། དེ་ནས་གནས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་རྣམས་གསུངས་པ་སྟེ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་རམ་ཐེག་པ་ཆེན་པོའི་ཆོས་འཁོར་འདི་ཉིད་གདུལ་བྱ་ལས་དག་ལ་གསུངས་པ་ཞིག་ལས་ཡོངས་གྲགས་སུ་གསུངས་པ་ཞིག་མིན། དེང་སྐབས་འཛམ་གླིང་ཐོག་ལོ་རྒྱུས་སྨྲ་བ་ལ་ལས། ཐེག་པ་ཆེན་པོའི་ཤེར་ཕྱིན་གྱི་མདོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞིག་མིན་ཞེས་ཟེར་ལ། སྔར་ངོས་ལ་བཅོམ་ལྡན་འདས་ཀྱིས་སཾ་སྐྲི་ཏའི་སྐད་ཡིག་མཁྱེན་གྱི་མེད་ཅེས་རྗོད་མཁན་ཞིག་ཀྱང་བྱུང་། སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་རྒྱ་གར་འཕགས་ཡུལ་དུ་ཞལ་བཞུགས་སྐབས་སཾ་སྐྲི་ཏའི་སྐད་ཡིག་ཡོད་པར་མ་ཟད། སྐད་ཡིག་དེ་ཡང་མཁས་པ་དག་གིས་སྤྱོད་པའི་སྐད་ཡིག་ཅིག་ཡིན་སྟབས། བཅོམ་ལྡན་འདས་ཀྱིས་ཐུན་མོང་འཇིག་རྟེན་པའི་སྣང་ངོར་རྒྱ་གར་འཕགས་ཡུལ་དུ་ཡོད་པའི་ཆོས་རིག་ཐམས་ཅད་གསན་བསམ་མཐར་ཕྱིན་པ་གནང་ཡོད་པས། བཅོམ་ལྡན་འདས་ཀྱིས་ལེགས་སྦྱར་གྱི་སྐད་ཡིག་མཁྱེན་པ་གོར་མ་ཆག །གལ་ཏེ་སྐབས་དེར་སཾ་སྐྲི་ཏའི་སྐད་ཡིག་མེད་ན་ནི་གནས་ཚུལ་ཐ་དད་ཡིན། དེ་ནས་ཡངས་པ་ཅན་ལ་སོགས་པའི་གནས་ངེས་མེད་དུ་འཁོར་ལོ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་འཁོར་ལོ་རིམ་པ་གསུམ་གསུངས།
ད་ལྟའི་ཆར་ཤྲཱི་ལངྐ་དང་། ཐའེ་ལན་ཌི། འབར་མ། ཀམ་པོ་ཊི་ཡ་སོགས་རྒྱལ་ཁབ་དུ་མར་འཕགས་པ་གནས་བརྟན་སྡེ་པའི་ཆོས་བརྒྱུད་དར་འཕེལ་བྱུང་ཡོད། དེ་དག་ནི་གཙོ་བོ་པཱ་ལིའི་བརྡ་ལ་བརྟེན་པ་ཞིག་དང་། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ནང་ཆོས་འདི་ཉིད་རྒྱ་ནག་ལ་ནང་ཆོས་དར་ནས་ལོ་བཞི་བརྒྱ་ཙམ་གྱི་རྗེས་སུ་གཞི་ནས་དར་འཕེལ་བྱུང་བ་ཞིག་ཡིན། དེ་ཡང་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་རྗེས་དུས་རབས་བདུན་པའི་ནང་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཞི་ནས་བོད་ཡིག་སྔར་ཡོད་ཡར་རྒྱས་བཏང་བའམ་གསར་བཟོ་གནང་བ་གང་ཞིག་ཡིན་རུང་། སློབ་དཔོན་ཐོན་མི་བཀའ་དྲིན་ཅན་གྱིས་བོད་ཡིག་ལ་དག་ཐེར་རྨད་དུ་བྱུང་བ་ཞིག་གནང་ནས་བོད་ཡིག་འདི་ཉིད་སྤུས་ཚད་ལྡན་པ་ཞིག་བཟོ་བར་མཛད་དེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་སློབ་དཔོན་ཐོན་མི་སོགས་ཀྱིས་རྒྱ་གར་འཕགས་ཡུལ་གྱི་བཀའ་བསྟན་གསུང་རབ་བོད་ཀྱི་སྐད་ཡིག་ཏུ་སྒྱུར་འགོ་བཙུགས་ཤིང་། ནང་ཆོས་ཀྱི་སྲོལ་བཏོད་པ་དང་། དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་ནས་རྒྱ་གར་འཕགས་པའི་ཡུལ་ནས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་གདན་དྲངས་ཏེ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བོད་ཀྱི་དགོན་སྡེའི་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། རབ་བྱུང་གི་སྡེ་ཐོག་མར་ཚུགས་པ་དང་། བཀའ་བསྟན་གྱི་གཞུང་ལུགས་ཀྱང་མཉམ་དུ་བསྒྱུར་བ། དགོན་སྡེ་དང་སྔགས་གྲྭ་སོགས་ལ་བསླབ་པ་སློབ་གཉེར་འཛུགས་རྒྱུའི་རིགས་རྣམས་སྐབས་དེ་དུས་ཐོག་མར་དར་བ་ཞིག་ཡིན་འདུག །
མཁན་ཆེན་ཞི་བ་འཚོ་ནི། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཞིག་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་འབྲང་པ་ཡིན་པར་མ་ཟད། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་རྗེས་འབྲང་པ་ཞིག་ཀྱང་ཡིན། རྒྱུ་མཚན་གང་ལགས་ཤེ་ན། ཁོང་གིས་རྣམ་རིག་པའི་ལུགས་ལྟར་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཞལ་གྱིས་བཞེས་ཤིང་། དེའི་སྟེང་དུ་རྣམ་རིག་པས་སེམས་བདེན་གྲུབ་ཏུ་ཁས་བླངས་པ་དེར་དབུ་མའི་ལུང་དང་རིགས་པའི་ཐོག་ནས་སེམས་བདེན་གྲུབ་བཀག་ནས་སེམས་བདེན་མེད་གཏན་ལ་ཕབ་པ་སོགས་ཀྱིས་མཁན་ཆེན་ཞི་བ་འཚོ་དེ་ཉིད་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་རྗེས་འབྲང་ཡིན།
དེ་རྗེས་ཞི་འཚོའི་དངོས་སློབ་སློབ་དཔོན་པདྨའི་ངང་ཚུལ་ལམ་ཀ་མ་ལ་ཤཱི་ལ་ཡང་དབུ་མ་པའི་མཁས་པ་ཞིག་ཡིན། མཁས་དབང་དེ་དག་ལས་བསྟན་པ་སྔ་དར་སྐབས་བོད་དུ་སྔར་མེད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་བསྟན་པ་ཡོངས་གྲགས་སུ་ཤུགས་ཆེར་སྤེལ་མཁན་ནི་མཁན་ཆེན་ཞི་བ་འཚོ་ཡིན། དེ་ནས་བསྟན་པ་ཕྱི་དར་སྐབས་ལོ་ཆེན་རིན་ཆེན་བཟང་པོ་དང་། རྒྱ་གར་འཕགས་ཡུལ་ནས་ཕེབས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའམ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཡིན། ཇོ་བོ་རྗེ་ཁོང་ནི་སྐུ་ཚེ་སྟོད་དུ་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་ཞིང་། སྐུ་ཚེ་སྨད་དུ་བི་ཀྲ་མ་ལ་ཤཱི་ལར་བཞུགས་གནས་གནང་བ་ཞིག་རེད། དེ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་དར་འཕེལ་བྱུང་ཡོད།
གཞན་ཡང་།[15] བོད་མི་རིགས་འདི་ཉིད་གཞན་དང་མི་འདྲ་བའི་མི་རིགས་ཤིག་ཡིན་ཅིང་། ཆོས་ཕྱོགས་ཀྱི་ཐོག་ནས་བོད་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞིག་དང་། སངས་རྒྱས་བཅོམ་ལྡན་རང་ཉིད་ཀྱིས་ལུང་དུ་བསྟན་པའི་ཡུལ་ལུང་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། འཛམ་གླིང་འདིའི་ཐོག་སངས་རྒྱས་པའི་ཆོས་ལུགས་རྒྱ་གར་འཕགས་ཡུལ་ནས་དར་འཕེལ་བྱུང་ཞིང་། དེ་ཡང་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བསྐོར་བའི་སྐབས་ཀྱི་ཆོས་འཁོར་དེ་ཉིད་བདེན་བཞིའི་ཆོས་འཁོར་ཞེས་པཱ་ལིའི་ཆོས་བརྒྱུད་ཡིན་ལ། ཐའེ་ལན་ཌི་དང་། འབར་མ། ཤྲཱི་ལངྐ་སོགས་དང་ང་ཚོ་ཐུན་མོང་བར་གྱུར་ཡོད། དེ་རྗེས་བྱ་རྒོད་ཕུང་པོའི་རིར་བར་པ་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པ་རྣམས་ལེགས་སྦྱར་གྱི་ཆོས་བརྒྱུད་ཡིན་ཅིང་། པཱ་ལིའི་ཆོས་བརྒྱུད་རྐྱང་པ་འཛིན་མཁན་དག་ལ་ཤེར་ཕྱིན་གྱི་མདོ་སྡེའི་རིགས་རྣམས་མེད། རྒྱ་ནག་དང་། རྒྱ་ནག་བརྒྱུད་ནས་ཀོ་རི་ཡ་དང་། ཝི་ཏི་ནམ། ཉི་ཧོང་། དེ་བཞིན་བོད་དང་སོག་ཡུལ་སོགས་ལ་ཐེག་ཆེན་གྱི་ཆོས་བརྒྱུད་དམ། ལེགས་སྦྱར་ཆོས་བརྒྱུད་དར་ཁྱབ་བྱུང་ཡོད། དེ་དག་གི་ནང་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ནམ་རྒྱུན་ངོས་ནས་པཎ་གྲུབ་བཅུ་བདུན་ཞེས་བརྗོད་པ་དེ་དག་གིས་མཛད་པའི་ལེགས་བཤད་ཕལ་ཆེ་བ་བོད་ཡིག་གི་ཐོག་ཏུ་བཞུགས་ཡོད། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་དང་། བཀའ་འགྱུར་པོ་ཏི་བརྒྱ་ལྷག་བཅས་ཁྱོན་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ཆ་ཚང་ལྟ་ཀློག་མི་ཐུབ་ཀྱང་། དེ་དག་ལས་སྡེ་ཚན་བྱེ་བྲག་པ་རྣམས་ལ་ང་ཚོས་སློབ་སྦྱོང་བྱེད་བཞིན་ཡོད།
སློབ་སྦྱོང་བྱེད་སྟངས་དེ་ཡང་། རྩ་བ་བློར་འཛིན་ཅིང་། འགྲེལ་པ་དེ་ཡང་གཙོ་བོ་རྒྱ་འགྲེལ་ལ་ཁུངས་གཏུགས་ནས་ཚིག་འབྲུ་རེ་རེ་བཞིན་འགྲེལ་པ་བརྒྱབ། སློབ་དཔོན་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་ཀྱིས་མཛད་པའི་ཚད་མའི་གཞུང་ལུགས་ཀྱི་ཐོག་ནས་བརྡར་ཤ་བཅད་ནས་སློབ་གཉེར་བྱེད་བཞིན་ཡོད་ལ། ང་ཚོའི་དཔེ་ཆའི་ནང་དུ་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་ཞེས་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་ཐོན་པ་དེ་དག་གི་ཐོག་ནས་འགྲོ་བཞིན་ཡོད། དེ་ལྟ་བུའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཞིབ་ཚགས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་སྲོལ་ཡོད་པ་འདི་ལྟ་བུ་བོད་གཅིག་པུ་ལས་གཞན་ལ་མེད། མདོར་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བཞིན་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་དཀའ་ལས་བརྒྱབ་ནས་སློབ་སྦྱོང་བྱས་པའི་གྲུབ་དོན་སེམས་ལ་བང་རིམ་སྒྲིག་པ་ནི་བོད་པ་ཁོ་ན་ཡིན། སྔར་སོག་པོ་ཡོད་ཀྱང་བར་སྐབས་སོག་པོར་ཉམས་ཟིན་པ་རེད།
གཞན་ཡང་ང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་ནི། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་སློབ་སྦྱོང་བྱེད་སྐབས། བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་སྦྱོང་བྱེད་པ་ལས། ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་མི་དགོས་པ་དེ་ཡིན། བོད་ཀྱི་སྐད་ཡིག་ནི་བོད་མི་ས་ཡ་དྲུག་གིས་བེད་སྤྱོད་བྱེད་བཞིན་པར་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་པ་དག་གིས་ཀྱང་བེད་སྤྱོད་བྱེད་བཞིན་ཡོད། དེས་ན་དེང་གི་སྤྱི་ཚོགས་ཐོག་བེད་སྤྱོད་བྱས་དང་བྱེད་བཞིན་པའི་ཡི་གེ་འདིའི་ཐོག་ནས་འགྲེལ་བཤད་ཆ་ཚང་བྱེད་ཐུབ། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལུགས་ཁག་ཏུ་ལྟ་གྲུབ་ཀྱི་རྣམ་གཞག་དང་། སེམས་ཁམས་རིག་པའི་རྣམ་གཞག །ཚད་མ་རིག་པའི་རྣམ་གཞག་སོགས་བོད་ཀྱི་སྐད་ཡིག་གི་ཐོག་ནས་འགྲེལ་བཤད་བྱེད་ཐུབ་པ་ཞིག་ལས། ཧིན་དྷི་དང་དབྱིན་ཇིའི་སྐད་ཡིག་གི་ཐོག་ནས་འགྲེལ་བཤད་བྱེད་མི་ཐུབ་ལ། ལེགས་སྦྱར་གྱི་སྐད་ཡིག་ནི་དེང་སྐབས་བེད་སྤྱོད་བྱེད་མཁན་དེ་ཙམ་མེད། རྒྱ་ཡིག་གི་ཐོག་ནས་ཀྱང་ཧ་ཅང་ཁག་པོ་ཡིན། དེས་ན་ལོ་ངོ་སྟོང་ཕྲག་ལྷག་གི་རིང་འཛམ་གླིང་འདིའི་ཐོག་རིགས་པའི་ལམ་ནས་འགྲེལ་བཤད་བྱ་རྒྱུ་ཡོད་ཅིང་། གཏིང་ཟབ་ཤོས་ཀྱི་ཆོས་བརྒྱུད་དེ་ང་ཚོ་བོད་པས་བདག་ཉར་བྱས་ཡོད།
དེ་ནི་ངོས་ལ་ཉམས་མྱོང་ཡོད་པ་ཞིག་ཡིན། དེ་ཡང་འདས་པའི་ལོ་ངོ་སུམ་ཅུ་བཞི་བཅུའི་རིང་ལ་མཁས་དབང་མང་པོ་ཞིག་དང་ཐུག་འཕྲད་བྱུང་ཡོད་ལ། ཚན་རིག་མཁས་ཅན་མང་པོ་ཞིག་དང་ངོས་རང་ཐུག་འཕྲད་བྱེད་སྐབས། གཞི་ནས་ང་ཚོས་སློབ་སྦྱོང་བྱས་པའི་ཐོག་ནས་ལོ་མང་བདག་གཅེས་ཉར་ཚགས་བྱས་པའི་ཤེས་ཡོན་དེ་དག་དེང་སྐབས་དུས་རབས་ཉེར་གཅིག་པའི་ནང་མཁས་དབང་དང་། ལྷག་པར་ཚན་རིག་པ་དང་ཐུག་འཕྲད་བྱེད་སྐབས། ཚན་རིག་པ་རྣམས་དངོས་ཁམས་རིག་པའི་ཐོག་ལ་ཧ་ཅང་མཁས་པ་ཡིན་ལ། ང་ཚོས་ཚུར་སློབ་སྦྱོང་བྱ་རྒྱུ་མང་དུ་ཡོད། སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་བརྗོད་དགོས་བྱུང་ཚེ་དེང་རབས་ཚན་རིག་པ་དང་དེང་གི་མཁས་དབང་རྣམ་པར་གང་ཡང་བརྗོད་རྒྱུ་མེད། ང་ཚོ་བོད་མིས་སློབ་སྦྱོང་བྱས་པ་དེ་དག་དེང་སྐབས་འཛམ་གླིང་འདིའི་ཐོག་དངོས་གནས་ངོམ་ཆོག་པ་ཞིག་དང་། གཞན་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་ཏུ་གྱུར་ཡོད། དེས་ན་ང་ཚོ་བོད་མི་རིགས་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་གིས་ཟིན་པ་ཞིག་ཡིན་པས་ང་ཚོ་སྐྱོ་པོ་གཏན་ནས་མིན། ཤེས་ཡོན་དང་རིག་གཞུང་གི་ཐོག་ནས་བརྗོད་དགོས་བྱུང་ནའང་། རྒྱ་ཡི་རིག་གཞུང་ལས་བོད་ཀྱི་རིག་གཞུང་རྣམས་རླབས་ཆེ་བ་ཡོད། དེར་བརྟེན་དེ་དག་ནི་བོད་མི་རིགས་ཀྱིས་སྤོབས་པ་བྱེད་འོས་པ་ཞིག་ཡིན།
ང་ཚོར་བོད་ཀྱི་སྐད་ཡིག་ཅིག་ཡོད་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་བོད་ཡིག་གསར་དུ་བཟོས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལུང་དང་རྟོགས་པའི་བསྟན་པ་དེ་ཡང་ཡར་རྒྱས་གོང་འཕེལ་ཤུགས་ཆེར་གཏོང་རྒྱུའི་དགོངས་བཞེས་གནང་སྐབས། རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་ལས། རྒྱ་ནག་ནས་ཧྭ་ཤང་གདན་ཞུ་གནང་མེད་ལ། ལྷག་པར་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་གནང་སྟེ། རྒྱའི་མཁན་པོ་དང་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པ་གནང་སྟེ་རྒྱའི་མཁན་པོ་རྣམས་བོད་ནས་ཕྱིར་ཕུད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།
ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལ་ཆ་མཚོན་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མ་ཡུམ་དེ་ཉིད་ཀྱང་རྒྱ་བཟའ་ཡིན་པའི་བརྗོད་ཚུལ་ཞིག་ཡོད། དེ་ལྟར་ཆོས་རྒྱལ་རིམ་པའི་སྐབས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་ཡོད་ཀྱང་། བོད་ཀྱི་རིག་གཞུང་རྣམས་རྒྱ་གར་རང་ནས་བཞེས་ཡོད། སྐབས་དེར་ཆབ་སྲིད་ཀྱི་བསམ་བློ་ཡོད་མེད་ཇི་ལྟར་ཡང་། དངོས་ཡོད་གནས་ཚུལ་ལ་བོད་ཀྱི་སྐད་ཡིག་དང་། སྐད་ཡིག་དེ་ཉིད་ཀྱི་ཐོག་ཏུ་ཡོད་པའི་བཀའ་བསྟན་རྣམས་རྒྱ་གར་ལ་ཁུངས་གཏུག་པར་མཛད་ནས་བཞེས། བོད་ཀྱི་མེས་པོ་རྣམས་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན། དེས་ན་ང་ཚོ་རང་ཉིད་ལ་རང་སྐྱ་འཕེར་བའི་སྐད་ཡིག་ཅིག་ཡོད་པར་མ་ཟད། འཛམ་གླིང་འདིའི་ཐོག་རིན་ཐང་བརྩི་འོས་པའི་ཤེས་ཡོན་མང་པོ་ཞིག་སྐད་ཡིག་འདི་ཉིད་ཀྱི་ཐོག་གནས་ཡོད། འདི་ཡང་ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཡིན།། །།
༢༽ ནཱ་ལེནྡྲའི་བཞེད་གཞུང་དང་། བོད་བརྒྱུད་ནང་བསྟན།
བོད་བརྒྱུད་ནང་བསྟན་གྱི་སྔ་འགྱུར་རྙིང་མར་ཆ་བཞག་ན། སློབ་དཔོན་རིན་པོ་ཆེ་དང་མཁན་ཆེན་ཞི་བ་འཚོ་ནས་ཐད་ཀར་བརྒྱུད་པ་ཞིག་དང་། གསར་མའི་ནང་ནས་བཀའ་གདམས་པར་ཆ་བཞག་ན་ཇོ་བོ་རྗེ་དཱི་པཾ་ཀ་ར་ནས་ཐད་ཀར་བརྒྱུད་པ་ཞིག་ཡིན། དཔལ་ས་སྐྱར་ཆ་མཚོན་ན། གྲུབ་ཆེན་བིར་ཝ་པ་ནས་བརྒྱུད་པ་ཞིག་སྟེ། གྲུབ་ཆེན་བིར་ཝ་པ་ནི་སྔར་དཔལ་ནཱ་ལེནྡྲར་བཞུགས་སྐབས་དཔལ་ལྡན་ཆོས་སྐྱོང་ཞེས་ཞུ་ཞིང་། སེམས་ཙམ་པའི་མཁས་པའི་དབང་པོ་ཞིག་ཡིན། བཀའ་བརྒྱུད་པར་ཆ་བཞག་ནའང་། པཎ་ཆེན་ནཱ་རོ་པ་ལས་བརྒྱུད་ཅིང་། པཎ་ཆེན་ནཱ་རོ་པ་ནི་ནཱ་ལེནྡྲ་དང་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་ལས་བྱང་སྒོ་སྲུང་མཁན་གྱི་མཁས་པའི་དབང་པོ་ཞིག་ཡིན། རི་བོ་དགེ་ལྡན་པར་མཚོན་ན། ཐད་ཀར་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་དང་འབྲེལ་བ་བྱུང་མེད་ཀྱང་། བཀའ་གདམས་རྙིང་མ་ནས་བྱུང་ཡོད་སྟབས་ཇོ་བོ་རྗེ་ནས་བརྒྱུད་པ་ཞིག་རེད།
མདོར་ན། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་རྒྱལ་བསྟན་ཡོངས་རྫོགས་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ལ་ཁུངས་གཏུགས་པ་ཞིག་ཡིན་པས། ངོས་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་དྲི་མ་མེད་པ་ཡིན་ཞེས་བརྗོད་པ་དེ་དོན་ལ་གནས་ཡོད། དེ་མིན་ང་ཚོ་བོད་ཀྱི་ཆོས་འདི་གསང་སྔགས་ཀྱི་ཆོས་དང་། ཐེག་ཆེན་གྱི་ཆོས་ཡིན་ཞེས་བརྗོད་ན་མཚམས་རེར་འཁྲུག་པ་འོང་སྲིད་པ་དང་། ཡང་ན་འགྲེལ་བརྗོད་མང་དུ་བྱེད་དགོས་པ་ཞིག་ཏུ་འགྱུར།
གཞན་ཡང་ང་ཚོ་ཐེག་པ་ཆེན་པོ་ཡིན་ཞེས་བརྗོད་ན། ཐེག་དམན་ལ་ཁྱད་གསོད་བྱེད་པ་ལྟ་བུར་འགྱུར་བ་དང་། སྐབས་རེ་ཐེག་ཆེན་གྱི་སྡེ་སྣོད་ཅེས་བརྗོད་མི་བདེ་བ་ལྟ་བུར་གྱུར་སྐབས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བརྗོད་དགོས་པ་འོང་། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་ལས[16]།
མ་ཚང་བ་དང་འགལ་བ་དང༌། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །
ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །
ཞེས་གསུངས་པ་ལྟར། ཐེག་ཆེན་ཞེས་པའི་མིང་ཚིག་འདི་མདོ་སྡེ་རྒྱན་སོགས་སུ་གསལ་བ་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་གཏན་ལ་ཕབ་པའི་ཚིག་ཅིག་ཡིན། འོན་ཀྱང་ཚིག་འདི་བརྗོད་སྐབས་ནང་འཁྲུག་རྒྱག་རྒྱུའི་ཉེན་ཁ་ཞིག་ཡོང་གྲབས་བྱེད། དེ་ལས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་བརྗོད་ཚེ། ཤྲཱི་ནཱ་ལེནྡྲ་ནི་ཡོངས་གྲགས་སུ་སྐབས་དེར་རྒྱ་གར་ནང་མུ་སྟེགས་པས་ཀྱང་བརྩི་བཀུར་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།
གཉིས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་ཞེས་བརྗོད་ན་དད་པ་བྱེད་ཡུལ་ལྟ་བུ་ཞིག་ནས་མར་ཡོང་བ་ཞིག་མིན་པར། རྒྱ་གར་ནང་སངས་རྒྱས་ཀྱི་ཆོས་ལ་མཁས་གྲུབ་གཉིས་ལྡན་གྱི་མཁས་པའི་འབྱུང་ཁུངས་ཤིག་ནས་བརྒྱུད་པ་ཞིག་ཡིན་སྟབས། མཁས་གྲུབ་གཉིས་ལྡན་ཡིན་པ་ཞིག་གོ་ཐུབ། དེ་ལྟ་བུའི་དགོས་པ་དང་རྒྱུ་མཚན་གྱི་ཐོག་ནས་ངོས་ཀྱིས་རྟག་ཏུ་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་ཆོས་བརྒྱུད་ཡིན་ཞེས་རྗོད་ཀྱིན་ཡོད་ལ། ནང་ཚགས་ཀྱིས་ཞུས་ན་ང་ཚོའི་ཆོས་འདི་ལས་སླ་པོ་མིན་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་གཅིག་ལས་གཅིག་ལྷག་པ་གཅིག་རྗེས་གཉིས་མཐུད་ནས་མར་བརྒྱུད་པའི་ཆོས་བརྒྱུད་ཅིག་ཡིན་ཞེས་རྗོད་ཀྱིན་ཡོད།
སྔར་ངོས་རང་གིས་ཨ་རིར་ཆོས་འབྲེལ་བྱེད་སྐབས་ཤིག་ལ། ཆོས་ཚོགས་ཀྱི་ཚོགས་འདུ་ཞིག་འཚོགས་ཤིང་། དེའི་སྦྱིན་བདག་གི་གྲས་ཨ་ཅག་ལགས་ཤིག་གིས་ངོས་ལ་འདི་ལྟར་བརྗོད་བྱུང་། བོད་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲར་ཐུག་པ་རེད་ཅེས་བརྗོད་ན་འགའ་ཞིག་གིས་མི་བདེ་བར་རྩི་བཞིན་འདུག །བཀའ་བརྒྱུད་དང་རྙིང་མ་སོགས་འགའ་ཞིག་དཔལ་ནཱ་ལེནྡྲར་ཐུག་མེད་ཅེས་རྗོད་ཀྱིན་འདུག་ཀྱང་། ངོས་ནས་ཁོང་ལ་གང་ཡང་བརྗོད་མེད། དེ་ནི་མ་ཤེས་པའི་སྐད་ཆ་རང་རེད། གོང་དུ་བརྗོད་མ་ཐག་པ་ལྟར་རྙིང་མའི་ཆོས་སྐོར་ལ་ཆ་མཚོན་ན། བོད་གངས་ཅན་གྱི་ལྗོངས་ལ་རྙིང་མའི་གཙོ་བོ་སློབ་དཔོན་རིན་པོ་ཆེ་ཡིན། སྤྱིར་བཏང་ནས་བརྗོད་ན་འཕགས་ཡུལ་གྱི་རིག་འཛིན་རྣམ་བརྒྱད་རྣམས་སློབ་དཔོན་རིན་པོ་ཆེའི་དགེ་རྒན་ཡིན་ཅིང་། རིག་འཛིན་རྣམ་བརྒྱད་ཀྱི་ནང་དུ་གསུང་གི་རིག་འཛིན་མགོན་པོ་ཀླུ་སྒྲུབ་ཡོད་ལ། པདྨ་གསུང་གི་ལྷ་ཚོགས་ཀྱི་ཁུངས་གཏུག་ས་ཡང་མགོན་པོ་ཀླུ་སྒྲུབ་རེད། གཞན་ཡང་དེ་མཚུངས་ཡིན། མདོར་ན་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཀྱི་ལམ་ཉམས་ལེན་བྱེད་སྐབས། ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ་བཅས་དེ་གཉིས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པར་བརྟེན། ཀ་དག་གི་དོན་དཔྱིས་ཕྱིན་པ་ཞིག་ཤེས་པ་ལ་སྟོང་ཉིད་ཀྱི་ལྟ་བ་ཤེས་དགོས།
དེ་བཞིན་ཕྱག་རྒྱ་ཆེན་པོར་ཆ་མཚོན་ནའང་། གཞི་ཡི་ཕྱག་ཆེན་དང་། ལམ་གྱི་ཕྱག་ཆེན་གསུང་སྐབས་གནས་ཚུལ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ཤེས་ན་ཧ་ཅང་ཁག་པོ་ཡིན། དེས་ན་རྫོགས་ཆེན་གྱི་རྩ་བ་སློབ་དཔོན་རིན་པོ་ཆེར་ཐུག་པ་དང་། སློབ་དཔོན་རིན་པོ་ཆེ་ནི་བོད་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་ལྷག་པར་ཆེ་བ་ཞིག་ཡིན། སློབ་དཔོན་རིན་པོ་ཆེས་ཐད་ཀར་གསུངས་པ་དང་། དེ་མིན་མ་འོངས་པའི་གདུལ་བྱར་དགོངས་ནས་གཏེར་དུ་སྦས་པ་རྣམས་ཀྱང་། པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ཤེས་ན་དེ་དག་གི་ཟབ་ཁྱད་ཐོན་ཐུབ་པ་ཞིག་དང་། པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་མ་ཤེས་ན་དེ་དག་གི་ཟབ་ཁྱད་ཀྱང་ཤེས་རྒྱུ་ཤིན་ཏུ་དཀའ་བར་མ་ཟད། ལམ་གོལ་སར་འགྲོ་ཉེན་ཧ་ཅང་ཆེན་པོ་ཡོད།
བཀའ་བརྒྱུད་ལ་མཚོན་ནའང་། མར་མི་དྭགས་གསུམ་ལས་གཙོ་བོ་རྗེ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། མར་པའི་བླ་མ་ནཱ་རོ་པ་ཡིན་ལ། ནཱ་རོ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཡིན། དེ་ལྟར་ཐད་ཀར་དཔལ་ནཱ་ལེནྡྲའི་མཁས་པ་མིན་ནའང་། བླ་མ་གོང་མ་ནཱ་ལེནྡྲའི་མཁས་པ་དེ་དག་གིས་གསུངས་པའི་གསུང་ལ་སློབ་གཉེར་གནང་སྟེ་ཐོན་པ་ཤ་སྟག་ཏུ་གྱུར་ཡོད་པ་ལས་ཟུར་དུ་གང་ཡང་མེད། དེས་ན་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ཐོག་ཏུ་ཕྱིན་ན། ས་དགེ་བཀའ་རྙིང་ཞེས་དབྱེ་བ་འབྱེད་རྒྱུ་དེ་ཙམ་ལྷག་མེད། དེ་དག་གཞི་རྩར་བཞག་པའི་སྟེང་ནས་ཐོན་པའི་གཙོ་བོ་གསང་སྔགས་ཀྱི་གདམས་པ་མི་འདྲ་བ་ཡོད་པའི་ཐོག་ནས་སྔ་འགྱུར་རྙིང་མ་ལ་ཆ་མཚོན་ནའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་བཅས་དབྱེ་བ་མང་དུ་འབྱེད་རྒྱུ་ཡོད། གཏེར་མ་ལ་ཆ་བཞག་ཀྱང་། གཏེར་སྟོན་བརྒྱ་རྩ་སོགས་ཧ་ཅང་མང་པོ་ཡོད།
དེ་བཞིན་བཀའ་བརྒྱུད་ལ་ཆ་མཚོན་ནའང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མང་པོ་ཞིག་ཡོད། དཔལ་ས་སྐྱ་པར་ཆ་མཚོན་ནའང་། ས་ངོར་ཚར་གསུམ་ཞེས་མང་པོ་ཞིག་ཡོང་བ་དང་། དཔལ་ས་སྐྱ་པའི་ལམ་འབྲས་ནི་གྲུབ་ཆེན་བིར་ཝ་པ་ནས་བརྒྱུད་པའི་གདམས་ངག་ཅིག་དང་། དེ་ཡང་ལམ་འབྲས་རྡོ་རྗེའི་ཚིག་རྐང་ཞེས་བིར་ཝ་པ་ནས་བརྒྱུད་པ་ཞིག་ཡིན། གྲུབ་ཆེན་བིར་ཝ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་རེད་འདུག །ཁོང་ནཱ་ལེནྡྲར་བཞུགས་སྐབས་གནས་བརྟན་ཆོས་སྐྱོང་ངམ་ལེགས་སྦྱར་གྱི་མཚན་དུ་དྷརྨཱ་པ་ལ་ཞེས་ཞུ་ཞིང་། ངོས་ནས་དོ་སྣང་བྱུང་བར། ཁོང་གིས་བརྩམས་པའི་གཞུང་ནི། རྒྱ་ཡི་མཁན་པོ་ཝེན་ཚེག་གིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་དུ་གནས་བརྟན་ཆོས་སྐྱོང་ཞེས་ལུང་ཧ་ཅང་མང་པོ་དྲངས་གནང་འདུག །མདོར་ན་ཁོང་ཉིད་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཡིན། ཕྱིས་སུ་ནཱ་རོ་པ་ལྟར་སྤྱོད་པ་ལ་གཤེགས་པས་གྲུབ་ཆེན་བིར་ཝ་པ་ཞེས་ཞུ། དེས་ན་དཔལ་ས་སྐྱ་པར་ཆ་མཚོན་ན། ལམ་འབྲས་ཀྱི་ཁུངས་གཏུག་ས་དཔལ་ནཱ་ལེནྡྲ་ཡིན།
རི་བོ་དགེ་ལུགས་པར་ཆ་མཚོན་ནའང་། དབེན་ས་སྙན་བརྒྱུད་དང་། སྲད་རྒྱུད། དབུས་ཀྱི་གཞུང་པ་བཅས་སྲད་དབེན་གཞུང་གསུམ་སོགས་མང་དུ་ཡོད། དེ་དག་ནི་དམིགས་བསལ་སྒོས་ཆོས་རེ་ཡོད་པའི་ཐོག་ནས་གསུངས། འོན་ཀྱང་དེ་དག་གི་རྩ་བ་ཁུངས་གཏུག་ས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལ་ཐུག་ཡོང་གིན་ཡོད། དེ་དག་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་འདུག །དེས་ན་ངོས་ནས་འདི་སྐོར་ཞུ་འདོད་བྱུང་།
དེ་མིན་བོད་ཀྱི་དེ་སྔའི་ལོ་རྒྱུས་ཐོག་བྱུང་ཡོད་ལ། དེང་སྐབས་ཀྱང་ཡོང་བཞིན་པ་ལྟར། ང་ཚོ་བཀའ་བརྒྱུད་ཡིན་ཞེས་དང་། བཀའ་བརྒྱུད་པའི་ནང་ནས་ཀྱང་ང་ཚོ་འབྲི་གུང་བཀའ་བརྒྱུད་ཡིན། ང་ཚོ་འབྲུག་པ་བཀའ་བརྒྱུད་ཡིན། ཞེས་འབྲུག་པ་བཀའ་བརྒྱུད་པའི་ཆོས་ཚོགས་ཡིན་ན་འབྲི་གུང་པ་རྣམས་ཡོང་མི་ཆོག་པ་ལྟ་བུ་དང་། འབྲི་གུང་བཀའ་བརྒྱུད་པའི་ཆོས་ཚོགས་ཡིན་ན་དེའི་ནང་ཀམ་ཚང་བཀའ་བརྒྱུད་པ་ཡོང་མི་ཆོག་པ་ལྟ་བུ་ཤོད་ཀྱིན་འདུག །དེ་དག་ནི་གཏན་ནས་མི་དགོས་པ་ཞིག་ཡིན་པར་མ་ཟད། མ་ཤེས་པས་རྙོག་དྲ་བཟོས་ཡོང་གིན་ཡོད། ཤེས་པ་ཞིག་གིས་བལྟས་ན་དེ་ནི་གད་མོ་ཤོར་བའི་གནས་ལས་མ་འདས། འདིར་ད་ལན་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་གང་འཚམ་ཞིག་ཡོད་སྟབས་འདི་སྐོར་བརྗོད་འདོད་བྱུང་། གོང་དུ་ངོས་ནས་བརྗོད་པ་རྣམས་བདེན་པ་ཡིན་མིན་ཁྱེད་རང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། དཔེར་ན། ཞིང་པ་ཞིག་ཡིན་ན་བརྟག་དཔྱད་བྱེད་སྐབས་ཞིང་ལས་ཉིན་ཤས་བཞག་ནས་དཔེ་ཆ་བཀླགས་ཏེ་ཞིབ་འཇུག་བྱེད་དགོས།
ཡང་ཕྱོགས་གཞན་ཞིག་ནས་ང་ཚོ་བོད་རིགས་ནང་ཚགས་ལ་ང་རྙིང་མ་ཡིན། ང་བཀའ་བརྒྱུད་ཡིན། ང་ས་སྐྱ་པ་ཡིན། ང་དགེ་ལུགས་པ་ཡིན། ང་ཇོ་ནང་པ་ཡིན་ཞེས་བརྗོད་དེ། དཔེར་ན། དགེ་ལུགས་པ་ཡིན་ན་རྙིང་མའི་དཔེ་ཆ་ཞིག་ཁང་པའི་ནང་དུ་བཞག་ནའང་མི་འགྲིག་པ་ལྟ་བུར་རྩི་མཁན་དེ་འདྲ་ཡོད། ཡང་རྙིང་མ་པ་ཞིག་གིས་དགེ་ལུགས་པའི་དཔེ་ཆར་གསར་དྲི་ཁ་ཞེས་ཕར་འཇོག་པ་དང་། དགེ་ལུགས་པ་ཞིག་གིས་རྙིང་མའི་དཔེ་ཆར་རྙིང་དྲི་ཁ་ཞེས་བརྗོད་པ་ལྟ་བུ་ཡོང་གིན་ཡོད། མདོར་ན། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་གང་ཞིག་ཡིན་ནའང་། ཚང་མས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་ལྟ་ཀློག་འཆད་ཉན་བྱེད་བཞིན་ཡོད་པས། གཞུང་ལུགས་འདི་དག་ང་ཚོ་སྤྱི་པའི་གཞུང་ལུགས་སུ་གྱུར་ཡོད།
དེ་ལྟར་དཔལ་ནཱ་ལེནྡྲའི་གཞུང་ཞེས་བརྗོད་ན། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་། ཧ་ལམ་བོན་དང་བཅས་པ་ཐུན་མོང་གི་གཞུང་ཞིག་ཏུ་གྱུར་ཡོད། དཔེར་ན། བོད་སྤྱི་དང་ལྷག་པར་ཁམས་ཕྱོགས་སུ་དུས་ཕྱིས་ཀྱི་མཁན་པོ་གཞན་དགས་གཞུང་ཆེན་བཅུ་གསུམ་[17]གྱི་མཆན་འགྲེལ་མཛད་ཡོད། དེ་ལྟར་གཞུང་ཆེན་བཅུ་གསུམ་ཞེས་བརྗོད་ན། ས་དགེ་བཀའ་རྙིང་ཚང་མས་གཟིགས་བཞིན་ཡོད། གཞུང་ལུགས་དེ་དག་གཙོ་ཆེ་བ་དཔལ་ནཱ་ལེནྡྲའི་མཁས་པས་མཛད་པའི་གཞུང་ལུགས་ཡིན། དེས་ན་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚང་མ་གཅིག་ཏུ་བསྒྲིལ་ཐུབ་པ་ཞིག་ཡོང་གིན་འདུག །
དེ་མིན་དཔལ་གསང་བ་འདུས་པ་དང་། ཡི་དམ་དགྱེས་པ་རྡོ་རྗེ། སྒྲུབ་པ་བཀའ་བརྒྱད། རྡོ་རྗེ་ཕག་མོ་སོགས་ནི་རྒྱུད་སྡེ་སོ་སོར་བྱས་ཏེ་མི་འདྲ་བ་རེ་ཡོད། དཔེར་ན། དཔལ་ལྡན་ས་སྐྱ་པ་ཡིན་ན། ས་སྐྱའི་ལམ་འབྲས་ཞེས་གསུང་སྐབས། གཙོ་བོ་ཀྱཻ་རྡོར་དང་། རྣལ་འབྱོར་མ་སོགས་ནི་ས་སྐྱ་པ་དང་། གཞན་ཡང་ས་སྐྱ་པ་ནང་གསེས་ལའང་ས་ངོར་ཚར་གསུམ་ཞེས་མི་འདྲ་བ་རེ་སླེབས་ཡོང་གིན་ཡོད། བཀའ་བརྒྱུད་ལ་ཆ་མཚོན་ན། འཁོར་ལོ་སྡོམ་པ་ཡབ་བཀའ་ཡུམ་བཀའ་དང་། ནཱ་རོ་ཆོས་དྲུག་སོགས་ཀྱི་ཐོག་ནས་མི་འདྲ་བ་ཞིག་ཡོང་བ་དང་། བཀའ་བརྒྱུད་ནང་གསེས་ལ་ཆ་མཚོན་ནའང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མི་འདྲ་བ་རེ་སླེབས་ཡོང་གིན་ཡོད།
རྙིང་མ་ལ་ཆ་མཚོན་ན། ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བརྗོད་ན་གཅིག་པ་ཡིན་ནའང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་སོགས་ནི་གོ་བ་ཧ་ཅང་ཟབ་པོ་ཡོད། འོན་ཀྱང་གཞུང་སོ་སོའི་ཐོག་ནས་མཧཱ་ཡོ་ག་ཡིན་ཚེ། སྒྲུབ་པ་བཀའ་བརྒྱད་སོ་སོར་གནང་བ་ལྟ་བུ་དང་། ལྷག་པར་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་ལས་ཉེ་བརྒྱུད་གཏེར་མ་ཞེས་བརྗོད་སྐབས། གཏེར་ཆོས་ལའང་བྱང་གཏེར་སོགས་ཉང་གི་ཆོས་འཁོར་དང་། གུ་རུ་ཆོས་དབང་སོགས་གཏེར་སྟོན་སོ་སོས་མཛད་པའི་གཏེར་ཆོས་ལ་ནང་གསེས་ཀྱི་དབྱེ་བ་ཧ་ཅང་མང་པོ་ཞིག་ཡོད། དེ་དག་ཚང་མའི་ཁུངས་ཡར་གཏུགས་ན་སློབ་དཔོན་རིན་པོ་ཆེ་ཡིན་ལ། སློབ་དཔོན་རིན་པོ་ཆེ་ནི་གཏེར་ཆོས་ཀྱི་སྐོར་གཙོ་བོ་ཡིན། མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་དང་། དེ་བཞིན་དབུ་མའི་གཞུང་ལུགས་ལ་ཆ་མཚོན་ན། སྔ་འགྱུར་རྙིང་མའི་ལུགས་ལ་ཕལ་ཆེར་མཁན་ཆེན་ཞི་འཚོའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་པ་གཙོ་བོར་གནང་བཞིན་ཡོད། དུས་ཕྱིས་སུ་འཇམ་དབྱངས་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་སོགས་ནི་དབུ་མ་ཐལ་འགྱུར་པའི་གཞུང་གཙོ་བོར་གནང་ནས་གསུང་གིན་འདུག །
མདོར་ན། རྩ་བའི་གཞུང་ལུགས་རྣམས་ཁུངས་གཏུགས་ན། ས་དགེ་བཀའ་རྙིང་མི་འདྲ་བ་ཐོན་ས་དེ་ཕལ་ཆེར་རྒྱུད་སྡེའི་ནང་ནས་མི་འདྲ་བ་ཐོན་ཡོང་གིན་ཡོད་པ་ལས། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཁུངས་གཏུགས་སྐབས། ཚང་མ་གཅིག་གྱུར་ཡིན་སྟབས། འདིའང་གནད་འགག་ཆེན་པོ་ཞིག་ཏུ་མཐོང་། བོད་ཀྱི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན་པ་ཤེས་ལ། བོད་པ་ནང་ཁུལ་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱང་རྩ་བའི་གཞུང་ལ་གཏུགས་ན་ཚང་མ་གཅིག་གྱུར་གྱི་ཐོག་ཏུ་འགྲོ་བཞིན་ཡོད། དེ་དག་ལ་གནད་འགག་ཆེན་པོ་འདུག་པས། ངོས་ནས་པཎ་གྲུབ་བཅུ་བདུན་ཞེས་ལོགས་སུ་ཕྱེ་ནས་བརྗོད་དགོས་དོན་འདི་ལྟར་ཡིན།
དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གཉིས་ཡོད་པ་ལས། དང་པོ་ནུབ་ཕྱོགས་པ་ཁག་ཅིག་གིས་བོད་ཀྱི་ཆོས་བརྒྱུད་དེ་དག་རང་བཟོ་བྱས་པའི་བླ་མའི་ཆོས་ལུགས་རེད་ཅེས་ཟེར་བ་ལྟར་མིན་པ་གསལ་སྟོན་བྱ་ཆེད་དང་། གཉིས་པ། བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་ཁག་ཕན་ཚུན་བར་ཕྱོགས་རིས་མེད་པར་ཕན་ཚུན་གུས་བརྩི་དང་། ཆོས་བརྒྱུད་ཚང་མ་ཞི་མཐུན་མཉམ་གནས་ཡོང་བ་བྱ་རྒྱུ་བཅས་ཀྱི་དགོས་པ་དང་དགེ་མཚན་ཆེན་པོ་གཉིས་ཡོད།
དེ་མིན་གོང་ཞུས་ལྟར་བོད་ཀྱི་ཆོས་བརྒྱུད་ཚང་མ་རྒྱ་གར་གྱི་མཁས་པ་རྣམས་ལ་ཁུངས་གཏུགས་པ་ཞིག་ཡིན་པར་མ་ཟད། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པ་ལ་གཏུགས་པ་དང་། རྒྱ་གར་གྱི་གྲུབ་ཆེན་སོ་སོར་གཏུགས་པ་ཤ་སྟག་ཡིན། དེར་བརྟེན་སྐབས་བབ་བོད་གངས་ཅན་ལྗོངས་ལ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་པ་ཞེས་བརྗོད་ན་ཧ་ལམ་ཕྱི་ནང་གི་ཁྱད་པར་རྩོད་པ་ལྟར་དང་། གསར་མ་དགེ་ལུགས་པ་ལྟ་བུས་བལྟས་ན། ཁོ་རྙིང་མ་རེད་ཅེས་ཕར་ཙམ་དེར་འཇོག་པ་དང་། སྔ་འགྱུར་རྙིང་མའི་ཕྱོགས་ནས་ཁོ་དགེ་ལུགས་པ་རེད། ཉམས་ལེན་དེ་ཙམ་ཨེ་ཡོད་ཅེས་བརྗོད་པ་ལྟ་བུ་ཡོང་གིན་ཡོད། དེས་ན་ང་རང་ཚོ་ཆོས་ལུགས་ཕན་ཚུན་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན།
མཐུན་ལམ་ཞེས་པ་དེ་ཆབ་སྲིད་ཀྱི་དགོས་མཁོའི་ཆ་ནས་མཐུན་ལམ་བྱེད་དགོས་ཞེས་རྗོད་ཀྱི་མེད། ཆོས་ཕྱོགས་ནས་བརྗོད་ཀྱང་མཐུན་པོ་བྱེད་དགོས། དེ་ཡང་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཡིན་ལ། དཔལ་ནཱ་ལེནྡྲའི་མཁས་པ་ནས་བརྒྱུད་པ་གཅིག་པ་དང་། ཚང་མ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བ་གཅིག་པ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཡིན་པ་གཅིག་པ། ཚེ་གཅིག་ལུས་གཅིག་ལ་སྒོ་གསུམ་གྱིས་ཚོགས་བསག་ཐུབ་ན་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་གཅིག་གྱུར་ཡིན་པས་མི་མཐུན་པའི་རྒྱུ་མཚན་གང་ཡང་མེད། དེར་བརྟེན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་དང་། རིས་མེད་ཀྱིས་འདོན་རྒྱུའི་ཆེད་ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་བཅས་འབྲི་རྩོམ་བྱེད་དགོས་པའི་རྒྱུ་མཚན་འདི་ལྟར་རེད། དེ་ལྟར་ང་རང་ཚོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་ས་དགེ་བཀའ་རྙིང་ཚང་མ་ནང་པ་གཅིག་གྱུར་ཡིན།
གཡུང་དྲུང་བོན་གྱི་བསྟན་པ་ནི་གནས་ཚུལ་ཐ་དད་རེད། དེང་སྐབས་ཀྱི་བོན་པོ་རྣམས་ནི་ནང་ཆོས་དང་འདྲ་མཚུངས་ལྟ་བུ་མང་པོ་ཞིག་ཡོད་སྟབས་བཤད་ས་དང་དབྱེ་བ་འབྱེད་ས་ལྷག་མེད། འོན་ཀྱང་གནའ་སྔ་མོའི་བོན་གྱི་འབྱུང་ཁུངས་ལ་བརྩིས་ན་གཡུང་དྲུང་བོན་ནི། བོད་གངས་ཅན་གྱི་ལྗོངས་སུ་ནང་ཆོས་མ་དར་བའི་གོང་རོལ་ནས་ཡོད་ལ། ནང་ཆོས་བོད་ལ་ཐོག་མར་དར་སྐབས་བོན་པོའི་ཕྱོགས་ནས་དགག་པ་དང་མི་འདོད་པ་ཡང་བྱུང་ཡོད། དེར་བརྟེན་གལ་ཏེ་བོན་པོ་ནང་པ་ཡིན་ན་བོད་ལ་ནང་པ་གསར་དུ་དར་མི་དགོས་པར་བོན་ཆོས་ཐོག་མ་ནས་བོད་ལ་ཡོད་མུས་ཡིན། དེར་བརྟེན་སྔར་གྱི་བྱུང་རབས་ལོ་རྒྱུས་ལ་བལྟས་ན་བོན་པོ་དང་ནང་པ་ཐ་དད་སོ་སོ་རེད། འོན་ཀྱང་སྔར་ནས་བོན་ཆོས་ཐོག་ནས་ལྷ་ཀླུ་གཞི་བདག་གསོལ་མཆོད་བྱེད་ཀྱིན་ཡོད་སྟབས། ད་ལྟའང་དེ་འདྲའི་ཐོག་ནས་གསོལ་ན་ཕན་ཐོགས་ཡོད། དེ་བཞིན་བོན་ཆོས་ནང་ཕྱྭ་གཡང་འགུག་པ་དང་། གཏོ་བཅོས་བྱེད་པ་སོགས་ནི་གནོད་སྐྱོན་གང་ཡང་མེད། དེ་བཞིན་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་པ་དེ་རིགས་བོན་པོའི་གཞུང་ཡིན་འདུག །ནང་པས་ཀྱང་འདི་དག་འདོན་བཞིན་ཡོད།
དེ་བཞིན་ནང་པས་ལྷ་བསང་གཏོང་སྐབས། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་པ་འདི་ཕལ་ཆེར་བོན་པོའི་ལུགས་སྲོལ་ཡིན་པ་ལས། དཔལ་ནཱ་ལེནྡྲའི་ལུགས་སྲོལ་མིན། འོན་ཀྱང་སྐྱོན་མི་འདུག །དེར་བརྟེན་ང་ཚོ་ནང་པས་འདི་དག་མུ་མཐུད་ནས་བྱེད་བཞིན་ཡོད། དེ་ལྟར་བསང་གསོལ་བྱེད་པ་འདི་བོད་ཀྱི་ཆོས་ངོ་མ་རེད་ཅེས་བརྗོད་ན་གད་མོ་ཤོར་བའི་གནས་ཡིན་ལ། དེ་བཞིན་དར་ལྕོག་འཛུགས་སྲོལ་འདི་ཡང་ནཱ་ལེནྡྲའི་ལུགས་སྲོལ་རེད་ཅེས་བརྗོད་ན་ཕལ་ཆེར་གད་མོ་ཤོར་བའི་གནས་ལས་མ་འདས། དེས་ན་བོན་པོ་ནི་གནས་ཚུལ་ཐ་དད་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དེང་སྐབས་བོན་པོའི་སྨན་རིའི་དགོན་པར་ཆ་མཚོན་ན། དབུ་མ་འཇུག་པ་དང་། ཚད་མའི་གཞུང་ལ་སློབ་གཉེར་གནང་བཞིན་ཡོད་པས་དཔལ་ནཱ་ལེནྡྲའི་གཞུང་ལུགས་རྣམས་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་སྤྱི་པའི་གཞུང་ལུགས་སུ་གྱུར་ཡོད།
གཞན་ཡང་མགོན་པོ་གང་གི་ལམ་སྟོན་བཀའ་སློབ་ལས་[18]ཀྱང་། ནང་པའི་ཆོས་ཀྱི་ཐོག་མ་དེ་སྔ་འགྱུར་རྙིང་མ་ཡིན་ཅིང་། བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་མེས་པོ་དམ་པ་ནི་སྔ་འགྱུར་ཡིན། དེ་ཡང་མཁན་སློབ་ཆོས་གསུམ་ནས་དབུ་བརྙེས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི་སྦྱིན་བདག་ཡིན་ལ། ཁོང་ཉིད་ཧ་ཅང་མཁས་པའང་ཡིན་པ་འདྲ། རྗེ་བདག་ཉིད་ཆེན་པོས་མཛད་པའི་ལེགས་བཤད་གསེར་ཕྲེང་ལས[19]། ད་ལྟ་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པ་བམ་པོ་ཉེར་དགུར་བྱས་པ་ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེས་བསྒྱུར་བ་དང་། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འགྱུར་བྱང་མེད་པ་སྔ་མ་ལས་ཉིས་འགྱུར་གྱིས་གླེགས་བམ་རྒྱས་པ་གཅིག་དང་གཉིས་སྣང་ཞིང་། སྔ་མ་ལ་དཀར་ཆག་འཕང་ཐང་མར་བམ་པོ་ཉེར་བདུན་ཞེས་འབྱུང་ཡང་ཉེར་དགུར་ཁོ་རང་ལས་འབྱུང་ངོ་། །ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཞིབ་ཕྲ་ཇི་ལྟར་ཡོད་མེད་མི་ཤེས་ཀྱང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཆབ་སྲིད་ཀྱི་དཔོན་པོ་རྐྱང་པ་ལྟ་བུ་ཞིག་མིན་པར་ནང་ཆོས་ལའང་ཐུགས་སྣང་ཆེན་པོ་ཡོད་པ་ཞིག་ཡིན་འདུག །
མདོར་ན་ཆོས་རྒྱལ་གྱིས་སྦྱིན་བདག་མཛད་ཅིང་། མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་རྒྱ་གར་འཕགས་ཡུལ་ནས་བོད་དུ་གདན་ཞུ་གནང་བ་ལྟར་ཕེབས་ཏེ། མཁན་ཆེན་ཞི་བ་འཚོས་འདུལ་བའི་བསླབ་པ་སྩལ་པ་ནས་བཟུང་སྟེ་དབུ་ཚད་ཀྱི་གཞུང་ལུགས་སློབ་ཁྲིད་མཛད་པ་སོགས་བསྟན་པ་སྤྱིའི་འགན་ཁུར་བཞེས་པ་ཧ་ཅང་གསལ་པོ་ཡིན། མཁན་ཆེན་ཞི་བ་འཚོ་ཞེ་ས་མ་ཞུས་ན། མིག་རྒྱང་རིང་པོར་གཟིགས་མཁན་ཞིག་ཡིན་པར་མ་ཟད། ཁོང་གིས་རྒྱ་གར་སྐད་ཐོག་བཞུགས་པའི་བཀའ་བསྟན་ཆ་ཚང་བོད་ཡིག་ཏུ་བསྒྱུར་ནས། ཁྱེད་རང་ཚོ་བོད་མིས་བོད་ཡིག་རང་གི་ཐོག་ནས་ནང་ཆོས་སློབ་སྦྱོང་བྱེད་དགོས་ཞེས་གསུངས་ཤིང་། ཆོས་རྒྱལ་དང་བཀའ་བསྡུར་གནང་ཡོད་ངེས་ལ་འདི་ལྟར་གཏན་འབེབས་མཛད་ཡོད། དཔེར་ན། སོག་ཡུལ་དུ་ནང་ཆོས་སློབ་གཉེར་སྐབས་བོད་ཡིག་གི་ཐོག་ནས་སློབ་བཞིན་ཡོད། དེ་བཞིན་བོད་དུའང་ཐོག་མར་ལེགས་སྦྱར་གྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་སྲོལ་བཏོད་ན་ཡོང་ངེས་མ་ཟད། མཁན་ཆེན་ཞི་འཚོ་རང་ཉིད་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་མི་དགོས་པར་ལེགས་སྦྱར་སྐད་ཀྱི་ཐོག་ནས་གསུངས་ན་མ་འགྲིགས་པ་མེད་ཀྱང་། བོད་ཀྱི་སྐད་ཡིག་ཐོག་བསྒྱུར་དགོས་ཞེས་མཁན་ཆེན་ཞི་འཚོས་གཟེངས་བསྟོད་དབུགས་དབྱུང་གནང་བ་ཧ་ཅང་གསལ་པོ་རེད། དེ་དག་ལ་བསམས་ཚེ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཀྱང་བོད་ཡིག་སྦྱངས་པ་གནང་ཡོད་ཟེར།
མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༠༠ བཞུགས་པ་དང་། དགུང་ལོ་ ༡༠༠༠ བཞུགས་པ་སོགས་གསུང་སྲོལ་མི་འདྲ་བ་ཡོད། སྔར་རྒྱ་གར་ལྷོ་ཕྱོགས་སུ་ལྡི་ལི་བོད་ཁང་ནས་གོ་སྒྲིག་བྱས་ཏེ་མཁན་ཆེན་ཞི་བ་འཚོའི་རྗེས་དྲན་ཚོགས་འདུ་ཞིག་ཚོགས་ཤིང་། སྐབས་དེར་རྒྱ་གར་བ་མ་ཐུར་ཞུ་བ་ཁོང་གིས་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་ ༧༥ ཡིན་ཅིང་། བོད་དུ་ལོ་ངོ་ཉི་ཤུ་རྩ་གྲངས་བཞུགས་པ་བཅས་དགུང་ལོ་ ༡༠༠ ཙམ་བཞུགས་པ་རེད། དེས་ན་བོད་པས་དགུང་ལོ་ ༡༠༠༠ བཞུགས་ཚུལ་བརྗོད་པ་ནི། བོད་པས་དགུང་ལོ་ ༡༠༠ ཐམ་པའི་ཐོག་ཀླད་ཀོར་ཞིག་བསྣན་ནས་ ༡༠༠༠ བཟོས་པ་ཞིག་ཡིན་ཚུལ་སྔར་ཨུ་པ་དྷེ་བས་བཤད་པ་རེད་ཅེས་བརྗོད་བྱུང་། མཁན་ཆེན་ཞི་འཚོ་དགུང་ལོ་ ༡༠༠༠ ཡས་མས་བཞུགས་པ་འདི་ཡང་ཧ་ཅང་ཁག་པོ་ཡིན། དེ་བཞིན་མགོན་པོ་ཀླུ་སྒྲུབ་དགུང་ལོ་ ༦༠༠ བཞུགས་པ་སོགས་ཀྱང་ཧ་ཅང་ཁག་པོ་རེད། མ་གཞི་འཆི་མེད་རིག་འཛིན་བརྙེས་པ་དང་། ས་མཐོན་པོར་ཕེབས་ཏེ། སྐུ་ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་རེད། འོན་ཀྱང་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཁོང་ཉིད་ཡོངས་གྲགས་སངས་རྒྱས་པ་ཞིག་ཡིན་ནའང་། དགུང་ལོ་བརྒྱད་ཅུ་གྱ་གཅིག་ཙམ་ལས་མ་བཞུགས་ཤིང་། དེའི་རྗེས་འབྲང་པ་དག་ཀྱང་འཇིག་རྟེན་ཀུན་དང་མཐུན་པ་ཞིག་གི་ཐོག་ནས་ཕེབས་ཡོད་ངེས། སྤྱིར་བཏང་དམིགས་བསལ་གྱི་གནས་ཚུལ་རེ་ཟུང་ཡོང་སྲིད་པ་ཡིན། ང་ཚོར་དག་སྣང་ཆེ་དྲགས་ན། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་། ཞེས་པའི་དཔེ་ལྟར་འགྱུར་གྱི་མེད་དམ་སྙམ། ང་རང་ཚོས་བསྟོད་ར་ཡིན་ཁུལ་དང་། དད་པ་ཆེ་མདོག་གིས་ཡོངས་གྲགས་དང་མི་མཐུན་པ་ཤུགས་ཆེར་བརྗོད་པ་དུ་མ་ཡོད།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་དབུར་ཨ་མི་དྷེ་ཝའི་དབུ་ཞིག་ཡོད་པ་དེར་ངོས་རང་ཐེ་ཚོམ་ཟ། ངེས་པ་དོན་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་། འོད་དཔག་མེད་ཀྱི་རིགས་བདག་ཡོད་པ་སོགས་ཏན་ཏན་ཡིན་ངེས་ལ། དངོས་སུ་སྲོང་བཙན་སྒམ་པོའི་དབུ་ལ་འོད་དཔག་མེད་ཀྱི་ཞལ་ཡོད་པ་དག་སྣང་ལ་ནི་ཏན་ཏན་ཡོང་ངེས། དཔེར་ན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སུ་བྱོན་པའི་གསེར་ཀོང་རྡོ་རྗེ་འཆང་ནི། བླ་མ་ཁྱད་དུ་འཕགས་པ་ཞིག་དང་། ཁོང་གིས་གསང་ཡུམ་ཕྱག་རྒྱ་མ་བཞེས་ཡོད། ཕྱག་རྒྱ་མ་དེ་ཡང་ཁོང་གི་དགེ་རྒན་ཁྲི་ངག་དབང་ནོར་བུས་ལུང་བསྟན་ཡོད་པ་ལྟ་བུ་ཞིག་སྟེ། ཁྲི་ངག་དབང་ནོར་བུ་འབྲས་སྤུངས་སུ་བཞུགས་ཤིང་། གསེར་ཀོང་རྡོ་རྗེ་འཆང་དགའ་ལྡན་པའི་བླ་མ་ཡིན་ལ། ལྷ་སར་བཞུགས་འཇགས་གནང་སྟེ་ཞོགས་པ་ནམ་མ་ལངས་གོང་ནས་འབྲས་སྤུངས་སུ་ཕེབས་ནས་ཁྲི་ངག་དབང་ནོར་བུའི་དྲུང་ནས་གསུང་ཆོས་ཞུ་བ་དང་། ཆུ་ལེན་གཙང་བཟོ་སོགས་ཚང་མ་གནང་བཞིན་ཡོད་འདུག །ཉིན་ཞིག་ལྷ་སའི་གནས་ཚང་དུ་གསེར་ཀོང་རྡོ་རྗེ་འཆང་ལ་བསླབ་སྐྱོན་བྱུང་བས། སང་ཉིན་དེར་འགྱོད་པ་ཤུགས་ཆེ་སྐྱེས་ཏེ་བཤུམ་བཞིན་དུ་ལྷ་ས་ནས་འབྲས་སྤུངས་སུ་ཕེབས་ཤིང་། ཁྲི་ངག་དབང་ནོར་བུའི་དྲུང་དུ་སླེབས་མ་ཐག་བརྐྱངས་ཕྱག་འཚལ་ནས་བཤགས་པ་འབུལ་སྐབས་ཁྲི་ངག་དབང་ནོར་བུས་མཆོད་པ་བསྒྲིགས་ནས། ཁྱེད་རང་དུས་ལ་བབ་ཡོད། ཁྱེད་རང་འགྲིགས་པ་རེད་ཅེས་བཀའ་གནང་། ཁོང་ཉིད་ལ་མངོན་མཁྱེན་ཡོད་འདུག །མདོར་ན། དེ་ལྟ་བུའི་བླ་མ་ཚད་ལྡན་དེ་ཉིད་སྐུ་གོང་མ་མཇལ་བར་ཕེབས་སྐབས་ཤིག་ལ༸རྒྱལ་བ་སྐུ་གོང་མ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་ཞིག་ཏུ་ཞལ་གཟིགས་ནས་ཇ་ཡུན་གཅིག་ཙམ་བཞུགས་ཡོད་འདུག །དེའི་རིང་སེམས་ཉིད་ངལ་གསོ་དེ་ཉིད་ལས་དབང་བཞི་བྱིན་རླབས་ཀྱི་དག་སྣང་ཧ་ཅང་གསལ་པོ་ཞིག་བྱུང་བ་དང་། དེ་ལྟར་གསེར་ཀོང་རྡོ་རྗེ་འཆང་ཁོང་ཉིད་མཇལ་ཁ་གྲུབ་ནས་མར་ཕེབས་སྐབས་ཧ་ཅང་ཤུགས་ཆེར་བཤུམ་གྱིན་འདུག་ཟེར། བླ་མ་དེ་ཉིད་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །འོན་ཀྱང་སྐུ་ཚེ་འདིར་སྐུ་ཧ་ཅང་མཉེལ་པོ་ཞིག་ཡོང་བར་འདུག །ཅེས་གསུངས་འདུག །གསེར་ཀོང་རྡོ་རྗེ་འཆང་ཁོང་ཐུན་མོང་མ་ཡིན་པའི་རྟོགས་པ་མཐོན་པོ་ཡིན་སྟབས། ཡུལ་རྟེན་གཉིས་ཕྲད་སྐབས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོར་གཟིགས་ཀྱང་། མི་ཚང་མས་སྐུ་གོང་མ་སེམས་ཉིད་ངལ་གསོར་མཇལ་མི་ནུས།
དེས་ན་སྲོང་བཙན་སྒམ་པོའི་དབུ་སྟེང་གི་འོད་དཔག་མེད་ཀྱི་སྣང་བརྙན་དེ་ཡང་དེ་ལྟ་བུ་ཞིག་ཡིན་ངེས་ལས། ཡོངས་གྲགས་ལྟར་དབུ་སྟེང་དུ་ཤ་རྡོག་སྐྱེས་པ་ལྟ་བུ་ཞིག་ཡིན་ན། འོད་དཔག་མེད་དེས་གསུང་འབྱོན་མིན་དང་། ལྗགས་དང་མགུལ་མིད་ཇི་ལྟ་བུ་ཞིག་ཡོད་པ་དང་། ལྷག་པར་སྲོང་བཙན་སྒམ་པོའི་ཀླད་པའི་དཀྱིལ་དབུས་ན་འོད་དཔག་མེད་ཀྱི་མིད་པ་ཡོད་པ་དེ་ལྟར་ཨེ་ཡིན། དེ་ལྟར་ངོས་རང་ཐེ་ཚོམ་མང་དུ་ཟ་བས། དེ་རིགས་ང་ཚོས་དག་སྣང་ཤུགས་ཆེ་བྱས་ཏེ་སྐྱབས་སུ་མཆིའོ། །ཟེར་བ་དང་། ད་དུང་འོད་དཔག་མེད་དེ་ལས་རྫིག་ཙམ་ཡོད་ན་དད་པ་ཆེ་རུ་འགྲོ་བ་ལྟ་བུ་བསམ་བློར་འཁོར་ཉེན་ཡོད། ང་ཚོར་གླེན་པའི་དག་སྣང་ཆེ་དྲགས་ན་ཡག་པོ་མེད་སྙམ། ངོས་ནས་སྲོང་བཙན་སྒམ་པོར་མ་གུས་པ་བྱས་པ་མིན་པར། དངོས་ཡོད་གནས་ཚུལ་དང་བསྟུན་ནས་འགྲོ་དགོས་པ་དེ་གལ་གནད་ཆེན་པོ་ཡིན། དེ་ལྟར་བྱས་ན་སྲོང་བཙན་སྒམ་པོ་དགུང་ལོ་སུམ་ཅུ་སོ་གྲངས་ཙམ་ལ་བཞུགས་པ་དང་། དགུང་ལོ་བརྒྱད་ཅུ་གྱ་གྲངས་ལ་བཞུགས་པ་གང་ཡིན་ལའང་ཕལ་ཆེར་ལན་ཐེབས་ཀྱི་རེད་སྙམ། དག་སྣང་ལ་སྐུ་ཚེ་ཡུན་རིང་བཞུགས་པ་ལྟ་བུ་ཡོད། དེ་བཞིན་སྲོང་བཙན་སྒམ་པོ་སྐུ་གཤེགས་སྐབས་རང་བྱུང་ལྔ་ལྡན་གྱི་ཐུགས་ཀར་ཐིམ་པའི་གསུང་སྲོལ་གཅིག་དང་། ཡང་སྐུ་གཤེགས་ནས་སྐུ་ཕུང་འཕྱོངས་རྒྱས་བཙན་པོའི་བང་སོའི་ནང་ཡོད་པ་གཉིས་ཀ་ཡོང་ཆོག་པ་ཞིག་ཡིན། དེ་ཡང་དག་སྣང་གི་ངོར་རང་བྱུང་ལྔ་ལྡན་གྱི་ཐུགས་ཀར་ཐིམ་པ་དང་། ཐུན་མོང་གདུལ་བྱའི་སྣང་ངོར་སྐུ་གདུང་འཕྱོངས་རྒྱས་སུ་ཡོད་པ་བཅས་ཡོང་ཆོག་པ་ཡིན།
དེས་ན་ངོས་ནས་མཁན་ཆེན་ཞི་བ་འཚོའི་རྣམ་ཐར་ངོ་སྤྲོད་ཞུ་རྒྱུ་དང་། ཁོང་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །སློབ་དཔོན་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་བཀའ་བབས་ཀྱི་ལས་འགན་ལྟ་བུ་ནི། མི་དང་མི་མིན་གྱི་ནག་པོའི་ཕྱོགས་ཀྱི་མི་མཐུན་པའི་བགེགས་བར་ཆད་སེལ་བར་མཛད་ཅིང་། ལས་འགན་གཙོ་བོ་གཞན་ཞིག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དབུས་ཐུན་མོང་མ་ཡིན་པའི་གདུལ་བྱ་སྐལ་བ་དང་ལྡན་པ་ཉུང་ཤས་ཤིག་ལ་གསང་སྔགས་བླ་མེད་ཀྱི་བཀའ་བརྒྱད་ལ་སོགས་པའི་དབང་ལུང་ཁྲིད་གསུམ་གནང་བ་སོགས་མཛད། འདི་ལྟར་བྱས་ཏེ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་བྱུང་བས། མཁན་ཆེན་ཞི་བ་འཚོ་ཡོངས་གྲགས་དབུ་མ་རང་རྒྱུད་པ་སྟེ། ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་ཤིང་། ཕྱི་དོན་ཞལ་གྱིས་མི་བཞེས་པས་ན་སྔ་འགྱུར་རང་གི་རང་ལུགས་ལ། འགའ་ཞིག་གིས་བརྗོད་པ་ལྟར་ན། རང་རྒྱུད་པའི་ལྟ་བ་གཙོ་བོ་ཡིན་པར་གསུངས་ཤིང་། རོང་ཟོམ་པཎྜི་ཏ་ཡང་རང་རྒྱུད་པའི་ལྟ་བ་གཙོ་བོར་གནང་གིན་ཡོད་ཚུལ་གསུང་མཁན་འདུག །འོན་ཀྱང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ནང་ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེས་པ་སྟེ། དཔལ་ལྡན་ཟླ་བ་གྲགས་པའི་བཞེད་པ་གཙོ་བོ་ཡིན་པ་ཧ་ཅང་གསལ་པོ་ཡོད། དེ་བཞིན་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་ལྟ་བ་ཟླ་བ་གྲགས་པའི་བཞེད་པ་གཙོ་བོར་གནང་བ་ཧ་ཅང་གསལ་པོ་རེད། དེས་ན་སྔ་འགྱུར་རྙིང་མའི་ལྟ་བའི་ཕྱོགས་ནས་བརྗོད་ན། དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཉིད་གཙོ་བོར་གནང་གིན་ཡོད་པ་ཧ་ཅང་གསལ་པོ་རེད་འདུག །དེ་དག་ནི་སྔ་འགྱུར་རྙིང་མའི་སྐོར་དེ་ཡིན། མཁན་ཆེན་ཞི་བ་འཚོ་དཔལ་ནཱ་ལེནྡྲ་ནས་ཕེབས་པར་རྩོད་པ་གཏན་ནས་མེད། དེས་ན་སྔ་འགྱུར་རྙིང་མའི་ཁུངས་གཏུག་ས་དཔལ་ནཱ་ལེནྡྲ་ཡིན།
དེ་ནས་གསར་མའི་སྐབས་ནས་ཐོག་མར་ཇོ་བོ་བཀའ་གདམས་པ་ནི། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ནས་བརྒྱུད་དེ་བྱུང་བ་ཞིག་དང་། ཁོང་ཉིད་རྒྱ་གར་ནས་ཕེབས་ཤིང་། སྐུ་ཚེ་སྟོད་ལ་རྒྱ་གར་ནཱ་ལེནྡྲར་སློབ་གཉེར་གནང་བ་དང་། སྐུ་ཚེ་སྨད་ལ་བི་ཀྲ་མ་ཤཱི་ལར་བསྟན་པའི་བྱ་བ་གཙོ་བོར་བསྐྱངས་ནས་བཞུགས་པ་ཞིག་ཡིན། བཀའ་གདམས་པར་ཆ་མཚོན་ནའང་། ཇོ་བོ་རྗེ་ཕྱིས་སུ་ནཱ་ལེནྡྲར་བཞུགས་མེད་ཀྱང་། ཁོང་གིས་འཆད་ཉན་གནང་བ་རྣམས་ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་དེ་དག་ཡིན་པ་ལས་དེ་ལས་ལོགས་སུ་གྱུར་པ་ཞིག་མེད།
དེ་ནས་དཔལ་ལྡན་ས་སྐྱ་པ་ནི། ས་ཆེན་ཀུན་དགའ་སྙིང་པོའི་གདམས་ངག་གི་ཁུངས་གཏུག་ས་གྲུབ་ཆེན་བིར་ཝ་པ་ཡིན་ཅིང་། གྲུབ་ཆེན་བིར་ཝ་པ་ནི། གོང་ཞུས་ལྟར་གནས་བརྟན་ཆོས་སྐྱོང་ཞེས་དཔལ་ནཱ་ལེནྡྲའི་མཁས་པ་ཡིན། ཁོང་གི་སྐུ་ཚེ་སྟོད་ལ་སེམས་ཙམ་པའི་ལྟ་བ་ཞལ་གྱིས་བཞེས་མཁན་ཞིག་ཡིན། དེ་ཡང་སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་དབུ་མ་བཞི་བརྒྱ་པ་གནས་བརྟན་ཆོས་སྐྱོང་གིས་སེམས་ཙམ་ལུགས་སུ་བཀྲལ་ཡོད། དེས་ན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་བཤད་པ་ལས[20]། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཐུགས་དགོངས་མི་ཤེས་ཤིང་། དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པར་ཡི་གེ་ཙམ་ངེས་པས་འཇིགས་པར་འགྱུར་བ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པས། དེའི་ཕྱིར་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ།
ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །
སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །
ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་བྱེ་བའི་ཆུས། །
ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །
གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་ལྟར། གནས་བརྟན་ཆོས་སྐྱོང་གིས་ཐ་སྙད་དུ་ཡང་རང་མཚན་མི་བཞེད་པའི་དབུ་མའི་ལྟ་བ་དེ་ཞལ་གྱིས་མི་བཞེས་པ་འཇུག་པ་རང་འགྲེལ་ནང་ཐོན། དེ་ནི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཡིན་ཅིང་། སྐུ་ཚེ་སྨད་ལ་གསང་སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྟོགས་པ་མཐོན་པོར་ཕེབས་པ་ཡོངས་གྲགས་རེད།
དེ་ལྟར་རྟོགས་པ་མཐོན་པོར་ཕེབས་སྐབས། དགེ་ལུགས་པའི་གཞུང་ནང་གསལ་བ་ལྟར། སེམས་ཙམ་པའི་ལྟ་བ་དང་། བདེ་ཆེན་ལྷན་ཅིག་སྐྱེས་པ་སྦྱར་ནས་བདེ་སྟོང་ཟུང་འཇུག་བྱེད་པ་ཡོད་ཅིང་། གང་ཟག་གི་བདག་མེད་རགས་པ་དང་བདེ་བ་ཆེན་པོ་སྦྱར་ནས་བདེ་སྟོང་ཟུང་འཇུག་ཡོང་མི་ཐུབ། མདོར་ན། དབུ་སེམས་གང་རུང་གི་ལྟ་བ་དང་འབྲེལ་བའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་སྐྱོང་བ་ཞིག་ཡོང་གིན་ཡོད། འོན་ཀྱང་དེ་ལྟ་བུའི་སེམས་ཙམ་པའི་ལྟ་བ་ཞལ་གྱིས་བཞེས་མཁན་གྱི་རྣལ་འབྱོར་པ་དེ་ཉིད་བདེ་སྟོང་གི་ཏིང་ངེ་འཛིན་ལ་བརྟེན་ནས་རིམ་བཞིན་རྫོགས་རིམ་གྱི་རྟོགས་པ་ཇེ་མཐོར་ཕྱིན་ཏེ། རགས་པའི་རླུང་སེམས་ཐིམ་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་ཉམས་མྱོང་སྐྱེས་སྐབས། ཉམས་མྱོང་གི་སྟེང་ནས་དབུ་མ་པའི་ལྟ་བར་འཕོས་པ་རེད་ཅེས་གསུང་སྲོལ་ཡོད། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་གཅིག་གི་ནང་དུ་སེམས་དབེན་གྱི་མཚམས་ནས་རྟོགས་པ་འཕོ་ཚུལ་གསུངས་པ་ཞིག་འདུག་སྙམ། དེ་ནི་ལོ་མང་གོང་མཐོང་བ་ཞིག་ཡིན་ཅིང་། ཕྱིས་སུ་དོ་སྣང་དང་བལྟ་རྒྱུ་གང་ཡང་མ་བྱུང་།
དེ་བཞིན་རྫོགས་ཆེན་གྱི་གཞུང་ལུགས་དཔེར་ན། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གསུང་ནང་། འཁོར་འདས་ཐམས་ཅད་གཉུག་སེམས་རིག་པ་ཀུན་ཏུ་བཟང་པོའི་རོལ་པའམ་དེའི་རྩལ་ལས་ཤར་བའི་ཉམས་མྱོང་གི་སྟེང་ནས་ངོ་སྤྲོད་བྱེད་མཁན་ཞིག་བྱུང་ན། ཐལ་འགྱུར་བའི་ལུགས་ཀྱི་མིང་རྐྱང་བཏགས་ཡོད་ཙམ་མིན་པར། རང་བཞིན་གྱིས་སྟོང་པ་དེ་རང་ཤུགས་ཀྱིས་གོ་ཐུབ་པ་ཡིན་ཞེས་གསུངས་པ་དེ་ཧ་ཅང་འདྲ་པོ་འདུག །དཔེར་ན། མིག་ལོང་བ་ཞིག་གི་མིག་སྒྲིབ་བྱེད་དེ་མིག་ཐུར་གྱིས་བསལ་ན། མིག་སྒྲིབ་བྱེད་དེ་བསལ་བ་ཙམ་གྱིས་གཟུགས་བརྙན་རང་ཤུགས་སུ་མཐོང་ཡོང་བ་ལས། མིག་སྒྲིབ་བྱེད་བསལ་རྗེས་གཟུགས་བརྙན་གསར་དུ་བསྟན་དགོས་དོན་མེད་ཅེས་སྒྲིབ་བྱེད་བསལ་ན་ཡུལ་རང་ཤུགས་ཀྱིས་རིག་པ་ལྟར། གཉུག་མའི་ཡེ་ཤེས་ངོ་འཕྲོད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་རོལ་པ་ཡིན་པར་གོ་བ་སླེབས་སྐབས་ཆོས་ཐམས་ཅད་དོན་གྱི་ངོས་ནས་གྲུབ་པ་མིན་པར་མིང་རྐྱང་བཏགས་ཡོད་ཙམ་ཞིག་ཡིན་པ་དེ་རང་ཤུགས་ཀྱིས་གོ་ཡོང་གི་རེད་ཅེས་གསུངས་པ་དེ་དང་། དགེ་ལྡན་པའི་གཞུང་དུ་གསུངས་པ་གཉིས་གནད་གཅིག་པ་ལྟ་བུར་མཐོང་།
དེ་ལྟར་དཔལ་ས་སྐྱ་པར་ཆ་མཚོན་ན། དཔལ་ནཱ་ལེནྡྲར་ཁུངས་གཏུགས་པ་ཞིག་དང་། མདོར་ན། དབུ་མ་ཐལ་འགྱུར་བའི་ལུགས་ཏེ། ས་སྐྱ་པའི་རང་གཞུང་ནང་གསུངས་པ་ཆ་ཚང་ངོས་ནས་མི་ཤེས་ཀྱང་། གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན། གསལ་སྟོང་ཟུང་འཇུག །ཟུང་འཇུག་བརྗོད་བྲལ་ཞེས་གསུང་སྐབས། སེམས་ཙམ་པའི་ལྟ་བ་དང་། མཐར་དབུ་མ་པའི་ལྟ་བ། མཐར་ཐུག་མཐའ་ཐམས་ཅད་དང་བྲལ་བའི་བརྗོད་བྲལ་གྱི་ལྟ་བ་གཏན་ལ་འབེབས་པ་བཅས། མདོར་ན་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཉིད་ཀྱི་ཐོག་ཏུ་ཡོད་པ་ཧ་ཅང་གསལ་པོ་རེད།
དེ་ནས་བཀའ་བརྒྱུད་པ་ནི། མར་མི་དྭགས་གསུམ་ལས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེ་ནི། བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་གཙུག་ཏུ་བཀུར་བ་ཞིག་ཡིན་ལ། ཁོང་གི་བླ་མ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཡིན་ཅིང་། མར་པ་ལོ་ཙཱ་བར་བླ་མ་མང་དུ་ཡོད་པའི་ནང་ནས་གཙོ་བོ་གཅིག་ནི་ནཱ་རོ་པ་ཡིན། ནཱ་རོ་པ་ནི་དཔལ་ནཱ་ལེནྡྲའི་པཎྜི་ཏ་ཡིན་པ་ཡོངས་གྲགས་ལྟར་དང་། མར་པས་ལྟ་བའི་སྒྲོ་འདོགས་གཅོད་ས་ནི། རྗེ་མཻ་ཏྲི་པ་ལ་ཁུངས་གཙོ་བོར་གཏུགས་པ་གནང་ཡོད། མཻ་ཏྲི་པའི་གསུང་དེ་ཁོ་ན་ཉིད་ལ་འཇུག་པའི་ནང་དུ་བླ་མའི་མན་ངག་དང་བྲལ་ན་དབུ་མ་ཡང་འབྲིང་པོ་ཙམ་ཡིན་ཞེས་གསུངས་ཡོད། བླ་མའི་མན་ངག་ཅེས་པ་དེ་ཡང་། དེའི་འགྲེལ་པ་ཞིག་གི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པར་སྦྱར་ནས། དཔལ་ལྡན་ཟླ་བའི་མན་ངག་དང་བྲལ་ན་དབུ་མ་དེ་ཡང་འབྲིང་པོ་ཙམ་ཞིག་ལས་མི་ཡོང་བ་ཡིན། ཞེས་གསུངས་ཡོད། དེས་ན་མཻ་ཏྲི་པའི་ལྟ་བ་དེ་ཕྱག་ཆེན་པོའི་ཁུངས་གཏུག་ས་ཞིག་ཡིན་ལ། མཻ་ཏྲི་པའི་ལྟ་བ་དེ་ཡང་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་པ་ཧ་ཅང་གསལ་པོ་རེད་འདུག །རྗེ་བཙུན་མི་ལས་བསླབ་པ་སློབ་གཉེར་རྒྱ་ཆེན་པོ་གནང་མེད། འོན་ཀྱང་མི་ལའི་མགུར་འབུམ་ལས[21]།
དོན་དམ་བདེན་པའི་དབང་བྱས་ན། །བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །
སྒོམ་པ་པོ་དང་བསྒོམ་བྱ་དང༌། །བགྲོད་བྱ་ས་དང་ལམ་རྟགས་མེད། །
ཅེས་ཐག་བཅད་ནས་གསུངས་པས་ན། དགག་བྱའི་དོན་དམ་ལ་སྦྱར་ནས། དོན་དམ་དེར་ཆོས་སྐུ་ཡང་མ་གྲུབ་ལ། ས་དང་ལམ་ཡང་མ་གྲུབ། འབྲས་བུ་ཡང་མ་གྲུབ་ཅེས་སྦྱར་ན་ཏག་ཏག་འགྲོ་བ་ཞིག་ཡོད། ཡང་གཞུང་འགའ་ཞིག་ཏུ་དེ་ནི་བློ་དོན་དམ་སྟེ་ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ཀྱི་དོན་དམ་ལ་སྦྱར་འདུག །ཨ་ཁུ་ཤེས་རབ་རྒྱ་མཚོའི་འཇིགས་བྱེད་ཀྱི་ཁྲིད་ཡིག་ནང་རྗེ་བཙུན་གྱི་མགུར་འབུམ་ལས་གསུངས་པ།
དོན་དམ་བདེན་པའི་དབང་བྱས་ན། །
ཞེས་གསུངས་པའི་དོན་དམ་དེ་བློ་དོན་དམ་ལ་སྦྱར་བ་ཡིན་པར་གསུངས། བཀའ་བརྒྱུད་ལ་ཆ་མཚོན་ན། ནཱ་རོ་པ་དང་མཻ་ཏྲི་པ་གཉིས་ཀ་ནཱ་ལེནྡྲའི་པཎ་གྲུབ་ཡིན། དེས་ན་སྔ་འགྱུར་རྙིང་མ་དང་། དཔལ་ལྡན་ས་སྐྱ། བཀའ་གདམས་རྙིང་མ། བཀའ་བརྒྱུད་པ་བཅས་ཐམས་ཅད་ནཱ་ལེནྡྲའི་མཁས་པར་གཏུགས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད་འདུག །
དེ་ནས་རི་བོ་དགེ་ལྡན་པ་ནི། རྗེ་ཙོང་ཁ་པ་ཆེན་པོས་རྒྱ་གར་གྱི་མཁས་པར་གཏུགས་པ་བྱུང་མེད། འོན་ཀྱང་རྗེ་བདག་ཉིད་ཆེན་པོའི་གསུང་མདོ་སྔགས་གང་གི་ཆ་ནས་ཀྱང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་གཙོ་བོར་གནང་བ་ཧ་ཅང་གསལ་པོ་ཡིན་ལ། རྒྱ་ཆེ་བའི་ཕྱོགས་རྣམས་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་དག་ལ་བརྟེན་པ་དེ་ཡང་ཤིན་ཏུ་གསལ། དེས་ན་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་དེ་དག་ཐམས་ཅད་དཔལ་ནཱ་ལེནྡྲའི་མཁས་པར་གཏུགས་ནས་དེ་དག་གི་བཞེད་རྒྱུན་ལས་བྱུང་བ་ཞིག་ཡིན།
དེ་དག་ཐེག་པའི་སྒོ་ནས་བརྩིས་ན། ཐམས་ཅད་ཐེག་པ་ཆེན་པོ་དང་། དེའི་ནང་ནས་ཀྱང་མདོ་སྔགས་ཟུང་འབྲེལ། མདོ་སྔགས་ཟུང་འབྲེལ་གྱི་ནང་ནས་ཀྱང་རྣལ་འབྱོར་བླ་མེད་ཀྱི་ཉམས་བཞེས་གཙོ་བོར་གནང་མཁན་ཤ་སྟག་ཡིན་ཅིང་། ལྟ་བའི་ཆ་ནས་བརྩིས་ནའང་། དབུ་མ་པའི་ལྟ་བ་དང་། དེའི་ནང་ནས་ཀྱང་ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མའི་ལྟ་བ་དེ་ཉིད་ཞལ་གྱིས་བཞེས་པ་གཅིག་གྱུར་ཡིན།
ད་ནི་བོད་གངས་ཅན་གྱི་ལྗོངས་ལ་དེ་སྔ་ལོ་རྒྱུས་ཀྱི་ནང་དུ་ཕྱག་སྲོལ་གཉིས་ཡོད་པ་སྟེ། རིས་མེད་ལ་ཐུགས་སྣང་གནང་མཁན་གྱི་ཕྱག་སྲོལ་གཅིག་དང་། རང་ཉིད་ཀྱི་རང་གཞུང་གང་ཞིག་ཡིན་ནའང་། རང་གཞུང་རྐྱང་པ་ལས་གཞན་ལ་འདྲེས་ལྷད་མི་གནང་མཁན་གྱི་ཕྱག་ལེན་གཅིག་བཅས་ས་དགེ་བཀའ་རྙིང་ཚང་མའི་ནང་ཕྱག་ལེན་དེ་དག་གཉིས་ཀ་གནང་མཁན་བྱུང་ཡོད། སྔར་ནས་རིས་མེད་གནང་མཁན་གྱི་ཕྱག་སྲོལ་ཡོད་པ་དེ་ཉིད་དེང་སྐབས་དངོས་ཡོད་གནས་ཚུལ་དང་འཚམ་ཞིང་། དངོས་ཡོད་གནས་ཚུལ་ལ་དགོས་མཁོ་ཡོད་པ་ཞིག་ཡིན།། །།
༣༽ ཐེག་པ་རྣམ་གསུམ་དང་། ཉམས་ལེན་གྱི་གོ་རིམ།
དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་བསམ་པའི་དབང་ལས། ཐེག་པ་ཆེ་ཆུང་གི་རྣམ་གཞག་བྱུང་བ་ལྟར། ང་ཚོ་མང་པོས་ཐེག་པ་ཆེན་པོ་དང་། ཐེག་པ་ཆུང་ངུ་ཞེས་བརྗོད་པ་དེས་ཁྱད་པར་ཆེན་པོ་ཡོད་པ་ལྟ་བུར་རྩི་བཞིན་འདུག་པ་ནི་རྩ་བ་ནས་ནོར་བ་ཞིག་ཡིན། གོང་ཞུས་ལྟར་པཱ་ལིའི་གཞུང་རྣམས་བཅོམ་ལྡན་འདས་ཀྱི་བཀའི་རྨང་གཞིར་གྱུར་ཡོད། དེ་གཞི་ལ་བཞག་པའི་ཐོག་ཏུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་ནས་གསུངས་པ་རྣམས་སྣོན་མ་བརྒྱབ་ནས་འགྲོ་དགོས་པ་ཞིག་ཡིན་པ་ལས། འབྲེལ་མེད་ཐ་དད་ཅིག་གཏན་ནས་མིན་པ་དེ་ཤེས་དགོས་པ་ཞིག་ཡིན། ངོས་ཀྱི་ངོ་ཤེས་ཤིག་ཡོད་པ་ཁོང་གི་ལུང་པའི་མིང་འདིར་བརྗོད་མི་དགོས་པའི་ཐོག །ང་ཚོ་ཆོས་ཚོགས་ཀྱི་ཚོགས་འདུའི་སྐབས་ཤིག་ལ་ཐའེ་ལན་ཌིའི་ནང་པའི་དབུ་ཁྲིད་ཀྱང་ཚོགས་ཕེབས་གནང་འདུག །གོ་སྒྲིག་གནང་མཁན་དེས་ཁོང་ཐའེ་ལན་ཌིའི་ཐེག་དམན་ཆོས་ཀྱི་དབུ་ཁྲིད་དང་། ཁོང་རང་ཐེག་ཆེན་གྱི་ཆོས་ཀྱི་དབུ་ཁྲིད་ཡིན། ངོས་རང་བཛྲ་ཡ་ནའི་ཆོས་ཀྱི་དབུ་ཁྲིད་རེད་ཅེས་ཚང་མ་འབྲེལ་མེད་ཐ་དད་ཡིན་པ་ལྟ་བུ་ཞིག་ཏུ་བརྩིས་ནས་འགྲེལ་བརྗོད་བྱས་སོང་། སྐབས་དེར་ཁོང་རང་ལ་གང་ཡང་ཞུས་མེད།
འོན་ཀྱང་ཤེས་པ་ཞིག་གིས་བལྟས་ཚེ་ཐོག་མར་པཱ་ལིའི་གཞུང་ནས་གསུངས་པའི་སྐྱ་བོ་དང་རབ་ཏུ་བྱུང་བའི་སོ་ཐར་གྱི་འདུལ་བའི་གཞུང་དེ་དག་དང་ཆབས་ཅིག་བྱང་ཕྱོགས་སོ་བདུན་གྱི་ལམ་ཉམས་ལེན་བྱ་རྒྱུ་དེ་དག་ཀྱང་ཆ་ཚང་ཡོད་པའི་ཐོག་ཏུ་སྟོང་ཉིད་ཀྱི་ལྟ་བ་ལའང་ཕྲ་རགས་མང་དུ་ཕྱེ་སྟེ། གང་ཟག་གི་བདག་མེད་ཙམ་མིན་པར་ཆོས་ཀྱི་བདག་མེད་དང་། ཆོས་ཀྱི་བདག་མེད་ལའང་མི་འདྲ་བ་ཡོད་པ་རྣམས་ཆ་ཚང་ཤེས་པར་བྱས། གཙོ་བོ་ནི་བདག་མེད་ཀྱི་ལྟ་བས་གྲོགས་བྱས་ཏེ་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་། དེ་ནས་ཕྱིན་དྲུག་གི་སྤྱོད་པ་ལ་བསླབས་ཏེ་སྟན་ཐོག་དེ་གའི་སྟེང་ནས་ཉམས་ལེན་དེ་དག་རིམ་པར་བྱེད་སྐབས། པཱ་ལིའི་གཞུང་ནས་གསུངས་པ་རྣམས་མ་རྩར་བཞག་པ་དང་རྨང་གཞིར་བྱས་པའི་ཐོག་ཏུ་ཆོས་ཀྱི་བདག་མེད་ཀྱི་རྣམ་གཞག་དང་། སེམས་བསྐྱེད་དང་། ཕྱིན་དྲུག་གི་ཉམས་ལེན་བཅས་གཙོར་འདོན་བྱེད་པའི་ཐེག་ཆེན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་དང་། དེའི་སྟེང་སྟོང་ཉིད་རྟོགས་པའི་བློ་དམིགས་བསལ་བ་ཞིག་སྐྱེ་བའི་ཆེད་དུ་ལམ་ཉམས་ལེན་བྱ་བ་ལ་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པས་མཚོན་ཉམས་ལེན་བྱ་རྒྱུ་རྣམས་བསྣན་ཏེ་འགྲོ་དགོས་པ་ཞིག་ཡིན་པ་ལས། ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོ། གསང་སྔགས་རྡོ་རྗེ་ཐེག་པ་བཅས་རྩ་བ་ནས་ཐ་དད་ཡིན་པ་ལྟར་དུ་ལྟ་བ་ནི་གཏན་ནས་མ་ཤེས་པའི་རྟགས་ཡིན་པ་ལས། དངོས་ཡོད་གནས་ཚུལ་ལ་དེ་ལྟར་མིན། གསང་འདུས་རྩ་རྒྱུད་ལས་གསུངས་པ་ལྟར། ཕྱི་ཡི་ཉན་ཐོས་ཀྱི་ཉམས་ལེན་རྣམས་ཆ་ཚང་ཡོད་པའི་ཐོག་ནང་དུ་གསང་བ་འདུས་པའི་ཉམས་ལེན་རྣམས་ཀྱང་ཡོད་པ་བཅས་དཔལ་གསང་བ་འདུས་པའི་ཉམས་ལེན་ཡོང་བ་ལའང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་གཉིས་མེད་ན་གཏན་ནས་ཡོང་ཐབས་མེད། དེས་ན་སྟན་ཐོག་གཅིག་ལ་གང་ཟག་གཅིག་གིས་ཉམས་ལེན་བྱ་རྒྱུ་ཞིག་གསུངས་པས། དོན་དངོས་ནི་འདི་ལྟར་ཡིན།
དེ་བཞིན་ཐེག་ཆེན་དང་ཐེག་དམན་ཞེས་བརྗོད་པ་དེས་ཀྱང་། མི་བདེ་བ་ཞིག་བཟོས་ཡོང་གིན་ཡོད། མ་གཞི་ང་རང་ཚོས། སྒྲ་རྟོག་སེལ་བས་འཇུག་པ་ཞེས་སྒྲ་ཡི་རྗེས་སུ་རྟོག་པ་ཞུགས་པར་བརྟེན། སྒྲ་ལ་མི་མཐུན་པ་ཞིག་ཐོན་སྐབས་རྟོག་པ་ལའང་མི་འདྲ་བ་ཞིག་འཆར་བ་ལྟ་བུ་ཡོང་གིན་ཡོད། དེས་ན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་མིང་ཙམ་ལ་མི་འཇོག་པར། ཐེག་པ་ཆེན་པོ་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་པ་ཤེས་དགོས། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་ནི་ཐེག་ཆེན་པོའི་གཞུང་གི་སློབ་དཔོན་གཙོ་བོ་ཡིན་པ་སློབ་དཔོན་དེ་དག་གིས་མཛད་པའི་གཞུང་ལ་བལྟས་ན་ཤེས་ཐུབ་པ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གང་འདྲ་ཞིག་ཡོད་མེད་སོགས་ནི། ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་མཛད་པའི་གཞུང་ལུགས་དེ་དག་ལ་བལྟས་ན་ཤེས་ཐུབ་པ་ཡིན།། །།
༤༽ ཕྱི་ནང་གི་ལྟ་གྲུབ་དང་། གྲུབ་མཐའ་རྣམ་བཞི།
ཤེས་རབ་ཀྱི་ཆ་ནས་གསུངས་པའི་གྲུབ་མཐའ་བཞི་ལ་ཆ་མཚོན་ནའང་། མངོན་པ་མཛོད་དང་། འདུལ་བ་སོགས་ཀྱི་སྐབས་སུ་སྤྱིར་བྱེ་བྲག་སྨྲ་བའི་འདོད་པ་རྣམས་ཐོན་ཡོང་གིན་ཡོད་ལ། ཚད་མ་རྣམ་འགྲེལ་སྦྱོང་སྐབས་མདོ་སྡེ་པའི་གྲུབ་མཐར་སློབ་གཉེར་བྱེད་བཞིན་ཡོད་པར་མ་ཟད། ཕར་ཕྱིན་གྱི་གཞུང་ལུགས་ཁག་གི་ཐོག་ཏུ་སླེབས་སྐབས་རྣམ་རིག་པའི་ལྟ་བར་ཡང་སློབ་སྦྱོང་བྱེད་བཞིན་ཡོད། དེ་བཞིན་རྣམ་འགྲེལ་གྱི་ནང་དུའང་རྣམ་རིག་པའི་ལྟ་བ་གསུངས་པ་ལྟར་སློབ་སྦྱོང་བྱེད་བཞིན་ཡོད། དེ་ནས་ཡར་དབུ་མའི་ལྟ་བ་ཡང་སློབ་སྦྱོང་བྱེད་བཞིན་ཡོད་པས། མདོར་ན། བྱེ་མདོ་གཉིས་དང་དབུ་སེམས་གཉིས་བཅས་གྲུབ་མཐའ་བཞི་ཀར་སློབ་སྦྱོང་བྱེད་བཞིན་ཡོད། མཁས་པ་དེ་དག་གི་གཞུང་ནས་གྲུབ་མཐའ་བཞི་ཀའི་ལྟ་གྲུབ་ཀྱི་རྣམ་གཞག་གསུངས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས[22]།
གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །
འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །
ཞེས་པ་དེར་བྱེ་བྲག་སྨྲ་བས་གང་ལ་གང་འཚམ་གྱི་འགྲེལ་བཤད་བྱེད་པ་ལས། རྒྱ་ཆེ་གཏིང་ཟབ་ཀྱི་འགྲེལ་བཤད་བྱེད་དཀའ་ཞིང་། མཐར་ཐུག་གི་འགྲེལ་བཤད་དཔྱིས་ཕྱིན་པ་ནི་དབུ་མའི་གཞུང་ནས་གསུངས་པ་དེ་ཡིན། འོན་ཀྱང་བྱེ་མདོ་གཉིས་དང་། དབུ་སེམས་གཉིས་བཅས་གྲུབ་མཐའ་རྣམ་བཞི་ལས་བྱེ་བྲག་སྨྲ་བ་ནི་སྔོན་འགྲོའི་འཛིན་གྲྭ་ལྟ་བུ་དང་། དེ་རྗེས་མདོ་སྡེ་པས་དངོས་པོ་རང་མཚན་དོན་དམ་བདེན་པ་རྣམས་དོན་གཅིག །རྟག་པ་སྤྱི་མཚན་ཀུན་རྫོབ་བདེན་པ་རྣམས་དོན་གཅིག་ཏུ་གསུངས་པ་ལྟར་བཏགས་ཡོད་ཀྱི་དོན་ཅུང་ཟད་སླེབས་པ་ལྟ་བུ་ཞིག་ཡོད།
དེ་རྗེས་སེམས་ཙམ་པའི་ལྟ་བ་དང་། མཐར་དབུ་མའི་ལྟ་བ་བཅས་ནི་དམའ་རིམ་འཛིན་གྲྭ་དང་། འབྲིང་རིམ་གྱི་འཛིན་གྲྭ། མཐོ་རིམ་གྱི་འཛིན་གྲྭ། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་གྲྭ་ལྟ་བུ་ཡིན། དེ་ཡང་གྲུབ་མཐའ་འོག་མ་འོག་མས་རྨང་གཞི་བྱས་ཤིང་། གྲུབ་མཐའ་འོག་མས་གསུངས་པ་རྣམས་ལ་གྲུབ་མཐའ་གོང་མ་གོང་མས་གནོད་པ་བསྟན་པ་རྣམས་ཕན་ཚུན་བསྡུར་སྐབས་བློ་ངོར་གཞི་ནས། གྲུབ་མཐའི་རྩ་བ་ལས[23]།
རང་རང་མཐའ་བྲལ་རྟོག་བཏགས་གོང་མས་འགོག །
འོག་མ་འོག་མའི་ལྟ་བའང་གོང་མའི་སྟེགས། །
ཞེས་གསུངས་པ་ལྟར། གྲུབ་མཐའ་འོག་མའི་རྣམ་གཞག་རྣམས་གྲུབ་མཐའ་གོང་མའི་འབབ་སྟེགས་ལྟ་བུ་ཡིན་པར་གསུངས་པ་དེ་བདེན་པ་རེད་འདུག །
དེ་བཞིན་ཕྱི་རོལ་མུ་སྟེགས་པའི་གཞུང་ལ་སློབ་གཉེར་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ་ལ། ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་རྩ་འགྲེལ་ནང་མུ་སྟེགས་པའི་གྲུབ་མཐའི་འདོད་ཚུལ་གསུངས་པ་སོགས་ཧ་ལས་དགོས་པའི་ཡག་པོ་ཞིག་འདུག །དེ་བཞིན་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་དང་། གཞན་ཡང་མཁན་ཆེན་ཞི་འཚོས་མཛད་པའི་གཞུང་ལུགས་རྣམས་སུ་དཔྱད་པ་ཞིབ་ཏུ་མཛད་དེ་ཕྱི་རོལ་པའི་འདོད་ཚུལ་བཀག་པ་རྣམས་ཧ་ལས་པ་ཞིག་འདུག །
དེས་ན་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་བསམ་པའི་སྒོ་ནས་ཐེག་པ་ཆེ་ཆུང་དང་། ཤེས་རབ་ཀྱི་ཆ་ནས་གྲུབ་མཐའ་བཞི་བཅས་གསུངས་པ་དེ་དག་ཆ་ཚང་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་ལུགས་ནང་དུ་ཡོད་པ་ཞིག་ཡིན། དེས་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ལ་རྒྱུས་མངའ་ཡོད་པ་ཞིག་བྱས་ན། བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན་པ་ཤེས་ཐུབ་པ་ཡིན། དེ་མིན་ཤེས་ལ་མ་ཤེས་མཁན་གྱི་མིས་བཤད་པ་དང་། དེས་བཤད་པ་རྣམས་ཡིག་ཐོག་ཏུ་བཀོད་པ་སོགས་བྱེད་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་རེད་ཅེས་པ་དང་། མུ་སྟེགས་པའི་གསང་སྔགས་དང་འདྲེས་པ་རེད་ཟེར་བ་སོགས་ཡོང་གིན་ཡོད།
དེས་ན་དཔེ་ཆ་བལྟ་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། བལྟ་རྒྱུའི་དཔེ་ཆ་དེ་ཡང་རྣམ་ཐར་སོགས་རྩ་ཆེན་པོ་ཡིན་ནའང་། གལ་གནད་ཆེ་ཤོས་མཚན་ཉིད་ཀྱི་གཞུང་ཆེན་རྣམས་ལ་བལྟ་དགོས་པ་ཡིན། ཆོ་ག་འདོན་རྒྱུའི་རིགས་རྣམས་གལ་ཆེན་པོ་ཡིན་ནའང་། གཙོ་གནད་ཆེ་ཤོས་བསྟན་པའི་རྣམ་གཞག་གི་སྒྲོ་འདོགས་གཅོད་པའི་གཞུང་ནི། པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་རྣམས་ལ་བལྟ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ཕྱོགས་གཅིག་ནས་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་བསྟན་པ་དེ་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་དཔལ་ནཱ་ལེནྡྲར་ཡོད་པ་དེ་ནས་བརྒྱུད་པ་ཞིག་ཡིན་པ་ཤེས་སྐབས། སངས་རྒྱས་པའི་ཆོས་ངོ་མ་ཡིན་པ་ཞིག་ཤེས་ཐུབ་པ་ཡིན།། །།
༥༽ ནཱ་ལེནྡྲའི་རིང་ལུགས་དང་། དོན་དངོས་ཀྱི་དགེ་མཚན།
བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བཤད་གྲྭ་ཁག་ཏུ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་བྱེད་མཁན་དེ་དག་གིས་དཔལ་ནཱ་ལེནྡྲའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་གཞུང་དེ་དག་ལ་གཙོ་བོ་ལྟ་བཞིན་ཡོད་ལ། དེ་ཡང་རྩ་བ་བློ་ལ་བཟུང་། འགྲེལ་པ་ཡང་རྣམ་དཔྱོད་ཡག་པོ་ཡོད་ན་གང་འཚམ་བློ་འཛིན་བྱེད་མཁན་ཡོང་གིན་ཡོད། འགྲེལ་པ་བློ་འཛིན་མ་ཐུབ་ནའང་འགྲེལ་པ་ཡང་ཡང་མཇལ། གང་ལྟར་བསྡུས་གྲྭ་སློབ་པའི་སྐབས་ནས་བཟུང་སྟེ་བློ་རྟགས་དང་། རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་སྟེ་པོ་ཏི་ལྔ་པོ་འདིའི་རྩ་གཞུང་དེ་དག་དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་གིས་མཛད་པའི་གཞུང་ལུགས་ཤ་སྟག་ཡིན་པས། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དང༌། བཞེད་རྒྱུན་རེད་ཅེས་ངོས་ནས་རྗོད་ཀྱིན་ཡོད། འདི་ནི་སྡོམ་ཆེན་པོ་ཞིག་དང་། དེ་ལྟར་ཡིན་པ་ཧ་ཅང་གསལ་པོ་འདུག །
དེ་མིན་ང་ཚོ་བོད་རིགས་རྣམས་ཐེག་ཆེན་པ་ཡིན། ཞེས་བརྗོད་ཀྱང་སྐབས་རེ་གསལ་པོ་མེད་པ་ལྟ་བུ་དང་། གཉིས་ནས་ཐེག་དམན་ལ་ཁྱད་གསོད་བྱེད་པ་ལྟ་བུར་འགྱུར་གྱིན་འདུག །ཁྱད་གསོད་བྱས་པ་མིན་ནའང་ཐེག་ཆེན་པ་ཞེས་བརྗོད་སྐབས་ཐེག་དམན་ལ་ཅུང་ཟད་ཟུར་ཟའི་ཐོག་ཏུ་འགྲོ་བ་ལྟ་བུ་ཞིག་ཏུ་གོ །གོང་ཞུས་ལྟར་ཐེག་དམན་གྱི་གཞུང་ནས་གསུངས་པ་ཆ་ཚང་ང་ཚོས་ཉམས་ལེན་བྱེད་དགོས་པ་ལས། དེ་དག་དོར་བྱ་ལྟར་ཕར་འཇོག་རྒྱུ་ཞིག་མིན། དེ་ཡང་རང་དོན་ཡིད་བྱེད་ལ་སོགས་པ་འགའ་རེ་མ་གཏོགས་པ། ཞེས་ལམ་རིམ་ཆེན་མོའི་ནང་གསུངས་པ་བཞིན་ཐེག་དམན་གྱི་གཞུང་ནས་གསུངས་པ་དེ་དག་ཀྱང་རྣམ་མཁྱེན་སྒྲུབ་པའི་སྔོན་འགྲོའི་རྨང་གཞི་ལྟ་བུ་ཡིན་པས་ན། ཆ་ཚང་ཉམས་ལེན་བྱེད་དགོས།
ང་ཚོ་བོད་རིགས་རྣམས་ཐེག་ཆེན་པ་ཡིན། ཞེས་བརྗོད་ཀྱང་ཚིག་དེ་བདེ་པོ་གང་ཡང་མི་འདུག །ཡང་བོད་པའི་ཆོས་དེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཞིག་རེད་ཅེས་ནམ་རྒྱུན་རྗོད་ཀྱིན་ཡོད། ཡིན་ནའང་ཚིག་དེ་ང་ཚོས་གསར་བཟོ་བྱས་པ་ལྟ་བུ་འདུག །དེ་ལས་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་ཡིན་ཞེས་བརྗོད་ན། པཱ་ལིའི་གཞུང་གི་བརྗོད་དོན་རྣམས་ཀྱང་འདིའི་ནང་ཚང་། ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་མཛད་པའི་པཱ་ལིའི་གཞུང་དེ་དག་སྦྱངས་པའི་ཐོག་ལེགས་སྦྱར་གྱི་གཞུང་དེ་དག་ཀྱང་སྦྱངས་ཡོད་ལ། མདོ་དང་སྔགས་ཀྱང་སྦྱངས་ཡོད་སོགས་བརྗོད་པ་ལས། དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་ཞེས་བརྗོད་ན་ཐེག་པ་ཆེ་ཆུང་ཐམས་ཅད་ཚང་བ་དང༌། དེ་བཞིན་དུ་མདོ་སྔགས་ཐམས་ཅད་ཚང་བ་ཞིག་འདུག །འདི་སྟབས་བདེ་ཤོས་ཡིན་སྟབས། ངོས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་རེད་ཅེས་རྗོད་ཀྱིན་ཡོད།
ཕྱི་རྒྱལ་བ་འགའ་ཞིག་གིས་བླ་མའི་རིང་ལུགས་སམ་བླ་མའི་ཆོས་ཞེས་རྗོད་ཀྱིན་འདུག་པ་དེ་ལྟར་མིན། ང་ཚོའི་ཆོས་དེ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་རྨ་མེད་པ་ཞིག་ཡིན། དཔེར་ན། ངོས་རང་ལྟ་བུར་ཆ་བཞག་ན། ནམ་རྒྱུན་སློབ་གཉེར་བྱེད་སྟངས་ལྟར་སློབ་གཉེར་ཕྲན་བུ་བྱས་ཡོད། དེ་ཡང་ཐོག་མར་ཁ་དོག་དཀར་དམར་ལྟ་སྐབས་ནས་བཟུང་སྟེ་དབུ་མ་འཇུག་པ་དང་། མངོན་རྟོགས་རྒྱན་བཅས་བློ་འཛིན་བྱས་ཡོད་ལ། ཚད་མ་རྣམ་འགྲེལ་ནས་ཕྲན་བུ་བློ་འཛིན་བྱས་ཤིང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ཡང་བློ་འཛིན་ཕྲན་བུ་བྱས་ཡོད། གཞན་ཡང་ཚད་མ་ཀུན་བཏུས་ལ་རྒྱུས་མངའ་ཆེར་མེད་ཀྱང་། མངོན་པ་མཛོད་དང༌། ཕྱིས་སུ་དབུ་མ་རྩ་བ་ཤེས་རབ་ཤུགས་ཆེ་ཙམ་བལྟས་པར་མ་ཟད། དབུ་མ་བཞི་བརྒྱ་པ་དང་། གཞན་ཡང་བུདྡྷ་པཱ་ལི་ཏ་དང་། སློབ་དཔོན་ལེགས་ལྡན་གྱི་གཞུང་ལུགས་དང་། འཕགས་སེང་རྣམ་གཉིས་ཀྱིས་མཛད་པའི་སྣང་བ་རྣམ་གཉིས་སོགས། མདོར་ན། དཔལ་ནཱ་ལེནྡྲའི་མཁས་པས་བརྩམས་པའི་གཞུང་རྣམས་ལ་སྦྱངས་ཡོད། གཞུང་ལུགས་དེ་དག་ང་ཚོའི་སྲོག་དང༌། ང་ཚོའི་གཞུང་ཆེན་སློབ་ཚན་གྱི་རྩ་བ་ལྟ་བུའམ་སློབ་སྟོན་པའི་རྩ་བ་ལྟ་བུ་ཡིན། དེར་བརྟེན་ནཱ་ལེནྡྲའི་མཁས་པའི་སློབ་མར་གྱུར་པར་མ་ཟད། ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་དེ་དག་འཛིན་བཞིན་ཡོད། དེར་བརྟེན་ངོས་ནས་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དང༌། བཞེད་རྒྱུན་རེད་ཅེས་བརྗོད་པ་དེ་དོན་ལ་གནས་པ་ཞིག་ཡིན་སྙམ།
དེ་ལྟར་དཔལ་ནཱ་ལེནྡྲའི་རིང་ལུགས་ནི། ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཞེས་གསུང་སྲོལ་ཡོད་པ་ལྟར། མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་རིང་ལུགས་ཇི་བཞིན་བོད་གངས་ཅན་གྱི་ལྗོངས་སུའང་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཞེས་སྟན་ཐོག་གཅིག་ལ་དེ་གསུམ་ཀ་ཉམས་ལེན་བྱ་རྒྱུའི་སྲོལ་ཞིག་བཏོད་གནང་ཡོད། དེ་ཡང་མགོན་པོ་ཀླུ་སྒྲུབ་ལ་གཏུགས་ན་མགོན་པོ་ཀླུ་སྒྲུབ་ཕྱི་འདུལ་བ་སྟེ། ཀླུ་སྒྲུབ་རང་ཉིད་འདུལ་འཛིན་ཆེན་པོ་ཞིག་དང་། ལྷག་པར་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་དང་། བསླབ་པ་བཅུའི་ཆོ་ག་བཅས་མཛད་ཡོད་ལ། ནང་བྱང་སེམས་ནི། ཁོང་གིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་། དེ་བཞིན་བྱང་ཆུབ་སེམས་འགྲེལ་སོགས་སུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུའི་སྐོར་ལ་མང་དུ་གསུངས་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་བཀའ་བབས་ཀྱི་བསྟན་པའི་བྱ་བ་མཛད་རྒྱུ་དེ་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྐོར་རྩལ་འདོན་གནང་སྟེ་གསུངས་ཡོད། དེར་བརྟེན་དབུ་མའི་ལྟ་བའི་སྐོར་ལ་ཀླུ་སྒྲུབ་ཀྱི་གསུང་ལས་ལྷག་པ་ཞིག་མེད། གང་ལྟར་ཕྱི་འདུལ་བ་དང་། ནང་བྱང་སེམས་ཀྱི་ཉམས་བཞེས་ཡོད་པའི་ཐོག །གསང་བ་གསང་སྔགས་ཀྱི་གཙོ་བོ་གསང་བ་འདུས་པའི་ཐད་ལ་བསྐྱེད་རིམ་དང་། རྫོགས་རིམ་གཉིས་ཀའི་སྐོར་མཛད་ཡོད།
ཁོང་གི་སློབ་མ་ཨཱརྱ་དེ་བས་ཐེག་ཆེན་སྐོར་དབུ་མ་བཞི་བརྒྱ་པ་དང་། དེ་བཞིན་གསང་སྔགས་སྐོར་ལའང་གཞུང་ལུགས་ལྗགས་རྩོམ་མཛད་ཡོད་ལ། ཁོང་གི་རྗེས་འབྲང་དཔལ་ལྡན་ཟླ་བ་གྲགས་པས་ཕྱི་འདུལ་བ་དང་། ནང་བྱང་སེམས་ཀྱི་ཉམས་བཞེས་གནང་བ། དབུ་མ་འཇུག་པ་དང་། དབུ་མ་བཞི་བརྒྱ་པའི་འགྲེལ་པ། རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་སོགས་ལ་གཟིགས་ན་ཤེས་ངེས། མདོར་ན། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ནས་བཟུང་སྟེ་མཁན་ཆེན་ཞི་བ་འཚོའི་བར་དུ་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་བྱས་ཏེ་ཕེབས་ཡོད། དེ་ལྟར་འདས་པའི་དུས་སུ་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཚད་ལྡན་གྱི་དབང་དུ་བྱས་ན། གསུམ་ལྡན་རིག་པ་འཛིན་པ་ཞེས་པ་ལྟར་གནང་བཞིན་ཡོད།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས[24]། ཁྱེད་རང་ཚོས་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཞིག་བཟོས་འདུག །དེང་གི་དུས་འདིར་པཎ་གྲུབ་བཅུ་བདུན་ཞེས་འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་རིགས་པའི་ལམ་ནས་གཏན་ལ་ཕབ་པ་དང་། རྒྱུ་མཚན་ལྡན་པའི་ཐོག་ནས་ངོ་སྤྲོད་བྱ་རྒྱུ་ཡོད་པ་དེ་ལ་པཎ་གྲུབ་བཅུ་བདུན་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེ་སྔ་ང་རང་ཚོར་རྒྱན་དྲུག་མཆོག་གཉིས་ལས་པཎ་གྲུབ་བཅུ་བདུན་ཆ་ཚང་བ་མེད་པས། པཎ་གྲུབ་གཞན་རྣམས་ཁུ་སིམ་མེར་བཞུགས་པའི་སྲོལ་ལྟ་བུ་ཆགས་ཡོད། མདོར་ན། པཎ་གྲུབ་བཅུ་བདུན་གྱི་མཚན་ལར་དགུང་ལ་འདེགས་མཁན་དེ་ངོས་རང་ཡིན། པཎ་གྲུབ་དེ་དག་གིས་དངོས་ཡོད་གནས་ཚུལ་དང་མཐུན་པར་རིགས་པའི་ལམ་ནས་འགྲེལ་བཤད་བརྒྱབ་པ་རྣམས་ནི་ཧ་ཅང་རྩ་ཆེན་པོ་རེད། སྐྱབས་སུ་མཆིའོ། །རྩ་ཆེན་པོ་དང་བསམ་གྱིས་མི་ཁྱབ་པ་རེད། ཅེས་པའི་སྐད་ཆ་དེ་ཙམ་མིན་པར། དངོས་ཡོད་གནས་ཚུལ་ལ་རྒྱུ་མཚན་བཀོད་ནས་འཆད་མཁན་ཞིག་རེད།
ཁྱེད་རང་ཚོའི་ཡིག་ཆ་ཞིག་གི་ནང་དུ་བོད་ཀྱི་སྐད་ཡིག་གཅེས་འཛིན་བྱེད་པ་ལ་དམ་བཅའ་ལྟ་བུ་འཇོག་གི་ཡིན། གོང་བུ་གཅིག་གྱུར་གྱི་དམ་ཚིག་ལྡན་པ་ཞིག་བྱེད་ཀྱི་ཡིན། ཞེས་བྲིས་ཡོད་པ་ངོས་ནས་རགས་ཙམ་མཐོང་བྱུང་། དེར་བརྟེན། ངོས་ནས་རྒྱུན་དུ་རྗོད་བཞིན་པ་ལྟར། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པ་དང་ལྡན་པའི་ཐོག་ནས་གཞི་ཡི་གནས་ཚུལ་བདེན་པ་གཉིས་དང་། ལམ་གྱི་གནས་ཚུལ་བདེན་པ་གཉིས་དང་འབྲེལ་བའི་བདེན་བཞིའི་རྣམ་གཞག་ཅེས་བཤད་རྒྱུ་ཡོད་པ་འདི་དག་ནི་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་གཅིག་པུ་ལས་གཞན་སུ་ལའང་མེད།
ད་ལྟ་ངོས་རང་ལོ་བརྒྱད་ཅུ་གྱ་གསུམ་ལ་སླེབས་ཡོད་པའི་མི་ཞིག་རེད། མི་མང་པོ་དང་ཐུག་འཕྲད་ཡོང་གིན་ཡོད་པས། དེ་དག་གི་ཉམས་མྱོང་ཕྱོགས་བསྡོམས་བྱེད་སྐབས་ང་ཚོ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་དང་། སྤུས་དག་པོ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད་འདུག །དེའི་འགྲེལ་བཤད་རྒྱག་པར་བོད་ཀྱི་སྐད་ཡིག་ཡག་ཤོས་རེད། དེང་སྐབས་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་དག་གིས་བོད་ཡིག་ལ་དོ་སྣང་བྱེད་ཀྱིན་འདུག །དེར་བརྟེན། སངས་རྒྱས་པའི་ཆོས་བོད་གངས་ཅན་གྱི་ལྗོངས་ལ་དཔལ་ནཱ་ལེནྡྲའི་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱིས་ངོ་སྤྲོད་དང་རྩིས་སྤྲོད་གནང་བ་དེ་བོད་ཀྱི་མེས་པོ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་རིང་ལྷག་བསམ་རྣམ་དག་གིས་བདག་པོ་བརྒྱབ་པ་རེད། དུས་ཀྱི་མཐའ་འདི་ལྟ་བུ་ཞིག་ལའང་སངས་རྒྱས་ཀྱི་བསྟན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་བཤད་རྒྱུ་ཡོད་པ་ནི་བོད་པ་གཅིག་པུ་རེད།
དེ་ནི་ང་རང་ཚོས་ཕྱོགས་གཅིག་ནས་བསྟན་པའི་ཞབས་འདེགས་བསྒྲུབས་པ་རེད། བསྟན་པ་དང་འགྲོ་བའི་དོན་བྱས་པ་ཞིག་ཀྱང་ཡིན། ཕྱོགས་གཉིས་ནས་ང་ཚོ་བོད་མི་རིགས་ཀྱི་རྣམ་དཔྱོད་ངོམ་པ་ལ་ང་ཚོའི་མེས་པོ་གོང་མ་དག་གིས་སངས་རྒྱས་ཀྱི་བསྟན་པ་སྔར་མེད་གསར་དུ་བཙུགས་ནས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། དེ་དག་གི་འགྲེལ་པར་བོད་པ་རང་གིས་པོ་ཏི་ཁྲི་ཕྲག་བརྩམས་པ་སོགས་ཧ་ལས་པ་རེད། དེ་དག་རྒྱུན་འཛིན་བྱ་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད། ངོས་ཀྱིས་འགོ་ཁྲིད་ནས་སོ་སོ་ལའང་བསྐུལ། ཁྱོད་རང་ཚོ་ཚང་མས་བསམ་པ་རྣམ་དག་བྱས་ཏེ་གཙོ་ཆེ་ཤོས་རིས་མེད་ཀྱི་བཤད་གྲྭ་ཁག་གིས་རྐང་འགན་ཁུར་ལེན་བྱེད་ཀྱིན་ཡོད།
ཉེ་ལམ་ནུབ་ལ་དྭགས་ནས་ཤར་མོན་བར་དུ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པའི་ས་ཁུལ་དེ་དག་ནས་ཚོགས་ཆུང་ཞིག་བཙུགས་ནས་གུ་རུ་རིན་པོ་ཆེ་དང་ཉེ་སྔོན་ལྡི་ལིར་ཐུག་འཕྲད་བྱུང་བར། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་དགོན་པ་ཚང་མ་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་བཟོ་རྒྱུ་ཡིན། ཞེས་ཚོགས་ཆུང་དེས་ངོས་ལ་བཤད་བྱུང་བས་ཧ་ཅང་དགའ་པོ་བྱུང་། འགྲིགས་འདུག་ཅེས་མངོན་པར་བསྟོད་པ་ཡིན། ལ་དྭགས་ལ་ཚོགས་ཆུང་གི་ཚོགས་མི་ཡོང་ནས་དམིགས་ཡུལ་གང་དག་ཡིན་པ་མང་ཚོགས་ལ་འགྲེལ་བཤད་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བརྗོད་རྒྱུ་བྱུང་། གང་ལྟར་ཁུར་ཡག་པོ་ལེན་གྱིན་འདུག་པས་ཧ་ཅང་ཡག་པོ་འདུག།
ཆོས་ལུགས་ཚང་མར་ངོས་ཀྱིས་གུས་པ་བྱེད་ཀྱིན་ཡོད་ལ་ཧ་ཅང་ཡག་པོ་རེད། ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་པས། མིར་སྐྱེས་པའི་སྐབས་ནས་རྩ་ཆེ་ཤོས་བྱམས་བརྩེ་ཡིན། སྐྱེས་པའི་སྐབས་ནས་མི་ལ་བྱམས་བརྩེ་མེད་ན་ཕྲུ་གུ་འཚོ་གནས་མི་ཐུབ་པར་འཆི་ངེས་ཡིན། བྱམས་བརྩེ་ལ་བརྟེན་ནས་མི་སྐྱེས་པ་དང་། བྱམས་བརྩེ་ལ་བརྟེན་ནས་མི་རྣམས་འཚོ་བཞིན་ཡོད། དེར་བརྟེན། མིའི་ཆོས་ལུགས་ཚང་མས་བྱམས་བརྩེ་གཙོ་བོར་བྱས་ཏེ་བཤད་ཡོད་པ་ཧ་ཅང་གསལ་པོ་རེད། ཆོས་ལུགས་ཚང་མས་མི་ལ་ཕན་གྱིན་ཡོད་ལ། ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་ཡོད་ཀྱང་། ཆོས་ལུགས་བྱེད་མཁན་གྱིས་བྱམས་བརྩེ་གལ་ཆེན་པོར་མ་བརྩིས་པར་ཆོས་ལུགས་འཐེན་འཁྱེར་དང་ཞེན་ཁོག་བྱས་ཏེ་གསོད་རེས་བྱེད་མཁན་འདུག་པ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། གང་ལྟར་ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་པས་བྱམས་བརྩེ་ཤོད་མཁན་ཤ་སྟག་རེད། འོན་ཀྱང་རིགས་པའི་ཐོག་ནས་འགྲེལ་བཤད་རྒྱག་ཆེད་ཆོས་ལུགས་གཞན་པར་བཀའ་འདྲི་ཞུས་ན། དེ་ནི་དཀོན་མཆོག་རང་གིས་མཁྱེན་གྱི་རེད་ཟེར་བ་ལས་གང་ཡང་མེད། ཡང་ན་དྲི་བ་དྲིས་ཆོག་གི་མ་རེད་རྗོད་ཀྱིན་འདུག །ནཱ་ལེནྡྲའི་ཆོས་བརྒྱུད་ནི་བཅོམ་ལྡན་འདས་རང་ཉིད་ཀྱིས། ང་ལ་དད་མོས་བྱས་ཏེ་ངས་གང་བཤད་བརྩི་མི་དགོས། ངས་བཤད་པ་རྣམས་ལ་ཁྱེད་རང་ཚོས་བརྟག་དཔྱད་བྱེད་དགོས། རྒྱུ་མཚན་ལྡན་པ་ཞིག་ཏུ་འདུག་ན་ཉམས་ལེན་གྱིས་ཞེས་གསུངས་ཡོད། དེ་ཡང་མདོ་ལས[25]།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
བླང་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་གསུངས། དེར་བརྟེན་ནཱ་ལེནྡྲའི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་མདོ་སྡེ་དགོངས་འགྲེལ་ལྟ་བུ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་། དེ་སྒྲ་ཇི་བཞིན་པར་ཁས་བླངས་ཚེ་རིགས་པས་གནོད་ཀྱིན་འདུག་ཅེས་སྒྲ་ཇི་བཞིན་པར་ཁས་མི་ལེན། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་ལས[26]།
རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །
དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །
ཅེས་གསུངས་ཡོད། དེང་སང་འཛམ་གླིང་འདིར་ཚན་རིག་གི་འགྲོ་སྟངས་ནི། དད་པ་མིན་པར་རྩ་ཆེན་པོ་བྱས་ཏེ་བརྟག་དཔྱད་ཡང་ཡང་བྱས་ནས་འགྲོ་བཞིན་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་པ་དེ་ནི་ཚན་རིག་དང་མཉམ་དུ་འགྲོ་ཐུབ་པ་ཞིག་ཡིན། དེ་ལྟ་བུའི་ཆོས་བརྒྱུད་རྩ་ཆེན་པོ་དང་ཕན་ཐོགས་ཡོད་པ། བཤད་ན་བཤད་རྒྱུ་ཡོད་པ་སྟེ། གཞིའི་གནས་ཚུལ་འགྲེལ་བཤད་བརྒྱབ་ནས་བཤད་རྒྱུ་ཡོད་པ་དང་། གཞི་ཡི་གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་སེམས་ལ་འགྱུར་བ་ཇི་ལྟར་གཏོང་དགོས་ཚུལ་བཤད་པ་སོགས་ཧ་ལས་པ་རེད།
ཁྱོད་རང་ཚོས་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱས་ཏེ་བདག་པོ་རྒྱག་གི་ཡིན་ཞེས་ཡི་གེའི་ནང་བཀོད་འདུག་པ་ཧ་ཅང་ཡག་པོ་རེད། དེ་རིང་ཁྱེད་ཚོ་བོད་པ་མིན་པ་ཚོས་ཀྱང་གོང་དུ་བཤད་པ་ལྟར། སངས་རྒྱས་པའི་ཆོས་དང་སངས་རྒྱས་པའི་ལྟ་གྲུབ་ལ་དོ་སྣང་སླེབས་སྐབས་བོད་ཀྱི་སྐད་ཡིག་ཐོག་ལ་དོ་སྣང་ཡོང་གིན་ཡོད། ང་ཚོ་བོད་པར་རང་ཉིད་ཀྱི་སྐད་ཡིག་གི་ཆ་ནས་ཡིན་ནའང་བདག་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་རེད། བདག་པོ་བརྒྱབ་ན་བརྒྱབ་རིན་ཡོད་པ་ཞིག་དང་། བོད་སྐད་དེ་བདག་པོ་ཡག་པོ་བརྒྱབ་ནས་དོན་དག་ཡག་པོ་ཞིག་ཤེས་ཚེ་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཏན་ཏན་འོང་།། །།
༦༽ རིས་མེད་ལ་སློབ་གཉེར་དང་། དུས་བསྟུན་གྱི་བསམ་གཞིག །
དེ་ལྟར་ངོས་ནས་འགྲེལ་བཤད་བྱེད་དགོས་དོན་ནི། སྤྱིའི་འགྲོ་ལུགས་དང་གོ་བ་ཡག་པོ་ཞིག་ཆགས་ན་བསམས་ནས་ཞུས་པ་ཡིན། དེ་དག་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད་འདུག །དེ་མིན་ཕྱོགས་རེའི་མིག་ཅན་དུ་གྱུར་ན། བསྟན་པ་ཡོངས་སུ་རྫོགས་པར་གོ་བ་ཆགས་ཐུབ་པ་ཞིག་ཡོང་དཀའ་ཞིང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས[27]།
བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །
ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །
ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །
འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །
དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །
འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །
གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །
ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །
ཞེས་གསུངས་པ་དེ་ཧ་ཅང་ནུས་པ་ཆེན་པོ་ཞིག་འདུག །ངོས་ནས་ནམ་རྒྱུན་འདི་ལྟར་རྗོད་བཞིན་ཡོད། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་དེ་དག་ཀྱང་ཕན་ཚུན་འབྲེལ་འདྲིས་མ་བྱས་པར་བསྡད་པ་དེ་ནི་ནོར་འཁྲུལ་ཞིག་རེད། རྫོགས་ཆེན་པས་གསར་མའི་གཞུང་ལུགས་ལ་གཟིགས་དགོས་པ་དང་། གསར་མ་ཉམས་བཞེས་གནང་མཁན་དག་གིས་ཀྱང་རྫོགས་ཆེན་གྱི་གཞུང་ལ་གཟིགས་པ་སོགས་བསྟན་པ་ཡོངས་རྫོགས་ཀྱི་གནས་ཚུལ་ཤེས་པ་ཞིག་དང་། སྤྱིར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བསྟན་པ་དང་། བྱེ་བྲག་ཏུ་བོད་གངས་ཅན་གྱི་ལྗོངས་སུ་འཁྲིད་ལུགས་ཅུང་ཟད་རེ་མི་འདྲ་བའི་ཐོག་ནས་ས་དགེ་བཀའ་རྙིང་སོགས་མཚན་ཐོགས་ཚུལ་མི་འདྲ་བ་ཡོད་པ་དེ་དག་གི་གཞུང་ལུགས་རྣམས་ཀྱང་ང་ཚོས་ཤེས་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་ཡིན།
དེ་ཡང་ངོས་རང་གིས་ཤེས་ཞེས་བརྗོད་པ་མིན། མ་ཤེས་པ་ཞིག་ལ་བལྟོས་ན་ཅུང་ཟད་ཤེས་པ་ལས་དེ་མིན་གང་ཡང་ཤེས་ཀྱི་མེད། ཉམས་ལེན་མི་འོང་ཡང་། གཞུང་ལུགས་དེ་དག་མཇལ་སྐབས་དངོས་གནས་དད་པ་དག་སྣང་དང་། སྤྲོ་བ་འཕེལ་བ། གཅིག་ལ་མི་གསལ་བ་དེ་ཅིག་ཤོས་སུ་གསལ་བ་དང་། བརྗོད་དོན་གཅིག་པ་ཡིན་ནའང་འགྲེལ་བཤད་བསྐྱོན་སྟངས་མི་འདྲ་བའི་ཐོག་ནས་གནད་འགག་གསར་པ་ཤེས་པ་སོགས་ལ་ཕན་ཐོགས་རླབས་ཆེན་ཞིག་ཡོང་གིན་འདུག །དེ་ལྟར་བྱུང་ན། བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཞེས་པ་དེ་གོ་བ་འདི་ལྟ་བུ་ལ་སྦྱར་ནའང་སྦྱར་རྒྱུ་ཡོད་པ་ཞིག་འདུག །ངོས་ནས་འདི་ལྟར་བརྗོད་འདོད་བྱུང་ལ། ཁྱེད་རང་ཚོས་ཀྱང་ཉན་འཇོག་བྱེད་ཀྱི་རེད་སྙམ་ནས་བརྗོད་པ་ཡིན།
ང་ཚོས་ཆོས་ལུགས་རིས་མེད་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེ་ཡང་སྤྱིར་འཛམ་གླིང་འདིའི་སྟེང་གི་ཡེ་ཤུ་དང་། ཁ་ཆེ། མུ་སྟེགས་པ། འཇིའུའི་སོགས་ཀྱི་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས། དེས་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་གལ་གནད་ཆེ་སྟེ། ཆོས་ལུགས་དེ་དག་གིས་མི་ལ་ཕན་གྱིན་ཡོད་ལ། མི་ལ་ཕན་ན་འགྲིགས་པ་ཡིན། རང་རང་སོ་སོའི་ཆོས་ལུགས་དེ་ཉིད་བསམ་པ་རྣམ་དག་གིས་བྱེད་མཁན་དེ་རིགས་མི་འདྲ་བ་ཞིག་འདུག །ངོས་ལ་ངོ་ཤེས་ཧ་ཅང་མང་པོ་ཞིག་ཡོད། དེ་ཡང་ཡེ་ཤུའི་ཆོས་པ་དང་། ཁ་ཆེའི་ཆོས་པ། ཧིན་དྷུའི་ཆོས་པ། འཇིའུའི་ཆོས་པ་སོགས་མང་པོ་ཞིག་ཡོད། དངོས་གནས་རང་རང་གི་ཆོས་ལུགས་བསམ་པ་རྣམ་དག་གིས་བྱས་ན་སེམས་རྒྱུད་ལྷོད་དུ་འགྲོ་བ་དང་། བྱམས་བརྩེའི་བསམ་པས་གཞན་ཕན་སྒྲུབ་པ་སོགས་ཆོས་ལུགས་ཚང་མས་བསྒྲུབས་དང་སྒྲུབ་བཞིན་ཡོད། དེས་ན་ང་ཚོས་ཆོས་ལུགས་ཚང་མར་གུས་ཞབས་དང་། མཐུན་ལམ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད།
ལྷག་པར་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་ནང་ཚགས་རྣམས་ནི་དེ་བས་ཀྱང་ཕྱོགས་རིས་སྤངས་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཡིན་པར་མ་ཟད། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་། གཡུང་དྲུང་བོན་དང་བཅས་པ་སྔར་ཐོག་མའི་གནས་སྐབས་སུ་བན་བོན་ཞེས་ཐ་དད་སོ་སོ་ཡིན་ནའང་། དེ་རྗེས་རིམ་བཞིན་གཡུང་དྲུང་བོན་གྱི་མཁས་པ་མང་པོས་ནང་པའི་གཞུང་ལུགས་ལ་སྦྱང་བ་གནང་ཡོད་ལ། དེང་སྐབས་སྨན་རིའི་གདན་སར་ཆ་མཚོན་ན། གཞུང་ལུགས་ལ་སློབ་གཉེར་དང་། རྟགས་གསལ་གྱི་རྩོད་པ་དང་། གཞུང་ལུགས་ཁག་ལ་ཆ་མཚོན་ནའང་། དབུ་མ་འཇུག་པ་སོགས་སངས་རྒྱས་པའི་གཞུང་ལུགས་ལ་སློབ་གཉེར་གནང་མཁན་ཡིན།
དེས་ན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་ཚང་མ་སྟོན་པ་གཅིག་གི་སློབ་མ་དང་། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་གཅིག་གྱུར་ཡིན། དེས་ན་དགེ་ལུགས་པ་དང་། རྙིང་མ། ས་སྐྱ་པ། དེ་བཞིན་བཀའ་བརྒྱུད་བཅས་དང་། བཀའ་བརྒྱུད་ནང་གསེས་ལའང་འབྲི་གུང་བཀའ་བརྒྱུད་དང་། འབྲུག་པ་བཀའ་བརྒྱུད། ཀམ་ཚང་བཀའ་བརྒྱུད་སོགས་ཀྱི་དབྱེ་བ་འབྱེད་པ་དེ་ཡག་པོ་གཏན་ནས་མེད། ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་གནད་ཤིན་ཏུ་ཆེ་ཞིང་། ཐུགས་མཐུན་ཁྲིམས་གཙང་ཡོང་བ་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ལུགས་ཁག་ལ་བལྟས། བསམ་བློ་བཏང་། དཔྱད་བསྡུར་བྱས། ས་དགེ་བཀའ་རྙིང་གང་གི་བླ་མ་ཚད་ལྡན་སུ་ཞིག་ཡིན་ནའང་། བླ་མ་ཚད་ལྡན་དེའི་དྲུང་ནས་བྱིན་རླབས་དང་བཀའ་ཆོས་ཞུ་བ་སོགས་བྱས་པའི་ཐོག་ནས་དངོས་གནས་ཆོས་ལུགས་མཐུན་ལམ་ཡོང་དགོས་པ་ལས། ང་ཚོས་ཆོས་ལུགས་མཐུན་སྒྲིལ་བྱེད་བཞིན་ཡོད་ཅེས་འདྲ་ཆགས་པོའི་ཐོག་བསྡད་ཀྱང་སྙིང་པོ་གང་ཡང་མེད།
མཐུན་སྒྲིལ་ཞེས་པ་དེ་སེམས་ཀྱི་གཏིང་ནས་ཡིད་ཆེས་ཡོད་དགོས་ལ། ཡིད་ཆེས་མེད་ན་མཐུན་སྒྲིལ་ག་ལ་འོང་། ཡིད་ཆེས་ཡོང་བ་ལ་ཐོག་མར་ཤེས་དགོས་ཤིང་། ཤེས་པ་ལ་བརྟག་དཔྱད་བྱེད་དགོས་པ་དང་། གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པ་ཡིན། འདི་ལྟར་བྱས་ཏེ་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་འཛིན་མཁན་རྣམས་མཐུན་ལམ་འོ་ཆུ་གཅིག་འདྲེས་དགོས་རྒྱུ་ཧ་ཅང་གལ་འགངས་ཆེ།
དེ་སྔ་བོད་ཀྱི་ལོ་རྒྱུས་ལ་བལྟས་ན་ཤེས་ངེས་ཡིན། དེ་ཡང་སྔར་དགེ་ལུགས་པའི་དགོན་པ་འགའ་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་པའི་དགོན་པར་ཐུབ་ཚོད་བྱས་པ་དང་། ཡང་དུས་སྐབས་ཤིག་ལ་བཀའ་བརྒྱུད་པའི་དགོན་པ་འགའ་ཞིག་གིས་དགེ་ལུགས་པར་ཐུབ་ཚོད་བྱས་ཏེ་གདན་ས་སེ་འབྲས་དགའ་གསུམ་ཡང་སྨོན་ལམ་འཚོག་མ་ཐུབ་པ་ལྟ་བུ་བྱུང་ཡོད། དེ་དག་གིས་ཕན་ཐོགས་གང་ཞིག་བྱུང་འདུག །ཞབས་འདྲེན་ཞུ་བ་དང་། སྡིག་པ་གསོག་པ་ཞིག་ལས་ཕན་ཐོགས་གང་ཡང་བྱུང་མེད།
མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུའི་ནང་དུ་དྲི་བ་དོན་ཚན་བདུན་ཡོད་པ་ལས[28]། དྲི་བ་གསུམ་པ། གསང་སྔགས་རྙིང་མ་པ་འདི་ལ། སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དགག་འདུག་ཅིང་། ད་ལྟ་ཡང་སྐུར་བ་འདེབས་པ་མང་དུ་འདུག་པ། འདི་ཇི་འདྲ་ཞིག་ཡིན་ཟེར་བ་ལ། གསང་སྔགས་བསྟན་པ་སྔ་དར་གྱི་དུས་འགྱུར་བ་ལ་རྙིང་མ་དང་། ཕྱི་དར་ལ་འགྱུར་བ་ལ་གསར་མ་ཞེས་འབྱུང་བ་ཡིན། རྙིང་མ་ལ་སྐུར་བ་འདེབས་པ་མང་བའི་རྒྱུ་མཚན། སྔོན་གླང་དར་མས་བསྟན་པ་བསྣུབས་ནས་བར་སྟོངས་བྱུང་དུས་གསང་སྔགས་པ་རྣམས་སྦྱོར་སྒྲོལ་ལ་སོགས་པ་སྤྱོད་པ་ཕྱིན་ཅི་ལོག་བྱེད་པ་བྱུང་བ་དང་། དིང་སང་ཡང་ཁྱིམ་པ་ལྕང་ལོ་ཅན་གྱི་སྤྱོད་པ་མང་བས། གང་ཟག་གི་སྤྱོད་པ་ལ་དཔགས་ནས་ཆོས་ལ་སྨོད་པ་འདི་བྱུང་བ་འདྲ། དེ་མིན་སྔགས་རྙིང་མ་འདི་དང་པོ་ཆོས་རྒྱལ་དམ་པ་རྣམས་ཀྱིས་བཻ་རོ་ཙ་ན་དང་། རྨ་སྙགས་གཉིས་དགེ་སློང་ལྔ་ལ་སོགས་པའི་ཚད་མའི་སྐྱེས་བུར་གྱུར་པ་ལོ་ཙྪ་བ་རྣམས་ལ་གསེར་བྲེས་བཤར་ལ་ཡོན་དུ་བསྐུར་ནས། རྒྱ་གར་དུ་བརྫངས་ཏེ། རྫོགས་པ་ཆེན་པོ་ལ་སོགས་པའི་གསང་སྔགས་བླ་ན་མེད་པའི་ཆོས་རྣམས་པཎྜི་ཏ་དང་།
གྲུབ་པ་བརྙེས་པ་རྩོད་མེད་དུ་གྲགས་པ་རྣམས་ལ་ཞུས་ཤིང་བསྒྱུར། གཞན་ཡང་པདྨ་འབྱུང་གནས་དང་། བཱི་མ་ལ་མི་ཌ་དང་། སངས་རྒྱས་གསང་བ་ལ་སོགས་པའང་བོད་དུ་སྤྱན་དྲངས་ནས་དེ་དག་གིས་ཀྱང་གསུངས་པའི་ཆོས། ཐེག་པ་བླ་ན་མེད་པའི་ཆོས་ཟབ་མོ་སྐྱོན་དང་བྲལ་བ་ཡིན་ཏེ། འདིའི་ཚུལ་ཉམས་སུ་བླངས་པས་གྲོལ་བ་དང་། གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་བ་ཚད་མས་གྲུབ་བོ། །བསམ་ཡས་ན་ཡང་ད་དུང་སྔ་འགྱུར་གྱི་རྒྱ་དཔེ་མང་དུ་ཡོད་པར་འདུག་ཅིང་། བོད་པ་ལོ་ཙྪ་བས་ཀྱང་རྒྱ་གར་དུ་བྱོན་པས། ཡུལ་དབུས་འགྱུར་ཚལ་ན་གསང་རྙིང་། ལུང་གི་མདོ་ལྔ་ལ་སོགས་པ་རྒྱ་དཔེ་འདུག་ཟེར། དེས་ན་འདི་ལྟ་བུའི་ཐེག་ཆེན་བླ་ན་མེད་པའི་ཆོས་ཟབ་མོ་ལ་སྐུར་བ་འདེབས་པ་རྣམས་ནི་དམྱལ་བའི་རྒྱུ་ཁོ་ནར་བས་སོ། །དིང་སང་ཕྱག་རྒྱ་པ་འདི་དར་ཅིང་བླ་མ་དང་ཆོས་ཀྱི་ཆེ་བ་བརྗོད་པ་ལ་མཁས་པ་མ་གཏོགས། ཆོས་དྲུག་དང་རླུང་འཁྲིད་རོ་སྙོམས་ལ་སོགས་པ་ཐབས་གེགས་སེལ་ཟབ་མོ་མི་ཡིན་དགུ་ཡིན་ཚོ། རྫོགས་ཆེན་ཡེ་ཤེས་གསང་རྫོགས་ཀྱི་མན་ངག་སྣ་རེ་ཙམ་ལ་མིང་མི་སྙན་དགུ་སྙན་དུ་བཏགས་པར་སྣང་ངོ་། །ཞེས་གསུངས་སོ།།
གཅིག་ལ་དེ་ལྟར་དེང་གི་དུས་སུ་རྫོགས་པ་ཆེན་པོ་ཆོས་རྣམ་དག་མིན་པར་སྐུར་བ་འདེབས་མཁན་འགའ་ཞིག་འདུག་པས། རྫོགས་ཆེན་དེ་ཆོས་རྣམ་དག་ཡིན་ནམ་མིན་ཞེས་པའི་དྲི་བའི་ལན་དུ་མཁས་གྲུབ་རིན་པོ་ཆེས། རྫོགས་པ་ཆེན་པོའི་ཆོས་འཁོར་དེ་རྒྱ་གར་ནས་བརྒྱུད་ཅིང་། རྫོགས་རིམ་གྱི་རྟོགས་པ་མཐོན་པོའི་སྐབས་ཀྱི་ཉམས་ལེན་གྱི་གནད་སྟོན་པའི་གཞུང་ཧ་ཅང་ཟབ་པོ་ཞིག་རེད། རྫོགས་ཆེན་གྱི་ཆོས་ལ་སྐུར་བ་བཏབ་ན་དམྱལ་བའི་རྒྱུ་ཁོ་ནར་བས་སོ། །ཞེས་གསུངས་འདུག །དེའི་མཇུག་ཏུ་རྫོགས་ཆེན་གྱི་ཆོས་ལ་སྐུར་བ་འདེབས་མཁན་ཡོང་བ་ནི། རྫོགས་ཆེན་ཉམས་ལེན་བྱེད་མཁན་རྣམས་ཀྱི་སྤྱོད་པ་ཡག་པོ་མེད་པའི་དབང་གིས་ཅུང་ཟད་སྐུར་བ་འདེབས་མཁན་ཡོད། ཅེས་གསུངས་འདུག །འོན་ཀྱང་རིགས་པས་བརྡར་ཤ་གཅོད་སྐབས་གནས་ཚུལ་ཐ་དད་ལས། རྩ་བའི་ཆོས་བརྒྱུད་གསང་སྔགས་རྙིང་མ་དེ་ཆོས་རྣམ་དག་ཡིན་པ་དང་། ཆོས་རྒྱ་གར་མ་ཁུངས་ལྡན་ཡིན་པས། ཆོས་དེ་ལ་སྐུར་བ་བཏབ་ན་ངན་སོང་དུ་ལྟུང་གི་རེད་ཅེས་གསུངས་ཡོད།
དབུས་གཙང་དང་། མདོ་སྟོད་སྨད་ཀྱི་ས་ཁུལ་གང་དུ་ཡིན་ནའང་། དངོས་གནས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཚད་ལྡན་དེ་རིགས་ཀྱིས་ཆོས་ལུགས་རིས་མེད་ཀྱི་ཐོག་ལ་ཐུགས་སྣང་ཤུགས་ཆེ་གནང་བཞིན་ཡོད་ལ། དེང་གི་དུས་སྐབས་སུ་དངོས་གནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ལ་དད་པ་དང་། དག་སྣང་སྦྱངས་ཏེ་སློབ་སྦྱོང་བྱ་རྒྱུ་ནི་དེ་བས་ཀྱང་ཧ་ཅང་གལ་འགངས་ཆེ་ཞེས་དེ་རིང་ངོས་ནས་ནན་ཏན་དུ་ཞུ་འདོད་བྱུང་། ངོས་རང་ཡོ་རོབ་སོགས་ཕྱི་རྒྱལ་གྱི་ཡུལ་ཁག་ཏུ་བསྐྱོད་སྐབས། ཆོས་ཚོགས་ཆུང་ཆུང་དེ་དག་གིས་ང་ཚོ་བཀའ་བརྒྱུད་པ་ཡིན། ང་ཚོ་རྙིང་མ་ཡིན། ང་ཚོ་དགེ་ལུགས་པ་ཡིན་ཞེས་པ་ལྟ་བུ་རྗོད་ཀྱིན་འདུག །དེ་ལྟར་གཏན་ནས་བརྗོད་མི་རུང་ཞེས་བརྗོད་སྐབས། ང་ཚོས་འདི་ལྟར་བརྗོད་པ་འདི་ནི་བོད་པའི་བླ་མས་བསླབས་བྱུང་ཞེས་རྗོད་ཀྱིན་འདུག །འདིར་བླ་མ་སྤྲུལ་སྐུ་གང་འཚམ་ཞིག་འདུག་པས་སློབ་མ་རྣམས་ལ་ལེགས་པ་ཞིག་སློབ་དགོས་པ་ལས། རྨོངས་ཞེན་དང་ཕྱོགས་འཐེན་བྱ་རྒྱུའི་རིགས་གཏན་ནས་བསླབ་མི་རུང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཆོས་སྐུའི་དབྱིངས་ནས་གཟིགས་ངེས་ཡིན་པས། ང་ཚོ་ཚང་མས་ཐུགས་མཐུན་ཁྲིམས་གཙང་ཡོང་བ་དང་། དེ་ལྟར་ཡོང་བ་ལ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ལ་དད་པ་དང་དག་སྣང་སྦྱང་དགོས་ལ། དད་པ་དང་དག་སྣང་ཡོང་བ་ལ་རིས་མེད་ཀྱི་གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པར་མ་ཟད། དབང་ལུང་ཁྲིད་སོགས་ཞུས་ཏེ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད། ཚང་མས་དེ་ལྟར་གནང་ཤོག་ཨང་།
ངོས་ནས་བརྗོད་རྒྱུའི་སྙིང་པོ་འདི་དག་ནི། བསྟོད་པ་བྱ་རྒྱུའི་པཎ་གྲུབ་དེ་རྣམས་གལ་གནད་ཆེ་ཚུལ་དང་། ལྷག་པར་ང་རང་ཚོས་དུས་རབས་གསར་པའི་ནང་བསམ་བློ་གསར་པ་གཏོང་དགོས་པའི་གལ་གནད་ཆེ་ཚུལ་གྱི་རྒྱུ་མཚན་རྣམས་བརྗོད་འདོད་བྱུང་ཞིང་། འདི་དག་ནི་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་སྙིང་བསྡུས་ལྟ་བུ་ཞིག་ཀྱང་ཡིན།
གོང་དུ་ཞུས་པའི་གནད་འགག་རྣམས་ཁྱེད་རྣམས་ཀྱིས་ངེས་པར་དུ་ཤེས་པ་ཞིག་བྱེད་དགོས། དཀའ་ལས་བརྒྱབ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ལས། ལས་སླ་པོའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཞིག་མེད། ད་བར་གྱི་འགྲོ་ལུགས་དེ་དག་གིས་འཐུས་སྒོ་ཚང་མིན་སྐྱ་སེར་ཚང་མས་བསམ་བློ་ལེགས་པར་བཏང་། ལྷག་པར་གདན་ས་གྲྭ་ཚང་ཁག་གི་མཁན་པོ་ལས་སྣེ་དང་། དཔེ་ཁྲིད་དགེ་རྒན་དག་གིས་ཀྱང་བསམ་བློ་ལེགས་པར་གཏོང་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན། མང་ཚོགས་རྣམས་ནས་ཀྱང་པཎ་གྲུབ་བཅུ་བདུན་གྱི་སྨོན་ལམ་དུས་དུས་སུ་འདོན་པ་དང་། སྨོན་ལམ་འདོན་སྐབས་ངོས་ནས་གོང་ཞུས་ཀྱི་བརྗོད་དོན་རྣམས་བློ་ངོར་ཤར་བ་ཞིག་གི་ཐོག་ནས་སྨོན་ལམ་རྒྱག་རོགས་གནང་ཞེས་ཞུ་རྒྱུ་ཡིན།། །།
༧༽ བླ་མའི་ཆོས་ལུགས་དང་། འདུལ་བའི་སྡོམ་རྒྱུན།
ཡང་གསལ་བཤད་ཞུ་འདོད་པ་ཞིག་ལ། དེ་སྔ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་རེད། ཅེས་རྒྱ་གར་ནང་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་དྲི་མ་མེད་པ་དེ་མིན་ཚུལ་གསུང་མཁན་རིགས་གཅིག་ཡོད། དེ་བཞིན་ནང་པའི་ཡུལ་གྲུ་ཁག་མང་པོ་ཞིག་ནས། བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་བརྗོད་སྐབས། གསང་སྔགས་ཀྱི་འགྲོ་ལུགས་ལེགས་པོ་ཤེས་ཀྱི་མེད་ཀྱང་། སྔགས་ཀྱི་སྐོར་དར་སོ་ཧ་ཅང་ཆེན་པོ་བྱུང་བའི་དབང་གིས་གསང་སྔགས་ཀྱི་ཐོག་ནས་སྤྱོད་པ་འཆལ་བ་སོགས་ལས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆོས་ལུགས་རྣམ་དག་མིན། ཞེས་རྗོད་མཁན་ཡོད། སྐབས་ཤིག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོམ་དུ་འཛམ་གླིང་ཆོས་ལུགས་ལྷན་ཚོགས་འཚོགས་སྐབས་ངོས་རང་ཕྱིན་པ་ཡིན། སྐབས་དེར་འབར་མའི་དགེ་སློང་འདུལ་བ་འཛིན་པ་ཧ་ཅང་ཡག་པོ་གཉིས་ཕེབས་འདུག །ཁོང་གཉིས་ཀྱིས་ངོས་རང་ལ་ཐུག་འཕྲད་བྱེད་དགོས་ཞེས་བརྗོད་པ་ལྟར་མཇལ་འཕྲད་བྱུང་ཞིང་། སྐབས་དེར་ཁོང་གཉིས་ཀྱིས་ང་ཚོ་ཧ་ཅང་མི་འདྲ་བ་ཡོད་ཀྱང་། སྤྱིར་སངས་རྒྱས་ཀྱི་རྗེས་སུ་འབྲང་མཁན་གཅིག་པ་རེད་ཅེས་གསུངས་བྱུང་བས། ངོས་རང་གིས་ལམ་སང་འདི་ལྟར་དྲན་བྱུང་། བོད་ལ་སྔགས་ཀྱི་མཐོ་སྤྱོད་ཀྱི་ཉམས་ལེན་ལྟ་བུའི་ཐོག་ཏུ་ཕྱིན་པ་ལས། འདུལ་བའི་ཉམས་ལེན་མེད་པར་དགོངས་འདུག་སྙམ་པ་ཞིག་བྱུང་། ངོས་ནས་མི་མཐུན་པ་ཡོད་པ་དངོས་བདེན་རེད། འོན་ཀྱང་རྩ་བའི་འགྲོ་ལུགས་འདུལ་བའི་བསྟན་པ་གཞི་ལ་བཞག་པའི་ཐོག་ནས་འགྲོ་བཞིན་ཡོད།
ཉན་ཐོས་ཀྱི་རྩ་བའི་སྡེ་པ་འོད་སྲུང་ནས་བརྒྱུད་པ་ཕལ་ཆེན་སྡེ་པ་དང༌། སྒྲ་གཅན་འཛིན་ནས་བརྒྱུད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཀ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ། ཉེ་བར་འཁོར་ནས་བརྒྱུད་པ་མང་བཀུར་བའི་སྡེ་པ་བཅས་བཞི་ལས། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བའི་སྡོམ་རྒྱུན་ཡིན་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་དེ་བཞིན་བཅོམ་ལྡན་འདས་ནས་ཤཱ་རིའི་བུ་དང་། དེ་རྗེས་སྲས་སྒྲ་གཅན་འཛིན་དང་། བྲམ་ཟེ་སྒྲ་གཅན་འཛིན། དེ་ནས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་དཔལ་སྦས། སློབ་དཔོན་ཡེ་ཤེས་སྙིང་པོ་བཅས་དེ་དག་ནས་བརྒྱུད་ནས་མཁན་ཆེན་ཞི་བ་འཚོས་ཞུས་པ་དང་། མཁན་ཆེན་ཞི་བ་འཚོ་རང་ཉིད་བོད་དུ་དུས་རབས་བརྒྱད་པའི་ནང་དངོས་སུ་ཕེབས་ནས་ཁོང་གིས་གནང་བའི་སྡོམ་རྒྱུན་ཡིན་པས། ང་རང་ཚོའི་འདུལ་བའི་སྡོམ་རྒྱུན་དེ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་དེ་ཡིན།
ཇོ་བོ་རྗེའི་སྡོམ་རྒྱུན་དེ་བཞིན་ཕལ་ཆེན་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་ཡིན་ཅིང་། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་དགེ་སློང་གི་སྡོམ་རྒྱུན་གནང་རོགས་ཞེས་ཞུ་མཁན་འགའ་ཞིག་བྱུང་ཡོད། ཇོ་བོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དང་། ཕལ་ཆེན་སྡེ་པ་གཉིས་བསྡུར་ན་ཕལ་ཆེར་སྡེ་པའི་ཕྱག་ལེན་ཅུང་ཟད་ཡང་བ་ཡོད་ཚུལ་གསུངས་འདུག །དེས་ན་ཇོ་བོ་རྗེས་བོད་ལ་མཁན་ཆེན་ཞི་འཚོས་གནང་བའི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་སྡོམ་རྒྱུན་ཡོད་མུས་ཡིན་པས། ཁོང་གིས་ཕལ་ཆེན་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་གནང་གི་མིན་ཞེས་གསུངས།
མདོར་ན། བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་སྡོམ་རྒྱུན་ཏེ། པྲ་ཏི་མོཀྵཿའམ་སོ་སོར་ཐར་པའི་མདོ་དེ་ལེགས་སྦྱར་གྱི་ཐོག་ཏུ་ཡོད་ཅིང་། སོ་སོར་ཐར་པའི་མདོའི་ནང་དངོས་བསྟན་ལྟུང་བ་བགྲང་བར་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། ཉེས་བྱས་བརྒྱ་དང་བཅུ་གཉིས། སོར་བཤགས་བཞི་ཞེས་གསུངས་པ་ལྟར་གྱི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཡོད་ཅིང་། པཱ་ལིའི་ཐོག་ཡོད་པའི་སོ་སོར་ཐར་པའི་མདོའི་ནང་དུ་ཡོད་པ་ནི། ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་གོ་གཉིས། ཉེས་བྱས་དོན་ལྔ་ཙམ་ཞིག་བཅས་ཉེས་བྱས་རྣམས་གནད་འགག་ཆེ་བ་མེད། ནམ་རྒྱུན་ང་ཚོས་འདོན་བཞིན་པའི་སོ་ཐར་གྱི་མདོ་ལས། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་གོས་བགོ་བ་ལས་གྱུར་པའི་སྡེ་ཚན་གྱི་སྡོམ་ལས[29]།
ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་ལ་ནི་རྣམ་པ་གསུམ། །
ཞེས་གསུངས་ཡོད། པཱ་ལིའི་གཞུང་དུ། ཤམ་ཐབས་ལ་རྣམ་པ་གཅིག་དང་། སྟོད་གཡོགས་ལ་རྣམ་གསུམ་ཞེས་པའི་སྐབས་སུ་སྟོད་གཡོགས་ལ་རྣམ་པ་གཅིག་སོགས་ཀྱི་རྒྱས་བསྡུས་ཡོད། དེ་དག་ནི་ཧ་ཅང་ཆུང་རྩག་གི་རིགས་ཡིན་པས་གནད་འགག་ཆེ་བ་གང་ཡང་མེད། དེ་མིན་ཐོག་མར་སྡོམ་པ་ལེན་པ་དང་། བར་དུ་སྡོམ་པ་སྲུང་བ། མཐར་ཉམས་ན་ཕྱིར་བཅོས་པ་བཅས་ཀྱི་འགྲོ་ལུགས་རྣམས་གཅིག་མཚུངས་ཡིན། ཞེས་ངོས་ནས་དེ་ལྟར་ཁོང་གཉིས་ལ་ཞིབ་ཕྲ་ཞུས་མེད་ཀྱང་། འདུལ་བའི་སྡོམ་རྒྱུན་འདི་ལྟར་ཡིན་ལ། དངོས་བཅས་ཀྱི་ལྟུང་བར་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་ཚུལ་རྣམས་ཞུས་པར། ཁོང་གཉིས་ནས་དེ་ལྟར་ཡོད་དམ་ཞེས་གསུང་གིན་འདུག །དེས་ན་བོད་ལ་འདུལ་བའི་ཕྱག་ལེན་དེ་ཙམ་མེད་པ་ལྟ་བུར་ངོས་འཛིན་གནང་གིན་འདུག །མདོར་ན། བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆོས་རྣམ་དག་མིན་པ་ལྟ་བུའི་མཐོང་ཚུལ་ཞིག་ཡོང་གིན་ཡོད།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས་[30]ཀྱང་། ཡང་ངོས་ནས་སྦོ་ཤོབ་ཅུང་ཟད་རྗོད་ཀྱིན་ཡོད། ལོ་ཤས་སྔོན་ཨ་རིའི་ས་ཁུལ་ཞིག་ཏུ་བོད་རིགས་བརྒྱ་ཕྲག་འགའ་ཞིག་དང་། ཕྱི་རྒྱལ་བ་མང་པོ་ཞིག་འདུག་ཅིང་། སྐབས་དེར་ངོས་ནས། སྔར་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ཉིད་བླ་མའི་ཆོས་ལུགས་ཞེས་པའི་མིང་ཞིག་ཁྱེར་བ་དང་། བླ་མའི་ཆོས་ལུགས་ཞེས་པའི་ཞྭ་མོ་གྱོན་ནས་བསྡད་པ་རེད། བར་སྐབས་ནས་དངོས་ཡོད་གནས་ཚུལ་འགྲེལ་བཤད་རིམ་པར་བརྒྱབ་རྗེས། བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་མིན་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་དེང་སྐབས་ངོས་འཛིན་བྱེད་བཞིན་ཡོད། དེ་ནི་ཨ་ཕོ་ངས་བྱས་པ་ཡིན་ཞེས་བརྗོད་པ་ཡིན། སྦོ་ཤོབ་ཅུང་ཟད་ཚ་དྲགས་འདུག་གམ། ངོས་ནས་གང་སར་ནཱ་ལེནྡྲ་དང་། ནཱ་ལེནྡྲའི་པཎ་གྲུབ། ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བཤད་པར་བརྟེན། དེང་སྐབས་དོ་སྣང་ཡོད་མཁན་མང་པོ་ཞིག་ལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་པ་དེ་འཇགས་ཡོད།
དེ་སྔ་ང་ཚོ་བོད་པའི་ཆོས་ཞེས་བརྗོད་སྐབས། བླ་མའི་ཆོས་ལུགས་ཞེས་རྗོད་ཀྱིན་ཡོད་པ་དེར་ཁག་དེ་ཙམ་མེད། ཕྱི་རྒྱལ་བ་རེ་ཟུང་བོད་ལ་སླེབས་སྐབས་བླ་མ་དང་སྤྲུལ་སྐུ་རེད་ཅེས་མཐོང་ཆེན་བྱེད་པ་དང་། དབང་དང་རྗེས་གནང་གནང་བ། རོལ་མོ་འབུད་དཀྲོལ་དང་། གར་འཆམ་འཁྲབ་པ་ལས། དོན་ཉུང་བྱ་ཉུང་གི་ཐོག་ནས་བྱ་བཏང་རི་ཁྲོད་པ་ལུང་རྟོགས་ཀྱི་ཡོན་ཏན་ཡོད་མཁན་དག་ལ་ཆེ་མཐོང་དེ་ཙམ་མེད་པ་བཅས་ལ་བརྟེན་བླ་མའི་ཆོས་ལུགས། ཞེས་མིང་བཏགས་པ་དེར་ཁག་དེ་ཙམ་མེད་པ་ལྟ་བུ་ཞིག་འདུག །ཕྱི་རྒྱལ་བ་རྣམས་བོད་ཀྱི་ས་ཆ་གསར་པ་ཞིག་ལ་སླེབས་པ་དང་། སྤྱི་ཚོགས་དང་བླ་མ་དང་སྤྲུལ་སྐུར་བརྩི་མཐོང་ཆེན་པོ་བྱེད་པས་ན། བླ་མའི་ཆོས་ལུགས་ཞེས་པའི་མིང་ཞིག་བཏགས་ཤིང་། བླ་མའི་ཆོས་ལུགས་ཞེས་པ་དེ་ཉིད་ནང་པའི་ཆོས་ལུགས་ངོ་མ་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་ལྟ་བུ་ཞིག་དང་། བོད་ལ་སྔགས་ཕྱོགས་དར་སོ་ཤུགས་ཆེ་ཡོད་སྟབས། དེ་ཡང་མུ་སྟེགས་པའི་སྔགས་དང་འདྲེས་པ་རེད་ཅེས་བརྗོད་པའི་གནས་ཚུལ་བྱུང་ཡོད།། །།
༨༽ བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན།
དེ་རིང་ངོས་ནས་བརྗོད་འདོད་པ་ཞིག་ལ། གོང་དུ་བརྗོད་ཟིན་པ་ལྟར་དེ་སྔ་ང་ཚོ་བོད་དུ་ཡོད་པའི་སྐབས་སུ་རྩ་བའི་གཞུང་ཆེན་རྣམས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་ལྗགས་རྩོམ་མཛད་པའི་གཞུང་ལུགས་ཤ་སྟག་ཡིན་ཅིང་། དེ་བཞིན་གསང་སྔགས་ཀྱི་ཆོས་སྐོར་རྣམས་ཀྱང་དཔལ་ནཱ་ལེནྡྲའི་མཁས་པར་གཏུགས་པ་ཤ་སྟག་ཡིན་ནའང་། ང་ཚོས་ནམ་རྒྱུན་ཐ་སྙད་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་པ་དེ་བེད་སྤྱོད་དེ་ཙམ་བྱེད་སྲོལ་མི་འདུག །ངོས་ནས་རྟག་ཏུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་པའི་རྒྱུ་མཚན་ནི། དངོས་ཡོད་ཀྱི་གནས་ཚུལ་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་སྨོས་མེད་ཡིན་ཀྱང་། ཐ་སྙད་འབོད་ཕྱོགས་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། བོད་ཀྱི་བླ་མའི་ཆོས་ལུགས་ཞེས་བརྗོད་པའི་སྐད་ཆ་བཤད་ས་བསྡད་མེད་ལ། དེ་བཞིན་ཨེ་ཤ་ཡའི་ཡུལ་ལུང་སྤྱི་དང་། ལྷག་པར་ཤེར་ཕྱིན་གྱི་ནང་ནས་ཤེས་རབ་སྙིང་པོ་ལྟ་བུར་ཆ་མཚོན་ན། ནང་དོན་ཤེས་མིན་ཇི་ལྟར་ཡང་རྒྱ་ནག་དང་། ཉི་ཧོང་། ཀོ་རི་ཡ་སོགས་ཀྱི་ནང་པ་ཚང་མས་འདོན་བཞིན་ཡོད། དེས་ན་དཔལ་ནཱ་ལེནྡྲ་ཞེས་པ་དེ་ཉིད་ཚང་མའི་རྣ་བར་གོ་ཐོས་ཡོད་པ་ཞིག་དང་། དེ་བཞིན་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བརྗོད་ན་ཚང་མས་གོ་ཐོས་ཡོད་པ་ཞིག་ཡིན།
དེས་ན་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་དངོས་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་དེ་ཉིད་མིང་འདོགས་ཚུལ་ཞིག་གི་ཐོག་ནས་བླ་མའི་ཆོས་ལུགས་རེད་ཅེས་པ་ལྟ་བུ་དང་། ང་རང་ཚོའི་ཆོས་པའི་ཁྲོད་ནས་ཀྱང་ང་རྙིང་མ་ཡིན། ང་ས་སྐྱ་པ་ཡིན། ང་བཀའ་བརྒྱུད་པ་ཡིན། ང་དགེ་ལུགས་པ་ཡིན། ང་ཇོ་ནང་པ་ཡིན་ཞེས་བརྗོད་པར་བརྟེན་གསལ་པོ་མེད་པ་ཞིག་ཏུ་གྱུར་ཡོད། དེ་ལ་བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་ཞེས་དབྱེ་བ་འབྱེད་རྒྱུ་གལ་གནད་ཆེན་པོ་ཡིན།
ང་ཚོ་བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཆོས་བརྒྱུད་མི་འདྲ་བ་སྟེ། བཤད་པའི་ཀ་ཆེན་རྣམ་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་སོགས་ཡོད་པ་དེ་དག་ཕལ་མོ་ཆེ་གསང་སྔགས་ཀྱི་ཐོག་ནས་ཡོང་བཞིན་ཡོད། དེ་ཡང་གསང་སྔགས་ཀྱི་ཆོས་ལ་ང་ཚོས་ཞིབ་འཇུག་ལེགས་པར་བྱས་ཏེ་བསམ་གཞིག་བྱས་ན། ཕལ་ཆེར་གང་ཟག་སྒོས་བཙན་ཡིན། དཔེར་ན། དཔལ་ས་སྐྱ་པའི་ལམ་འབྲས་དེ་ཉིད་རྩ་བ་གྲུབ་ཆེན་བིར་ཝ་པར་ཐུག་ཡོད་ལ། གྲུབ་ཆེན་བིར་ཝ་པ་བདག་མེད་མའི་ཞལ་གཟིགས་བྱུང་བ་སོགས་ཀྱི་ཐོག་ནས་ཀྱཻ་རྡོར་གྱི་ཆོས་བརྒྱུད་བྱུང་བ་ཞིག་ཡིན། དེ་ནི་གང་ཟག་སྒོས་བཙན་ཡིན་ཅིང་། དཔལ་རྡོ་རྗེ་འཇིགས་བྱེད་ལྟ་བུར་ཆ་མཚོན་ན། ལ་ལི་ཏ་ནས་མར་བརྒྱུད་པ་ཞིག་ཡིན། དེ་ལྟར་ན་དེ་ཡང་གང་ཟག་སྒོས་བཙན་དུ་གྱུར་ཡོད།
དེར་བརྟེན་ས་དགེ་བཀའ་རྙིང་བཞི་དང་། བཀའ་བརྒྱུད་ཀྱི་ནང་གསེས་ལའང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་ནི་གང་ཟག་སྒོས་བཙན་ཡིན། དེ་ཡང་བླ་མ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ལྟ་བུར་ཆ་མཚོན་ན། དངོས་གནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེ་ལྟར་བརྒྱུད་པ་དག་ནི་གང་ཟག་སྒོས་བཙན་ཡིན། གང་ཟག་སྒོས་བཙན་ལ་ཆ་བཞག་ན། གང་འཚམ་ནས་མཐའ་ཡས་པ་ཞིག་ཡོང་ངེས་ཡིན། བོད་བརྒྱུད་ནང་བསྟན་གྱི་ཆོས་དེ་སངས་རྒྱས་པའི་ཆོས་སམ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཅེས་བརྗོད་ན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཀུན་ལ་ཚིག་མང་པོའི་འགྲེལ་བརྗོད་བྱེད་མི་དགོས་པར། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲར་ཁུངས་གཏུགས་པ་ཞིག་ལམ་སང་གོ་ཐུབ་པར་བརྟེན། ངོས་ནས་གནད་འགག་ཆེན་པོ་ཞིག་ཏུ་མཐོང་བྱུང་།
དེ་མིན་ང་རང་ཚོ་ཆོས་བརྒྱུད་ནང་གསེས་ལ་ཆ་མཚོན་ནའང་། དཔལ་ས་སྐྱ་པར་གྲགས་ཆེན་བཅོ་བརྒྱད་ཅེས་གཞུང་ལུགས་ཧ་ཅང་མང་པོ་ཞིག་ཡོད་ཅིང་། སྔ་འགྱུར་རྙིང་མར་ཆ་མཚོན་ནའང་། ཕྱིས་སུ་ཀ་དཔལ་རྫོགས་གསུམ་སོགས་ཀྱིས་གཞུང་ལུགས་ཧ་ཅང་མང་པོ་ཞིག་གཟིགས་ཀྱིན་ཡོད། སྤྱི་ཡོངས་ནས་གཞུང་ཆེན་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་ཞིག་ཡིན། རི་བོ་དགེ་ལུགས་པར་ནམ་རྒྱུན་ཡོངས་གྲགས་གཞུང་ཆེན་བཀའ་པོད་ལྔ་ཞེས་གཙོ་བོའི་དབང་དུ་བྱས་ནས་གསུངས་པ་ཞིག་ཡིན་པ་ལས། དོན་ལ་གཞུང་ཆེན་བཅུ་གསུམ་རྣམས་ཚང་ཡོད། དེས་ན་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། དགེ་ལུགས། ཇོ་ནང་ལ་སོགས་པ་ཚང་མས་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད་ལ། གཞུང་དེ་དག་ནི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཐུན་མོང་གི་གཞུང་ལུགས་ཡིན།
དངོས་གནས་ང་ཚོ་དོན་གྱི་མཐུན་སྒྲིལ་ཡག་པོ་ཞིག་དགོས་ན། གཞུང་ཆེན་མོ་དེ་དག་ལ་སློབ་གཉེར་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་དམ་བཅའ་མཉམ་དུ་འཚོག་ཐུབ་པར་མ་ཟད། ཕན་ཚུན་བློ་སྐྱེད་ཀྱང་འབུལ་ཐུབ་པ་ཞིག་འོང་། དཔལ་ས་སྐྱ་པར་ཆ་མཚོན་ན། ཀྱཻ་རྡོར་གཅིག་པུའི་ཐོག་ཏུ་ཕྱིན་ཚེ། ཀྱཻ་རྡོར་སློབ་སྦྱོང་བྱས་མེད་རིགས་དེ་དག་གིས་སྐད་ཆ་བཤད་རྒྱུ་གང་ཡང་བསྡད་མེད། ལམ་འབྲས་གསུངས་ན་སྣང་གསུམ་ལམ་རིམ་དང་གཅིག་མཚུངས་ཡིན་ནའང་། རྒྱུད་གསུམ་གསུང་སྐབས་གསང་སྔགས་བླ་མེད་ཀྱི་ཐོག་ཏུ་འགྲོ་བ་ལྟ་བུ་རེད། རི་བོ་དགེ་ལུགས་པའང་སྔགས་ཁོ་ནའི་ཐོག་ཏུ་ཕྱིན་ན་གསང་འདུས་གཙོ་བོ་ལྟ་བུ་ཡིན།
མདོ་ཕྱོགས་ནས་གཞུང་ཆེན་བཅུ་གསུམ་གྱི་ཐོག་ཏུ་ཕྱིན་ན་ས་དགེ་བཀའ་རྙིང་ཇོ་ནང་དང་། དུས་ཕྱིས་ཀྱི་དབང་དུ་བྱས་ན་གཡུང་དྲུང་བོན་དང་བཅས་པ་ཚང་མའི་ཐུན་མོང་གི་གཞུང་ཞིག་ཡིན། དེས་ན་ང་ཚོ་བོད་རང་ལ་ཆ་མཚོན་ནའང་། དེ་ནི་བསྟན་པ་སྤྱི་བཙན་ཡིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་གཞུང་ལུགས་རྣམས་མཛད་སྐབས་བསྟན་པ་སྤྱི་ལ་དགོངས་པ་བཞེས་ནས་ལྗགས་རྩོམ་མཛད་ཡོད། གྲུབ་ཆེན་སོ་སོར་ཐུན་མོང་མ་ཡིན་པའི་དག་སྣང་བྱུང་བ་དང་། ལྷག་པའི་ལྷས་དངོས་སུ་རྗེས་སུ་བཟུང་བ་སོགས་ཀྱི་ཐོག་ནས་གསུངས་པ་རྣམས་ནི། རྣལ་འབྱོར་པ་རང་རང་སོ་སོར་ཆེད་དུ་གཉེར་ནས་གསུངས་པ་ཞིག་ཡིན། དེ་ནི་གང་ཟག་སྒོས་བཙན་ཡིན་པས་སྤྱི་ལ་ཁྱབ་མི་ཐུབ།
རི་བོ་དགེ་ལུགས་པའི་ངོས་ནས་བཤད་ན། འཛམ་གླིང་གི་ཡུལ་གྲུ་རྣམས་ལ་དཔལ་གསང་བ་འདུས་པའི་ཉམས་ལེན་གྱིས་ཁྱབ་ཐུབ་པ་ཞིག་ཡོང་ཐབས་མེད་པས། དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་མཛད་པའི་གཞུང་གི་ཐོག་ནས་ཕྱིན་ན། ཐེག་ཆེན་གྱི་ཡུལ་གྲུ་ཚང་མར་ཁྱབ་ཐུབ་པ་ཞིག་ཡིན་པས་དེ་ལ་གནད་འགག་ཅིག་ཡོད། ང་ཚོ་བོད་པ་རྣམས་ཕོ་རོག་དཀར་པོ་བྱས་ཏེ་བསྡད་ན་གནས་ཚུལ་ཐ་དད་ལས། ཕོ་རོག་དཀར་པོ་མིན་པར་ཕོ་རོག་སྤྱི་མཚུངས་ལྟར་ནག་པོ་བྱས་ཏེ་ཕོ་རོག་སྤྱིའི་གྲས་སུ་ང་ཚོ་ཚུད་པ་ཞིག་བྱེད་པར་འདོད་ན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་དགོས་པ་ཧ་ཅང་གལ་གནད་ཆེ།
གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་གཞུང་རྣམས་ཀྱང་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསུངས་པ་དེ་དག་གི་བརྗོད་དོན་ཁོང་དུ་ཆུད་པའི་ཐོག་ནས་འགྲོ་དགོས་ལ། གསང་སྔགས་བླ་མེད་ལྟ་བུར་མཚོན་ན། སྐུ་གསུམ་ལམ་འཁྱེར་ལྟ་བུས་མཚོན་བསྟན་པ་སྤྱི་བཙན་གྱི་འགྲོ་སྟངས་ཁོང་དུ་ཆུད་པའི་ཐོག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་ལེན་བྱས་ན། དངོས་གནས་གསང་སྔགས་ཀྱི་ཆོས་གསང་སྔགས་ཀྱི་ཆོས་སུ་འགྲོ་བ་ཞིག་ཡོང་ངེས་ཡིན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་རྣམས་མ་ཤེས་ན། ཆོས་ཆོས་སུ་འགྲོ་མིན་ཐེ་ཚོམ་ཡིན་ལ། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་འགྲོ་མིན་ཡང་ཐེ་ཚོམ་ཡིན་པར་མ་ཟད། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སུ་འགྲོ་མིན་ཡང་ཐེ་ཚོམ་ཡིན། གང་ཟག་སྒོས་བཙན་གྱི་དབང་གིས་གསུངས་པ་དེ་དག་དོན་དང་མཐུན་པ་ཞིག་ཡོང་བ་ལ། བསྟན་པ་སྤྱི་བཙན་གྱི་འགྲོ་ལུགས་རྣམས་ཤེས་དགོས་པ་ཡིན།
ལྷག་པར་བསྟན་པ་སྤྱིའི་དབང་དུ་བྱས་ཀྱང་། བསྟན་པ་སྤྱི་བཙན་གྱི་གཞུང་ལུགས་རྣམས་ཧ་ཅང་གལ་གནད་ཆེན་པོ་ཡིན། དཔེར་ན། འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ངོས་ནས་ཚན་རིག་པ་དང་། ཤེས་ཡོན་ཅན། མཁས་དབང་མང་པོ་ཞིག་དང་འབྲེལ་བ་བྱས་དང་བྱེད་མུས་ཡིན། དེ་དག་དང་འབྲེལ་བ་བྱེད་སྐབས་གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་ལྷ་སྐུ་ཞལ་གསུམ་ཕྱག་དྲུག་སོགས་ཀྱི་ཐོག་ཏུ་ང་ཚོས་གོ་བསྡུར་བྱེད་ཀྱི་མེད། དེ་དག་གི་སྐོར་ལ་ཇི་ལྟར་བྱས་ཏེ་གོ་བསྡུར་བྱེད་དགོས་སམ། ཡང་ན་གང་ཟག་སྒོས་བཙན་གྱི་ཉམས་ལེན་བྱས་ནས་གནམ་ལ་འཕུར་བ་དང་། ས་ལ་འཛུལ་བ་སོགས་བྱེད་ཐུབ་ན་མི་རྣམས་ཡ་མཚན་སྐྱེ་བ་དང་། དོ་སྣང་སླེབས་པ་ཞིག་ཡོང་ངེས་ཡིན་ནའང་། དེ་ལྟ་བུ་མེད་པའི་སྟེང་ལ་ཆོ་ག་འདོན་སྟངས་ཀྱི་ཐོག་ལའང་གོ་བསྡུར་བྱ་རྒྱུ་དེ་ཙམ་མེད།
དེས་ན་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་གཞུང་དེ་དག་གི་ཐོག་ནས་འབྲེལ་བ་བྱེད་སྐབས། གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་བཅས་གཞི་ལམ་འབྲས་གསུམ་ལས། གཞི་དངོས་པོའི་གནས་ཚུལ་གྱི་ཐོག་ལ་ང་ཚོས་འགྲེལ་བཤད་རྒྱག་བཞིན་ཡོད་ལ། གཞི་དངོས་པོའི་གནས་ཚུལ་གྱི་དངོས་ཡོད་གནས་ཚུལ་གང་ཞིག་ཡོད་པ་རྣམས་ཕྱོགས་བསྡོམས་བྱས་པའི་ཐོག་ནས་ལམ་བགྲོད་པའི་རིམ་པ་དེ་ཉིད་ཐོན་ཡོང་གིན་ཡོད། འབྲས་བུའི་རྣམ་གཞག་ལམ་སང་ངོ་འཕྲོད་པ་དཀའ་ཡང་། གཞི་ཡི་གནས་ཚུལ་ང་ཚོས་དངོས་སུ་མྱོང་བཞིན་པ་དང་། རིག་རྒྱུ་ཡོད་པ་ཞིག་ངོ་སྤྲོད་བྱས་པའི་ཕྱོགས་བསྡོམས་ཀྱི་སྟེང་ནས་ལམ་བགྲོད་པའི་རིམ་པའི་འགྲེལ་བཤད་ཅིག་རྒྱག་སྐབས། འདི་ནི་ཡ་མཚན་ཞིག་འདུག་སྙམ་པ་ཞིག་ཆོས་ཁས་མི་ལེན་མཁན་དང་། ཆོས་ལ་དད་མོས་མེད་མཁན་ཞིག་ཡིན་ནའང་། དེ་ལྟ་བུའི་འགྲེལ་བཤད་རྒྱག་སྐབས་དེ་དག་ལ་བསམ་བློ་གཏོང་རྒྱུ་འདུག་སྙམ་པ་ཞིག་དྲན་ཐུབ།
བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ལས། བསྟན་པ་སྤྱི་བཙན་གསུང་སྐབས། སློབ་དཔོན་དེ་རྣམས་ཀྱི་ལེགས་བཤད་དེ་དག་བསྟན་པ་སྤྱིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་། ལྷག་དོན་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་གནང་སྐབས་ཚད་མ་རིག་པ་ལ་བརྟེན་ནས་གཏན་ལ་ཕབ་ཡོད། གྲུབ་ཆེན་ཚོས་ནི་གང་ཟག་སྒོས་བཙན་གྱིས་གདུལ་བྱ་རེ་གཉིས་ལ་ཐད་ཀ་ཐད་ཀར་གསུངས་པ་ཞིག་ཡིན། དཔེར་ན། སློབ་དཔོན་རིན་པོ་ཆེའི་མཚན་གསོལ་འདེབས་འདིའི་ནང་མེད། ངོས་རང་སློབ་དཔོན་རིན་པོ་ཆེ་ལ་གུས་ཞབས་རྩེ་གཅིག་ཏུ་ཡོད་ལ། བླ་མའི་རྣལ་འབྱོར་ཡང་འདོན་གྱི་ཡོད། བླ་མ་མཆོད་པ་འདོན་སྐབས་སུ་དམིགས་བརྩེ་མ་བགྲངས་པའི་མཇུག་ཏུ་བཛྲ་གུ་རུ་བགྲང་གི་ཡོད། འོན་ཏེ་ཁོང་གིས་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་མདོར་བསྡུས་[31]ཤིག་ལས་མཛད་མེད། དེས་ན་སློབ་དཔོན་རིན་པོ་ཆེར་མ་གུས་པ་རྩ་བ་ནས་མིན་ནའང་གོང་གསལ་བཞིན་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་དེ་ཙམ་ཞིག་ལས་གསུངས་མེད།
གང་ལྟར་ཁ་སང་ཞུས་པ་བཞིན་ཆོས་དགེ་ཞེས་བརྗོད་དུས་སངས་རྒྱས་ཆོས་ཚོགས་མ་ལྟ་བུ་བསླབ་རྒྱུ་ཙམ་མ་རེད། ལྟ་གྲུབ་སློབ་དཔོན་ཞེས་བརྗོད་དུས་ལྟ་གྲུབ་སྐོར་བཤད་དགོས་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་རྨང་གཞིའམ་རྒྱབ་རྟེན་ལྟ་བུ་དེ་ལྟ་གྲུབ་ཡིན། གཞན་སྨོན་ལམ་འདེབས་པ་དང་། དད་པ་དང་སྙིང་རྗེ་བྱེད་པ་སོགས་ཆོས་ལུགས་མང་ཆེ་བ་མཚུངས། འོན་ཏེ་མི་འདྲ་བའི་ཁྱད་པར་ལྟ་གྲུབ་ཀྱི་ཐོག་ནས་ཡོང་གི་ཡོད། ལྟ་གྲུབ་དེ་གལ་ཆེན་པོ་ཡིན་པས་དཔལ་ནཱ་ལེནྡྲའི་མཁས་པ་ནང་ཚགས་ལའང་ལྟ་གྲུབ་ཀྱི་གོ་བ་ལེན་སྟངས་དང་འགྲེལ་བཤད་གནང་སྟངས་མི་འདྲ་བ་ཡོད།[32]
མདོར་ན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་བཀའ་འགྱུར་དང་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་དེ་དག་ལ་དོ་སྣང་དང་སློབ་གཉེར་དེ་ཙམ་མི་བྱེད་པར་བོད་ཀྱི་བླ་མ་སོ་སོས་མཛད་པའི་གཞུང་རྐྱང་པའི་ཐོག་ཏུ་ཕྱིན་ན། དེ་ཡང་བཀའ་གདམས་གོང་མའི་ཞལ་ལས[33]། རྣམ་གྲོལ་སྒྲུབ་པ་ལ་པོ་ཏི་མཛོ་ཁལ་ཙམ་ལ་བྱ་བ་མ་བྱས་པར། བེའུ་བུམ་ལག་མཐིལ་ཙམ་པ་རེ་སྟོན་པ་ཙུག་སྦེད་པ་ཙུག་བྱས་པས་གར་ཡང་མི་ཕྱིན། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པར་བྱ་བ་བྱེད་ཐུབ་པ་ཤིན་ཏུ་དཀའ། དེས་ན་ཁྱེད་རང་ཚོ་གཞུང་ཆེན་ལ་གསན་བསམ་སློབ་གཉེར་བྱེད་མཁན་རྣམས་ནས། མཁས་མཆོག་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས[34]།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །
ཞེས་གསུངས་པ་ལྟར། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ཞེས་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་འཆད་ཉན་གྱི་ཐོག་ནས་བསྟན་པའི་རྣམ་གཞག་ཡོངས་སུ་རྫོགས་པ་ལ་ཐོག་མར་གོ་བ་ཆགས་པར་བྱེད་པ་དང་། དེའི་ཐོག་ད་དུང་རིགས་པས་མུ་མཐུད་དཔྱད་དེ་རིགས་པའི་ལམ་ནས་སྒྲོ་འདོགས་བཅད་ནས་ངེས་པ་ཐོབ་པ་ཞིག་བྱས། ངེས་པ་ཐོབ་པའི་དོན་དེར་ལམ་ལ་གོམས་འདྲིས་བསྟེན་ནས་རྒྱུད་ལ་རྟོགས་པ་སྐྱེ་བ་ཞིག་དགོས་པ་ཡིན། དེ་ལྟར་ཐོས་དོན་སྒྲུབ་ལ་གཞོལ་བའི་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཞིག་ཡིན།
དེས་ན་ཁྱེད་རང་ཚོས་བསྟན་པའི་བྱ་བ་རྒྱ་ཆེན་པོ་བྱ་རྒྱུའི་རྒྱུ་ཆ་སྒྲུབ་བཞིན་ཡོད་ལ། ད་ལྟ་བར་དུ་ཁྱེད་རང་ཚོས་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་བྱས་ནས་དཀའ་ལས་བརྒྱབ་པ་རྣམས་དགེ་བ་རྫོགས་བྱང་དུ་བསྔོས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། ཡང་སྒོས་འགྲོ་བ་སེམས་ཅན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་ཐོགས་ཡོང་ཐུབ་པའི་ཐོག་ལ་བསམ་བློ་ཡག་པོ་ཞིག་བཏང་། ད་དུང་གཞུང་ཆེན་རྣམས་ལ་མུ་མཐུད་འཆད་ཉན་བྱས་ཏེ་ཕར་ཕྱིན་བལྟས་པའི་མཇུག་ཏུ་དབུ་མ་བལྟ་དགོས། གཞུང་ཆེན་བཀའ་པོད་ལྔ་ལས་དབུ་ཕར་གཉིས་གཙོ་བོ་ཡིན་ཅིང་། དབུ་ཕར་རྣམ་གཉིས་ཀྱི་རིགས་ལམ་དེ་ཚད་མ་རྣམ་འགྲེལ་ཡིན། གཞུང་འདི་གསུམ་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་ལ། དེ་དག་གི་ཐོག་ཏུ་རབ་བྱུང་རྣམས་ཀྱིས་དམ་ཆོས་འདུལ་བའི་གཞུང་ལ་སློབ་གཉེར་བྱ་རྒྱུ་གལ་གནད་ཆེ་བ་དང་། དེ་བཞིན་ཕར་ཕྱིན་གྱི་ཡན་ལག་ལྟ་བུར་མཛོད་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་ཞིང་། དེ་འབྲེལ་གཞུང་ཆེན་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་ཐུབ་པ་ཞིག་དང་། རྒྱུས་མངའ་ཡོད་པ་ཞིག་བྱེད་དགོས་པར་མ་ཟད། མཐར་གང་ཐུབ་ཀྱིས་རང་རྒྱུད་ལ་སྦྱར་ཏེ་ཉམས་ལེན་ཡང་བྱེད་དགོས་པ་ཡིན།
མདོར་ན། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལས་[35]ཀྱང་། ངོ་མ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཁུངས་གཏུག་ས་ནི། གཞུང་ཆེན་བཅུ་གསུམ་ལྟ་བུར་ཁུངས་གཏུག་བཞིན་ཡོད། གཉན་དགོན་གསུང་རབ་པ་ཧ་ཅང་མཁས་པ་ཆེན་པོ་ཞིག་ཡིན་ཅིང་། ཁོང་གི་གསུང་འབུམ་པར་དུ་བརྐོས་པ་གང་འཚམ་ཞིག་ངོས་ཀྱི་ལག་ཏུ་སླེབས་པ་ལྟར་མཇལ་བས་ཧ་ལས་པ་རེད་འདུག །ཁོང་གིས་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་པའི་ཐ་སྙད་གསར་པ་ཞིག་གསུངས་ཡོད། ཁོང་གིས་གསུངས་པ་དེ་ལས་ཅུང་ཟད་རྒྱ་བསྐྱེད་ནས་ངོས་ཀྱིས་འདི་ལྟར་རྗོད་ཀྱིན་ཡོད། གསང་སྔགས་ཀྱི་ཆོས་འཁོར་རྣམས་གྲུབ་ཆེན་རྣམས་བརྒྱུད་ནས་ཡོང་གིན་ཡོད། དཔེར་ན། བདེ་མཆོག་ལ་ཆ་མཚོན་ན། བདེ་མཆོག་ལཱུ་ཨི་པ་དང་། དྲིལ་བུ་ལྷ་ལྔ། ནག་པོ་པ་བཅས་ལཱུ་དྲིལ་ནག་གསུམ་གྲུབ་ཆེན་སོ་སོ་ནས་བརྒྱུད་ནས་བྱུང་བ་ཞིག་ཡིན།
ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་ཆ་མཚོན་ན། སྤྱི་ཡོངས་ཀྱི་ཐོག་ནས་གསུངས་པ་ལས། དེ་ལྟ་བུའི་བླ་མ་བྱེ་བྲག་པ་ཞིག་བརྒྱུད་ནས་བྱུང་བ་ཞིག་མིན། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་སོགས་མཛད་ནས་གསལ་བར་མཛད་པས་ཀླུ་སྒྲུབ་ནས་ཟབ་མོ་ལྟ་བརྒྱུད་དང་། ཐོགས་མེད་སྐུ་མཆེད་ནས་རྒྱ་ཆེན་སྤྱོད་བརྒྱུད་དེ། རྗེ་བཙུན་བྱམས་མགོན་གྱིས་མངོན་རྟོགས་རྒྱན་གསུངས་ཤིང་། དེ་ནས་མར་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་བཅས་ཡོད་པ་ལས། དེ་མིན་བླ་མའམ་གྲུབ་ཆེན་བྱེ་བྲག་པ་གཅིག་ནས་བརྒྱུད་པ་ལྟ་བུ་མིན། དེས་ན་ངོས་ནས་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་བསྟན་པ་སྤྱི་བཙན་དང་། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གང་ཟག་སྒོས་བཙན་ལ་རྩི་བཞིན་ཡོད།
ང་ཚོ་བོད་ལ་གང་ཟག་སྒོས་བཙན་གྱི་གསང་སྔགས་ཀྱི་སྐོར་ལ་དོ་སྣང་ཤུགས་ཆེ་བྱེད་པ་ལས། བསྟན་པ་སྤྱི་བཙན་གྱི་གཞུང་ཆེན་ལྟ་རྒྱུར་འཐུས་ཤོར་བཏང་འདུག །དེ་སྔ་དཔལ་ལྡན་ས་སྐྱར་ཆ་མཚོན་ན། མདོ་སྔགས་ལེགས་བཤད་འབྱུང་གནས་ས་སྐྱ་པ། །ཞེས་གསུངས་པ་ལྟར་ཧ་ཅང་ཡག་པོ་ཡོད། ཆོས་རྗེ་ས་པཎ་རང་ཉིད་ཀྱིས་ཀྱང་ཚད་མ་རིགས་གཏེར་མཛད་པ་སོགས་བོད་ལ་སྔ་མོ་ནས་ཚད་མར་ཐུགས་སྣང་ཆེན་པོ་གནང་འདུག །དེ་བཞིན་ཕྱྭ་པ་ཆོས་སེང་ཡབ་སྲས་ནས་བཟུང་སྟེ་རྩོད་པའི་འགྲོ་སྟངས་སོགས་ལ་ཐུགས་སྣང་ཤུགས་ཆེན་གནང་བ་ལྟ་བུ་ནི་བོད་གཅིག་པུ་ལས་གཞན་སུ་ལའང་མེད།
མགོན་པོ་གང་གི་བཀའ་སློབ་ལས་[36]ཀྱང་། སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་པ་ལས། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་བཤད་པ་དང་སྒྲུབ་པ་གཉིས་ཀྱི་ལམ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། ཞེས་མཁས་མཆོག་དབྱིག་གཉེན་གྱིས་གསུངས་པས་ན། ང་ཚོ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་སོ་སོས་ཀྱང་གཙོ་བོ་གཞུང་ཆེན་སློབ་གཉེར་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་ལ། གཞུང་ཆེན་སློབ་གཉེར་བྱས་ནས་སྟན་ཐོག་གཅིག་ལ་ཚུར་ཉམས་ལེན་དུ་བསྒྲིལ་སྐབས་སྣང་གསུམ་དང་རྒྱུད་གསུམ་ཞེས་རྡོག་ལ་བསྒྲིལ་ནས་ཉམས་ལེན་བྱེད་དགོས། དེའི་རྒྱབ་རྟེན་ལྟ་བུར་གཞུང་ཆེན་དེ་དག་ལ་གཟིགས་རྒྱུ་ཧ་ཅང་གལ་ཆེ།
ངོས་ནས་རྟག་ཏུ་ཞུ་བཞིན་པ་ལྟར། དབུ་མ་རིགས་ཚོགས་དྲུག་དང་། བྱམས་ཆོས་སྡེ་ལྔ་བཅས་རྩ་བར་བྱས་ཏེ་སྔོན་གྱི་བུ་སྟོན་སོགས་ཀྱིས་གཞུང་ཆེན་མོ་དེ་དག་ལ་འགྲེལ་པ་མཛད་ཡོད། དེར་བརྟེན་གཞུང་ཆེན་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔར་ས་སྐྱའི་གདན་ས་ཆེན་པོ་དེ་དག་གིས་དངོས་གནས་གཞུང་ཆེན་སློབ་གཉེར་ཤུགས་ཆེ་གནང་སྲོལ་ཡོད་ལ། རྗེ་རིན་པོ་ཆེས་གཞུང་ཆེན་གཟིགས་རྒྱུའི་དཔེ་ལྟ་ས་ཡང་དཔལ་ལྡན་ས་སྐྱ་པ་རེད། རྗེ་རིན་པོ་ཆེ་རང་ཉིད་ཀྱིས[37]།
རིག་གནས་རྒྱ་མཚོའི་ཕ་རོལ་སོན་གྱུར་པས། །
གསུང་རབ་ནོར་བུའི་གླིང་ལ་མངའ་སྒྱུར་ཞིང་། །
སྙན་གྲགས་ཀུན་གྱི་རྣ་བའི་རྒྱན་གྱུར་པས། །
ངོ་མཚར་བསྔགས་པའི་གནས་གྱུར་ས་སྐྱ་པ། །
ཞེས་གསུངས་ཡོད། གཞན་ཡང་སྔགས་རིམ་ཆེན་མོའི་ནང་དུའང་ཀྱཻ་རྡོར་སྐོར་ཐུང་ཙམ་གསུངས་ནས། རྒྱུད་སྡེ་འདིའི་སྐོར་ལ་དཔལ་ས་སྐྱ་པའི་ལམ་འབྲས་བརྒྱུད་པའི་བླ་མ་རྣམས་ཀྱིས་དག་ཐེར་རྨད་དུ་བྱུང་བ་མཛད་ཡོད་པ་དེ་ལས་ལྷག་པའི་གསལ་བཤད་བྱ་དགོས་པ་མེད་པར་གསུངས་ཡོད། དེར་བརྟེན་དཔལ་ས་སྐྱའི་ནང་སྔོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དག་གིས་ལེགས་བཤད་རྨད་དུ་བྱུང་བ་མཛད་པ་དེ་དག་ལ་ཁྱེད་རང་ཚོས་བལྟ་དགོས། གཞི་རྩའི་ཆ་ནས་བོད་གངས་ཅན་གྱི་ལྗོངས་སུ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། བཀའ་གདམས་པ། ཕྱིས་སུ་རི་བོ་དགེ་ལུགས་བཅས་དེ་དག་ཚང་མ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན། དེར་བརྟེན་ང་ཚོ་ཚང་མས་ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་ལ་ལྟ་ཀློག་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོས་ངེས་པར་དཔེ་ཆ་ཡག་པོ་གཟིགས་རོགས་གནང་། དེ་དག་གཞི་རྩར་ཡོད་པའི་ཐོག་ནས་འདིར་སྒྲུབ་མཆོད་འཚོག་རྒྱུ་དེ་དག་གིས་དཔལ་དང་རྒྱན་བྱས་ན་ཧ་ཅང་ཡག་པོ་ཡོང་ངེས། གཞུང་ཆེན་བལྟས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤེས་པ་ཞིག་མ་བྱུང་ན། སྔགས་ཀྱི་ཆོ་ག་བཏོན་པ་ཙམ་གྱིས་བསྟན་པ་ཡོངས་རྫོགས་ཀྱི་གོ་བ་ཡང་ཆགས་མི་ཐུབ་པར་མ་ཟད། ཉམས་ལེན་ཡང་གནད་ལ་འཁེལ་བ་ཞིག་ཡོང་ཐབས་མེད་པ་ངོས་ཀྱི་ཉམས་མྱོང་ཐོག་ནས་བརྗོད་ཐུབ་པ་ཞིག་ཡིན།། །།
༩༽ སྔར་མེད་གསར་གཏོད་དང་། སློབ་གཉེར་གྱི་དགེ་མཚན།
དེ་ལྟར་སྔར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ལམ་སྲོལ་ཞིག་ཡོད་པ་དེ་ཉིད་སྔར་ལམ་འདེད་པ་ལས། གསར་པ་ཞིག་བྱས་ན་དེ་ནི་སྔར་མེད་གསར་སྤྲོས་རེད་ཅེས་ནམ་རྒྱུན་མཐོང་ཚུལ་ཡོང་གིན་འདུག །སྔར་མེད་གསར་སྤྲོས་བྱེད་མི་ཆོག་ན། ཤེས་རབ་སྙིང་པོ་ལས[38]། ཏདྱཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་དེ་སྔར་མེད་གསར་སྤྲོས་ཡིན། སྔར་ལམ་ཁོ་ན་དེད་ནས་ཕྱིན་ན་གཏི་མུག་བདེན་འཛིན་དང་། རང་གཅེས་འཛིན་དེ་དག་དུས་ད་ལྟ་བར་གོམས་ནས་བསྡད་པ་རེད། དེ་དག་ནི་ང་ཚོའི་སྔར་ལམ་ཡིན་ཅིང་། དེ་གཉིས་ཀྱི་ཐོག་ཏུ་མུ་མཐུད་སྡོད་དགོས་པར་འགྱུར།
དེས་ན་ཕྱི་ཡི་དངོས་པོར་ཆ་མཚོན་ནའང་། སྔར་ལམ་ཁོ་ན་དེད་ནས་ཕྱིན་ཚེ། དཔེར་ན། ལ་དྭགས་པ་རྣམས་ལ་མཚོན་ན། བག་ལེབ་ཟ་བ་དང་། ཆང་འཐུངས་ཏེ་གཙང་སྦྲ་དེ་ཙམ་མེད་པའི་ཐོག་བསྡད་པས་མི་འགྲིག་པར་བརྟེན་ཡར་རྒྱས་འགྲོ་དགོས་ལ། ཁྱེད་རང་ཚོས་ཡར་རྒྱས་གཏོང་བཞིན་ཡོད། རྒྱ་གར་རྒྱལ་ཡོངས་ལ་ཆ་མཚོན་ནའང་། ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་ཡོད། ངོས་རང་ཐོག་མར་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཡོང་སྐབས་དང་བསྡུར་ན་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད།
དེ་བཞིན་ང་རང་ཚོ་ཆོས་ཕྱོགས་ལ་མཚོན་ནའང་། ནང་གི་རྟོགས་པའི་ངོས་ནས་ཟླ་སྐྱེད་ཐོན་མ་ཐུབ་ཀྱང་ལོ་སྐྱེད་ཐོན་ཐུབ་པའི་ཉམས་ལེན་བྱེད་དགོས་པ་ཡིན། དེ་ལྟ་བུའི་ཉམས་ལེན་ཡོང་བ་ལ་ལྐུག་པའི་ཨུ་ཚུགས་ཀྱི་ཐོག་ནས་རྟོགས་པ་སྐྱེ་བ་ཤིན་ཏུ་དཀའ་བས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་པའི་ཐོག་ནས་བསམ་བློ་ཡང་ཡང་བཏང་ན། དངོས་ནས་སེམས་སུ་ཡིད་ཆེས་གཏིང་ནས་སླེབས་པ་ཞིག་དང་། དེ་ལ་བརྟེན་ནས་དོན་གཉེར་སླེབས་ཤིང་། དད་པ་དང་། འདུན་པ། རྩོལ་བ་ཞེས་བརྗོད་པ་ལྟར་ཐོག་མར་ཡོན་ཏན་མཐོང་བའི་དད་པ་དགོས་ལ། དེ་ཡང་སྐྱབས་སུ་མཆིའོ། །ཞེས་བརྗོད་པ་གཅིག་པུས་འགྲིག་ཐབས་མེད། དེས་ན་རྒྱུ་མཚན་མཐོང་བའི་སྒོ་ནས་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་གནད་ཆེ་ཞིང་། ཤེས་ནས་དད་པ་ཐོབ་པ་ལ། རྒྱུ་མཚན་གྱི་ཐོག་ཏུ་བསམ་བློ་བཏང་ནས་འགྲོ་དགོས་པ་ཡིན། དེར་བརྟེན་སློབ་གཉེར་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་གནད་ཆེ།
ཡང་རིགས་ལམ་སློབ་གཉེར་དང་། གཞུང་ཆེན་སྦྱོང་བ་སོགས་ནི་དགེ་ལུགས་པས་བྱ་རྒྱུ་ཞིག་ཡིན་པ་ལས། བཀའ་བརྒྱུད་པ་དང་རྙིང་མར་དགོས་དོན་མེད་ཅེས་བརྗོད་པ་ལྟ་བུ་རེ་ཟུང་ཡོང་གིན་འདུག །དཔེར་ན། རྒྱ་གར་ལྷོ་ཕྱོགས་སུ་པད་ནོར་རིན་པོ་ཆེའི་གདན་ས་རྣམ་གྲོལ་གླིང་དུ་བཤད་གྲྭ་ཆེན་པོ་ཞིག་ཡོད་ཅིང་། དེར་མཚན་ཉིད་སློབ་ཁྲིད་གནང་སྐབས་སྔ་འགྱུར་རྙིང་མའི་བླ་ཆེན་འགའ་ཞིག་གི་དགོངས་པར་ཅུང་ཟད་མ་བབས་པ་གནང་གིན་འདུག་ཀྱང་། ཨུ་ཚུགས་བསྐྱོན་ནས་རིགས་ལམ་གྱི་ཐོག་ནས་རྩོད་པ་རྩོད་རྒྱུའི་སློབ་ཚན་བཙུགས་པ་ཡིན་ཞེས་པད་ནོར་རིན་པོ་ཆེ་ཁོང་ཉིད་ཀྱིས་ངོས་ལ་གསུངས་བྱུང་། དེས་ན་ང་ཚོ་སྔར་ལམ་ཁོ་ནའི་ཐོག་ཏུ་ཕྱིན་པ་དང་། བཀའ་གདམས་གོང་མའི་གཞུང་ལ་ཆ་མཚོན་ནའང་། མོས་གུས་ཀྱིས་གྲོལ་བར་ཐེ་ཚོམ་མེད། ཅེས་མོས་གུས་གཙོ་ཆེ་བའི་ཐོག་ནས་འགྲོ་བ་ལས། ཐེ་ཚོམ་དང་བརྟག་དཔྱད་ཀྱི་ཐོག་ནས་ཕྱིན་ན། རྒྱུད་གསུམ་བདུན་ལས[39]།
རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །
ཞེས་པ་ལྟ་བུའི་གསུང་སྟངས་རེ་ཟུང་ཡོང་བ་ཡིན། བསྟན་པ་སྤྱིའི་དབང་དུ་བྱས་ནས་འགྲོ་སྐབས། རིགས་ལམ་གྱི་ཐོག་ནས་དཔྱད་དེ་སྟོན་པའི་ཆོས་ཚུལ་རྣམས་རིགས་ལམ་གྱི་ཐོག་ནས་གཏན་ལ་ཕབ་པ་དང་། དཔྱད་དེ་རྒྱུ་མཚན་འཕེར་བའི་ཐོག་ནས་འཆད་ཐུབ་པ་ཞིག་བྱུང་ན། ཕྱི་ནང་སུ་ལའང་འཇིགས་ཞུམ་མེད་པའི་སྒོ་ནས་སྐད་ཆ་ཤོད་ཐུབ་པ་ཞིག་ཡོང་ངེས་ཡིན། ང་ཡི་བླ་མས་གསུང་གིན་འདུག་ཅེས་པ་གཅིག་པུའི་ཐོག་ནས་ཕྱིན་ན་སྒྲོ་འདོགས་བཅད་ནས་གོ་བསྡུར་བྱ་རྒྱུའི་ཐོག་ཏུ་སླེབས་ཚེ། དཔེར་ན། རྣམ་འགྲེལ་གྱི་གཞུང་ལས་གསུངས་པ་ལྟར། ལུང་དྲང་རྒྱུ་རྣམས་ཀྱང་ཐུན་མོང་གིས་ཁས་ལེན་པའི་ལུང་ཞིག་དགོས་པ་ལས། རང་ཉིད་གཅིག་པུས་ཁས་བླངས་པའི་ལུང་ཞིག་དྲངས་ནས་ཕ་རོལ་པོར་བསྒྲུབ་བྱ་སྒྲུབ་ཐབས་གཏན་ནས་མེད། དེས་ན་གཙོ་བོ་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་འགྲོ་དགོས་པ་ཡིན། དེར་བརྟེན་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུ་ཤིན་ཏུ་ནས་གལ་གནད་ཆེན་པོ་ཡིན།
ངོས་རང་སྒེར་ལ་ཆ་བཞག་ནའང་། རྒྱ་ཆེ་བ་དེ་ཙམ་ཤེས་ཀྱི་མེད། འོན་ཀྱང་བསྡུས་གྲྭ་ནས་བཟུང་སྟེ་རིགས་ལམ་གྱི་འགྲོ་སྟངས་རྣམས་ལ་སློབ་སྦྱོང་བྱས་ཡོད་ལ། དེ་བཞིན་གཞུང་ཆེན་ཁག་ལའང་སློབ་སྦྱོང་བྱས་པ་ཡིན། དེ་ལྟར་སློབ་སྦྱོང་བྱས་པ་དེས་ད་ལྟ་ལམ་སང་གཞི་དེ་དང་དེའི་མཚན་ཉིད་དང་། དབྱེ་བ། སྒྲ་བཤད་སོགས་འཇོག་རྒྱུ་དཀའ་ཡང་། དེ་དག་ཕྱོགས་བསྡོམས་བྱས་པའི་ནང་དོན་རྣམས་བསམ་བློའི་ཐོག་ནས་གང་ཞིག་འགྲེལ་བཤད་བྱེད་དགོས་བྱུང་ཡང་བརྗོད་ཐུབ་པ་ཞིག་ཡོད། དེ་ཡང་མཁས་པའི་དབང་པོ་སུ་ཞིག་དང་མཉམ་དུ་སྐད་ཆ་བཤད་ཀྱང་ཤོད་ཐུབ་པ་ཞིག་ཡོད།
དཔེར་ན། ནང་ཚགས་ཀྱི་གནས་ཚུལ་ཤིག་ཞུས་ན། ངོས་རང་ཕྱི་རྒྱལ་ཡུལ་ལུང་གང་སར་བསྐྱོད་སྐབས། གསར་འགོད་པ་སྣ་ཚོགས་དང་ཐུག་འཕྲད་ཡོང་གིན་ཡོད། ས་གནས་དེ་དང་དེའི་དཔོན་རིགས་སོགས་ཀྱིས་གསར་འགོད་པར་ཐུག་འཕྲད་བྱ་རྒྱུར་ཞེད་སྣང་དང་། སུན་སྣང་ཤུགས་ཆེ་བྱེད་ཀྱིན་ཡོད་ཀྱང་། མི་དང་མིའི་བར་སྐད་ཆ་ཤོད་བཞིན་པར་བརྟེན་ངོས་རང་ལ་སུན་སྣང་གང་ཡང་མི་ཡོང་བར། གནད་དོན་ཤེས་པ་ཞིག་ཡིན་ན་ཤེས་པ་དེ་དག་བཤད། མ་ཤེས་ན་མི་ཤེས་ཞེས་བརྗོད་ན་ཁྱད་པར་གང་ཡང་མེད། དེ་ལྟ་བུའི་མགོ་རྙོག་གང་ཞིག་ཡོད་ཀྱང་། དེ་དང་འབྲེལ་བའི་ལན་བརྗོད་ཐུབ་པ་ཞིག་ཡིན། དེ་ནི་རྒྱུ་མཚན་གཞན་གང་ཡང་མིན་པར། ངོས་རང་མི་གཞན་ལྟར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་གི་འཛིན་གྲྭར་ཉིན་གཅིག་ཀྱང་བསྐྱོད་མྱོང་མེད་ལ། དེང་དུས་ཀྱི་ཤེས་ཡོན་གང་ཡང་ཤེས་ཀྱི་མེད། འོན་ཀྱང་རྩ་བའི་བསམ་བློ་གཏོང་སྟངས་རྣམས་པཎ་གྲུབ་བཅུ་བདུན་གྱི་གསུང་བཟང་དེ་དག་གིས་རིགས་པའི་སྒོ་ཞིག་ཕྱེ་ཡོད་སྟབས། ཕྱི་ནང་སུ་ལ་སྐད་ཆ་ཤོད་པ་དང་། ལན་འདེབས་བྱེད་དགོས་པ་སོགས་གང་ཞིག་ཡིན་ནའང་བསམ་བློའི་ནང་དེ་ཡིན་ན་འདི་ཡིན། འདི་ཡིན་ན་དེ་ཡིན་དགོས་སྙམ་པ་ལྟ་བུའི་ཟབ་པའི་ཤེས་རབ་ཅིག་ལམ་སང་སླེབས་ཐུབ་པ་ཡོང་གིན་ཡོད།
དེས་ན་ང་རང་ཚོ་མི་གཅིག་མཚུངས་ཡིན་པར་མ་ཟད། འཛམ་གླིང་འདིའི་ཐོག་ཡོད་པའི་མི་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་ཚང་མ་གཅིག་མཚུངས་ཡིན་ལ། མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་ཡང་གཅིག་མཚུངས་ཡིན། ཉོན་མོངས་དུག་གསུམ་ཡོད་པ་ཡང་གཅིག་མཚུངས་ཡིན། དེས་ན་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ཁྱེད་རང་ཚོར་བརྗོད་པ་དེ་དག་ཁྱེད་རང་ཚོས་འབད་བརྩོན་བྱས་ན་གཅིག་མཚུངས་ཡོང་བ་ལས། ༸རྒྱལ་བ་རིན་པོ་ཆེ་མི་འདྲ་བ་ཡིན་ཞེས་དམིགས་བསལ་ཟུར་འདོན་བྱ་རྒྱུ་གང་ཡང་མེད། ང་ཚོ་ཚང་མ་གཅིག་པ་ཡིན་ཅིང་། སངས་རྒྱས་བཅོམ་ལྡན་འདས་སྐུ་བཞིའི་བདག་ཉིད་ཅན་ཡིན་ནའང་། མཆོག་གི་སྤྲུལ་སྐུའི་རྣམ་པར་བསྟན་པ་དེ་ཡང་ང་རང་ཚོ་དང་གཅིག་གྱུར་གྱི་རྣམ་པ་བསྟན་ཏེ། གཞི་ནས་ཉོན་མོངས་སྤངས་པའི་བྲལ་བའི་ཡོན་ཏན་དང་། ཤེས་སྒྲིབ་སྤངས་པའི་བྲལ་བའི་ཡོན་ཏན་མངོན་དུ་མཛད་པའི་རྣམ་ཐར་མཛད་དགོས་དོན་ནི། ང་ཚོར་མིག་དཔེ་སྟོན་པར་མཛད་པ་ཡིན། དེས་ན་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཐོག་ནས་མི་གཅིག་གིས་འབད་བརྩོན་བྱས་པའི་འབྲས་བུ་འདི་ལྟར་ཡོང་གིན་ཡོད་ན། ང་ཚོས་ཀྱང་ཡོང་མི་ཐུབ་པ་གང་ཞིག་ཡོད་སྙམ་པའི་བསམ་བློ་གཏོང་དགོས་པ་ལས། སྐྱབས་གནས་དང་། བླ་མ་ཞེས་གོང་དུ་འཇོག་པ་དང་། རང་ཉིད་རང་གིས་དམིགས་བསལ་བཏང་སྟེ་འོག་ཏུ་བསྡད་ན་སྙིང་པོ་གང་ཡང་མེད། དེ་ལྟར་ཡོང་བར་ཚང་མས་འབད་བརྩོན་བྱེད་དགོས་པ་ཡིན།། །།
༡༠༽ ནཱ་ལེནྡྲའི་ཕྱག་ལེན་དང་། རིགས་ལམ་གྱི་གལ་གནད།
ཡང་ལེགས་སྦྱར་གྱི་ཆོས་བརྒྱུད་ཐོག་མར་རྒྱ་གར་ནས་རྒྱ་ནག་ཏུ་དར་བ་དང༌། རྒྱ་ནག་ནས་ཀོ་རི་ཡ་དང༌། ཝི་ཏི་ནམ། ཉི་ཧོང་བཅས་སུ་དར་འཕེལ་བྱུང་བ་དང༌། ཡང་རྒྱ་གར་ནས་པཎ་གྲུབ་ཐད་ཀར་ཉི་ཧོང་སོགས་སུ་ཕེབས་པ་ཡང་བྱུང་ཡོད་འདུག །འོན་ཀྱང་གཙོ་ཆེ་བ་ནི་རྒྱ་ཡིག་ནས་དར་འཕེལ་བྱུང་བ་ཡིན། བོད་གངས་ཅན་གྱི་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་སྟེ། མཁན་སློབ་ཆོས་གསུམ་ཞེས་སྦྱིན་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༌། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་བཅས་ཞལ་འཛོམས་ཏེ། གཞི་རྐང་གསུང་རབ་དགོངས་འགྲེལ་དང་བཅས་པ་སློབ་ཁྲིད་གནང་བ་དང༌། བཀའ་བསྟན་ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་བ། ལྷག་པར་གལ་གནད་ཆེ་ཤོས་སྡོམ་པ་འབོགས་ཆོག་གནང་རྒྱུས་མཚོན་མཁན་ཆེན་ཞི་བ་འཚོ་དང༌། བི་མ་ལ་མི་ཏྲ་སོགས་ཀྱིས་སློབ་ཁྲིད་གནང་བ་སོགས་བསྟན་པའི་གཞི་མ་འདུལ་ཁྲིམས་ནས་བཟུང་སྟེ་སློབ་ཁྲིད་དར་འཕེལ་གནང་མཁན་ནི་མཁན་ཆེན་ཞི་བ་འཚོ་གཙོ་བོར་གྱུར་ཡོད། དེ་ལྟར་མཁན་ཆེན་ཞི་འཚོས་ཡོངས་སུ་རྫོགས་པའི་བསྟན་པ་སྔར་མེད་གསར་དུ་འཛུགས་སྐབས་ཕྱི་ནང་གི་འགལ་རྐྱེན་སེལ་བ་ལ་སློབ་དཔོན་ཐུགས་རྗེ་ཅན་གྱིས་ཐུགས་འགན་གཙོ་བོར་བཞེས་པ་དང༌། ཆོས་རྒྱལ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གིས་མཚོན་སློབ་མ་ལས་ཅན་ཉུང་ཤས་ལ་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་གསུངས་པའང་བྱུང་ཡོད།
དེ་ལྟར་བོད་གངས་ཅན་ལྗོངས་ལ་རྒྱ་གར་ནས་ཐད་ཀར་དར་འཕེལ་དང༌། བོད་ནས་ཆེན་པོ་ཧོར་གྱི་ཡུལ་ཁག་ལ་དར་འཕེལ་བྱུང་ཡོད། དེ་དག་ནི་ཐེག་ཆེན་གྱི་ཆོས་བརྒྱུད་གཅིག་མཚུངས་ཡིན། བོད་ལ་ཁྱད་པར་གཅིག་ནི། མཁན་ཆེན་ཞི་བ་འཚོ་རང་ཉིད་དབུ་མ་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་པར་མ་ཟད། ཚད་མའི་གཞུང་ལའང་ཐུགས་སྣང་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན། དེ་ལྟར་ཁོང་རང་ཉིད་ཚད་མ་པའི་སྐྱེས་བུ་ཆེན་པོ་ཞིག་དང༌། དེ་བཞིན་ལྟ་གྲུབ་སྨྲ་བ་ཞིག་ཀྱང་ཡིན་སྟབས། ཁོང་གིས་བོད་ལ་སློབ་ཁྲིད་གནང་ལུགས་དང༌། ལྟ་གྲུབ་གཏན་ལ་འབེབས་སྐབས་ཚད་མའི་རིགས་ལམ་གྱི་ཐོག་ནས་གཏན་ལ་ཕབ་ནས་སློབ་ཁྲིད་གནང་ཡོད།
དེར་བརྟེན་བོད་གངས་ཅན་གྱི་ལྗོངས་ལ་རིམ་བཞིན་ཚད་མའི་གཞུང་ལ་དམིགས་བསལ་གྱི་ཐུགས་སྣང་ཞིག་གནང་འདུག །ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རང་རྩོམ་ཚད་མ་རིགས་གཏེར་མཛད་ནས་བོད་ཀྱི་མཁས་པས་ཚད་མའི་གཞུང་སོགས་བརྩམས་པ་ཡང་བྱུང་ཡོད། དེ་བཞིན་ཕྱྭ་པ་ཆོས་སེང་ཡབ་སྲས་སོགས་ཀྱིས་ཚད་མའི་གཞུང་ལ་ཧ་ཅང་ཐུགས་སྣང་ཆེན་པོ་མཛད་པར་བརྟེན། མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ། ཚད་མའི་རིགས་ལམ་ལ་བརྟེན་ནས་ཐེག་ཆེན་གྱི་དབུ་མའི་ལྟ་གྲུབ་གཏན་ལ་འབེབས་པ་ནི་གཙོ་བོ་བོད་པས་བྱེད་བཞིན་ཡོད།
དེང་སྐབས་ཕན་ཚུན་གཤིབ་བསྡུར་བྱས་ནས་བལྟས་ན། རྒྱ་གར་མཁས་པས་མཛད་པའི་ཚད་མའི་གཞུང་ཧ་ཅང་མང་པོ་ཞིག་ཡོད་ལ། དེ་དག་གི་དགོངས་འགྲེལ་བོད་ཀྱི་མཁས་པས་བརྩམས་པ་ནི་མང་ཤོས་སུ་གྱུར་ཡོད། དེའི་ཐོག་ལ་གསང་སྔགས་ཀྱི་ཆོས་རྒྱ་ནག་ལ་ཡོད་ཅིང༌། རྒྱ་ནག་བརྒྱུད་ནས་ཉི་ཧོང་དང༌། ཝི་ཏི་ནམ་སོགས་ལ་དར་འཕེལ་བྱུང་ཡོད་པ་དང༌། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཐེག་ཆེན་གྱི་ཡུལ་གྲུ་ཁག་ཏུ་ཡོད་ལ། དེའི་ནང་ནས་བོད་གངས་ཅན་གྱི་ལྗོངས་ལ་རྒྱ་ཆེན་པོ་དང༌། གཞུང་མང་དུ་ཡོད་པ་ཞིག་རེད་འདུག །
དེ་ཡང་རིགས་པའི་ལམ་ནས་དཔྱད་པ་བྱ་རྒྱུ་ནི་དཔལ་ནཱ་ལེནྡྲའི་ཕྱག་བཞེས་ཡིན་ཅིང་། དེ་ཡང་མཁན་ཆེན་ཞི་བ་འཚོ་དང་། ཁོང་གི་སྲས་ཀྱི་ཐུ་བོ་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ནས་དཔལ་ནཱ་ལེནྡྲའི་ཕྱག་བཞེས་དེ་དག་བོད་གངས་ཅན་གྱི་ལྗོངས་སུ་སྲོལ་བཟང་བཏོད་པས་ན། གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་པ་དང་། ལྷག་པར་ཚད་མ་རིག་པར་སློབ་གཉེར་བྱེད་པ་སོགས་ནི་བོད་ལ་དུས་ད་ལྟ་བར་དུ་མ་ཉམས་པར་གནས་ཡོད། སྔར་དཔལ་ལྡན་ས་སྐྱར་ཆ་མཚོན་ན། ཚད་མ་རིག་པའི་སློབ་གཉེར་ཧ་ཅང་ཡག་པོ་ཡོད། དེ་རྗེས་རིམ་བཞིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འབྲང་པ་རི་བོ་དགེ་ལུགས་པ་རྣམས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་པའི་མིག་ལྟོས་ཤུགས་ཆེ་ཞིག་བྱུང་བ་ལྟར། དེང་སྐབས་ཀྱི་དངོས་ཡོད་གནས་ཚུལ་ལ་རི་བོ་དགེ་ལུགས་པའི་གདན་ས་རྣམས་གཞུང་ཆེན་གྱི་སློབ་གཉེར་དང་། ལྷག་པར་ཚད་མའི་སློབ་གཉེར་སོགས་ལ་ལེགས་ཤོས་སུ་གྱུར་ཡོད། དེ་ནི་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
བསྡུས་གྲྭ་ལ་རིགས་པའི་སྒོ་འབྱེད་ཅེས་བརྗོད་པ་ལྟར། དེས་དཔྱད་པ་བྱེད་པའི་ལམ་ཞིག་བཏོད་ཅིང་། མི་ལ་རང་བཞིན་ལྷན་སྐྱེས་ཀྱིས་རྣམ་དཔྱོད་ཡོད་པ་དེས་དཔྱད་པ་བྱ་རྒྱུ་མེད་པར་དད་པ་དང་ཡིད་ཆེས་ཁོ་ནའི་ཐོག་ཏུ་ཕྱིན་ན། མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་དེ་འདོན་མི་ཐུབ་པ་ཡིན། རིགས་པའི་ལམ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་སློབ་ཁྲིད་བྱེད་སྐབས། མིའི་རྣམ་དཔྱོད་ཀྱི་ནུས་པ་ཆ་ཚང་བེད་སྤྱོད་བྱས་པ་ཞིག་ཡིན། དེས་ན་ང་རང་ཚོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་དང་། ལྷག་པར་ཞི་འཚོ་ཡབ་སྲས་སོགས་ཀྱི་རིགས་པས་དཔྱད་པ་བྱས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྣམ་གཞག་ཅིག་གསུང་སྐབས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་བཅས་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་ཐོན་ཡོང་གིན་ཡོད། དེ་ནི་ཡིན་མིན་ཐད་ཀར་གསུངས་པ་ཞིག་མིན་པར་དོན་ཞིག་གསུང་སྐབས་ཐོག་མར་གཞན་ལུགས་དགག་པ་དང་། གཞན་ལུགས་བཀག་ཟིན་རྗེས་རང་ལུགས་འདི་ཡིན་ཞེས་འཇོག་པ་དང་། རང་ལུགས་བཞག་པ་དེར་དགག་པ་ཡོང་གཞིའི་རིགས་རྣམས་ལ་རྩོད་པ་སྤོང་བ་བཅས་དགག་བཞག་སྤོང་གསུམ་གྱི་ཐོག་ནས་གཏན་ལ་ཕབ་པའི་དོན་དེ་ནི་དཔྱད་པ་བྱས་ནས་གྲུབ་དོན་ཞིག་གཏན་ལ་ཕབ་པར་བརྟེན། དོན་གང་ཞིག་ཡིན་ནའང་ཐག་ཆོད་པ་དང་། ཁ་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན།
གདན་ས་སོ་སོའི་ཡིག་ཆར་ཆ་མཚོན་ནའང་། སྤྱི་དོན་རྣམས་ཀྱིས་མཚན་ཉིད་དང་། ངོ་བོ། དབྱེ་བ། སྒྲ་བཤད་སོགས་སྤྱི་ཡོངས་ནས་གསུངས་པ་ཞིག་དང་། མཐའ་དཔྱོད་ནི་སྤྱི་དོན་གྱི་ཐོག་ནས་གསུངས་པ་དེ་དག་ལ་དགག་བཞག་སྤོང་གསུམ་གྱི་ཐོག་ནས་ཟུར་ཕྱིན་པའི་ཞིབ་ཆ་གནང་སྟེ་གསུངས་པ་ཞིག་ཡིན། དེས་ན་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱ་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ད་ལྟ་བར་རིགས་ལམ་གྱིས་དཔྱད་པ་བྱ་རྒྱུ་དེ་དག་བཤད་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་པ་ལས། སྤྱི་ཡོངས་ཀྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཞིག་ཡོང་གི་མེད་ཀྱང་། བར་སྐབས་ནས་རིགས་ལམ་གྱི་འགྲོས་རྣམས་རྒྱ་བསྐྱེད་དགོས་ཞེས་བརྗོད་པ་ལྟར། སློབ་གྲྭ་ཁག་ནས་ཀྱང་དོན་གཉེར་གྱིས་བསྐྱར་གསོ་བྱེད་བཞིན་ཡོད།
དེ་ཡང་སློབ་གྲྭ་ཁག་གི་སློབ་ཁྲིད་བྱ་རྒྱུའི་གཞུང་ཚན་ནམ་དོན་ཚན་གང་གི་ཐོག་ཏུ་ཡིན་ནའང་ཁྱབ་དང་མ་ཁྱབ་ཀྱི་ཐོག་ནས་དཔྱད་པ་བྱ་རྒྱུ་དེ་དག་བེད་སྤྱོད་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བརྗོད་པ་ལྟར། ཉེ་ཆར་བཞུགས་སྒར་དྷ་རམ་ས་ལར་སློབ་ཕྲུག་རྣམས་ཀྱིས་ཚན་རིག་གི་ཐོག་ཏུ་རྟགས་གསལ་བཏང་བ་དང་། ད་ལྟ་ཚན་རིག་གི་མིང་ཚིག་ཆ་ཚང་བོད་སྐད་ཐོག་མེད་སྟབས། ཚན་རིག་གི་མིང་ཚིག་ (Atom) རྡུལ་ཕྲན་དང་། (Element) ཁམས་རྫས་སོགས་དབྱིན་སྐད་ཀྱི་ཐོག་ནས་བརྗོད་པ་དང་། དེ་ཡིན་ན་འདི་ཡིན་པས་ཁྱབ་མིན་གྱི་འགྲོ་ལུགས་རྣམས་རིགས་ལམ་གྱི་ཁྱབ་མཐའ་བཏང་སྟེ་རྩོད་པ་བྱ་རྒྱུ་འགོ་ཚུགས་ཡོད།
ཚན་རིག་ཚོགས་འདུའི་སྐབས་འགའ་ཞིག་ཏུ་ངོ་ཤེས་ཚན་རིག་པ་དེ་དག་གིས་ཀྱང་རྟགས་གསལ་གཏོང་བའི་ལམ་སྲོལ་འདི་མཐའ་དཔྱོད་བྱ་རྒྱུར་ཧ་ལས་པའི་སྤུས་དག་པོ་དང་། ཕན་ཐོགས་དང་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད་འདུག་པས། སློབ་ཚན་གཞན་དང་གཞན་ལའང་རིགས་ལམ་གྱི་འགྲོ་ལུགས་འདི་ཉིད་སྦྱོར་མི་ཐུབ་བམ་ཞེས་སྐད་ཆ་འདྲི་མཁན་བྱུང་ལ། སྔ་ལོ་འབྲས་སྤུངས་སུ་ཚན་རིག་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཐོག་ཚན་རིག་པ་སྙན་གྲགས་ཅན་མང་པོ་ཞིག་ཡོད་པ་རྣམས་ཚན་རིག་ཚོགས་འདུའི་སྔ་དགོང་བར་གསེང་གི་དུས་སུ་ཆོས་རར་ལྟ་སྐོར་དུ་ཁྲིད་པར་བརྟེན། ཚན་རིག་པ་དེ་དག་གི་ཡིད་ལ་ཧ་ཅང་འཐད་པོ་བྱུང་སྟེ། དགའ་མོས་ཤུགས་ཆེ་བྱེད་བཞིན་འདུག །
དེ་མིན་དངོས་ཡོད་གནས་ཚུལ་ལ་གདན་ས་ཁག་ཏུ་རང་ཉིད་ཀྱི་འདོད་མོས་དང་བསྟུན་ནས་ཚན་རིག་སློབ་གཉེར་བྱེད་འདོད་ཡོད་པ་རྣམས་རྡོག་སྒྲུག་གིས་མི་གྲངས་ལྔ་བཅུ་ང་གྲངས་ཀྱིས་ཚན་རིག་སློབ་སྦྱོང་བྱས་ནས་ལོ་ངོ་བཅུ་བཅོ་ལྔ་ཙམ་ཕྱིན་ཡོད། གདན་སའི་སློབ་གཉེར་བ་དེ་དག་ལ་ཚན་རིག་སློབ་ཁྲིད་བྱེད་སྐབས་དགེ་རྒན་ཕལ་མོ་ཆེ་ཨ་རི་སོགས་ནས་དང་བླངས་ཐོག་ཡོང་བ་ཤ་སྟག་རེད། ཚན་རིག་གི་དགེ་རྒན་མང་པོ་ཞིག་ངོས་དང་ཐུག་འཕྲད་བྱུང་ཞིང་། དེ་དག་གིས་ཧ་ཅང་དགའ་མོས་བྱེད་ཀྱིན་འདུག །སློབ་ཕྲུག་རྣམས་གདན་སའི་སློབ་གཉེར་བ་ཡིན་སྟབས། སློབ་ཕྲུག་དེ་དག་གིས་དབྱིན་ཇིའི་སྐད་ཡིག་དང་། ཨང་རྩིས་སོགས་མི་ཤེས་ཀྱང་། ཚན་རིག་པ་རྣམས་ཀྱིས་དོན་ཚན་སོ་སོའི་ཐོག་ནས་འགྲེལ་བརྗོད་བྱེད་སྐབས་དཔྱད་པ་བྱ་རྒྱུའི་ནུས་པ་གཞན་དང་མི་འདྲ་བ་ཞིག་འདུག །ཅེས་ཧ་ཅང་དགའ་པོ་བྱེད་ཀྱིན་འདུག །སློབ་ཁྲིད་བྱས་རྗེས་དྲི་བ་དྲིས་ལན་བྱེད་སྐབས་སུའང་སློབ་གཉེར་བ་དེ་དག་གིས་གནད་འགག་ཤེས་པ་དང་། མཚན་ཉིད་རིགས་པའི་འགྲོས་ཀྱི་ཐོག་ནས་དཔྱད་པ་བྱེད་སྐབས་ཚན་རིག་དགེ་རྒན་རྣམས་དགའ་མོས་དང་། ཡིད་དབང་ཡོངས་སུ་འཕྲོག་པ་ལྟ་བུ་ཡོང་གིན་འདུག །
དེས་ན་ང་ཚོའི་རིགས་ལམ་གྱི་འགྲོ་ལུགས་དེ་ནང་པ་གཅིག་པུ་དང་། ལྷག་པར་བོད་གཅིག་པུའི་དོན་གནད་ཅིག་མིན་པར་འཛམ་གླིང་སྤྱི་ལ་ཕན་ཐོགས་ཀྱི་ཞབས་ཞུ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་པར་མ་ཟད། རིམ་བཞིན་འཛམ་གླིང་སྤྱིའི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་ཀྱི་ནང་དུ་མཚན་ཉིད་རིག་པའི་རིགས་ལམ་གྱི་འགྲོ་ལུགས་དེའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཞིག་དགའ་ལྡན་ཁྲི་རིན་པོ་ཆེ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དང་ངེད་གཉིས་ཀྱི་མི་ཐོག་འདིར་ཡོང་ཐུབ་མིན་མི་ཤེས་ཀྱང་། མ་འོངས་པར་ལོ་ངོ་སུམ་ཅུ་བཞི་བཅུའི་རྗེས་སུ་ཡོང་སྲིད་ཅིང་། དེ་ལྟ་བུའི་གསར་གཏོད་དེ་སུས་བྱས་སམ་ཞེ་ན། ང་ཚོ་བོད་པས་བྱས་པ་རེད། ད་ལྟ་དེ་ལྟ་བུའི་དུས་སྐབས་ཤིག་ཏུ་སླེབས་ཡོད།། །།
༡༡༽ དགོས་སོགས་ཆོས་བཞི་དང་། དུས་རབས་ཀྱི་ནང་པ།
ང་ཚོའི་བཀའ་འགྱུར་གྱི་གཞུང་ཕལ་མོ་ཆེ་གསུང་སྐབས། དགོས་སོགས་ཆོས་བཞི་ཞེས་པ་གསུངས་ཡོད། གཞུང་དེ་དང་དེ་ལྟ་མཁན་དེ་ཉིད་དབང་རྣོན་ཐེ་ཚོམ་གྱི་ཐོག་ཏུ་གནས་པ་ཞིག་ཡིན། ཐེ་ཚོམ་གྱི་ཐོག་ཏུ་གནས་མཁན་དེ་དག་གིས་དཔེ་ཆ་འདིའི་བརྗོད་བྱ་གང་ཞིག་ཡིན་པ་དང་། བརྗོད་བྱ་དེ་ཡང་ཤེས་པ་ཙམ་གྱིས་མི་འགྲིག་པར། བརྗོད་བྱ་དེ་དག་ཤེས་པས་ཕན་ཐོགས་གང་ཞིག་ཡོད་པ་དང་། ཕན་ཐོགས་དེ་ཡང་འཕྲལ་དུ་ཕན་ཐོགས་གང་ཞིག་ཡོད་པ་དང༌། ཕུགས་སུ་ཕན་ཐོགས་གང་ཞིག་ཡོད་པ་སོགས་ལ་བསམ་བློ་བཏང་སྟེ། བརྗོད་བྱ་དེ་ཡང་ཡིད་དབང་འཕྲོག་པ་ཞིག་ཡོད་ཀྱང༌། ཕན་ཐོགས་མེད་ན་སྙིང་པོ་གང་ཡང་མེད།
དཔེར་ན། སྙན་རྩོམ་དང་། སྒྲུང་རྩོམ་ལྟ་བུ་སྙན་པོ་ཡོད་ཀྱང་དེ་དག་ནི་ཚིག་ཙམ་ཞིག་ཡིན་པས་སྙིང་པོ་གང་ཡང་མེད། བརྗོད་བྱ་ཡང་དངོས་གནས་སེམས་ཀྱི་ཞི་བདེ་སྒྲུབ་པའི་བརྗོད་བྱ་ཞིག་ཡོད་མེད་དང་། སེམས་ཀྱི་ཞི་བདེ་སྒྲུབ་ལུགས་ཀྱང་ལུང་ཙམ་ལ་སྐྱབས་སུ་མཆིས་ཏེ་ཞི་བདེ་སྒྲུབ་པའམ། རིགས་པ་ལ་བརྟེན་ནས་ཞི་བདེ་སྒྲུབ་མིན་སོགས་ལ་བསམ་བློ་རིམ་པར་བཏང་སྟེ་རིགས་པས་སྒྲུབ་པ་དང༌། མཐར་ཐུག་མྱོང་བ་ལ་གཏུགས་ཡོང་གིན་ཡོད། དེས་ན་གཞལ་བྱའི་གནས་གསུམ་སོགས་གཏན་ལ་འབེབས་སྐབས་དབང་པོའི་ཤེས་པས་གཏན་ལ་འབེབས་རྒྱུ་མེད་པར། སྒྲ་རྟོག་སེལ་བས་འཇུག་པ་སོགས་ཀྱི་ཐོག་ནས་དཔྱད་པ་བྱས་ཏེ་འགྲོ་ལུགས་རྣམས་གསུངས།
དེར་བརྟེན་བརྗོད་བྱ་དེ་ཡང་སྐྱེས་བུ་རྣམས་ལ་ཉེ་བར་མཁོ་བ་དང༌། ཕན་ཐོགས་ཡོད་པ་ཤེས་ན། འཕྲལ་ལ་དགོས་པ་གང་ཞིག་ཡོད་པ་དང༌། འཕྲལ་དུ་སེམས་ལ་ཞི་བདེ་ཡོང་བ་དང༌། མི་ཚེ་སྐྱེལ་བར་ཕན་ཐོགས་ཡོད་པ། མི་ཚེ་ཆགས་སྡང་གི་རུ་འཛིངས་པའི་ཁྲོད་དུ་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་མཐོང་ངེས་ཡིན་ལ། ཕུགས་ཀྱི་ཉིང་དགོས་གང་ཞིག་འདུག་པ་དང་། ཉོན་མོངས་སྤོང་རྒྱུ་དང༌། དེ་ཡང་ཉོན་མོངས་སྤོང་ཐུབ་མིན་གྱི་སྐོར་གཞུང་ནས་གསུངས་པའི་ཐོག་ཏུ་བསམ་བློ་ཡང་ཡང་གཏོང་བ་དང༌། རང་ཉིད་ཀྱིས་གོམས་འདྲིས་བསྟེན་པའི་ཐོག་ཏུ་ཕྱིན་ན་ཉམས་མྱོང་ཞིག་སྐྱེ་རྒྱུ་ཡོད། རྩོལ་མེད་ཀྱི་ཉམས་མྱོང་ལམ་སང་ཐོན་རྒྱུ་མེད་ཀྱང་། རྩོལ་བཅས་ཀྱི་མྱོང་བ་ཞིག་ཐོན་རྒྱུ་ཡོད། དེ་ལྟར་ཐོན་པའི་ལག་རྗེས་སུ་སེམས་པ་སྐྱིད་དུ་འགྲོ་བ་དང་། རྐྱེན་ངན་གྱི་རུ་འཛིངས་ཀྱང་དེ་འདྲ་ཞིག་རེད་བསམ་པ་དྲན་རྒྱུ་ཡོད། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས[40]།
ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །
དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །
ཅེས་དང་། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་[41]ཀྱང་།
ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །
དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །
ཅེས་གསུངས་པ་ལྟར། དམིགས་ཡུལ་གཞི་རྒྱ་ཆེ་ས་ནས་བཟུང་ན་ངག་ནས་བརྗོད་སྐབས་སེམས་ནང་དངོས་གནས་སྙིང་སྟོབས་སླེབས་པ་ཞིག་ཡོང་རྒྱུ་ཡོད་ལ། རྣམ་རྟོག་གི་རུ་འཛིངས་པའི་ཁྲོད་ནས་སེམས་ཀྱི་ཞི་བདེ་སྲུང་ཐུབ་པ་ཞིག་ཀྱང་ཡོང་རྒྱུ་ཡོད། དེ་ལྟའི་རྩོལ་བཅས་ཀྱི་མྱོང་བ་ཕྲན་བུ་ཞིག་ཡོད་པ་དེས་ཚོད་དཔག་བྱས་ན་རྩོལ་མེད་ཀྱི་མྱོང་བ་རིམ་གྱིས་སྐྱེས་ཏེ། ཏདྱཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་གསུངས་པ་ལྟར་ཡོང་སྲིད་པ་ཞིག་བློ་ལ་འཆར་རྒྱུ་ཡོད། དེས་ན་དངོས་གནས་དྲང་གནས་རྣམ་མཁྱེན་དོན་གཉེར་གྱི་བློ་ཞིག་སླེབས་ཡོང་བ་ཡིན།
དེས་ན་བསྟན་བཅོས་དེ་དང་དེ་ལ་བརྗོད་བྱ་གང་ཞིག་ཡོད་པ་དང༌། བརྗོད་བྱ་དེ་དག་ཤེས་ན་དགོས་པ་གང་ཞིག་ཡོད་པ། ཉིང་དགོས་གང་ཞིག་ཡོད་པ། དེ་དག་ཀྱང་ཕྱི་མ་ཕྱི་མ་སྔ་མ་སྔ་མར་འབྲེལ་བའི་འབྲེལ་བ་ཤེས་ན་དགོས་སོགས་ཤེས་པར་འགྱུར་བ་ཡིན། དེ་ལྟར་རྒྱ་གར་མཁས་པའི་གཞུང་རྣམས་ལ་དགོས་སོགས་ཆོས་བཞི་ཐོག་མར་བཤད་པའི་ཐོག་ནས་གཞུང་དངོས་གཞི་གསུང་གིན་ཡོད། དེ་དག་ནི་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་ཅིང་། ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་ཞིག་ལ་བརྟེན་ནས་དགོས་སོགས་ཆོས་བཞི་བརྗོད་དགོས་པ་ལས། དབང་རྟུལ་ལ་དགོས་སོགས་ཆོས་བཞི་བརྗོད་དགོས་དོན་མེད། དེ་རྩ་ཆེན་ཞིག་རེད་ཅེས་བརྗོད་ན་དེ་གས་འགྲིགས་པ་དང་། དེ་བཞིན་བླ་མ་འདི་དང་འདིས་གསུང་གིན་འདུག་པས་རྩ་ཆེན་ཡིན་ཞེས་བརྗོད་ན་འགྲིགས་པ་ཡིན།
དབང་རྣོན་རྣམས་ཀྱིས་བརྟག་དཔྱད་བྱེད་པར་བརྟེན་གཞུང་བརྩམ་ལུགས་ཀྱང་ཐོག་མར་དགོས་སོགས་ཆོས་བཞི་ཞེས་གསུངས་ཤིང༌། གཞུང་དངོས་གཞི་རྩོམ་སྐབས་གཙོ་བོ་རིགས་པ་ལ་བརྟེན་པ་དང༌། དེའི་ནང་ནས་ཀྱང་དབུ་ཚད་ཀྱི་གཞུང་རྣམས་གཙོ་ཆེར་རིགས་པའི་ལམ་ནས་འགྲོ་བ་ཞིག་ཡིན། འདུལ་བའི་གཞུང་རྣམས་ནི། གཙོ་བོ་བཅོམ་ལྡན་འདས་ཀྱི་བཀའ་རང་ལ་བརྟེན་ནས་འགྲོ་དགོས་པ་ལས། དེ་མིན་གྱི་གཞུང་རྣམས་གཙོ་བོ་བརྡར་ཤ་བཅད་ནས་འགྲོ་དགོས་པ་ཡིན། དོན་བསྡུ་ནི། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས[42]། ཇི་སྐད་དུ།
དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །
རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །
ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །
བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། །
ཅེས་གསུངས་པ་དེ་ཡིན། གཞུང་དེ་དག་ལ་སྦྱངས་ན། བོད་ཀྱི་གཞུང་མང་པོ་ཞིག་ནང་པ་ཡིན་པ་གཞིར་བཞག་ཐོག་མཛད་ཡོད། ཇོ་བོ་རྗེའི་ལམ་སྒྲོན་ལྟ་བུར་མཚོན་ནའང༌། ནང་པ་གཞིར་བཞག་གིས་སྐབས་བབ་སོ་སོར་མྱོང་བ་འདོན་ཐབས་ལ་གཙོ་བོར་གསུངས་པ་དེ་ཧ་ཅང་རྩ་ཆེ་ཡིན་ན་ཡང༌། ཆོས་ལུགས་དང་ལྟ་གྲུབ་འདྲ་མིན། བསམ་བློ་འདྲ་མིན་སྣ་ཚོགས་ཡོད་པའི་དབུས་སུ་འདི་གཅིག་པུས་མི་འདང་། དེས་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་དངོས་གནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཀ་བ་འཛུགས་མཁན་དང༌། སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་འདིང་མཁན་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །དེས་ན་ཁྱེད་རང་ཚོ་ཚང་མར་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་རྗོད་ཀྱིན་ཡོད།། །།
༡༢༽ ནཱ་ལེནྡྲའི་ཆོས་བརྒྱུད་དང་། པཎ་གྲུབ་བསྟོད་ཆེན།
རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་ཏག་ཤ་ཤི་ལ་ (Takshashila) སྟེ་རྡོ་འཇོག་གི་གཙུག་ལག་ཁང་དང་། དེ་ནས་དཔལ་ནཱ་ལེནྡྲ། དེ་རྗེས་བི་ཀྲ་མ་ཤཱི་ལ་[43]གསུམ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་འཛིན་མཁན་གྱི་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་གྱུར་ཡོད། རྩ་བ་འཛིན་ཚུལ་དེ་ཡང་ལྷ་ཁང་ཆེན་པོ་ཡོད་པའི་དོན་མིན་པར། དེ་དག་ནས་མཁས་པའི་དབང་པོ་མང་པོ་ཞིག་ཐོན་ཡོད་ལ། ངོས་ནས་བརྗོད་པའི་པཎ་གྲུབ་བཅུ་བདུན་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁས་གྲུབ་ཤ་སྟག་ཡིན།
གཞན་ཡང་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཀྱང་ཡོད། དེ་ཡང་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་པཱ་ལི་དང་ལེགས་སྦྱར་གཉིས་ཀར་གསན་བསམ་སློབ་གཉེར་གནང་ཡོད་ལ། མཁས་པ་རང་རང་གིས་ལེགས་བཤད་ཀྱི་བསྟན་བཅོས་ཕལ་མོ་ཆེ་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་ལྗགས་རྩོམ་མཛད་ཡོད། དཔལ་ནཱ་ལེནྡྲའི་མཁས་པ་མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཆོས་གྲགས། རྒྱལ་སྲས་ཞི་བ་ལྷ་སོགས་ཀྱིས་མཛད་པའི་གཞུང་ལུགས་དེ་དག་གི་ལེགས་སྦྱར་གྱི་འགྲོ་སྟངས་རྣམས་ཧ་ལས་པ་ཞིག་འདུག་ཅེས་རྗོད་ཀྱིན་འདུག །དེར་བརྟེན་ལེགས་སྦྱར་ལ་མཁས་པའི་མུ་སྟེགས་པ་དེ་དག་གིས་ནང་དོན་གྱི་ཆ་ནས་ནང་པའི་ཡིག་ཆར་མི་བལྟ་ཡང་། ཚིག་སྦྱོར་སོགས་ཀྱིས་ཡིད་དབང་ཕྲོགས་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གི་ཚིག་སྦྱོར་ལ་གླེང་སློང་དང་། དཔེར་བལྟས་ཡོད་ཅེས་རྗོད་ཀྱིན་འདུག །
ལྷག་པར་དཔལ་ནཱ་ལེནྡྲའི་ནང་ཚད་མར་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ནང་པའི་སློབ་དཔོན་ཡིན་པ་གང་ཞིག །ནང་པའི་ཚད་མ་རིག་པའི་གཞུང་ལ་བརྟེན་ནས་མུ་སྟེགས་པའི་ཆོས་ཚུལ་དང་ལྟ་གྲུབ་ཀྱི་རྣམ་གཞག་བཀག་པ་སོགས་མཛད་ཀྱང་། ཚད་མ་རིག་པའི་འགྲོ་སྟངས་ནི་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་བཅས་དཔལ་ནཱ་ལེནྡྲའི་མཁས་པ་འདི་གཉིས་ཀྱིས་ཚད་མའི་རྣམ་གཞག་དགག་གཞག་མང་དུ་མཛད་ནས་གསུངས་སྐབས། མུ་སྟེགས་པའི་ཚད་མའི་རྣམ་གཞག་ཡར་རྒྱས་འགྲོ་རྒྱུར་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད།
སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། སློབ་དཔོན་ཆོས་གྲགས་རྣམ་གཉིས་བྱོན་རྗེས་སུའང་མུ་སྟེགས་པའི་མཁས་པའི་རིགས་ཀྱིས་ཁོང་གཉིས་ཀྱི་རིགས་པའི་འགྲོ་སྟངས་དེ་དག་ལ་སློབ་སྦྱོང་བྱས་ནས་མུ་སྟེགས་པའི་ཚད་མའི་འགྲོ་སྟངས་གསར་པ་བྱུང་ཡོད་ཚུལ་གོ་ཐོས་བྱུང་ལ། དེ་བཞིན་ང་ཚོ་ནང་པ་ལའང་རྩོད་པ་རྒྱག་མཁན་ཕྱི་རོལ་མུ་སྟེགས་པ་ཡིན་སྟབས་གཅིག་བྱས་ན་དུས་ཕྱིས་སུ་ནང་པ་ཡར་རྒྱས་འགྲོ་རྒྱུར་འཐུས་ཤོར་ཕྱིན་མེད་དམ་སྙམ། ཕན་ཚུན་འགལ་ཟླ་ཡོད་ན་འགལ་ཟླས་ལུགས་འདྲ་མིན་བཤད་ནས་བཞེད་ལུགས་མཐུན་མིན་བརྩད་དེ་རང་ལུགས་ཇེ་བརྟན་ནས་ཇེ་བརྟན་དུ་འགྲོ་བ་ལྟ་བུ་ཞིག་ཡོང་གིན་ཡོད། དེར་བརྟེན་ང་ཚོ་བོད་ལ་ཡོད་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་འདི་དག་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་ཞེས་བརྗོད་ན་རྒྱུ་མཚན་དང་ལྡན་པ་ཞིག་ཡིན།
དེར་བརྟེན་ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འབྲི་རྩོམ་དང་། བོད་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་བརྗོད་པ་དེར་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་ནི། སྔར་བོད་ཀྱི་ཆོས་དེ་སངས་རྒྱས་པའི་ཆོས་ལུགས་མིན་པར་བླ་མའི་ཆོས་ལུགས་ཡིན་ཚུལ་རྗོད་ཀྱིན་ཡོད། དེ་ནི་ས་དགེ་བཀའ་རྙིང་རྣམས་གཙོ་བོ་གསང་སྔགས་ཀྱི་རྒྱུད་སྡེ་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་ལས། གཞུང་ཆེན་བཅུ་གསུམ་ཞེས་བརྗོད་ན། རྩ་འཇུག་བཞི་གསུམ་དང་། མངོན་རྟོགས་རྒྱན་སོགས་ཚང་མ་ཐུན་མོང་བའི་གཞུང་ལུགས་ཡིན་པས། ལ་ལས་བོད་ཀྱི་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཞེས་བརྗོད་པ་ལྟར་མིན་པར། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་མཚོན་ཐུབ་པའམ་གོ་རྟོགས་ཐུབ་པའི་ངོ་སྤྲོད་ཀྱི་ཆེད་དུ་ཡིན།
རྒྱུ་མཚན་གཉིས་པ་ནི། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་རིས་སུ་མ་ཆད་པ་དག་གིས་རང་རང་སོ་སོའི་ཆོས་བརྒྱུད་དེ་ཉིད་ལས། རྩ་བའི་བོད་བརྒྱུད་ནང་བསྟན་གྱི་འབྱུང་ཁུངས་དཔལ་ནཱ་ལེནྡྲ་ནས་བྱུང་བ་དེར་དོ་སྣང་དེ་ཙམ་མེད་པ་ལྟ་བུ་དང་། དེ་ཡང་རྒྱུད་སྡེ་མི་འདྲ་བ་དང་། ཆོ་ག་འདོན་ལུགས་མི་འདྲ་བ་སོགས་ལས་མི་འདྲ་བ་ཤུགས་ཆེ་ཡོད་པ་ལྟ་བུར་མཐོང་བཞིན་ཡོད། ས་དགེ་བཀའ་རྙིང་ཚང་མ་གཅིག་སྒྲིལ་ཡོང་བ་ཞིག་བྱེད་དགོས་ན། གཞུང་ཆེན་དེ་དག་གི་ཐོག་ཏུ་ཕྱིན་ན་ཚང་མ་གཅིག་སྒྲིལ་ཡིན་པས། དེ་དགོས་པ་གཅིག་ཏུ་མཐོང་གིན་འདུག །
དེས་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཕྱོགས་གཅིག་ནས་གོང་གསལ་རྒྱུ་མཚན་གཉིས་པོ་དེ་ཡིན་ལ། ཡང་ཕྱོགས་གཞན་ཞིག་ནས་ནང་ལོགས་སུ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་རྩ་བའི་འབྱུང་ཁུངས་གཅིག་ནས་བྱུང་བ་སྟེ། དཔེར་ན། སློབ་དཔོན་རིན་པོ་ཆེར་ཆ་མཚོན་ནའང་། རིག་འཛིན་རྣམ་བརྒྱད་ཀྱི་ཁྲོད་དུ་མགོན་པོ་ཀླུ་སྒྲུབ་ཡོད་པ་ལྟར་ཚང་མ་ནཱ་ལེནྡྲ་ནས་བརྒྱུད་པ་ཤ་སྟག་ཡིན། དེས་ན་མགོན་པོ་ཀླུ་སྒྲུབ་ཅེས་བརྗོད་ན། ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། རི་བོ་དགེ་ལྡན་པ། ཇོ་ནང་དང་བཅས་པའི་བོད་ཀྱི་ཆོས་བརྒྱུད་ཚང་མས་སྟོན་པ་གཉིས་པ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད།
དེ་ལྟར་རྩ་བའི་ཐོག་ཏུ་ཕྱིན་ན་ང་ཚོ་ཚང་མ་གཅིག་གྱུར་ཡིན། འོན་ཀྱང་ཡན་ལག་ཕྲ་མོའི་ཐོག་ཏུ་ཕྱིན་ན་བཀའ་བརྒྱུད་ལ་ཆ་མཚོན་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དང་། དེ་བཞིན་རྙིང་མའི་རྫོགས་ཆེན་ལ་ཆ་མཚོན་ནའང་། དགོན་སྡེ་དང་བླ་མ་སོ་སོར་མི་འདྲ་བ་རེ་དང་། དེ་བཞིན་གཏེར་སྟོན་སོ་སོའི་གཏེར་ཆོས་མང་དུ་ཡོད་པས་ནང་གསེས་མང་པོ་ཞིག་ཡོད། རི་བོ་དགེ་ལྡན་པར་ཆ་མཚོན་ནའང་། སྲད་རྒྱུད་དང་། དབེན་ས་སྙན་བརྒྱུད། དབུས་ཀྱི་གཞུང་པ་བ་བཅས་སྲད་དབེན་གཞུང་གསུམ་དང་། གཞན་ཡང་གདན་ས་ཆེ་ཁག་དག་ལ་མཚོན་ནའང་ཡིག་ཆ་མི་འདྲ་བ་རེ་ཡོང་བཞིན་ཡོད། ང་ཚོ་ཚང་མ་རྩ་བའི་ཐོག་ཏུ་ཕྱིན་ན་ཚང་མ་གཅིག་གྱུར་ཡིན་པས། དེ་ལྟར་འགྲོ་རྒྱུ་གལ་གནད་ཆེན་པོ་རེད་འདུག །
འཛམ་གླིང་གི་ཤར་ནུབ་དང་ལྷོ་བྱང་ཚང་མ་དཔལ་འབྱོར་དང་། ཁོར་ཡུག་སོགས་ཀྱི་ཐོག་ནས་མཉམ་རུབ་དང་། གཅིག་སྒྲིལ་བྱེད་པའི་དུས་སྐབས་ཤིག་ཡིན་པ་ལྟར། ཆོས་པ་རྣམས་ཀྱང་མཐུན་ལམ་མཉམ་རུབ་བྱེད་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད། དེས་ན་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་བྱེད་རྣམས་མཐུན་ལམ་མཉམ་རུབ་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོར་གྱུར་ཡོད།
ཡང་རྒྱུ་མཚན་གཞན་ཞིག་ནི། བསྐང་གསོ་གཏོང་རྒྱུ་དེ་དག་གནས་ཚུལ་ཐ་དད་ལས། དེ་མིན་གཞུང་ཆེན་མོ་འཆད་མཁན་གྱི་དགོན་པ་དེ་དག་གི་འཆད་ཉན་བྱ་རྒྱུ་དང་། ཆུང་ངུའི་སྐབས་ནས་བློ་འཛིན་བྱ་རྒྱུའི་གཞུང་ཆེན་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ་སོགས་ཀྱི་གཞུང་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁས་པས་བརྩམས་པའི་གཞུང་ཤ་སྟག་རེད། དེས་ན་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་ལ་ཐུག་པར་བརྟེན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་དེ་དག་ལ་གསོལ་འདེབས་ཤིག་འབྲི་ཐུབ་ན་ཡག་པོ་ཡོང་ངེས་སྙམ་ནས་བྲིས་པ་ཡིན།
འདི་དག་གི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་དང་། གཉིས་ནས་ང་ཚོའི་ཆོས་འདི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པར་བརྟེན། ནཱ་ལེནྡྲའི་མཁས་པ་འདི་དག་གིས་གཞུང་གང་དང་གང་མཛད་པ་དངོས་སུ་གསལ་ཁ་མེད་ཀྱང་། ང་རང་ཚོས་སློབ་སྦྱོང་བྱ་རྒྱུའི་གཞུང་ལུགས་འདི་དག་གི་མཛད་པ་པོ་གཙོ་བོ་པཎ་གྲུབ་བཅུ་བདུན་གྱི་མཚན་ནས་སྨོས་པའི་གསོལ་འདེབས་དད་གསུམ་གསལ་བྱེད་དང་། དེ་མིན་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་དེ་དག་ཚང་མ་བསྟན་པ་སྤྱིའི་དགོངས་པ་དང་། བསྟན་པ་གཅིག་གྱུར་ཡིན་པ་འདི་དག་གི་བསྟན་པ་རྒྱས་པའི་སྨོན་ལམ་བཅས་བྲིས་པ་ཡིན།
འདི་དག་གི་ཐོག་ནས་བསམ་བློ་ཞིག་བཏང་ན། ང་ཚོ་བོད་ཀྱི་ཆོས་འདི་གང་ཞིག་ཡིན་པ་ཤེས་ཐུབ། ད་ཆ་དཔེར་ན། ཕྱི་རྒྱལ་གྱི་དེབ་འགའ་ཞིག་ནང་བོད་ཀྱི་ཆོས་འདི་བླ་མའི་ཆོས་ལུགས་རེད་ཅེས་བཤད་ཡོད། དེ་ནི་ཁོང་ཚོས་དོན་དངོས་མ་ཤེས་པའི་རང་རྟགས་བསྟན་པ་སྟེ། དཔེར་ན། ངོས་ལ་རྒྱ་རིགས་ཤིག་ཐུག་འཕྲད་བྱུང་ཞིང་། ཁོ་པར་རྒྱ་ནག་ཏུ་ཡོད་པའི་རྒྱ་མི་རྒན་འཁོགས་ཤིག་གིས་བོད་ལ་ཡོད་པའི་ཆོས་དེ་ཐེག་དམན་གྱི་ཆོས་ཡིན་པ་དང་། རྒྱ་ནག་ནང་ཡོད་པའི་ཆོས་དེ་ཐེག་ཆེན་རེད་ཅེས་བརྗོད་བྱུང་ཟེར། དེ་དག་ནི་མགོ་གཏན་ནས་མ་འཚོས་པའི་སྐད་ཆ་རེད།
དེ་བཞིན་དུ་ཤྲཱི་ལངྐའི་ནང་ཡོད་པ་དེ་དག་གིས་གནའ་སྔ་མོ་ནས་བོད་ལ་ཡོད་པའི་ཆོས་འདི་ཧིན་དྷུའི་ཆོས་དང་འདྲེས་པ་དང་། ཧིན་དྷུའི་སཱདྷུ་ལྟ་བུ་ནས་སླེབས་པ་ཞིག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤུགས་སྣོན་ཡོད་པས་ནང་པའི་ཆ་ཡང་ཅུང་ཟད་ཡོད་པ། མདོར་ན། ནང་ཆོས་གཙང་མ་མིན་པ་ཞིག་ཏུ་རྩི་བཞིན་ཡོད། དེར་བརྟེན་ང་རང་ཚོའི་ཆོས་འདི་གང་འདྲ་ཞིག་ཡིན་པ་ལེགས་པར་ཤེས་དགོས་པ་ཡིན། བོད་ཀྱི་ཆོས་དེ་གང་ཞིག་ཡིན་མིན་དྲིས་ན། ང་ཚོའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་དང་། དེའི་སྙིང་པོ་བསྡུས་ན་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་དེ་ཡིན། ཞེས་ངོས་ནས་ནམ་རྒྱུན་རྗོད་ཀྱིན་ཡོད་པས། འདི་དག་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱེད་དགོས།། །།
༡༣༽ སྐུ་ཐང་ལྗགས་བཀོད་དང་། འཛམ་གླིང་ལ་ལེགས་སྐྱེས།
དེར་བརྟེན་ངོས་ནས་བྲིས་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་ལུང་བཏོན་པའི་ཐོག་ནས་ངོ་སྤྲོད་བྱེད་དགོས་སྙམ་བྱུང་། དེ་ཡང་སྔར་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བོད་གངས་ཅན་གྱི་ལྗོངས་སུ་རྒྱན་དྲུག་མཆོག་གཉིས་ཞེས་བྲིས་ཐང་ཚན་པ་གཅིག་བཞེངས་པའི་ལམ་སྲོལ་ཡོད་ཅིང་། དེའི་ཐོག་མའི་འབྱུང་ཁུངས་ལྟ་བུ་ནི། རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས་མཁའ་མཉམ་མ་ལྗགས་རྩོམ་མཛད་པ་ནས་བྱུང་བ་མིན་ནམ་སྙམ། དེ་ཡང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ནི། དབུ་མའི་རྒྱན་ཀླུ་སྒྲུབ་དང་འཕགས་པ་ལྷ། མངོན་པའི་རྒྱན་ཐོགས་མེད་དང་དབྱིག་གཉེན། ཚད་མའི་རྒྱན་ཕྱོགས་གླང་དང་ཆོས་གྲགས་བཅས་ནཱ་ལེནྡྲའི་སློབ་དཔོན་ཆེན་པོ་དྲུག་དང་། མཆོག་གཉིས་ཏེ་སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་བཅས་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་བཀའ་དྲིན་ཅན་གྱི་པཎ་གྲུབ་དགུ་པོ་རྣམས་ཚུད་མེད། འོན་ཀྱང་པཎ་གྲུབ་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་ང་ཚོས་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད་ལ། ལྷག་པར་པཎ་གྲུབ་དེ་དག་ང་ཚོའི་སློབ་དཔོན་ནམ་དགེ་རྒན་ཡིན། དེས་ན་གལ་གནད་ཤིན་ཏུ་ཆེ་བའི་དགེ་རྒན་མང་པོ་ཞིག་ཚང་མེད་པར་བརྟེན་པཎ་གྲུབ་བཅུ་བདུན་ཞེས་གསར་བཟོ་ཞུས་པ་ཡིན།
སྤྱིར་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་སོགས་ཀྱི་རྗེས་འབྲང་གི་མཁས་པ་ཧ་ཅང་མང་པོ་བྱོན་ཡོད་ཀྱང་། པཎ་གྲུབ་བཅུ་བདུན་རྣམས་ངོས་ནས་གཙོ་བོ་ཆེ་བར་བརྩིས་ནས་པཎ་གྲུབ་རྣམས་རིམ་པར་བསྒྲིགས་ཏེ་དེ་དག་ལ་གསོལ་འདེབས་འབྲི་རྩོམ་དང་། བྲིས་ཐང་ཞིག་ཀྱང་གསར་བཞེངས་ཞུ་རྒྱུའི་འགོ་འཛུགས་ཞུས་པ་ཡིན། དེ་དག་ནི་ངོས་ནས་མི་བྱེད་དགུ་བྱེད་བྱས་པ་མིན་པར་དེ་ལ་རྒྱུ་མཚན་ཡོད། ང་ཚོའི་རྣམ་དཔྱོད་ཀྱི་བློ་མིག་ཅུང་ཟད་ཁ་ཕྱེ་ནས་གང་དུའང་བསམ་བློ་བཏང་སྟེ་ཕྱོགས་བསྡོམས་རྒྱག་ཐུབ་པ་ནི། པཎ་གྲུབ་འདི་དག་གི་ཐུགས་རྗེ་དང་བཀའ་དྲིན་ཡིན། པཎ་གྲུབ་འདི་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་བལྟས་ན་ཧ་ལས་པ་ཞིག་དང་། པཎ་གྲུབ་དེ་དག་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཤ་སྟག་ཡིན་པས། དེ་ལྟར་རེད་ཅེས་བརྗོད་ནས་སྐུ་ཐང་ཞིག་འབྲི་བཞེངས་ཞུས་ཏེ་སྐྱབས་སུ་མཆིའོ། །ཞེས་བརྗོད་པས་མི་ཕན་པར། མཁས་པའི་དབང་པོ་དེ་དག་གིས་གསུངས་པའི་གསུང་རྣམས་ལ་སློབ་གཉེར་བྱེད་དགོས་པ་ཡིན།
དེ་ཡང་ཐོག་མར་དེ་ལྟར་བསྒྲིག་དགོས་པའི་རྐྱེན་གཅིག་ནི། ཡོངས་གྲགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པ་མེད་པས་དེ་ཉིད་ངེས་པར་དུ་དགོས་ཀྱི་འདུག་སྙམ་པ་ཞིག་བྱུང་ལ། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱང་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད་པས། དེ་ཡང་ངེས་པར་དུ་དགོས་པ་ཞིག་ཡིན། དེ་མཚུངས་སློབ་དཔོན་ལེགས་ལྡན་འབྱེད་དང་རྒྱལ་སྲས་ཞི་བ་ལྷ་ཡང་མེད་པས་དེ་དག་ཀྱང་ངེས་པར་དགོས་པ་ཞིག་ཡིན། རྒྱུ་མཚན་གཙོ་བོ་དེ་དག་ཡིན་ལ། དེ་ལྟར་བྱས་ན་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ཁ་སྐོང་བྱེད་སྐབས་ཤེར་ཕྱིན་གྱི་འགྲེལ་མཛད་རྣམས་ལ་མཚོན་ནའང་། སྣང་བ་རྣམ་གཉིས་ཞེས་ཉི་སྣང་དང་། རྒྱན་སྣང་གཉིས་པོ་ནི་ཕར་ཕྱིན་སློབ་གཉེར་བྱེད་མཁན་རྣམས་ཀྱི་གཞུང་ལུགས་གཙོ་བོ་གཉིས་ཡིན་ཅིང་། དེ་དག་གི་མཛད་པ་པོ་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་རྣམ་གཉིས་ནམ་རྒྱུན་ཡོངས་སུ་གྲགས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་མེད། དེ་དག་ཀྱང་དགོས་ཀྱི་འདུག་སྙམ་པའི་ཐོག་ནས་པཎ་གྲུབ་བཅུ་བདུན་རྣམས་རིམ་པར་བསྒྲིགས་དོན་དེ་ལྟར་ཡིན།
གཞན་ཡང་ནམ་རྒྱུན་ང་ཚོས་དབུ་མའི་གཞུང་བུདྡྷ་པཱ་ལི་ཏ་དང་། དབུ་མ་ཚིག་གསལ། དེ་དག་གི་ཟུར་རྒྱན་ལྟ་བུར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་བཅས་ལ་གཙོ་བོར་ལྟ་ཀློག་འཆད་ཉན་བྱེད་བཞིན་ཡོད་ལ། དེ་དག་ལ་སློབ་གཉེར་བྱས་པ་ཙམ་མིན་པར་བསམ་བློ་གཏོང་རྒྱུའི་གནད་འགག་ཀྱང་མིག་ཁ་ཕྱེ་བ་ལྟར་ལམ་སྟོན་མཛད་པ་པོ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལུགས་རྣམས་ཡིན། གཞུང་ལུགས་དེ་དག་ནི་ཧ་ལས་པ་ཞིག་ཡོད།
དེ་བཞིན་མཁན་ཆེན་ཞི་འཚོ་ཡབ་སྲས་གཉིས་ལ་ཆ་མཚོན་ནའང་། དངོས་གནས་མཁས་པའི་དབང་པོ་ཡིན་ཅིང་། ཚད་མའི་གཞུང་གི་ལེགས་བཤད་རྨད་དུ་བྱུང་བ་འཇོག་པར་མཛད་མཁན་ཡང་ཡིན། པཎ་གྲུབ་འདི་དག་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཕྱག་རྗེས་ཆེ་བར་མ་ཟད། ལྷག་པར་བོད་གངས་ཅན་གྱི་ལྗོངས་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཆེ་ཞིང་བཀའ་དྲིན་བླ་ལྷག་ཏུ་ཆེ་བས། རྒྱན་དྲུག་མཆོག་གཉིས་ཀྱི་ཐོག་ཏུ་པཎ་གྲུབ་གཞན་དགུ་པོ་རྣམས་ཁ་སྣོན་བྱེད་ཐུབ་ན་ཧ་ཅང་ཡག་པོ་ཡོང་ངེས་སྙམ་ནས་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འབྲི་རྩོམ་བྱས་པ་དང་ཆབས་ཅིག་པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་གསར་བཞེངས་བྱས་པ་ཡིན། ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་པའི་ཆོས་འདི་ནཱ་ལེནྡྲའི་པཎ་གྲུབ་མཁས་དབང་དེ་དག་ལ་ཁུངས་གཏུགས་ནས་བྱུང་བ་རྣམས་ཤེས་དགོས་པ་ཞིག་ཡིན།
དེ་མིན་རང་རང་གི་ཆོས་བརྒྱུད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་བསམ་གྱིས་མི་ཁྱབ་པ་ཡིན་ནའང་། དེ་དག་ནི་རང་རང་གི་ཆོས་བརྒྱུད་དེ་ཉིད་ལས་དེ་མིན་ཁྱབ་ཆེན་པོ་དེ་ཙམ་མེད། དཔེར་ན། སྔ་འགྱུར་རྙིང་མར་ཆ་མཚོན་ན། སློབ་དཔོན་ཐུགས་རྗེ་ཅན་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ལྷག་པར་བོད་གངས་ཅན་གྱི་ལྗོངས་ལ་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཡིན། འོན་ཀྱང་དེ་ནི་རྒྱ་ནག་དང་། རྒྱ་ནག་བརྒྱུད་ནས་ཀོ་རི་ཡ་དང་། ཝི་ཏི་ནམ། ཉི་ཧོང་སོགས་ལ་འབྲེལ་བ་གང་ཡང་མེད། རྒྱ་གར་ལའང་མགོན་པོ་ཀླུ་སྒྲུབ་ལྟ་བུར་ཡོངས་སུ་གྲགས་པ་ཞིག་མིན་པར་གྲུབ་ཆེན་གྱི་གྲས་ཡིན། གྲུབ་ཆེན་ས་ར་ཧ་ལ་སོགས་པ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་རྣམས་བསམ་གྱིས་མི་ཁྱབ་པ་ཡིན་ནའང་། ཡོངས་གྲགས་སུ་ཁྱབ་ཐུབ་པའི་གྲུབ་ཆེན་མགོན་པོ་ཀླུ་སྒྲུབ་ལྟ་བུ་ཞིག་མིན།
བོད་གངས་ཅན་ལྗོངས་ཀྱི་བཀའ་བརྒྱུད་ལ་ཆ་མཚོན་ནའང་། མར་མི་དྭགས་གསུམ་གྱིས་མཐར་གཏུགས་ན་གྲུབ་ཆེན་ནཱ་རོ་པ་ལ་གཏུགས་ཡོད་ལ། ནཱ་རོ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཡིན། འོན་ཀྱང་ནཱ་རོ་ཆོས་དྲུག་གི་ཉམས་ལེན་གཙོ་བོར་གྱུར་པའི་གཞུང་རྣམས་ཀུན་ལ་ཁྱབ་པ་ཞིག་མིན། དེ་བཞིན་ས་སྐྱའི་ལམ་འབྲས་ཀྱི་ཁུངས་གཏུག་ས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བིར་ཝ་པ་ཡིན་ཅིང་། ཁོང་ཡང་ཐོག་མར་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་སྐབས་གནས་བརྟན་ཆོས་སྐྱོང་ཞེས་ཞུ་བ་དེ་ཡིན། ཁོང་གིས་དབུ་མ་བཞི་བརྒྱ་པའི་འགྲེལ་པ་རྣམ་རིག་ལུགས་སུ་བཀྲལ་བའི་གཞུང་ཞིག་མཛད་ཡོད་ཀྱང་ཧ་ཅང་ཁྱབ་བརྡལ་ཆེན་པོ་ཞིག་བྱུང་མེད། དེས་ན་པཎ་གྲུབ་བཅུ་བདུན་རྣམས་ལས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་རྣམ་གཉིས་ཀྱི་མཚན་ནི་ཐེག་ཆེན་གྱི་ཡུལ་གྲུ་ཚང་མར་ཁྱབ་ཡོད། དེ་ཡང་ཉི་ཧོང་དང་། ཀོ་རི་ཡ། ཝི་ཏི་ནམ་སོགས་ནི་རྒྱ་ནག་བརྒྱུད་ནས་ནང་ཆོས་དར་འཕེལ་བྱུང་ཞིང་། དེ་དག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བརྗོད་སྐབས་ཐེག་ཆེན་གྱི་ཡུལ་གྲུ་ཀུན་ལ་སྟོན་པ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་པ་ཞིག་ཡིན། དེས་ན་ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བྲིས་ཏེ་པཎ་གྲུབ་དེ་དག་འབུར་དོད་ལྟ་བུ་བཟོ་དགོས་དོན་གྱི་རྒྱུ་མཚན་གཅིག་འདི་ཡིན།
གཞན་ཡང་གོང་ཞུས་ལྟར་བོད་གངས་ཅན་ལྗོངས་ཀྱི་ཆོས་དེ་ཡང་མི་མང་པོ་ཞིག་གིས་ས་ཁུག་ལུང་ཁུག་ནང་དུ་བོད་པས་བོད་རང་གི་སྔར་ནས་ཡོད་པའི་བོན་ཆོས་དང་མཉམ་བསྲེས་བྱས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཁུངས་བཙན་ཞིག་མིན་ཞེས་རྗོད་མཁན་སྔར་ཡོད་ལ། ད་ལྟའང་དེ་ལྟར་རྗོད་མཁན་ཡོད་མུས་ཡིན། གཞན་ཡང་གོང་དུ་བརྗོད་པ་ལྟར་ནུབ་ཕྱོགས་པའི་རྩོམ་པ་པོ་འགའ་ཞིག་གིས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མ་ཆོས་ལུགས་ཞེས་བརྗོད་པ་སོགས་མདོར་ན་སངས་རྒྱས་པའི་ཆོས་མིན་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་དགོས་དོན་ནི། དོན་དངོས་ཐོག་ང་ཚོས་སློབ་གཉེར་བྱེད་བཞིན་པ་རྣམས་ནི། དཔལ་ནཱ་ལེནྡྲའི་མཁས་གྲུབ་དེ་དག་གིས་བརྩམས་པའི་གཞུང་རྣམས་ཡིན་ཅིང་། སྔགས་ཀྱི་གཞུང་ལུགས་མཛད་མཁན་རྣམས་ཀྱང་ཡོངས་གྲགས་དཔལ་ནཱ་ལེནྡྲའི་མཁས་གྲུབ་མིན་ནའང་། ཕལ་མོ་ཆེ་ཐོག་མར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སློབ་གཉེར་གནང་ཞིང་། མཐར་རྟོགས་པ་མཐོན་པོར་ཕེབས་སྐབས་བརྟུལ་ཞུགས་ཀྱི་སྤྱོད་པར་གཤེགས་པ་ལྟ་བུའང་ཡོད་ལ། ཡང་དཔལ་ནཱ་ལེནྡྲར་སློབ་གཉེར་བ་མིན་ནའང་། བརྩམ་བྱའི་སྔགས་ཀྱི་གཞུང་ལུགས་ཚང་མ་སྟོང་ཉིད་ཀྱི་ལྟ་བ་གསུང་མཁན་ཤ་སྟག་ཡིན།
བོད་ལ་གསང་སྔགས་ཀྱི་ཆོས་སྐོར་དར་ཚུལ་ནས་བརྗོད་ན། བོད་མིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱུང་ཚུལ་ནི། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་རི་གཉན་བཙན་སྐབས་ནང་ཆོས་ཐོག་མར་དབུ་བརྙེས་ཤིང་། དུས་རབས་བདུན་པར་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་བལ་བཟའ་ཞེས་རྒྱ་ནག་རྒྱལ་པོའི་སྲས་མོ་གཅིག་དང་། བལ་པོའི་རྒྱལ་པོའི་སྲས་མོ་གཅིག་བཅས་བཙུན་མོར་གདན་དྲངས་ཤིང་། སྐབས་དེར་བཙུན་མོ་སོ་སོའི་རྟེན་སྐལ་དུ་བལ་ཡུལ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། རྒྱ་ནག་ནས་ཇོ་བོ་ཤཱཀྱ་མུ་ནི་བཅས་གདན་འདྲེན་ཞུས་པའི་ཐུབ་དབང་གི་སྐུ་བརྙན་དེ་གཉིས་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་ཀྱི་ནང་རྟེན་གྱི་གཙོ་བོར་གྱུར་ཡོད། དེ་ལྟ་བུའི་ཐོག་ནས་ནང་ཆོས་ལ་ཐུགས་སྣང་སླེབས་ཏེ་ནང་ཆོས་སྲོལ་བཏོད་པ་དང་། དེ་རྗེས་དུས་རབས་བརྒྱད་པའི་ནང་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ནང་ཆོས་དེ་རྒྱ་གར་ནས་བྱུང་བར་བརྟེན་རྒྱ་གར་རང་ལ་ཐད་ཀར་འབྲེལ་བ་གནང་ཡོད། སྐབས་དེར་རྒྱ་གར་འཕགས་ཡུལ་དུ་ནང་ཆོས་ཀྱི་བསྟི་གནས་ལྟ་བུ་དེ་དཔལ་ནཱ་ལེནྡྲ་ཡིན་སྟབས། དཔལ་ནཱ་ལེནྡྲའི་མཁས་པ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་ཡོད།
བོད་ནང་དུ་ནང་ཆོས་ངོ་སྤྲོད་དང་། ཐོག་མར་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དེ་མཁན་ཆེན་ཞི་བ་འཚོ་ཡིན་ཅིང་། ཁོང་ནི་ཡོངས་གྲགས་སུ་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གི་གསུང་ལ་མཚོན་ན། རྒྱ་གར་སྐད་ནས་བོད་ཡིག་ཏུ་བསྒྱུར་བ་བཀའ་འགྱུར་པོད་བརྒྱ་ཙམ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་དག་གི་ནང་དུ་མཁན་ཆེན་ཞི་འཚོ་སྐུ་ངོ་མའི་གསུང་དབུ་མའི་སྐོར་ལ་དབུ་མ་རྒྱན་ཞེས་པ་ང་ཚོས་དེང་སྐབས་ཀྱང་སློབ་སྦྱོང་བྱེད་བཞིན་ཡོད། དེ་བཞིན་ཁོང་ཉིད་ཚད་མའི་སྐོར་ལ་ཧ་ཅང་མཁས་པ་ཡིན་སྟབས། ཚད་མའི་དེ་ཁོ་ན་ཉིད་བསྡུས་པའམ་ཚད་ཆེན་ཞེས་གྲགས་པའི་གཞུང་དེ་ཡང་དེང་གི་ཆར་ང་ཚོས་སློབ་སྦྱོང་བྱ་རྒྱུའི་གཞུང་གལ་ཆེའི་གྲས་ཤིག་ཏུ་གྱུར་ཡོད།
ཁོང་གི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་ལ་ཁོང་ཡང་བོད་ལ་གདན་ཞུ་གནང་སྟེ་དབུ་མའི་སྐོར་ལ་དབུ་མ་སྣང་བ་ལྗགས་རྩོམ་མཛད་པ་དེ་ཡང་ང་ཚོས་སློབ་སྦྱོང་བྱེད་བཞིན་ཡོད། ཁོང་གི་དགེ་རྒན་མཁན་ཆེན་ཞི་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་ཆེན་པོད་གཉིས་ཙམ་ཡོད། དེ་ལྟར་བོད་ལ་ནང་ཆོས་ཐོག་མར་དར་སྤེལ་གནང་མཁན་གཙོ་བོ་དེ་མཁན་ཆེན་ཞི་འཚོ་ཡབ་སྲས་རྣམ་གཉིས་ཡིན་ལ། ཁོང་གཉིས་ཀ་དཔལ་ནཱ་ལེནྡྲ་ནས་ཕེབས་པའི་པཎྜི་ཏ་དང་། ལྟ་བ་དབུ་མ་པ་དང་རྟེན་དགེ་སློང་འདུལ་བ་འཛིན་པ། དགེ་སློང་གི་སྡོམ་རྒྱུན་དེ་ཡང་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་དང་། ལྟ་གྲུབ་ཀྱང་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་ཞིག་ཡིན་སྟབས། གཙོ་བོ་མགོན་པོ་ཀླུ་སྒྲུབ་ནས་མར་བརྒྱུད་པ་ཞིག་ཡིན།
ཡང་ཁོང་གིས་དབུ་མ་རྒྱན་གྱི་ནང་དུ་རྣམ་རིག་པའི་ལྟ་བ་དེ་ཡང་ཞལ་གྱིས་བཞེས། དེར་བརྟེན་ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུའང་འབྲང་མཁན་བཅས་གང་ལྟར་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་དགོངས་པ་འགྲེལ་མཁན་ཞིག་ཡིན་ལ། དེ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་ནང་ཆོས་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་རྩ་འཛུགས་གནང་མཁན་དེ་མཁན་ཆེན་ཞི་འཚོ་ཡབ་སྲས་རྣམ་གཉིས་དང་། སློབ་དཔོན་རིན་པོ་ཆེ་བཅས་རེད། མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱིས་བསྟན་པ་རྒྱ་ཆེར་སྤེལ་སྐབས་མི་དང་མི་མིན་གྱི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སེལ་རྒྱུའི་ཐུགས་འགན་གཙོ་བོ་སློབ་དཔོན་རིན་པོ་ཆེས་བཞེས་ཡོད། དེས་ན་ང་ཚོས་ནམ་རྒྱུན་མཁན་སློབ་ཆོས་གསུམ་ཞེས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། སྦྱིན་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཏེ། བོད་ཀྱི་གཙུག་ལག་ཁང་མང་པོའི་ནང་དུ་མཁན་སློབ་ཆོས་གསུམ་གྱི་ལྡེབས་རིས་དང་སྐུ་ཐང་སོགས་ཀྱི་རི་མོ་འབྲི་སྲོལ་དར་ཁྱབ་ཆེན་པོ་ཡོད་ལ། དེ་ལྟར་ཁྲི་སྲོང་སྐབས་ནང་ཆོས་དར་ཞིང་རྒྱས་པར་མཛད་པ་ཡིན།
དེ་ལྟར་བོད་ཀྱི་ནང་ཆོས་ཀྱི་འབྱུང་ཁུངས་དེ་དཔལ་ནཱ་ལེནྡྲ་ནས་ཐད་ཀར་བརྒྱུད་པ་ཞིག་དང་། མཁན་ཆེན་ཞི་བ་འཚོ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་བསྙེན་པར་རྫོགས་པའི་དགེ་སློང་འདུལ་བ་འཛིན་པ་ཞིག་ཡིན་པར་མ་ཟད། ཁོང་གིས་མཛད་པའི་དབུ་མ་རྒྱན་སོགས་སུ་གཙོ་བོ་སྟོང་ཉིད་དང་། བྱང་ཆུབ་སེམས་ཀྱི་སྐོར་གསུངས་ཡོད། དེར་བརྟེན་བྱང་ཆུབ་སེམས་ཀྱིས་མཚོན་པའི་ཐེག་ཆེན་གྱི་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་དེ་དག་ཉམས་བཞེས་གནང་གིན་ཡོད་འདུག །དེའི་ཐོག་བསྟན་འགྱུར་ནང་དུ་མཁན་ཆེན་ཞི་འཚོས་མཛད་པའི་དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པ་ཞིག་ཡོད་པ་དེ་གསང་སྔགས་བླ་མེད་སྐོར་རེད་འདུག་པས། ཁོང་གསང་སྔགས་བླ་མེད་སྐོར་ཉམས་བཞེས་གནང་མཁན་གྱི་མཁས་པ་ཞིག་ཀྱང་རེད་འདུག །
གཞན་ཡང་རྒྱ་གར་གྱི་སློབ་དཔོན་ཐ་ག་པ་སོགས་ཀྱིས་སྔགས་ཀྱི་འགྲེལ་པ་མཛད་སྐབས་ཚད་མ་རྣམ་འགྲེལ་གྱི་ལུང་དྲངས་པ་ཡོད། དེ་ལྟར་སྔགས་ཀྱི་གཞུང་ཚད་ཐུབ་ཚང་མ་པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཁུངས་གཏུགས་ནས་བྱུང་བ་ཤ་སྟག་ཡིན། དེས་ན་ང་ཚོ་བོད་རིགས་རྣམས་ནས་ང་ཚོའི་ཆོས་འདི་ས་ཁུག་ལུང་ཁུག་ནས་བླ་མ་གྲུབ་ཐོབ་ཅིག་གིས་གསུངས་པ་དེ་གཅིག་པུ་ཡིན་ཞེས་བརྗོད་ན། འཛམ་གླིང་གི་ནང་པའི་ཡུལ་གྲུ་ཀུན་ལ་ཁྱབ་ཐུབ་པ་ཞིག་ཡོང་ཐབས་མེད། དེ་ལྟར་མེད་ན་ནང་པའི་ཡུལ་གྲུ་ཀུན་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཡོང་ཐབས་མེད། འཛམ་གླིང་འདིའི་ཐོག་ཏུ་གནས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཀུན་ལ་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་གཙོ་བོ་གང་ཞིག་ཡིན་ཞེ་ན། དཔལ་ནཱ་ལེནྡྲའི་མཁས་དབང་རྣམས་ཀྱིས་བརྩམས་པའི་གཞུང་ལུགས་རྣམས་ལ་སློབ་སྦྱོང་བྱས་ཏེ་ཤེས་པར་བྱས། ཤེས་པའི་ནང་དོན་རང་ཉིད་ཀྱི་རྒྱུད་ཐོག་ཏུ་སྦྱར། ཐོས་བསམ་སྒོམ་གསུམ་བྱས་ཏེ་ངག་ཐོག་ནས་བརྗོད་རྒྱུ་ཡོད་པ་དང་། རང་ཉིད་ཀྱིས་ཉམས་ལེན་བྱས་ཏེ་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་བྱུང་ན། དངོས་གནས་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་བསྟན་པ་ཡོངས་སུ་རྫོགས་པར་ང་ཚོ་བོད་པས་ཞབས་འདེགས་སྒྲུབ་པའི་ནུས་པ་ཡོད་པ་ཞིག་ཡིན། དེས་ན་ང་ཚོར་ནུས་པ་དང་ཆ་རྐྱེན་ཡོད་པ་དེ་དག་ངོས་འཛིན་ཐུབ་པའི་ཐོག་ནས་རང་རང་སོ་སོས་ཆ་རྐྱེན་དེ་དག་སྒྲུབ་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད།
དུས་རབས་ཉི་ཤུ་པ་དང་། དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་ཤར་ནུབ་དང་། ལྷོ་བྱང་ཞེས་དབྱེ་བ་དེ་ཙམ་འབྱེད་རྒྱུ་མེད་པར་འཛམ་གླིང་འདིའི་སྟེང་དུ་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་གཅིག་ལ་གཅིག་བརྟེན་དང་། གཅིག་ལ་གཅིག་འདྲེས་ལྟ་བུའི་དུས་སྐབས་འདིར་ཆོས་ལུགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད་པ་དེ་དག་གིས་ཀྱང་རང་རང་གི་རྗེས་འབྲང་གདུལ་བྱ་རྣམས་ལ་རླབས་ཆེན་གྱི་ཕན་ཐོགས་བསྒྲུབས་དང་སྒྲུབ་མུས་ཡིན་ལ། མ་འོངས་པར་ཡང་ཆོས་ལུགས་གཙོ་ཆེ་བ་དེ་དག་གིས་རང་རང་གི་ཆོས་བརྒྱུད་འཛིན་མཁན་དག་ལ་ཕན་ཐོགས་ངེས་པར་དུ་ཡོད་པ་ཞིག་ཡིན།
དེ་ལྟར་ནང་པ་སངས་རྒྱས་པའི་ཆོས་འདི་ཡང་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་གཙོ་ཆེ་བ་ཞིག་ཏུ་གྱུར་ཡོད་ལ། དེ་ལྟ་བུའི་ཆོས་ལུགས་འདི་ཉིད་ནི། འཇིག་རྟེན་ཕལ་པའི་བརྗོད་དོན་ལྟར་ན། སྲབ་མཐུག་འཕེར་བ་ཞིག་ཡོད་ཅིང་། དེང་སྐབས་ཆོས་ལ་ཐེ་ཚོམ་ཟ་མཁན་གྱི་ཚན་རིག་པ་དེ་དག་གིས་སངས་རྒྱས་པའི་ཆོས་ཀྱི་འགྲེལ་བཤད་ཉན་སྐབས་དེ་ལ་བསམ་བློ་གཏོང་རྒྱུ་འདུག་ཅེས་རྗོད་ཀྱིན་ཡོད་ལ། དངོས་གནས་སངས་རྒྱས་པའི་ཆོས་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་གཏན་ལ་ཕབ་པ་དེ་དག་གི་ཐོག་ནས་རང་གིས་བསམ་བློ་གཏོང་བ་དང་། གཞན་ལའང་འགྲེལ་བརྗོད་བྱས་ན་རྣམ་དཔྱོད་ལྡན་པའི་མི་རྣམས་ཡིད་དབང་འཕྲོག་པ་ཞིག་ཡོད། དེ་ལྟ་བུའི་སྤུས་ཚད་དང་ལྡན་པའི་ནང་ཆོས་འདི་ཉིད་རང་ཁྱིམ་ནང་ཡོད་པ་ལྟ་བུ་ཞིག་ཡིན། དེ་དག་རང་ཁྱིམ་གྱི་སྦུག་ཏུ་ཐལ་རྡུལ་དང་། དུ་དྲེག་གི་ཁྲོད་དུ་རང་དགར་ལུས་ཚེ་ཤིན་ཏུ་ཕངས་པོ་ཡིན། དེས་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་ངོས་ནས་རྩལ་འདོན་གྱིས་འཆད་དགོས་དོན་དེ་ལྟར་ཡིན།། །།
གཉིས་པ། པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་དངོས་གཞི།
དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་འདི་ཉིད་ཕྱོགས་གཅིག་ནས་ངོས་ཀྱིས་གལ་ཆེན་པོ་བརྩིས་ཏེ་བྲིས་ཤིང་། དེ་འབྲེལ་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཞིག་ཀྱང་ངོས་ཀྱིས་གསར་གཏོད་ལྟ་བུ་བྱས་ཡོད། དེར་བརྟེན་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདིའི་འགྲེལ་བཤད་ཅིག་བྱེད་དགོས་སྙམ་པ་བྱུང་།
༡༽ མཆོད་པར་བརྗོད་པ།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
ཞེས་པའི་ཚིག་རྐང་དང་པོ་གཉིས་ཀྱིས་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ལ་བསྟོད་ཕྱག་བྱས་པ་སྟེ། ངོས་ནས་བསམ་བློ་གཏོང་ས་གཙོ་བོ་ནི། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས[44]།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་གསུངས་པ་དེ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལས་[45]ཀྱང་།
གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །
ཞེས་སོགས་གསུངས་པ་རྣམས་ལ་བསམ་བློ་བཏང་ནས་བྲིས་པ་ཡིན། དེ་ནི་གལ་གནད་ཤིན་ཏུ་ཆེ་བ་ཞིག་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་དེ་བཞིན་གོང་གསལ་ཚིག་རྐང་གཉིས་པོར་འགྲེལ་བཤད་མཛད་ཡོད་སྟབས་ཧ་ཅང་རྒྱ་ཆེ་ལ། རིགས་པའི་ལམ་ནས་བདེན་བཞི་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་དེ་དག་ཧ་ཅང་གཏིང་ཟབ་པས་དེ་ལ་བསམ་བློ་བཏང་བ་ཡིན།
དེ་ཡང་འགྲོ་ལ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོ་གོམས་པ་མཐར་ཐུག་པའི་གནས་སྐབས་ཀྱི་རྒྱལ་བ་གང་དེའི་ཐུགས་རྒྱུད་ལ་ཡོད་པའི་ཐོག་མཐའ་བར་གསུམ་དུ་གལ་འགངས་ཆེ་བའི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་འབའ་ཞིག་གི་མཐུ་ལས་བསྐྲུན་པའི་སྤངས་རྟོགས་མཐར་ཕྱིན་ཅིང༌། སྐྱོབ་པ་མཐར་ཐུག་མངའ་བའི་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ་སྟེ། བླ་མའི་ཡང་བླ་མ། གོང་མའི་ཡང་གོང་མར་གྱུར་པ་ཡིན་ཚུལ་བསྟན་པའི་དོན་ལ་བསམ་བློ་བཏང་སྟེ་ནང་དོན་ཕྱོགས་བསྡོམས་བྱས་པ་དང་ཆབས་ཅིག
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
ཞེས་མཆོད་པར་བརྗོད་པའི་རྐང་པ་ཕྱི་མ་གཉིས་ཀྱིས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྩལ་དུ་བཏོན་ནས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟེན་འབྱུང་ཕྲ་མོའི་དོན་བཤད་པ་སྟེ། དེ་ཡང་རྟེན་འབྱུང་ཕྲ་མོའི་དོན་ནི་སྟོང་པ་ཉིད་ཀྱི་དོན་ཡིན། དེས་ན་ཟབ་མོ་རྟེན་འབྱུང་གི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་དེ་ལྟ་བུའི་སྟོན་པ་དེར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བསྟོད་པ་མཛད་པའི་ཚེ། གཙོ་བོར་རྟེན་འབྱུང་གི་གཏམ་སེངྒེ་ང་རོར་བསྒྲགས་པ་རྒྱུ་མཚན་དུ་བྱས་ནས་བསྟོད་ཕྱག་མཛད་ཡོད། གཞན་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས[46]།
གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །
དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ཆོས་གང་ཞིག་གསུངས་སམ་ཞེ་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པ་ལས[47]།
གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །
རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །
ཞེས་དང༌། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལས་[48]ཀྱང་།
གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །
ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །
ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །
ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་སྟོན་པ་ཐུབ་པའི་དབང་པོའི་ཡོན་ཏན་གཙོ་བོ་གསུངས་པའི་ཚེ་སྐུ་ལ་མཚན་དཔེས་བརྒྱན་ཅིང་། གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ། ཐུགས་ལ་ཟབ་ཡངས་ཀྱི་ཡོན་ཏན་མངའ་བ་གཅིག་པུ་མིན་པར། གཙོ་བོར་དབུ་མ་པའི་ལུགས་ཀྱི་རྟེན་འབྱུང་ཕྲ་མོའི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་རྒྱུ་མཚན་དུ་བཀོད་ནས། སྟོན་པ་སྨྲ་བ་ཟླ་མེད་པ་ལ་བསྟོད་ཕྱག་མཛད་པ་ལྟར། སྤྱིར་འཛམ་གླིང་འདིའི་ཐོག་ཕྱི་ནང་གི་སྟོན་པ་མང་དུ་ཡོད་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྱད་ཆོས་ནི། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཞིག་ཡིན་པས་ན། སྨྲ་བ་ཟླ་མེད། ཅེས་པ་འདི་ཉིད་བཅོམ་ལྡན་འདས་དང་དམིགས་བསལ་གྱི་འབྲེལ་བ་ཡོད། རྗེ་བདག་ཉིད་ཆེན་པོས་ཀྱང་རྟེན་འབྲེལ་བསྟོད་པ་ལས[49]།
གང་ཞིག་གཟིགས་ཤིང་གསུང་བ་ཡིས། །མཁྱེན་དང་སྟོན་པ་བླ་ན་མེད། །
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །
ཅེས་གསུངས་པ་བཞིན། བསྟན་པའི་བདག་པོ་སྟོན་པ་བཀའ་དྲིན་ཅན་ཐུབ་དབང་སྨྲ་བའི་ཉི་མའི་བརྩེ་བའི་ཡོན་ཏན་དང༌། མཁྱེན་པའི་ཡོན་ཏན་གཙོ་བོར་བརྗོད་པའི་ཐོག་ནས་དེའི་ཡོན་ཏན་དྲན་པའི་ངང་ནས་སྟོན་པ་མཉམ་མེད་ཤཱཀྱ་སེངྒེར་བསྟོད་ཕྱག་དེ་བྲིས་པ་ཡིན།
དེ་ཡང་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་དགོས་བྱུང་ཚེ། ཆོས་ལུགས་རང་རང་གི་སྟོན་པའི་སྐུ་ཡི་རྣམ་པ་མི་འདྲ་བའི་ཐོག་ནས་སྐུ་ཡི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན་བརྗོད་རྒྱུ་ཡོད་པར་མ་ཟད། སྤྱི་ཡོངས་ཀྱི་ཆ་ནས་མཁྱེན་པའི་ཡོན་ཏན་ཡང་བརྗོད་རྒྱུ་ཡོད་ངེས་ཡིན། དཔེར་ན། གྷོ་ཌི་དང་། ཨེ་ལ་ཞེས་སོགས་བརྗོད་སྐབས་ཚང་མས་མཁྱེན་བརྩེ་ནུས་པ་མཐར་ཐུག་མངའ་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དངོས་གནས་འཛམ་གླིང་འདིའི་ཐོག་མཛད་རྗེས་རླབས་ཆེན་འཇོག་པ་གནང་མཁན་གྱི་སྟོན་པ་དེ་དག་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་མཁན་ནི། སྟོན་པ་བཅོམ་ལྡན་འདས་ཉག་གཅིག་ལས་གཞན་སུ་ཡང་མེད། དེས་ན་སྟོན་པ་བཅོམ་ལྡན་འདས་ནི་དངོས་ནས་སྨྲ་བ་ཟླ་མེད་དང་། སྨྲ་བའི་དབང་ཕྱུག །མུན་པ་སེལ་བར་བྱེད་པའི་སྨྲ་བའི་ཉི་མ་དངོས་ཡིན།
དེ་ལྟར། རྟེན་འབྱུང་གི་གཏམ། ཞེས་པ་ནི། དངོས་ཡོད་གནས་ཚུལ་གང་ཞིག་ཡིན་པ་དེ་ལྟར་གསུང་མཁན་ཞིག་ཡིན་པར་བརྟེན། ངོས་ཀྱི་ངོ་ཤེས་དེང་རབས་ཚན་རིག་པ་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་འདིར་ཧ་ཅང་དགའ་མོས་བྱེད་བཞིན་འདུག །ལྷག་པར་ཚན་རིག་པའི་ནང་ཚན་ནས་ཚད་རྡུལ་དངོས་ཁམས་རིག་པ་ནི། ཕྱི་ཡི་གཟུགས་ཅན་གཞིར་བཞག་ཡིན་པ་ལས། ནང་གི་སེམས་ཁམས་རིག་པའི་སྐོར་ལ་ད་ལྟའི་ཆར་དེ་ཙམ་རྗོད་ཀྱི་མེད། ཕྱི་ཡི་གཟུགས་ཅན་གྱི་ཆོས་ལ་དབུ་སེམས་ཀྱི་གཞུང་ནས་ཤ་ཆས་བསལ་ནས་གསུངས་པ་སྟེ། གཞི་གྲུབ་ན་ཆ་བཅས་ཡིན་པས་ཁྱབ། ཆ་མེད་ཤེས་བྱར་མི་སྲིད། ཅེས་གསུངས་པའི་ཐོག་ནས་བསམ་བློ་བཏང་ན། མཐར་ཐུག་གང་ཡང་རྙེད་རྒྱུ་མེད་པ་ལྟ་བུ་གཅིག་མཚུངས་སུ་གྱུར། ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་བྱེད་སྐབས་མཐར་གྲུབ་དོན་དེ་ལྟ་བུའི་ཐོག་ཏུ་འབབ་ཀྱིན་ཡོད། དེ་ནི་ནང་པ་སངས་རྒྱས་པའི་གཞུང་ནས་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་གོང་ནས་གསུངས་ཡོད། ངོས་ནས་ནམ་རྒྱུན་འདི་ལྟར་རྗོད་བཞིན་ཡོད།
རྒྱ་གར་གྱི་ཚན་རིག་མཁས་དབང་རཱ་ཛ་ར་མ་ན་མཆོག་གིས། ཚད་རྡུལ་དངོས་ཁམས་རིག་པ་ནི། དེང་སྐབས་འཛམ་གླིང་ཐོག་གསར་དུ་རྙེད་པའི་རིག་པ་ཞིག་ཡིན་ནའང་། རྒྱ་གར་ནང་ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་ལྟ་བ་དེ་སླེབས་འདུག་ཅེས་གསུང་གིན་འདུག །ཁོང་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་མཇལ་མྱོང་འདུག་ཅིང་། དབུ་མ་རྩ་ཤེས་ལས། བརྟེན་ནས་བཏགས་པ་ཞིག་ལས་དོན་གྱི་ངོས་ནས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་གསུངས་པ་དེར་དོ་སྣང་བྱུང་འདུག །མདོར་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་ཞིག་ཡོད་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཕན་ཚུན་བརྟེན་ནས་གནས་ཡོད་པ། བདེ་ཐང་ལ་མཚོན་ནའང་ཕྱི་ལུས་ཀྱི་བདེ་ཐང་དང་། ནང་སེམས་ཀྱི་བདེ་ཐང་གཉིས་ཕན་ཚུན་འབྲེལ་བ་ཡོད་པ། དེ་དག་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་ཞིག་མཐོང་ངེས་ཡིན། རྟེན་འབྲེལ་ཞེས་པའི་ལྟ་གྲུབ་དེ་ཁྱེར་ཡོང་ན་གང་ཞིག་མཐོང་ནའང་དེའི་རྒྱུ་དང་རྐྱེན་གང་དང་གང་ཞིག་ཡིན་པ་འཕྲལ་མར་བློ་ངོར་འཆར་ཐུབ་པ་ཞིག་ཡོང་བ་ཡིན།
དེས་ན་ངོས་ནས་ནམ་རྒྱུན་འདི་ལྟར་རྗོད་བཞིན་ཡོད། སྤྱོད་པ་འཚེ་བ་མེད་པས་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་ཀྱི་ཞི་བདེ། འགྲོ་བ་མིའི་སེམས་ཀྱི་ཞི་བདེ་བཅས་དང་འབྲེལ་བ་ཡོད་ལ། རྟེན་འབྱུང་གི་ལྟ་བས་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེ་ཞིང་། དོན་དམ་པའི་དངོས་ཐོག་བདེན་འཚོལ་ཡོང་བ་ལ་རྟེན་འབྱུང་གི་ལྟ་གྲུབ་འདི་ཉིད་དགོས་པ་ཡིན། གཞན་གྱིས་བརྗོད་པ་ཞིག་ལ་དེ་ལྟར་རེད་སྙམ་པ་ལྟ་བུ་མིན་པར། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་དེས་ཕན་ཚུན་མང་པོ་ཞིག་ལ་བལྟོས་ནས་གྲུབ་པ་ཞིག་སྟེ། དཔེར་ན། རང་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་ཞིག་ལ་ཆ་མཚོན་ནའང་། རྟེན་འབྱུང་གི་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་བཏང་ན། དགྲ་བོས་རང་ཉིད་ལ་མི་དགའ་བར་གནོད་ཅིང་འཚེ་བ་བྱེད་པ་དེ་སྐྱེས་པའི་ཉིན་ནས་བྱུང་བ་ཞིག་མིན་པར། རིམ་བཞིན་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་རང་ཉིད་ལ་མི་དགའ་བའི་དགྲ་བོར་གྱུར་པ་ཞིག་ཡིན། དེས་ན་རང་ཉིད་ལ་མི་དགའ་བར་གྱུར་པའི་རྒྱུ་རྐྱེན་གྱི་ཁྲོད་དུ་རང་ཉིད་ཀྱི་རྣམ་འགྱུར་ལའང་ཕལ་ཆེར་འབྲེལ་བ་ཡོད། དེ་དག་བསམ་བློར་འཁོར་སྐབས་དགྲ་བོ་དེ་ཉིད་སྐྱེས་ཙམ་ཉིད་ནས་རང་ཉིད་ཀྱི་དགྲ་བོར་སྐྱེས་པ་རེད་སྙམ་པ་ལྟ་བུའི་བློ་དེ་ཉིད་ཞིག་འགྲོ་བ་ཡིན། དེས་ན་ཐོག་མར་རྟེན་འབྱུང་གི་རིགས་པ་དང་། དེ་ནས་རྒྱུ་འབྲས་རྟེན་འབྱུང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རིགས་པ་བཅས་ཀྱི་ཐོག་ནས་བསམ་བློ་བཏང་ན། དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
ཉོན་མོངས་ཀྱི་རིགས་རྣམས་དངོས་ཡོད་གནས་ཚུལ་ལས་ལྡོག་ནས་ཚུགས་ཐུབ་རང་དབང་བ་ཞིག་ཏུ་བལྟ་བའི་ཨ་འཐས་ཀྱི་འཛིན་པ་དེ་གཞི་ལ་བཞག་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བཞིན་ཡོད་པ་དེང་སྐབས་ཚན་རིག་པས་ཀྱང་རྗོད་ཀྱིན་ཡོད། དེ་ལྟར་ཡིན་པ་ཧ་ཅང་གསལ་པོ་རེད་འདུག །དེས་ན་ཉོན་མོངས་མེད་པར་ཤོག །ཅེས་བརྗོད་པ་ལྟ་བུ་མིན་པར་ཉོན་མོངས་ཀྱི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་པ་དང་། ཉོན་མོངས་མངོན་དུ་གྱུར་སྐབས་རྣམ་རྟོག་སྐྱེ་ཚུལ། དེ་ཡང་རྒྱུ་དང་རྐྱེན་གང་དག་གིས་སྐྱེ་བ་ནི། དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས[50]།
ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་གསུངས་པ་ལྟར་གྱི་བསམ་བློ་འཁོར་སྐབས་ཁྱད་པར་ཏན་ཏན་ཡོད། སྟོང་ཉིད་ཀྱི་ལྟ་བ་ཞེས་པ་དེ་མཆོད་གཤོམ་ནང་དུ་སྒྲིག་རྒྱུ་ལྟ་བུ་ཞིག་མིན། སྟོང་ཉིད་ཀྱི་ལྟ་བ་ཞེས་པ་ནི། ཚེ་ཕྱི་མ་ཁས་མ་བླངས་ཀྱང་ཁྱད་པར་མེད། མི་ཚེ་འདི་ཉིད་ཀྱི་དབང་དུ་བཏང་ནའང་། ཉོན་མོངས་ཤུགས་དྲག་སྐྱེ་སྐབས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེ་ཉིད་ཅུང་ཟད་བསམ་བློར་འཁོར་ན། ཉོན་མོངས་ཀྱི་ངར་ཤུགས་ཏན་ཏན་ཆག་ངེས་ཡིན། དེ་ནི་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་རྗོད་ཀྱིན་ཡོད། དེ་ཡང་ངོས་ནས་དཔེ་ཆའི་ནང་དུ་གསུངས་འདུག་ཅེས་བརྗོད་པ་གཅིག་པུ་མིན་པར། ཐོག་མར་རིགས་པས་དཔྱད་ཅིང་། རིགས་པས་དཔྱད་པ་དེ་ཉིད་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་སྐབས་ཁ་ཡོད་ལག་ཡོད་ལ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་མི་དགོས་པར། སྟོང་ཉིད་ཀྱི་ལྟ་བ་བསྒོམས་པ་དེ་གས་འདོད་པའི་ཉོན་མོངས་ཤུགས་ཆུང་དུ་འགྲོ་བར་ཏན་ཏན་ཕན་ཐོགས་ཡོང་གིན་འདུག །དེ་ལྟར་བྱས་ན་མི་ལ་རྣམ་དཔྱོད་ཅིག་ཡོད་པ་དེ་ཡོད་གོ་ཆོད་པ་ཡིན། རྣམ་དཔྱོད་འདི་ལྟར་ཡོད་བཞིན་དུ་བེད་སྤྱོད་ལེགས་པར་མ་བྱས་ན་རྣམ་དཔྱོད་ཡོད་ཀྱང་ཡོད་གོ་མ་ཆོད་པ་དང་། མི་ལུས་ཐོབ་པའི་དོན་གོ་མ་ཚང་བ་ཡིན། ལྷག་པར་དུ་དལ་བརྒྱད་འབྱོར་བཅུ་དང་། དེ་རྗེས་ལམ་སྟོན་དགེ་བའི་བཤེས་གཉེན་ཞེས་པ་དེ་དག་རང་ཤུགས་ཀྱི་འབྲེལ་བ་སླེབས་ཡོང་གིན་ཡོད།
མདོར་ན། སྤྱོད་པ་འཚེ་བ་མི་བྱེད་པའི་རྩ་བ་ནི། ལྷ་རབ་བྱུང་ན་གཞན་ལ་ཕན་འདོགས་ཤིང་། གཞན་ལ་ཕན་འདོགས་མ་ཐུབ་ཀྱང་། གནོད་པ་མི་བྱེད་པ་དང་ཆབས་ཅིག་ལྟ་བ་རྟེན་འབྱུང་ཞེས་པ་འདི་ཉིད་དེང་སྐབས་དངོས་ཡོད་གནས་ཚུལ་ཤེས་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན། དེ་ལྟར་རྟེན་འབྱུང་གི་གཏམ་ཞེས་པ་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། བྱམས་པ་དང་སྙིང་རྗེ་སྒོམ་པ་དང་། དེ་བཞིན་བཟོད་པ་དང་ཆོག་ཤེས་སྒོམ་པ་དེ་དག་གི་ཐོག་ནས་གཞན་ཕན་སྒྲུབ་པ་བཅས་ནི། ཆོས་ལུགས་གཙོ་ཆེ་ཚང་མར་གཅིག་མཚུངས་སུ་ཡོད་ཀྱང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་ནི། སངས་རྒྱས་པའི་ཆོས་ཁོ་ནར་མ་གཏོགས་གཞན་ལ་མེད་པས། རྟེན་འབྱུང་གི་གཏམ་གྱིས་འགྲོ་བ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་ལ་འདྲེན་པར་མཛད་པའི་ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། ཞེས་སོ།། །།
འཕྲོས་གཉིས་པར་གཟིགས་པར་ཞུ།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྗེ་ཙོང་ཁ་ཆེན་པོའི་གསུང་འབུམ། ༼པ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢
[2] https://www.youtube.com/watchv=0K0p9OjbzIs
[3] ཕྱི་ལོ་ ༢༠༠༣ ཟླ་བ་ ༤ པར་མ་སུ་རིར་བཀའ་ཁྲིད་སྩལ་པའི་སྒྲ་སྡུད་འཁོར་ཐག་ནས་ཕབ་བཤུས་བཞུགས་སོ།།
[4] https://www.youtube.com/watchv=HT4Z8gKEjHk&t=36s
[5] https://www.youtube.com/watchv=zywPxXc9N8s&t=30s
[6] https://www.youtube.com/watchv=QUZYEZiv16g&t=37s
[7] https://www.youtube.com/watchv=uvMh2YB5yNs
[8] https://www.youtube.com/watchv=Oj9W8VIewgo&t=326s
[9] 2017-07-17-ladakh-zanskar-initation-tibetan-audio སྒྲ་འཇུག་ལས་ཡིག་འབེབས་ཞུས།
[10] https://www.youtube.com/watchv=C9hw7MwRaPg&t=5199s
[11] https://www.youtube.com/watchv=6gdv3Nuawds (ཕྱག་ཚོད་ 1:23 ནས།)
[12] https://www.youtube.com/watchv=YUcTY0S9G3c&t=3505s
[13] https://www.youtube.com/watchv=0esaIFpmMFk
[14] https://www.youtube.com/watchv=_2aH13Essfg&t=2508s
[15] ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རིགས་སློབ་དང་། སྨན་རྩིས་ཁང་གི་སློབ་ཐོན་པ། ལྷ་སྤྱི་ཚོགས་ཞབས་ཞུ་བ། བོད་ནས་གསར་དུ་འབྱོར་བ་བཅས་ལ་མཇལ་ཁའི་སྐབས་སྩལ་པའི་བླང་དོར་བཀའ་སློབ་ལས་ཟུར་འདོན་ཞུས།
[16] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༣༦
[17] མཁས་མཆོག་གཞན་ཕན་སྣང་བས་མཛད་པའི་གཞུང་ཆེན་བཅུ་གསུམ་གྱི་འཆད་ཐབས་དང་མཚན་དོན་བློ་གསལ་ངག་གི་རྒྱན་ལས། (སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༢༡༠ ཐོག) གཞུང་ཆེན་བཅུ་གསུམ་ནི། འདིར་མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད། མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད། རྩ་འཇུག་བཞི་སྤྱོད་ཟབ་མོ་ལྟ་བའི་གཞུང་། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་མདོ་སྡེའི་གཞུང་སྟེ། སྐབས་ཀྱི་དགོངས་འགྲེལ་གཙོ་བོ་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། ཞེས་གསལ་བ་ལྟར་རོ།།
[18] ཕྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༨ ཉིན་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་བོད་ཀྱི་སངས་རྒྱས་པའི་ཆོས་བརྒྱུད་ཆེན་པོ་བཞིའི་བཞེད་དགོངས་གཅིག་ཏུ་བབས་པའི་སྐོར་ལས་བརྩམས་པའི་བགྲོ་གླེང་བཀའ་སློབ་ལས་ཟུར་འདོན་ཞུས།
[19] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཙ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་གྲངས་ ༥
[20] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༩༠༦
[21] རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་མགུར་འབུམ། པོད། ༼༢༽ འཕྲུལ་དཔར་དཔེ་གཟུགས། ཤོག་ ༢༢༧ན༤
[22] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པ། ༢༠༠༨ ལོ། ཤོག་གྲངས་ ༣
[23] གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༦༧
[24] ཕྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། དྷ་སར་རྟེན་གཞི་བྱས་པའི་ཆུ་སྒང་། ཀ་རྡོར་སྒང་གསུམ། ར་ཝང་ལ་བཅས་ཀྱི་ཚོགས་སྐྱིད་ཁག་ནས་སྒྲོལ་དཀར་ཡེ་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས་སུ་སྩལ་པའི་བཀའ་སློབ་ལས་ཟུར་འདོན་ཞུས།
[25] བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པའམ། །གཞན་གྱི་མཁས་པ་འཇུག་མི་བྱ། །ཞེས་པའི་ལུང་འདི་ནི། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། པེ་ཅིང་བཀའ་འགྱུར་ ༼རྒྱུད་ང་པ།༽ ཤོག་གྲངས་ ༣༤བ༡ ༢བར་དང་། སྡེ་དགེ་བཀའ་འགྱུར། ༼རྒྱུད་ག་པ།༽ ཤོག་གྲངས་ ༢༡༦ བར་བཞུགས་ནའང་། ཡོངས་གྲགས་སུ་གསུངས་པའི། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པའི་ཚིག་རིས་ཇི་བཞིན་བཀའ་འགྱུར་དུ་གཏན་ནས་མི་སྣང་། འོན་ཀྱང་གནས་བརྟན་སྡེ་པའི་མདོའི་ནང་དུ་དོན་འདྲ་བ་ཞིག་ཡོད་སྐད་ཀྱང་དོན་འདྲ་བ་ནི་སྟོབས་ཆེའི་རྒྱུད་དུ་མཆིས་པ་འདིའོ། །སྤྱིར་ལུང་འདི་མཁས་པ་ཕལ་མོ་ཆེས་མདོ་ལས་ཞེས་བཀོད་པ་དང་། ངག་དབང་ཀུན་དགའ་བསོད་ནམས་ཀྱིས་གསུང་འབུམ་ལས། རྒྱན་སྟུག་པོ་བཀོད་པའི་ལུང་དུ་ཡོད་པར་བཤད་ཀྱང་བཀའ་འགྱུར་རང་དུ་མི་སྣང་། དེ་བཞིན་ཞུ་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱི་ཆོས་མངོན་པའི་མདོ་ལས་ཞེས་བཀོད་ཡོད་ཀྱང་། མངོན་པ་ཀུན་བཏུས་ནང་མི་སྣང་ངོ་།།
[26] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༥༢༩
[27] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག །གླེགས་བམ་གཉིས་པ། ༢༠༡༢ ལོ། ཤོག་གྲངས་ ༣༨༨
[28] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤༦༡
[29] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཡུ༽ དེབ་ཨང་ ༩༡ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༧
[30] ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རིགས་སློབ་དང་། སྨན་རྩིས་ཁང་གི་སློབ་ཐོན་པ། ལྷ་སྤྱི་ཚོགས་ཞབས་ཞུ་བ། གསར་འབྱོར་བཅས་ལ་མཇལ་ཁའི་སྐབས་སྩལ་པའི་བླང་དོར་བཀའ་སློབ་ལས་ཟུར་འདོན་ཞུས།
[31] མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ་ཞེས་བྱ་བ་འདི་ཡིན་ནམ་སྙམ།
[32] ནང་ཆོས་ངོ་སྤྲོད་དང་ཤེས་རབ་སྙིང་པོའི་བཀའ་ཁྲིད། ༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༨ ལོ། ཤོག་ ༦༣
[33] བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་། རྔ་བ་ཁུལ་དཔར་དེབ་བཟོ་གྲྭ། ༢༠༠༢ ལོ། ཤོག་ ༤༥༨
[34] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པ། ༢༠༠༨ ལོ། ཤོག་གྲངས་ ༥༨
[35] ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རིགས་སློབ་དང་། སྨན་རྩིས་ཁང་གི་སློབ་ཐོན་པ། ལྷ་སྤྱི་ཚོགས་ཞབས་ཞུ་བ། གསར་འབྱོར་བཅས་ལ་མཇལ་ཁའི་སྐབས་སྩལ་པའི་བླང་དོར་བཀའ་སློབ་ལས་ཟུར་འདོན་ཞུས།
[36] ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༢༩ ཉིན་མོན་གྷོ་ས་སྐྱ་རྩེ་ཆེན་མདོ་སྔགས་ཆོས་གླིང་དུ་སྩལ་པའི་བཀའ་སློབ་ལས་བཏུས།
[37] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཁ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༢༠༨
[38] བཀའ་འགྱུར་དཔེ་བསྡུར་མ། ཤེས་རབ་སྣ་ཚོགས། ༼ཀ༽ དེབ་ཨང་ ༣༤ པ། ༢༠༠༩ ལོ། ཤོག་གྲངས་ ༤༠༤
[39] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པ། ༢༠༠༨ ལོ། ཤོག་གྲངས་ ༩༧༧
[40] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༣༢
[41] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༣༢
[42] སྔགས་རིམ་ཆེན་མོ། རྣམ་རྒྱལ་གྲྭ་ཚང་། ༢༠༠༥ ལོ། ཐེ་ཝན་པར་མ། ཤོག་གྲངས་ ༥༣
[43] འཕགས་པའི་་ཡུལ་དུ་ཐེག་པ་ཆེ་ཆུང་གི་ཆོས་གྲྭ་དཔག་ཏུ་མེད་པ་བྱུང་ཡང་སྔགས་ཀྱི་ཆོས་གྲྭ་ཡོངས་སུ་གྲགས་པ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་རྫོགས་པའི་ཕྱིས་སུ་པཱ་ལའི་རིགས་ཅན་བཅུ་བཞི་བྱུང་བའི་བཞི་པ་རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས། མ་ག་དྷཱའི་བྱང་ངོས་གངྒཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བཞེངས་པ་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོར་བསྟན་པ་གསལ་བྱེད་ཀྱི་པཎྜི་ཏ་དང་། ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེ་བ་མང་པོ། མཁས་པ་སྒོ་དྲུག་ཏུ་གྲགས་པ་རྣམས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྩོད་དུས་ཀྱི་སངས་རྒྱས་གཉིས་པ་ཨ་བྷ་ཡ་ཀ་ར་གུཔྟ། མ་བྱོན་སངས་རྒྱས་བདུན་པ་པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ་རིམ་པར་བྱོན་པ་རྣམས་ཀྱིས་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱངས་སོ། །ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༡༤ ཐོག་གསལ་ལོ།།
[44] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༣
[45] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣
[46] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༤༥
[47] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༥༡
[48] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣
[49] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༨
[50] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༡༢༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།