དཔལ་མཉམ་མེད་ཇོ་བོ་ཨ་ཏི་ཤའི་བསྟོད་པ་ཟ་མ་ཏོག་བཀོད་པ།

༄༅། །དཔལ་མཉམ་མེད་ཇོ་བོ་ཨ་ཏི་ཤའི་བསྟོད་པ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་བཞུགས་སོ།།

 

༼མངའ་རིས་རི་སྐྱ་ལྷ་འོད་བསྟན་འཛིན་འཇམ་དབྱངས་ལྷུན་གྲུབ་ཀྱིས་མཛད།༽

 

གང་ཞིག་སྐལ་ལྡན་འགྲོ་བའི་ཡིད་ཀྱི་མཁར། །རྟེན་འབྱུང་གཏམ་གྱི་དབྱར་སྐྱེས་རྔ་གསང་ཆེ། །ཆེར་སྒྲོག་མ་རིག་གཉིད་ཐུན་ཟློག་མཛད་པ། །ཤཱཀྱའི་རྒྱལ་པོས་དེང་འདིར་དགེ་ལེགས་སྩོལ། །འགྲོ་བའི་བླ་མ་དཔལ་ལྡན་མར་མེ་མཛད། །གང་ལ་ཕྱག་འཚལ་རྣམ་པར་ཐར་པའི་སྤྲིན། །སྐལ་བཟང་སྐྱེ་བོའི་མཁའ་ལ་རབ་དཀྲིགས་ཏེ། །དངོས་གྲུབ་འདོད་རྒུའི་གྲུ་ཆར་འདི་ན་ཕབ། །ཐུབ་པའི་སྤྱན་སྔར་རྒྱལ་སྲས་བཟང་པོ་སྐྱོང་། །རྡོ་རྗེ་གདན་དུ་དཔལ་ལྡན་མར་མེ་མཛད། །

དགའ་ལྡན་གནས་སུ་ནམ་མཁའ་དྲི་མ་མེད། །ཁ་བ་ཅན་ན་ཨ་ཏི་ཤ་ཞེས་གྲགས། །ཕུན་སུམ་ཚོགས་པའི་རིགས་སུ་སྐྱེ་བ་བཞེས། །ལུང་རྟོགས་ཡོན་ཏན་བརྙེས་ཤིང་རྒྱ་བོད་དུ། །བསྟན་ལ་བྱ་བ་མཛད་པའི་རྣམ་པར་ཐར། །ས་གསུམ་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ། །རྣམ་འདྲེན་བཞི་པ་མྱ་ངན་འདས་མཛད་ནས། །ལོ་ནི་སྟོང་དང་ཉག་མ་ལྔ་བརྒྱ་དང་། །ཉེར་བརྒྱད་འདས་པའི་ཆུ་ཕོ་རྟ་ཡི་ལོར། །ཁྱོད་ནི་སྨོན་ལམ་མཐུ་ཡིས་འཕགས་པའི་ཡུལ། །ཤར་ཕྱོགས་བངྒལ་ཟ་ཧོར་ཞི་འཚོའི་བརྒྱུད། །རིགས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡི། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཞེས་བྱ་བ། །མངའ་ཐང་རྒྱ་ཆེན་ཡུལ་འཁོར་ཆེན་པོ་ན། །ཡབ་ནི་ས་སྐྱོང་དགེ་བའི་དཔལ་དང་ནི། །ཡུམ་ནི་འོད་ཟེར་དཔལ་མོའི་སྲས་སུ་བལྟམས། །སྲས་ནི་འབྲིང་པོ་ཙནྡྲ་གྷརྦ་སྟེ། །ཁྱིམ་དུ་ལོ་བདུན་ཡུམ་གྱིས་རིག་བྱེད་བསླབས། །ཆེ་བ་པདྨ་གརྦས་རྒྱལ་སྲིད་བཟུང་། །ཆུང་བ་གུ་ན་གརྦ་རབ་ཏུ་བྱུང་། །དགེ་སློང་བིརྱ་ཙནྡྲ་ཞེས་བྱར་གྱུར། །དུས་ཕྱིས་བོད་ཁམས་ངམ་ཤོད་དགོན་དུ་གཤེགས། །ཁྱོད་ནི་དགུང་ལོ་བརྒྱད་ནས་བཅུ་དགུའི་བར། །རྣལ་འབྱོར་སྤྱོད་པའི་དབུ་མ་འཛིན་པ་ཡི། །བླ་མ་ཨ་ཝ་དྷཱུ་ཏི་པ་ཡི་དྲུང་། །ལོ་ནི་བཅུ་གཉིས་ཚུལ་བཞིན་བསྟེན་པར་མཛད། །ཁྱོད་ནི་དགུང་ལོ་ཉེར་གཉིས་བྱོན་པའི་ཚེ། །བླ་མ་ར་ཧུལ་གུཔྟ་བཛྲ་ལས། །དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་འཇུག་ཅིང་། །གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེར་གསོལ། །གཞོན་ནུའི་དུས་ནས་སྒྲ་ཚད་རིག་པའི་གནས། །ཕྱི་རོལ་རིག་བྱེད་སྣ་ཚོགས་སྒྱུ་རྩལ་དག །གསན་ཅིང་ཁྱད་པར་བཟང་པོའི་ཡོན་ཏན་གྱིས། །ཀུན་ཡིད་བརྟན་པ་ཅིག་ཅར་འཕྲོག་པར་མཛད། །ཁྱོད་ནི་ཚེ་རབས་དུ་མར་སྦྱིན་སོགས་དང་། །ལྷག་པར་བཟོད་པའི་གོ་ཆ་བསྣབས་པའི་འབྲས། །ཡིད་འོང་སྐྱེ་མཆེད་མཚར་བའི་མཛེས་སྡུག་གིས། །མཐོང་བ་དོན་ཡོད་མཐུན་སྣང་ཉིད་དུ་སྒྲུབ། །གཞན་ཡང་དྲས་དྲུབ་བྲིས་རིས་ལུགས་ལ་སོགས། །བཟོ་ཡི་བསྟན་བཅོས་ལག་ལེན་བཅས་པ་དང་། །ལུགས་ཀྱི་བསྟན་བཅོས་ལ་སོགས་རིག་པའི་གནས། །ཐམས་ཅད་མ་ལུས་ཐུགས་སུ་ཆུད་པར་མཛད། །ཁྱད་པར་ཨོ་ཏན་པཱུ་རིའི་གཙུག་ལག་ཏུ། །དྷརྨ་རཀྵི་ཏ་ལས་མངོན་པའི་གནད། །བྱེ་བྲག་བཤད་མཚོ་ཆེན་མོ་ཞེས་བྱ་བ། །བམ་པོ་སུམ་བརྒྱ་གསན་ཅིང་མཁས་པར་བྱས། །ཁྱོད་ནི་སོ་མ་པུ་རིའི་གཙུག་ལག་ཏུ། །སྒོ་སྲུང་པཎ་ཆེན་ངག་དབང་གྲགས་པ་ལས། །མཐར་ཐུག་འབའ་ཞིག་སྟོན་པའི་དོན་དམ་རྒྱུད། །གསན་ཅིང་གསེར་གྱི་སྙིམ་པ་གང་ཕུལ་མཛད། །ཛེ་ཏ་རེ་དང་བིདྱ་ཀོ་ཀི་ལ། །བོདྷི་བདྲ་ཨ་ཝ་དྡྷཱུ་ཏི་པ། །རཱཧུལ་གུཔྟ་བླ་མ་སོ་བཞི་སོགས། །བསྟེན་པས་མདོ་རྒྱུད་བདུད་རྩི་ཁོང་དུ་ཆུད། །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ཡི། །བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་དང་། །སྟོང་པ་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན། །ལེགས་འཁྲུངས་རིག་པ་བརྟུལ་ཞུགས་སྤྱོད་པ་མཛད། །ཁྱོད་ཀྱིས་རྣལ་འབྱོར་དང་ནི་དབང་ཕྱུག་དང་། །རིག་དང་རིགས་པའི་སྟོབས་ཀྱིས་ཐུབ་པའི་བསྟན། །བསྲུང་ཞིང་མུ་སྟེགས་ངན་པའི་རྩོད་པ་བཟློག །གནས་བརྟན་རྣམས་ཀྱི་གཙུག་ལག་སྐྱོབ་པར་མཛད། །ཨུ་རྒྱན་ཡུལ་དུ་རྡོ་རྗེའི་གླུ་གསན་ཅིང་། །དམ་ཚིག་གསུམ་བཀོད་རྒྱལ་པོ་ཡི་དམ་ཚོགས། །ཞལ་བསྟན་ཟབ་རྒྱའི་ཆོས་ལ་མངའ་བརྙེས་པས། །དངོས་གྲུབ་གདམས་པའི་མཛོད་ལ་དབང་འབྱོར་གྱུར། །སངས་རྒྱས་བྱང་སེམས་སྒྲོལ་མ་རྣལ་འབྱོར་མ། །ལ་སོགས་བླ་མ་ཡི་དམ་དུ་མ་ཡིས། །ཁྱོད་ཉིད་རབ་ཏུ་དབྱུང་བར་བསྐུལ་བ་ཡི། །ཞལ་གཟིགས་ལུང་བསྟན་གཅིག་མིན་བྱུང་བས་ན། །དགུང་ལོ་ཉེར་དགུར་བྱང་ཆུབ་རྡོ་རྗེ་གདན། །མ་ཏཱི་གཙུག་ལག་ཁང་དུ་ཕལ་ཆེན་སྡེའི། །འཇིག་རྟེན་འདས་སྨྲ་སངས་རྒྱས་ཡེ་ཤེས་ཞབས། །བརྒྱུད་འཛིན་གནས་བརྟན་འདུལ་འཛིན་སྦྱོར་ལམ་པ། །ཤཱི་ལ་རཀྵི་ཏ་ཞེས་མཁན་པོ་ལས། །བསྙེན་པར་རྫོགས་པའི་དངོས་པོ་ཉེ་བར་བླངས། །དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནར་གསོལ། །བཅོ་བརྒྱད་སྡེ་པ་མ་འདྲེས་ཐུགས་སུ་ཆུད། །བདག་གཞན་བརྗེ་བའི་གདམས་པ་ནོད་པའི་ཕྱིར། །ཟླ་བ་བཅུ་གསུམ་གྲུ་རུ་བཞུགས་ནས་ཀྱང་། །ཁྱད་པར་ལོ་ནི་བཅུ་གཉིས་བར་དག་ཏུ། །གསེར་གླིང་ས་སྐྱོང་ཆོས་གྲགས་བསྟེན་པར་མཛད། །དེ་ཚེ་ཁྱོད་ཀྱིས་གསེར་གླིང་བླ་མ་ལས། །ཞི་བ་ལྷ་ཡི་སྤྱོད་ལ་འཇུག་པའི་གཞུང་། །དོན་བསྡུས་ཞུས་ཏེ་ཁོལ་དུ་ཕྱུང་བ་ཡི། །གཞུན་ཕྲན་སྐལ་ལྡན་བསོད་ནམས་ཞིང་དུ་བྱས། །མགོན་པོ་གསེར་གླིང་པ་ཡིས་ཁྱོད་ཉིད་ལ། །སྙིགས་མའི་དུས་ཀྱི་མཐའ་འཁོབ་སྐྱེ་བོ་རྣམས། །འདུལ་བའི་ཆོས་སུ་རྟོག་པ་འབུར་འཇོམས་ཞེས། །མན་ངག་སྙིང་པོ་བརྩེ་བས་འདོམས་པར་མཛད། །གསེར་གླིང་པ་ལས་བུམ་པ་གང་བྱོ་དང་། །དེ་ཡི་སློབ་མ་ཛྙཱ་ན་ཤྲཱི་མི་ཏྲ། །ཤཱནྟི་པ་དང་རཏྣ་ཀིརྟི་ལས། །ཆོས་སྐོར་གསན་པས་བུ་ཆེན་བཞི་རུ་གྲགས། །ཁྱོད་ནི་རྟག་ཏུ་ངུ་ཡིས་ཆོས་འཕགས་བཞིན། །ཟླ་མེད་བཤེས་གཉེན་མང་དུ་བསྟེན་པ་ལས། །ཁྱད་པར་སེམས་མཆོག་སྟོན་ལ་རྣམ་གསུམ་སྟེ། །བྱམས་པའི་རྣལ་འབྱོར་ཆོས་སྲུང་གསེར་གླིང་བསྔགས། །བཅུ་གསུམ་བརྒྱད་དང་ལྔ་ལ་སོགས་པའི་གདུགས། །ཕུབ་པའི་མུ་སྟེགས་བསྟན་ལ་དཔང་དུ་བཅས། །རྩོད་ཅིང་ཐམས་ཅད་ཆོས་ཀྱི་སྡོམ་ལ་བཀོད། །རྣམ་པར་རྒྱལ་བའི་རྒྱལ་མཚན་རྟག་ཏུ་བསྒྲེངས། །གཉན་ཡོད་རྒྱལ་བྱེད་ཚལ་དང་ཀུན་དགའ་རྭ། །ཀཽ་ཤམ་བྷི་དང་རྩ་མཆོག་རྡོ་རྗེ་གདན། །གནས་ཆེན་དུ་མའི་མཆོད་རྟེན་གཙུག་ལག་སོགས། །ཞིག་གསོ་དང་བཅས་གནས་རྣམས་དར་བར་མཛད། །ཁྱོད་སྐུ་མཛེས་ཤིང་ལྟ་ན་སྡུག་པས་ན། །ཆགས་བྲལ་བླ་མ་རྣམས་ཀྱིས་བྱམས་གྱུར་ན། །ཆགས་ལྡན་གཞན་ལྟ་སྨོས་ཀྱང་ཅི་ཞིག་སྟེ། །བླ་མ་ཀུན་གྱིས་ཐུགས་ལ་བཏགས་པར་གསུངས། །སྡེ་སྣོད་གསུམ་ལ་ཐོས་པའི་ལུང་གིས་ཕྱུག །བསླབ་གསུམ་རྟོགས་པའི་གོ་འཕང་མཐོན་པོར་གཤེགས། །མཁས་བཙུན་བཟང་པོའི་འཕྲིན་ལས་དྲི་བསུང་འཐུལ། །དུ་མའི་ཡིད་ལ་ཐུབ་པའི་རྣམ་ཐར་བཀོད། །ཁྱོད་ནི་གཙུག་ལག་བདག་པོ་མཛད་པའི་ཚེ། །ན་རོ་པ་དང་ཐུགས་ཡིད་གཤིན་གྱུར་ཅིང་། །ཁྱད་པར་གནས་བརྟན་རཏྣ་ཨ་ཀ་རས། །ཁྱོད་ནི་མཁས་རྒུའི་གཙུག་གི་ནོར་བུར་བཀུར། །འཕགས་པའི་ཡུལ་དུ་ཁྱོད་ཀྱི་སློབ་མའི་མཆོག །བི་པོ་ཏ་པ་དབུ་མ་སེངྒེ་དང་། །བཤེས་གཉེན་གསང་བ་ཛྙཱ་ན་མ་ཏི་དང་། །ས་ཡི་སྙིང་པོ་ལ་སོགས་བསྐྱངས་པར་མཛད། །མགོན་ཁྱོད་འདུས་པ་ཀུན་ལ་མཛའ་གྱུར་པས། །བཅོ་བརྒྱད་སྡེ་པ་ཀུན་གྱི་གཙུག་ཏུ་འཛིན། །ཁྱད་པར་གཙུག་ལག་ལྡེ་མིག་བརྒྱ་ཕྲག་དག །འཆང་ཞིང་འདུས་པའི་འདྲེན་པ་མཆོག་ཏུ་གྱུར། །ཁྱོད་ནི་སོ་མ་པུ་རིའི་གཙུག་ལག་ཏུ། །ནག་ཚོར་རྟོག་གེ་འབར་བ་གསུངས་པའི་ཚེ། །ད་ནས་ལོ་ནི་ཉི་ཤུ་འདས་པ་ན། །སྒྱུ་མའི་སྐུ་ལུས་བོད་དུ་འཇོག་གོ་སྩལ། །ཨོ་ཏནྟ་པཱུ་རི་བི་ཀྲམ་ཤཱི་ལ་དང་། །ནལེནྡྲ་སོགས་གཙུག་ལག་དུ་མ་ཡི། །བདག་པོ་མཛད་ཅིང་ལྔ་བརྒྱའི་གཙུག་རྒྱན་ཞེས། །ཁྱོད་ཀྱི་མཚན་སྙན་བྱང་ནས་བྱང་དུ་བསྒྲགས། །དེ་ཚེ་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་། །ཀྱེ་མ་པུར་རྒྱལ་བཙན་པོའི་མངའ་ཐང་ཉམས། །རྒྱལ་ཕྲན་སིལ་བུར་བསྟན་པའི་མེ་རོ་ཙམ། །བཙན་པོའི་དབུ་རྨོག་ས་མཐར་འཁྱམས་གྱུར་པས། །ཆོས་རྒྱལ་གདུང་རྒྱུད་འོད་སྲུང་དཔལ་འཁོར་བཙན། །སྐྱིད་ལྡེ་ཉི་མ་མགོན་དང་དེ་ཡི་སྲས། །བཀྲ་ཤིས་ལྡེ་ལ་སྲས་ནི་དྲང་སྲོང་སྡེ། །དགུང་ལོ་སུམ་ཅུར་མཐོ་ལྡིང་ལྷ་ཁང་བཞེངས། །ཡབ་མེས་ཡིག་ཚང་གཟིགས་ཤིང་ཐུགས་བསྐྱོད་ནས། །བླ་མ་མཁན་ཆེན་ཡེ་ཤེས་བཟང་པོ་ལས། །རབ་ཏུ་བྱུང་སྟེ་མཚན་དུ་ལྷ་བླ་མ། །ཡེ་ཤེས་འོད་ཅེས་ཁྱོད་ལ་རེ་ལྟོས་འཆའ། །མགོན་ཁྱོད་དགུང་ལོ་བཅོ་ལྔར་གྱུར་པའི་ཚེ། །བྱང་ཕྱོགས་མཐུ་གྲུབ་ཆོས་རྒྱལ་ཡེ་ཤེས་འོད། །ཡབ་མེས་བཙན་པོའི་ཡིག་ཚང་གཟིགས་ནས་ཀྱང་། །བསམ་ཡས་ལྷ་སར་ཕུ་དུད་འདུན་མར་ཕྱོགས། །སྤུ་ཧྲེང་རྒྱལ་པོ་ཡེ་ཤེས་འོད་ཀྱིས་ནི། །ཆོས་ལོག་སུན་བྱིན་བོད་ཀྱི་སྔགས་པ་ལ། །གཉན་པོ་མཛད་ཅིང་ལྟ་བ་བསྲང་བ་ཡི། །བསྟན་པའི་ཆོས་ཁྲིམས་བཀའ་ཤོག་ལྷུག་པར་བརྫངས། །གཞན་ཡང་ཕོ་བྲང་ཞི་བ་འོད་ཀྱིས་ནི། །བོད་ཀྱི་རྒྱལ་ཁམས་བསྟན་ལ་གནས་པ་དང་། །རྡོ་རྗེ་ཐེག་པར་ཞུགས་ལ་བརྩེར་དགོངས་ནས། །མདོ་སྔགས་དག་ཐེར་སྤྲིངས་ཡིག་ཆེན་པོ་བརྫངས། །གངས་ཅན་ཁྲོད་དུ་མདོ་སྔགས་ཅ་འབྱིད་ཅིང་། །སྦྱོར་སྒྲོལ་ལ་སོགས་ཆོས་ལོག་འགོག་པའི་སླད། །གར་ལོག་རྒྱལ་པོར་ཡེ་ཤེས་འོད་ཀྱི་སྲོག །ཁྱོད་ཉིད་འདྲེན་ཕྱིར་བཏང་བ་མ་ལགས་སམ། །དབོན་པོས་གར་ལོག་བཙོན་གྱི་སྒོ་ཡི་གསེང་། །བལྟས་པས་ཁུ་བོ་སྐུ་ལུས་དར་གྱིས་བཅིངས། །གསུང་གི་གདངས་ཤོར་སྐུ་ལུས་བུང་བ་ཙམ། །གྱུར་ཀྱང་བོད་ཀྱི་བསྟན་འགྲོ་ཁོ་ནར་བརྣག །ཁུ་དབོན་ཚིག་འཕྲད་ཡིད་གདུངས་དབོན་པོ་ལ། །གསེར་གྱི་སེ་བ་གང་ངམ་ར་ཏི་གཅིག །གར་ལོག་རྒྱལ་པོར་མི་སྟེར་དེ་རྟེན་བཅས། །ཁྱོད་ཉིད་བོད་དུ་དྲོངས་པའི་ཞལ་ཏ་མཛད། །ཁུ་བོ་བཞད་ཅིག་མཛད་ནས་བྱང་ཆུབ་འོད། །ཁྱོད་ལ་གཅེས་ཕྲུག་སྣུམ་ཟན་བག་ཅིག་ཡོད། །དཀའ་སྤྱད་སྙིང་རུས་མི་ནུས་སྙམ་པ་ཡང་། །ཡབ་མེས་སྲོལ་བཟང་སྐྱོང་བ་ངོ་མཚར་གསུངས། །དེ་ནས་ཡེ་ཤེས་འོད་ནི་ཚེ་རབས་ཀུན། །ཆོས་ཕྱིར་སྲོག་ལ་ཕངས་པ་མེད་པ་དང་། །མཆོག་གསུམ་འབྲལ་མེད་སྙིང་སྟོབས་ཆེན་པོ་ཡིས། །གཞན་དོན་བྱེད་པར་སྨོན་ཞིང་མྱ་ངན་འདས། །མེས་ཆེན་རྣམས་ཀྱི་རྣམ་སྲོལ་སྐྱོང་བའི་ཕྱིར། །ནོར་ལ་མ་བརྩིས་པཎ་ཆེན་ལྷ་གཅིག་དེ། །ཅི་ལ་ཐུག་ཀྱང་སྤྱན་ནི་དྲོངས་ཤིག་ཅེས། །ལུས་སྲོག་ཐང་ལ་བོར་ནས་ཁྱོད་ཉིད་དགོངས། །སྔ་ཡང་ཡེ་ཤེས་འོད་ཀྱི་འདི་ལྟར་དུ། །ཁྱེད་ཀྱི་ཐུགས་རྗེ་ཕྱོགས་རིས་མི་མངའ་ཞིང་། །སངས་རྒྱས་བསྟན་ལ་ཐུགས་ནི་སེམས་བྱེད་ན། །ཁ་བ་ཅན་འདིར་སྔོན་ཆད་ཕུན་ཚོགས་ཀྱང་། །དེང་སང་དུས་ན་སེམས་ཅན་བསོད་ནམས་ཉམས། །དེ་ཡི་སྟོབས་ཀྱི་བོད་ཀྱི་རྒྱལ་པོ་ང་། །མྱ་ངན་ཐང་ལ་ཚད་པས་གདུང་བ་ན། །ཆུ་ཡི་འདུ་བྱེད་ཡིད་ལ་བྱེད་པ་ལྟར། །ཉིན་དང་མཚན་དུ་མགོན་པོ་ཁྱེད་བསམས་ན། །ཐུགས་བརྩེ་མཛོད་ཅེས་ཁྱོད་ལ་འཕྲིན་དུ་བཅོལ། །བརྩོན་འགྲུས་སེངྒེ་ཚུལ་ཁྲིམས་རྒྱལ་བ་དག །ཚད་པའི་ནད་དང་དུག་སྦྲུལ་ཆོམ་རྐུན་སོགས། །སྲོག་ལ་གཟན་པའི་འཇིགས་པ་ཡོངས་བཏང་སྟེ།  །ཆོས་རྒྱལ་ཁུ་དབོན་བཀའ་ཚིག་སྲོག་དང་བསྡོས། །དེ་ལྟར་ལྷ་ཡི་བླ་མ་ཡེ་ཤེས་འོད། །དགུང་ལོ་བདུན་ཅུར་གར་ལོག་བཙོན་དུ་གཤེགས། །བྱང་ཆུབ་འོད་ཀྱི་སྐུ་གདུང་མཐོ་ལྡིང་དུ། །གདན་དྲངས་དུས་སླད་ཁྱོད་ཀྱིས་རབ་གནས་མཛད། །དེ་ནས་སླར་ཡང་ཁུ་བོ་བྱང་ཆུབ་འོད། །མེས་ཆེན་རྣམས་ཀྱི་རྣམ་སྲོལ་གསོ་ཕྱིར་དང་། །ཁུ་བོའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཕྱིར། །དབང་དང་རིག་པ་མོ་རྩིས་བརྟག་པའི་འབྲས། །

གུང་ཐང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཞེས། །དགུང་ལོ་ཉེར་བདུན་ཕྱོགས་པ་དེ་བབས་པས། །ལྔ་སྡེའི་འཁོར་བཅས་འཕགས་པའི་ཡུལ་དུ་བརྫངས། །དེ་ཚེ་བོད་སྟོན་རྣམས་ཀྱིས་སློབ་དཔོན་གསོལ། །ནག་ཚོ་ལོ་ཙཱ་བི་ཀྲམ་ཤཱི་ལ་རུ། །འབྱོར་ཚེ་རྒྱ་ཞེས་སྲོང་བཙན་ཤཱ་ཀྱའི་སྐུ། །འདྲེན་པའི་གྱད་མི་ལྷ་དགའི་བརྒྱུད་འཁྲུངས་པ། །རྒྱ་ལོ་བརྩོན་འགྲུས་སེངྒེའི་མགོ་གཉེར་གྱིས། །ཆོས་རྒྱལ་ཁུ་དབོན་ཟུང་གི་གསེར་དང་བཅས། །ཕྱག་དང་མཎྜལ་མཆི་མ་བྲུལ་བྲུལ་དུ། །ཡབ་མེས་ཚུལ་དང་རྒྱལ་པོའི་བཀའ་བརྡར་ཏེ། །ཁྱོད་ཉིད་བོད་དུ་བྱོན་པར་ཕུར་ཚུགས་གསོལ། །ནག་ཚོ་འཕགས་ཡུལ་བྱོན་ཚེ་འབྲོམ་རྗེ་ཡི། །སྤྲུལ་པ་སྣ་ཚོགས་ཚུལ་གྱིས་མགོན་མཛད་ཅིང་། །བོད་རྣམས་ཨོལ་མདུད་མེད་པས་ཁ་མངས་སོགས། །ཇོ་འདྲེན་སྐད་པ་གསང་སྒོ་དམ་པར་མཛད། །ལྕགས་འབྲུག་ལོ་མཇུག་བོད་དུ་ཐུགས་གཞོལ་བས། །དེ་ཚེ་ཁྱོད་ནི་གཙུག་ལག་འདུས་པ་དང་། །ཁྱད་པར་གནས་བརྟན་མིག་ནི་བྲིད་པའི་ཕྱིར། །རེས་འགའ་གནས་ཆེན་བརྒྱད་པོ་ལ་སོགས་པར། །མཆོད་འབུལ་སླད་དུ་བསྐྱོད་པའི་ཚུལ་ཡང་བསྟན། །མགོན་ཁྱོད་གནས་བརྟན་རཏྣ་ཨཱ་ཀ་རར། །རྡོར་གདན་ཤིང་ཀུན་བོད་དུ་བཞུད་ཆོག་པར། །ཞུས་ཚེ་ནག་ཚོ་སློབ་གཉེར་འོང་སྙམ་ཡང་། །ང་ཡི་པཎ་ཆེན་བརྐུ་བར་འོང་སྟེ་སྩལ། །ཐུབ་པས་ལུང་བསྟན་ཆོས་རྒྱལ་ཡེ་ཤེས་འོད། །བྱང་ཆུབ་སེམས་དཔའ་ཡིན་པར་འདུག་པས་ན། །དེ་ཡི་བཀའ་ནི་བཅག་པར་མི་འོས་ཞེས། །ཁྱོད་ཐུགས་གཞར་ཡང་གཡོ་བ་མེད་པར་མཛད། །བོད་དུ་བྱོན་ཚེ་དགེ་བསྙེན་ཆོས་འཕེལ་ཞེས། །ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་ནི། །རྒྱ་ཆེན་བསྟན་འགྲོར་ཕན་པར་འགྱུར་རོ་ཞེས། །ཁྱོད་ལ་འཕགས་མས་ལུང་བསྟན་དབུགས་དབྱུང་སྩལ། །འཕགས་མས་ཁྱོད་ཉིད་འཕགས་ཡུལ་གོ་གཉིས་དང་། །བོད་དུ་དོན་གཉིས་སྐུ་ཚེའི་ཚད་དུ་སྩལ། །བགྲང་བྱ་ཉི་ཤུའི་ཚད་དུ་བྲིད་གྱུར་ཀྱང་། །བོད་ཀྱི་ཡུལ་ལ་སྙིང་སྟོབས་བཏང་མི་མཛད། །གཞན་ཡང་བླ་མ་དྷརྨ་རཀྵ་ཤི་ཏ། །ར་ཧུ་ལ་དང་ཨ་ཝ་དྷཱུ་ཏི་པ། །ཌོཾ་བྷི་བ་དང་བིདྱ་ཀོ་ཀི་ལ། །ཀུ་སུ་ལུ་པ་རཏྣ་བཛྲ་དང་། །ཁྱད་པར་རྣལ་འབྱོར་མཁའ་འགྲོ་མ་དང་ནི། །མི་གཡོ་ལ་སོགས་ཡི་དམ་དུ་མ་ཡིས། །ཨུ་པ་སི་ཀ་སློབ་མར་གྱུར་པ་དང་། །བོད་དུ་བྱོན་པར་ལུང་བསྟན་དབུགས་དབྱུང་སྩལ། །པཎ་ཆེན་ན་རོ་བི་ཀྲམ་ཤཱི་ལ་རུ། །བྱོན་ཚེ་ཁྱོད་ཀྱིས་ཕྱག་གཡས་ལ་བརྟེན་ནས། །རབ་བྱུང་ཀུན་གྱིས་གུས་པས་བསུ་ནས་ནི། །འདོ་ལིར་སྤྱན་དྲངས་ཁྱོད་ལ་བསྟན་པ་གཏད། །དགྱེས་རྡོར་རྣལ་འབྱོར་ཧ་ར་ནག་པོ་ཡིས། །ཁྱོད་ལ་དཔྱད་འཕྲུལ་མེ་ལོང་གཏད་ནས་ནི། །གདན་ས་ནགས་ཚལ་བུ་སློབ་འོང་བ་དང་། །བོད་ནས་མི་ལྡོག་ཅེས་སོགས་ལུང་བསྟན་སྩལ། །དེ་ནས་རྒྱ་ལོ་བརྩོན་སེང་དཔོན་གཡོག་གསུམ། །ནག་ཚོ་དཔོན་གཡོག་བདུན་དང་ཁྱོད་ཀྱི་ལྷན། །ས་ཡི་སྙིང་པོ་ལ་སོགས་ཉེར་ལྔ་སྟེ། །མདོར་ན་སུམ་ཅུ་རྩ་ལྔ་ལྷན་ཅིག་འདོངས། །དེ་ཚེ་ཇོ་བོ་སྟོན་འཁོར་མ་གྷ་ད། །རྡོ་རྗེ་གདན་དུ་མཆོད་པ་རྒྱ་ཆེན་དང་། །ལམ་དུ་གཤེགས་ཚེ་མུ་སྟེགས་ཚར་བཅད་ཅིང་། །ཆོམ་རྐུན་རྣམས་ལ་སྒྲོལ་མའི་བཅིང་བ་མཛད། །འབྲོག་བསྐྱས་ཁྱི་གུ་ལུས་པ་ན་བཟའི་ལྟེབ། །བཅུག་ཅིང་བྱོན་ཏེ་བོད་དུ་འཁྲིད་པར་མཛད། །དེ་ནས་བལ་ཡུལ་ཕྱོགས་སུ་བདེར་གཤེགས་ཏེ། །འཕགས་པ་ཤིང་ཀུན་མཆོད་རྟེན་ཆེན་པོ་མཇལ། །བལ་རྫོང་མི་རེང་སྨྱུག་ཁང་འདོན་མི་དང་། །མཉན་པ་སྒོ་ཕྲུག་སྒོ་སྤེའུ་ནང་གི་རྒྱ། །བོད་ཕྲུག་དྲང་སྲོང་སྤྲང་ཕྲུག་བྱིས་པ་སོགས། །འབྲོམ་སྤྲུལ་སྣ་ཚོགས་ཚུལ་དུ་གྲོགས་འཕྲིན་མཛད། །ལྕགས་མོ་སྦྲུལ་ལོར་བལ་ཡུལ་འབྱོར་བ་ན། །བལ་རྒྱལ་གྲགས་པ་མཐའ་ཡས་སྡེ་དཔོན་བཅས། །བསྙེན་བཀུར་གྱ་ནོམ་ཕུལ་བས་བགྲང་བྱ་གཅིག །གཙུག་ལག་བཏབ་ཅིང་ཆོས་ཀྱི་འཁོར་ལོ་བསྐོར། །ཇོ་བོའི་ཆིབས་ཀྱི་གླང་པོ་མཐོང་སྨོན་དེ། །རྒྱལ་པོར་སྩལ་ཅིང་ཐང་བྷི་ཧ་ར་ཡི།།གཙུག་ལག་ཁང་ལ་ཉེར་སྡོགས་གྲོགས་སུ་བཅོལ། །རྒྱལ་བུ་ལྷ་ཡི་དབང་པོར་རབ་ཏུ་བྱུང་། །དེ་ཚེ་ལོ་ཙཱས་ཁྱོད་ལ་ཇ་ཞེས་པ། །ཤིང་ལོ་བཙོས་པའི་བཏུང་བ་ཕུལ་བ་ན། །བོད་ཀྱི་རབ་བྱུང་རྣམས་ཀྱི་བསོད་ནམས་ལས། །གྲུབ་པའི་དངོས་པོར་སྣང་ཞེས་བསྔགས་པ་མཛད། །མ་ག་དྷ་རྒྱལ་ནིརྱ་པཱ་ལའི་ངོར། །འཕྲིན་ཡིག་དང་ནི་གནས་བརྟན་འོན་པ་བར། །སྤྱོད་བསྡུས་སྒྲོན་མེ་བལ་པོའི་ཡུལ་དུ་མཛད། །ཁྱོད་ཀྱི་ཕྱག་ཕྱིའི་ཚུལ་དུ་ལྷན་ཅིག་ཏུ། །གུས་པས་བསྙེགས་པའི་རྒྱ་ལོ་བརྩོན་སེང་གང་། །བལ་པོའི་མུ་སྟེགས་ངན་སྔགས་འཕྲད་པ་ལས། །དམ་སེལ་ལས་ནི་ཟློག་དཀའི་སྙུན་གྱིས་ཟིན། །དེ་ཚེ་ལོ་ཙཱ་དུས་ཀྱི་མཐའ་བྱས་པས། །ཁྱོད་ཀྱི་ལྗགས་ནི་ཆད་ཅེས་ཕམ་པར་སྩལ། །རྒྱ་ལོ་མི་འཆི་བོད་ཀྱི་སྤྱི་མཐུན་གྱི། །བསོད་ནམས་མེད་ཅེས་ཁྱོད་ནི་བཤུང་བར་མཛད། །ཇོ་བོ་དཔོན་སློབ་བལ་རྫོང་ནས་ཕེབས་ཚེ། །ལྷ་བཙུན་ཆེན་པོའི་རྟ་པ་སུམ་རྒྱར་བཅས། །ལྷ་ཡི་དབང་ཕྱུག་ལྷ་ཡི་བློ་གྲོས་དང་། །ལྷ་ཡི་ཤེས་རབ་ལྷ་ཡི་སྲིད་འཛིན་སོགས། །བོད་ཀྱི་བློན་ཆེན་བཞི་ལ་དར་དཀར་མདུང་། །ཐོགས་པ་བཅུ་དྲུག་རེ་ཡིས་བསྐོར་བ་ཡིས། །ལོ་ཞེས་གྲགས་སྟོང་སྙན་པའི་གླུ་དབྱངས་ལོ། །ཞེས་སོགས་ཟོར་མའི་གླུ་ཡིས་མདུན་བདར་ཅིང་། །གུང་ཐང་ནག་ཚོ་ལ་སོགས་རབ་བྱུང་གི །རྟ་པ་སོ་ལྔའི་གྲལ་གྱིི་དབུས་སུ་ནི། །ཆིབས་སུ་ཅང་ཤེས་མཐོང་སྨོན་ངང་པའི་སྟེང་། །མཐོང་བ་དོན་ལྡན་བོད་དུ་ཆིབས་ཁ་བསྒྱུར། །ཁྱོད་ཀྱི་ཞབས་བསྙེགས་གཞན་ཕན་བཟང་པོ་དང་། །ཡེ་ཤེས་སྒྲོན་མེ་ལ་སོགས་འཕགས་ཡུལ་གྱི། །པཎྜི་ཏ་ཡི་ཆ་ལུགས་རབ་མཛེས་པ། །དུ་མས་མཛེས་པར་བསྐོར་ཞིང་གཤེགས་པར་མཛད། །དཔོན་སློབ་ཐམས་ཅད་ལྟ་སྤྱོད་ན་བཟའ་དང་། །ཆ་ལུགས་ལ་སོགས་ཁྱད་པར་མེད་ན་ཡང་། །ཁྱོད་སྐུ་ཤིན་ཏུ་ཡིད་འོང་དྲང་ཞིང་མཛེས། །རབ་སྣུམ་དྲི་ངད་མདངས་ཆགས་བླ་གོས་བཀླུབས། །དེ་ཚེ་བློན་ཆེན་ལྷ་ཡི་དབང་ཕྱུག་གིས། །སྤྱན་རས་གཟིགས་ཀྱི་ཐང་སྐུ་རྟེན་དང་བཅས། །ཁྱོད་ཉིད་བྱོན་པའི་བསུ་བས་མདུན་བདར་ཅིང་། །བློན་གཞན་དར་ཡུག་དཀར་པོའི་ཕྱག་རྟེན་འདེགས། །ཁྱོད་ནི་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་ཏེ། །སྡེ་སྣོད་སྒྲོག་པའི་པཎ་ཞྭ་དབུ་ལ་མཛེས། །ཁྱོད་ཀྱི་སྤྱན་ནི་སྙིང་རྗེའི་རོལ་པ་སྟེ། །ལུང་དང་རིགས་པའི་དཀྱུས་རིང་ལྷག་པར་མཛེས། །བོད་རྣམས་ཁྱོད་ལ་བསུ་བ་རྒྱ་ཆེན་བསྟར། །ལྷ་བཙུན་ཆེན་པོའི་ཕྱག་རྟེན་ལེགས་པར་སྤྲོས། །ཇོ་བོ་བོད་དུ་བྱོན་པ་ལེགས་སོ་ཞེས། །ཀུན་གྱི་དད་པས་ཡི་རང་མངོན་པར་བསྟོད། །ལི་ཡུལ་རྒྱལ་པོས་བྱིས་པ་ག་གེ་མོར། །འཕྲིན་བཅས་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ། །ཁྱོད་ལ་བསྐུར་ཞིང་ཁྱོད་ཀྱི་ཐུགས་དམ་དུ། །ཉེ་བར་བཅངས་ཏེ་བོད་དུ་གདན་འདྲེན་མཛད། །མང་ཡུལ་གུང་ཐང་རྒྱབ་རོལ་གྲ་མ་གདོང་། །བྱ་བར་ཆབ་གཏོར་འཇམ་ཆུང་མ་ཞེས་མཛད། །མ་ཕམ་མཚོ་རུ་ཁ་སར་པ་ཎི་ཡི། །ཆུ་སྦྱིན་མཛད་ཅིང་ཞག་ནི་བདུན་དུ་བཞུགས། །ལྷ་བཙུན་ཆེན་པོས་རྟ་པ་དགུ་བརྒྱར་བཅས། །རོལ་མོ་མཁན་སོགས་རྒྱལ་པོའི་ཕོ་བྲང་དང་། །མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་ཆེན་དུ། །ར་དུང་འབུད་ཅིང་བཀུར་བསྟིའི་བསུ་བ་མཛད། །ཁྱོད་ནི་གཞན་ལས་མཁྱེན་བརྩེ་ནུས་པའི་དཔལ། །ཁྱད་དུ་འཕགས་ཤིང་ཕུལ་དུ་བྱུང་བས་ན། །ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཁྱོད་ཉིད་ལ། །ཨ་ཏི་ཤ་ཞེས་མཚན་ནས་གསོལ་ཅིང་བཀུར། །ཨ་ཡིག་སྒྲུབ་པའི་རྣལ་འབྱོར་ཆེན་པོར་བསྟོད། །ཏི་ཡིག་མཁས་པའི་པཎྜི་ཏ་རུ་བཀུར། །ཤ་ཡིག་སྡེ་པ་བཅོ་བརྒྱད་གཙུག་ཏུ་བསྔགས། །ཕུལ་བྱུང་མཛད་པར་ཨ་ཏི་ཤ་ཞེས་བསྒྲགས། །ཁྱོད་ནི་འགྲོ་བའི་རེ་བ་བསྐོང་བའི་ཕྱིར། །ཡིད་བཞིན་ནོར་བུ་ལྟ་བུར་གཙུག་ཏུ་བཀུར། །ལྷ་དང་མི་ཡིས་གཙོ་བོར་གྱུར་པས་ན། །ཁྱོད་ལ་ཇོ་བོ་རྗེ་ཞེས་མགྲིན་གཅིག་བསྔགས། །དེ་ཚེ་ལྷ་ཡི་བཙུན་པས་མགོན་ཁྱོད་ཀྱི། །མཚན་དཔེའི་ཞལ་གྱི་དཀྱིལ་འཁོར་མཇལ་བའི་མོད། །འཇིག་རྟེན་མགོན་པོ་བོད་དུ་བྱོན་པ་ལེགས། །དེང་འདིར་རྒྱ་བལ་ཡུལ་ནས་བོད་དུ་བྱོན། །ཤུལ་ཐག་རིང་བས་ཤིན་ཏུ་སྐུ་ཉོན་མོངས། །འདུ་བ་རྣམ་བཞི་སྐུ་སྙུན་མི་མངའ་འམ། །སྐུ་ཁམས་བདེ་འམ་དགྱེས་པར་སྤྱོད་ལགས་སམ། །སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ། །ཞེས་སོགས་རབ་གུས་བསྙུན་གསོལ་ངག་གིས་ནི། །ཁུ་བོའི་སྐུ་སྲོག་བཏང་བ་ལས་བརྩམས་ཏེ། །མཎྜལ་འབུལ་ཞིང་བསུ་བ་རྒྱ་ཆེན་མཛད། །ལྷ་བཙུན་ཨ་ནེ་བྱང་ཆུབ་འོད་འབུམ་གྱིས། །ཇོ་བོ་འདྲེན་ཕྱིར་མིང་པོ་གསེར་རི་འདྲ། །སྐུ་སྲོག་ཤོར་བའི་མྱ་ངན་རི་རབ་ཙམ། །ད་རིང་ཁྱོད་ཉིད་མཇལ་བས་སངས་ཞེས་གསོལ། །ལྷ་བཙུན་རྒྱལ་པོས་ཞང་ཞུང་མཐོ་ལྡིང་དུ། །བོད་ཀྱི་སྐྱེ་འགྲོ་དམུ་རྒོད་གདུལ་དཀའ་བས། །ཟབ་ཟབ་མོ་དང་མཚར་མཚར་མི་འཚལ་གྱི། །ལས་དང་རྒྱུ་འབྲས་ཆོས་ཤིག་བསྐྱང་གསོལ་ཞིང་། །གཞན་ཡང་ཚངས་སྤྱོད་རྟེན་ལ་གོང་མའི་དབང་། །གཉིས་པོ་དངོས་སུ་བླང་དུ་རུང་མིན་དང་། །བྱང་སྡོམ་རྟེན་དུ་སོ་ཐར་དགོས་མིན་སོགས། །ལོག་རྟོག་སེལ་བའི་དྲི་ཚིག་ཕུལ་བ་སྟེ། །ཐེག་པ་ཐུན་མོང་དང་ནི་ཕ་རོལ་ཕྱིན། །དྲི་བ་གཉིས་རེ་གསང་སྔགས་དྲི་བ་གསུམ། །ཆོས་ནི་ཐམས་ཅད་དོན་ལ་མཚན་གསོལ་བའི། །ལམ་གྱི་རིམ་པར་སྒྲོན་མེ་སྟེགས་པ་བཞིན། །གནས་བརྟན་ཁྱོད་ཀྱིས་ལེགས་སྦྱར་སྐད་དུ་ནི། །ཚིགས་སུ་བཅད་པ་དྲུག་ཅུ་རེ་བརྒྱད་ཀྱིས། །བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་སྟེ། །གངས་ཅན་སྐད་དུ་དགེ་བའི་བློ་ཡིས་བསྒྱུར། །གཞན་ཡང་ལྷ་རིགས་བཙུན་པ་བྱང་ཆུབ་འོད། །སྨིན་དང་གྲོལ་བས་རྗེས་སུ་གཟུང་བའི་ཕྱིར། །འཇིག་རྟེན་དབང་ཕྱུག་ལྷ་དགུའི་དཀྱིལ་འཁོར་གྱི། །སྒྲུབ་ཐབས་བསྟོད་པ་དང་བཅས་དབང་བསྐུར་མཛད། །གཞན་ཡང་ཁྱོད་ཀྱིས་གངས་ཅན་བོད་འདི་ན། །སློབ་དཔོན་འཕགས་པའི་རིན་ཆེན་ཕྲེང་བ་གང་། །འདུག་པས་དེས་ཆོག་དེ་བས་ལེགས་པ་གཞན། །མི་བརྙེད་པས་ན་དེ་ན་ལྟོས་ཞེས་སྩལ། །རྗེ་བཙུན་ཁྱོད་ནི་རྟག་ཏུ་སྐྱབས་སེམས་དང་། །ལས་འབྲས་ནན་ཏུར་བསྟན་པས་བོད་རྣམས་ཀྱིས། །བླ་མ་སྐྱབས་འགྲོ་བ་དང་ལས་འབྲས་པར། །བསྙད་པ་དེས་ཀྱང་བསྟན་པར་འཛུད་ཅེས་གྲགས། །ལྷ་བཙུན་ཆེན་པོས་ཁྱོད་ནི་མང་ནང་གི །བྱང་ཆུབ་གླིང་དུ་གདན་དྲངས་ཞབས་ཏོག་ཕུལ། །དེ་ཚེ་མང་པོས་ལྟ་བ་གང་བཞེད་ཅེས། །གསོལ་བར་སོ་སོའི་བཞེད་བཞིན་ལུང་རིགས་བཀྲལ། །གཤིན་པོའི་དོན་དུ་བོན་དང་རྒྱ་ནག་ལུགས། །ནོར་སྐལ་ས་ལ་སྦེད་པའི་སྲོལ་གྱི་དོད། །རྣམ་དཀར་སྙིང་པོ་བླངས་པའི་བདེ་གཤེགས་བཀའ། །ངན་སོང་སྦྱོང་བའི་ཆོ་ག་སྤེལ་བར་མཛད། །ཕྱི་དར་ལོ་ཆེན་རིན་ཆེན་བཟང་པོ་ཡིས། །ཁྱོད་ནི་འདུལ་ཁྲིམས་མདོ་སྡེ་རྩལ་འདོན་པ། །དེ་རིགས་ཐེག་ཆེན་གསང་སྔགས་འབྱུང་དཀའ་མོད། །པཎ་ཆེན་བཟང་པོ་ཞིག་ནི་ཡིན་མཆིས་ཞེས། །ཐོ་རངས་དཀར་ཆེན་ལོ་རྩ་ཆེན་པོ་གང་། །གྱ་ལྔར་བཞེས་ཚེ་ཁྱོད་ཉིད་མཐོ་ལྡིང་དུ། །སྤྱན་དྲངས་བསྙེན་བཀུར་མདོ་སྔགས་གཞུང་ལུགས་ལ། །ལེགས་པར་བཀའ་བགྲོས་མཛད་ཅིང་ལན་ཕུལ་བར། །ཁྱོད་ལྟ་བུ་ཞིག་འདི་ན་བཞུགས་པ་ལ། །ཁོ་བོ་བོད་དུ་འོང་དོན་མ་མཆིས་ཞེས། །ལོ་ཆེན་མཁྱེན་པར་ཡི་རང་བསྔགས་པ་མཛད། །མཐོ་ལྡིང་གསང་སྔགས་ལྷ་ཁང་སུམ་ཐོག་ཅན། །རང་རང་རྒྱུད་སྡེ་དང་མཐུན་ལྷ་རྣམས་ལ། །བསྟོད་པ་རེ་རེ་ཐོལ་བྱུང་མཛད་པས་ན། །ལོ་ཆེན་འཇིགས་ཞུམ་དད་པའི་ནམ་ལང་གྱུར། །གང་ཟག་གཅིག་གིས་རྒྱུད་སྡེ་སྟན་ཐོག་ཏུ། །ཅི་ཙུག་སྩལ་བས་སོ་སོར་བཤད་པ་བཞིན། །བྱེད་ཅེས་ཕུལ་བར་ལོ་ཙཱ་རུལ་ལོ་ཞེས། །ཁྱོད་ཉིད་བོད་དུ་འོང་དོན་ཞལ་གྱིས་བཞེས། །དེ་དག་གཅིག་ཏུ་ཉམས་སུ་ལེན་དགོས་ཞེས། །གསང་སྔགས་འཕྲུལ་གྱི་མེ་ལོང་བཤད་པ་མཛད། །མཁས་པས་མཁས་པར་ངེས་པ་ལེགས་དྲོངས་ཏེ། །ཁྱོད་ལ་ལོ་ཆེན་གུས་ཕྱག་རབ་ཏུ་འཕེལ། །དེ་ཚེ་ལོ་ཆེན་ཐུགས་ཡིད་རབ་འཕྲོག་སྟེ། །བརྒྱད་སྟོང་དེ་འགྲེལ་ཉི་ཁྲི་སྣང་བ་སོགས། །སླར་ཡང་བསྒྱུར་ཅིང་ཞུས་ཏེ་ཕབ་མཛད་ཅིང་། །མཆོད་པའི་དངོས་པོ་ཚད་མེད་པ་ཡིས་མཆོད། །གཞན་ཡང་དཔའ་བོའི་ཡན་ལག་བརྒྱད་པ་དང་། །དེ་འགྲེལ་ཟླ་ཟེར་འཆད་ཅིང་སྨན་དཔྱད་གཞུང་། །འཚོ་བའི་སྙིང་པོ་དྲི་མེད་འཕྲིན་ཡིག་སོགས། །ངོས་འཛིན་ལག་ལེན་དང་བཅས་སྦྱོར་བ་སྤེལ། །རིན་ཆེན་བཟང་པོས་དམ་ཚིག་བསྡུས་པའི་འགྱུར། །མཉེས་ཏེ་ཁོ་བོའི་ལོ་ཙཱར་འགྲོགས་གསུངས་པར། །རབ་དཀར་དབུ་ལོ་བསྟན་ནས་སྒྲུབ་པ་ཞིག །བྱེད་ཅེས་གསོལ་བས་དེ་ཡང་རིགས་པར་སྩལ། །ཁྱོད་ལས་དབུ་མ་སྣང་བ་གསན་མཛད་ཅིང་། །བདེ་མཆོག་ཡབ་ཡུམ་བྱིན་རླབས་ཞུས་ནས་ནི། །ཐ་མལ་རྟོག་པ་སྤངས་ཏེ་སྒྲུབ་པས་ན། །བདེ་མཆོག་དཀྱིལ་འཁོར་ཞལ་གཟིགས་དངོས་སྒྲུབ་བརྙེས། །གཞན་ཡང་ལོ་ཆུང་གྲགས་འབྱོར་ཤེས་རབ་ཀྱིས། །ཁྱོད་ཀྱི་ཞབས་སེན་འོད་ཆགས་རབ་བསྙེན་ཏེ། །གདམས་པ་མང་དུ་མནོས་ཤིང་ཁྱད་པར་དུ། །བསྟན་བཅོས་མང་དུ་བསྒྱུར་ཅིང་སྤེལ་བར་གྲགས། །ཁྱོད་ཉིད་བོད་དུ་བྱོན་ཚེ་གསོ་རིག་ཆོས། །ནུབ་པར་དགོངས་ཚེ་ཏ་རེའི་ལུང་བསྟན་བཞིན། །རྒྱ་གར་སྨན་རེར་བོད་སྨན་ནུས་རེ་ཆེ། །ཅི་ནའང་འདུག་སྨན་སྤྱད་ཕྱག་ལེན་མཛད། །ལྷ་ཅིག་ཁྱོད་དང་རིན་ཆེན་བཟང་པོ་ཡིས། །མངའ་རིས་སྟོད་དུ་གྲུབ་བརྙེས་དཔལ་མོ་ཡི། །ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཁྱད་པར་དུ། །སྨྱུང་བར་གནས་པའི་ལུགས་བཟང་དར་བར་མཛད། །གཞན་ཡང་ཁྱོད་ཀྱིས་བོད་ཀྱི་ཆུ་བོ་ནི། །བསིལ་དང་འཇམ་པ་ཡན་ལག་བརྒྱད་ལྡན་ཏེ། །ཡོན་ཏན་འདིས་ཀྱང་ཨ་རེ་ཆོག་གོ་ཞེས། །ཡོན་ཆབ་མཆོད་པའི་སྲོལ་ནི་འཛུགས་པར་མཛད། །དེ་ལྟར་མངའ་རིས་ལོ་གསུམ་ལྷུན་ཆགས་པར། །བཞུགས་ཏེ་སླར་ཡང་འཕགས་ཡུལ་ཕྱོགས་པའི་ཚེ། །བྱང་ཆུབ་འོད་ཀྱིས་ཞལ་གདམས་ཞུ་བྱས་པས། །ཐར་འདོད་དཔའ་བོའི་སྙིང་ནོར་གདམས་པ་སྩལ། །འབྲོམ་སྟོན་ཁམས་སུ་བླ་མ་སེ་བཙུན་པར། །ཕྱག་གཉིས་ཕྱེ་འཐག་ཞབས་ཟུང་ཀོ་བ་མཉེད། །སྐུ་རྒྱབ་ཞོ་དཀྲོག་སྤྱན་ཟུང་གླེགས་བམ་གཟིགས། །རྟ་ཕྱུག་རྫི་བོ་བྱ་ར་མལ་ཚེ་མཛད། །དེ་ལྟར་བགྲང་བྱ་ཉི་ཤུར་ཞབས་ཏོག་དང་། །བསམ་སྦྱོར་གཉིས་ཀྱིས་ཀླུ་སྒྲུབ་ཐོགས་མེད་གཞུང་། །བརྩོན་པ་མཛད་ཚེ་ཁུ་རྔོག་འབྲོམ་གསུམ་ཞེས། །གྲགས་པའི་སྙན་པ་ཁམས་སུ་རྒྱས་པ་དེས། །སྒྲ་ཡི་ཚེར་མ་སྨྲི་ཏི་ཛྙན་ལས། །སྒྲ་དང་ལེགས་སྦྱར་བསླབས་པ་དེ་ཡི་ཚེ། །འཕགས་ཡུལ་པཎ་ཆེན་དཱི་པཾ་ཀ་ར་ཞེས། །ཁྱོད་མཚན་རྣ་བར་འཁྱུད་པས་སྤུ་ལོང་གཡོས། །མགོན་ཁྱོད་ལྕགས་སྦྲུལ་སྤུ་ཧྲེང་རྒྱ་ཞིང་ན། །སྒྲོལ་མས་ད་ནི་ཞག་གསུམ་དྲོ་དང་བཞིར། །བོད་ཀྱི་ཨུ་པ་སི་ཀ་འབྱོན་འགྱུར་པས། །བྱིན་གྱིས་རློབ་ཅེས་ལུང་དུ་བསྟན་པར་མཛད། །ཐེག་པ་ཆེན་པོའི་བཤེས་གཉེན་མཇལ་བ་ལ། །སྐད་ཅིག་ཕྱི་མ་ལས་ཀྱང་སྔ་མ་ཉིད། །བདམས་ཞེས་འབྲོམ་སྟོན་ཁྱོད་ཉིད་གཤེགས་པའི་གནས། །ག་ལ་བར་དེར་རིངས་པའི་ཚུལ་དུ་འདོངས། །དེ་ཚེ་འབྲོམ་སྟོན་དྲོ་ཚུན་མ་བྱོན་པས། །ཏཱ་རེས་རྫུན་ནི་ཅང་གསུང་སྲིད་དམ་སྩལ། །གྲོང་དུ་ཆོས་སྟོན་ཚུར་གཤེགས་སྲང་ལམ་དུ། །མཇལ་ཚེ་མགོ་བོར་ཕྱག་འཇོག་ཤིས་པ་མཛད། །མགོན་ཁྱོད་ཞག་ནི་བཞི་རུ་རྒྱ་གར་དུ། །ལྡོག་པར་ཆས་པ་འབྲོམ་ལོ་སོ་བརྒྱད་དེ། །མཇལ་བས་སྡོད་ཅེས་བླ་མའི་ཞབས་ཏོག་ལས། །སྔ་མའི་ཆོས་ནི་ལམ་དུ་མི་སོང་སྩལ། །ང་ཡི་ཨུ་པ་སི་ཀ་ནངས་པ་རུ། །འོང་ཞེས་གཟིགས་ཤིང་བུམ་པ་བསྒྲུབས་ནས་ནི། །ཡབ་སྲས་མཇལ་བའི་ནུབ་མོར་གསང་འདུས་ཀྱི། །ལྷ་དགུས་དབང་བསྐུར་སྲས་ཀྱི་ཐུ་བོར་བཟུང་། །དེ་ཚེ་འབྲོམ་སྟོན་ཁྱོད་ཀྱི་དབུ་སྔས་ཚུན། །སྦྲེལ་ཏེ་ལོ་ནི་བཅོ་ལྔའི་བར་དག་ཏུ། །སྟོན་སྐལ་མར་ཚལ་དེ་ནུབ་ནས་བརྩམས་ཏེ། །མཚན་ཐུབ་མར་མེ་རྒྱུན་ཆད་མེད་པར་མཆོད། །འབྲོམ་གྱིས་ཁྱོད་ལ་བོད་དུ་བཞུགས་གསོལ་བར། །གྲགས་པ་མ་ཡིན་མི་སྤོང་བ་ཞེས་པ། །བྱང་ཆུབ་སེམས་དཔའི་ཉེས་པ་ཡིན་པས་ན། །ཅིས་ཀྱང་རྒྱ་གར་འདོངས་ཞེས་གསན་མ་མཛད། །ཅི་སླད་ཅེ་ན་དེ་ཚེ་རྒྱ་གར་དུ། །ཇོ་བོ་ཙམ་ཡང་གསེར་ཕྱིར་བོད་དུ་བཞུད། །བ་ལང་འདྲ་བ་བོད་ན་ཐམས་ཅད་ནི། །སྟོང་པ་ཉིད་དོ་ཟེར་ཞིང་འདུག་ཅེས་དང་། །ལྷག་པར་བོད་ན་གསང་སྔགས་མ་རྒྱུད་ཀྱིས། །འགྲོ་དོན་མཛད་སྐད་འདུག་ཅེས་ཚུལ་མིན་གྱི། །གྲགས་པ་ངན་པ་རྣམ་པར་བསལ་བའི་ཕྱིར། །ཁྱོད་ནི་རྒྱ་གར་ཡུལ་དུ་བྱོན་པར་དགོངས། །གནས་བརྟན་ཆེན་པོས་ཇོ་བོ་བོད་ཁམས་སུ། །ནག་ཚོར་ལོ་གསུམ་དམ་ཚིག་ལ་བཀར་བས། །ཆུ་ཕོ་རྟ་ལོར་རྒྱ་གར་འབྱོན་གསོལ་ཏེ། །མགོན་ཁྱོད་མང་ཡུལ་བར་དུ་འབྱོར་བའི་ཚེ། །བལ་རྫོང་གཡུལ་འཁྲུགས་ལམ་འགགས་མ་ཐོན་པས། །གུང་ཐང་ནག་ཚོ་མྱ་ངན་ལྕི་བ་ལ། །མི་ནུས་པ་ལ་ཉེས་པ་མེད་སྩལ་ཅིང་། །ཇོ་བོ་བོད་ཀྱི་བསོད་ནམས་བྱུང་བར་སྨྲ། །མགོན་ཁྱོད་གང་དུ་གཤེགས་ཤིང་བཞུགས་པ་དེར། །རྟག་ཏུ་གསོལ་བ་འབྲས་ཟན་ལ་སོགས་པ། །དཀར་ཟས་བསྐྱངས་ཤིང་ལྷག་པར་མེ་ཏོག་ལ། །དགྱེས་ཤིང་མཉེས་པའི་རྣམ་འགྱུར་ངོམས་པར་མཛད། །དེ་ནས་མགོན་ཁྱོད་མང་ཡུལ་སྐྱིད་གྲོང་དུ། །ལོ་གཅིག་བཞུགས་ཤིང་རང་བྱུང་འཕགས་པ་མཆོད། །མཛེ་ཅན་མི་དང་ནོར་སྲུང་བེའུ་སོགས། །དམན་ལ་ལྷག་པར་བརྩེ་བའི་ལྕགས་ཀྱུས་བཟུང་། །འབྲོམ་སྟོན་ཐབས་ལ་མཁས་པས་སླར་ཡང་ནི། །མགོན་ཁྱོད་གངས་ཅན་དབུས་སུ་གདན་དྲངས་ཕྱིར། །བོད་དུ་རྟེན་གསུམ་དགེ་འདུན་ཁྲི་ཕྲག་སོགས། །ཡོད་ཚུལ་གསོལ་བས་མཉེས་ཤིང་བྱོན་པར་བཞེད། །དེ་ལྟར་དགེ་བསྙེན་རྒྱལ་བའི་འབྱུང་གནས་ཀྱིས། །ཤིང་རྟའི་དབྱིབས་འདྲ་འཛམ་གླིང་ཞེས་སོགས་མཆིད། །དབུས་ཀྱི་མི་ཆེན་དགེ་འདུན་ཡོན་བདག་བཅས། །ཇོ་བོ་ཕེབས་བསུའི་བརྡ་ཡི་འཕྲིན་ཡིག་བརྫངས། །འབྲོམ་གྱིས་ཇོ་བོ་དབུས་སུ་འདྲེན་པའི་སླད། །ཀ་བ་ཤཱ་ཀྱར་བསུ་བའི་གཉེར་ཁ་གཏད། །ཁུ་སྟོན་ལ་སོགས་བོད་ཀྱི་སྟོན་ཆེན་ནས། །ལྷ་ཅིག་བསུ་ལ་རིངས་པའི་ཚུལ་དུ་བཞུགས། །ཇོ་བོ་གདན་འདྲེན་བསུ་བ་མཛད་མིའི་ཁོངས། །ཁུ་སྟོན་མཚན་ནི་འཁོད་པར་མི་གྱུར་པས། །སོགས་སྒྲའི་ཁོངས་སུ་སྡོད་མི་ང་མིན་ཞེས། །སྔོན་ལ་བྱོན་པས་གཞན་རྣམས་ལྕག་གིས་བསྐུལ། །ཇོ་བོ་སྟོན་འཁོར་མངའ་རིས་དཔལ་ཐང་དུ། །བྱོན་ཚེ་བོད་རྣམས་བསེ་ཐེབ་རྟ་ཕྱིང་དང་། །བེར་སོགས་གཟབ་འཕྱོར་ལ་གཟིགས་མི་མ་ཡིན། །འདུག་ཅེས་མགོན་ཁྱོད་དབུ་ནི་བཏུམས་པར་མཛད། །དེ་ལྟར་ཉེ་བར་འཁོད་ཚེ་བོད་སྟོན་རྣམས། །ཚག་ཞུ་བེར་ཆེན་བཞག་ཅིང་སྣམ་སྦྱར་གསོལ། །མཇལ་ཕྱག་ཐང་མར་ཕུལ་བ་དེ་ཡི་ཚེ། །མགོན་ཁྱོད་དགྱེས་ཤིང་མཉེས་ཏེ་སྤྱི་ཕྱག་མཛད། །དེ་ཚེ་རྒྱ་གར་རབ་བྱུང་བ་ལས་ཀྱང་། །བོད་ཀྱི་རབ་བྱུང་ན་བཟའ་བཟང་ཞེས་གསུངས། །དཔལ་མོ་དཔལ་ཐང་དུ་ནི་འབྱོན་པའི་ཚེ། །ཕམ་ཐིང་ཞབས་བསྙེགས་དབང་ཕྱུག་རྒྱལ་མཚན་མཇལ། །གཙང་གི་པད་ཁུད་ཐང་དུ་བྱོན་པ་ན། །སྒྲ་སྒྱུར་མར་པ་ལོ་ཙཱ་རྒྱ་གར་དུ། །རྟིང་མར་བརྟོལ་དང་མཇལ་བས་མགོན་ཁྱོད་ཀྱི། །ཞབས་ཀྱི་པདྨོ་སྤྱི་བོའི་གཙུག་ཏུ་བླངས། །རྣལ་འབྱོར་ཆེན་པོ་ཨ་མེས་བྱང་ཆུབ་དེ། །མདོ་ཁམས་སྨད་ནས་བརྟོལ་ཏེ་དབུས་སུ་ཕྱོགས། །ཁྱོད་དང་མཇལ་བས་དམ་ཚིག་གསུམ་བཀོད་གནང་། །ཡི་དམ་ཞལ་བསྟན་ཁྱོད་ཀྱི་ཉེ་གནས་གྱུར། །ཁྱོད་ཉིད་ས་སྐྱར་བྱོན་ཚེ་འཇམ་དབྱངས་ཀྱི། །སྤྲུལ་པ་བདུན་དུ་འབྱུང་ཞེས་མངོན་གཟིགས་ཤིང་། །སྣར་ཐང་ཐད་དུ་བྱོན་ཚེ་གནས་བརྟན་གྱི། །སྤྲུལ་པ་འབྱུང་བའི་བཀའ་ལུང་གསལ་བར་བསྟན། །ཞ་ལུ་མཐིལ་གྱི་ལྷ་ཁང་རི་སྦུག་ཏུ། །རབ་གནས་ཆོས་འཆད་བྱིན་རླབས་ཕབ་པར་མཛད། །འབྲོག་མི་ལོ་ཙཱ་ཤཱཀྱ་མཚན་ཅན་གྱིས། །ཁྱོད་ཉིད་མྱུ་གུ་ལུང་དུ་སྤྱན་ནི་དྲངས། །གཞན་ཡང་འགོས་ལོ་ཁུག་པ་ལྷས་བཙས་དང་། །དགོན་པ་དབང་ཕྱུག་རྒྱལ་མཚན་ལ་སོགས་པ། །ཁྱོད་ཞབས་བསྙེན་ཅིང་མཆོད་གནས་ལྷུ་རུ་བླངས། །ཤངས་ཀྱི་བྱེ་ཕུག་མྱང་སྟོད་སོགས་སུ་བྱོན། །ལེང་ལོ་ཙཱ་བས་ས་སྙིང་ལྷ་ཁང་དུ། །གདན་དྲངས་ཁྱོད་ཀྱིས་རབ་ཏུ་གནས་པ་མཛད། །ས་སྟོན་སྒྲ་ཅན་འཛིན་པས་ཞག་བདུན་དུ། །རྗེས་འབྲངས་དབུ་མའི་ལྟ་བར་དྲི་རྨད་མཛད། །གཙང་དུ་གར་མི་ཡོན་ཏན་གཡུང་དྲུང་དང་། །མགར་དགེ་བ་དང་རྒྱལ་གྱི་ཞང་ཆེན་མོ། །སྐ་བ་ཤཱཀྱ་དབང་ཕྱུག་ཁུ་སྟོན་དང་། །རྔོག་ལོ་ལེགས་པའི་ཤེས་རབ་དྲུག་པོ་ཡིས། །གྲོས་མཛད་ཁྱོད་ལ་ཞུ་བ་ཕུལ་བ་ནི། །ཐབས་ཤེས་ཡ་བྲལ་འཚང་རྒྱ་མི་རྒྱ་དང་། །བྱང་སྡོན་རྟེན་དུ་སོ་ཐར་དགོས་མིན་དང་། །རྒྱུད་འཆད་རྡོར་སློབ་དབང་ཐོབ་དགོས་མིན་དང་། །ཚངས་སྤྱོད་དབང་ནི་གསུམ་པ་བླང་རུང་མིན། །དབང་མ་བསྐུར་བར་གསང་སྔགས་འཇུག་རུང་མིན། །དྲི་བ་ལྔ་ཙམ་ཕུལ་བར་མགོན་ཁྱོད་ཀྱིས། །ལམ་གྱི་སྒྲོན་མར་གཟིགས་ཞེས་ཞལ་འཕང་སྩལ། །སྤྱན་སྔ་བ་ལ་བདེན་བཞིའི་ཁྲིད་དང་ནི། །ཕུ་ཆུང་བ་རྟེན་ཅིང་འབྲེལ་འབྱུང་ཁྲིད། །རྣལ་འབྱོར་བ་ལ་བདེན་གཉིས་ཁྲིད་བཅས་པ། །གདམས་ངག་ཐམས་ཅད་དཱི་པཾ་ཁྱོད་ཀྱིས་བསྟན། །ཟངས་ཁར་མཛོད་ཁུར་ཚོགས་ཆོས་ཕར་ཕྱིན་དང་། །ལྐོག་ཏུ་དགེ་བཤེས་ཡོལ་ངོར་ཀྲི་ཡ་ཡི། །སྒྲུབ་ཐབས་ཐུགས་རྗེ་ཆེན་པོ་ཞི་ཁྲོ་དང་། །ཟབ་བསྲུང་མ་ཎི་པདྨེ་མི་གཡོ་སྩལ། །དགེ་བཤེས་སྟོན་པར་སླ་ཞིང་བྱིན་ཆེ་བ། །ཡི་གེ་དྲུག་པ་དང་ནི་བཅུ་གཅིག་ཞལ། །མཐུ་ཆེ་གཤིན་རྗེ་གཤེད་དང་མྱུར་བ་རུ། །སྒྲོལ་མ་དང་ནི་ཡོལ་ངོར་རྟ་མགྲིན་སྩལ། །དགེ་བཤེས་རྣལ་འབྱོར་བ་དང་དགོན་པ་བར། །དམ་ཚིག་གསུམ་བཀོད་ལུང་དང་བཟླས་པ་སོགས། །ལྐོག་ཏུ་དུ་མའི་ཆོས་ཚུལ་སྣ་ཚོགས་ཀྱིས། །སྐལ་ལྡན་མདུན་མའི་རེ་སྐོང་འཕྲལ་དུ་མཛད། །རྩང་རོང་ན་མའི་ཉ་མ་དད་ཅན་ལ། །ཡུན་རིང་ནད་པ་ཤུལ་རིང་མགྲོན་པོ་དང་། །ཕ་མ་རྒན་རྒོན་བསྙེན་བཀུར་བྱ་བ་ནི། །སྟོང་ཉིད་སྙིང་རྗེའི་བསོད་ནམས་མཉམ་ཞེས་སྩལ། །ཁྱོད་ཀྱིས་ཀྭ་ཆུར་དབུ་མ་རིགས་ཚོགས་སོགས། །འཆད་ཅིང་ལྷག་པར་ཀླུ་སྒྲུབ་ཡབ་སྲས་ཀྱི། །ལྟ་བ་སྐྱོང་ཞིང་དྲི་ལན་དག་ཐེར་དང་། །ཕུང་པོ་ལྔ་པ་ལ་སོགས་བསྒྱུར་བར་མཛད། །ལེགས་ལྡན་འབྱེད་ཀྱི་འཕགས་པའི་དགོངས་པའི་དོན། །རང་རྒྱུད་དུ་བཀྲལ་དབུ་མ་སྙིང་པོ་དང་། །རང་འགྲེལ་རྟོག་གེ་འབར་བ་ལན་མང་དུ། །ཁྲིད་ཅིང་ནག་ཚོ་དང་བཅས་བསྒྱུར་བར་མཛད། །ཁྱོད་ཉིད་སྣ་བོ་ལ་རུ་བྱོན་པའི་ཚེ། །དར་ཕྱར་ལྷ་བཙུན་གྱིས་མཛད་རག་དུང་བུས། །རྟ་རྣམས་འབྲོས་ཤིང་མི་རྣམས་དམག་འོང་ཟེར། །ལོ་པཎ་སྤྱན་འདྲེན་དུང་ཞེས་འདི་ནས་བྱུང་། །གན་པ་བྱང་ཐང་དུ་བྱོན་རི་བོའི་རྒྱབ། །ཕྱག་མཛུབ་བསྟན་ཅིང་དེ་ན་ཅི་ཡོད་གསུངས། །ལྷ་སའི་གཙུག་ལག་ཁང་སོགས་བདོག་ཞུས་པས། །འཇའ་གུར་དང་བཅས་ལྷ་རྣམས་མཆོད་འདུག་སྩལ། །བསམ་ཡས་པེ་ཧར་དཀོར་མཛོད་གླིང་དུ་ཡང་། །རྒྱ་དཔེ་རྣམ་གྲངས་མཐའ་ཡས་གཟིགས་པས་ན། །ངོ་མཚར་སྔོན་བྱོན་ཆོས་རྒྱལ་ལོ་པཎ་ཞེས། །ལག་སོར་པདྨོ་ཟུམ་པའི་སྟངས་ཀ་མཛད། །གཞན་ཡང་འཕགས་ཡུལ་ན་མེད་རྒྱ་དཔེའི་ཚོགས། །གཟིགས་པས་འདི་འདྲ་སློབ་དཔོན་པདྨ་ཡིས། །མི་མ་ཡིན་གྱི་གནས་ནས་དྲངས་སམ་ཞེས། །མཁན་སློབ་ཆོས་གསུམ་ངོ་མཚར་འཛིན་ཅིང་བསྟོད། །གཞན་ཡང་ཆོས་འཁོར་བསམ་ཡས་གནས་སུ་ནི། །བོད་ཀྱི་ལྷ་བཙུན་བོ་དྷི་རཱ་ཛ་ཡིས། །ཁྱོད་ལ་བསྙེན་བཀུར་ཞབས་ཏོག་བསྒྲུབས་པ་ན། །རིམ་ལྔའི་ཆོ་ག་མཛད་ཅིང་ཐུགས་དམ་བསྐངས། །ཕྲང་ཁ་བེར་ཆུང་འབྲོམ་སྟོན་གདན་དྲངས་པར། །ཇོ་བོ་སྐུ་ན་མཐོ་བས་ཞབས་ཏོག་དང་། །བདག་ཉིད་ཇོ་བོར་ཤི་བྲལ་བྱེད་པ་ནས། །རྟིང་མར་འཚོ་ཚེ་འོང་བའི་ཚིག་མཐའ་སྩལ། །དེ་ལྟར་འབྲོམ་རྗེས་བདུད་རྩི་འདྲ་བའི་ཆོས། །བགྲོས་འདེབས་ཚིགས་སུ་བཅད་པ་བཅོ་བརྒྱད་ཀྱིས། །འཕྲིན་བཅས་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ། །མཆོད་གནས་བགྱི་བའི་ཞལ་བཞེས་རྟེན་དུ་བསྐུར། །ལྷ་སྡིངས་ཁུ་ཡིས་ཁྱོད་ལ་ཡར་ཀླུངས་ཞེས། །ཡུལ་བཟང་ས་དྲོ་སྔོན་ཚེ་ཆོས་ཀྱི་རྒྱལ། །མེས་དབོན་རྣམ་གསུམ་ཞབས་ཀྱིས་བཅགས་པའི་གནས། །ཁྱད་དུ་འཕགས་ཚུལ་དུ་མ་སྙན་གསོལ་ཏེ། །ཐང་པོ་ཆེ་རུ་སྤྱན་དྲངས་ཁུ་སྟོན་ནི། །ཐུགས་རྒྱལ་ཆེ་ཞིང་ཞབས་ཏོག་དམན་པས་ན། །ཁྱོད་ནི་པྲེ་ཏ་པུ་རིར་མི་བཞུགས་སྩལ། །འབྲོམ་གྱིས་མགོན་ཁྱོད་སྙེ་ཡི་ན་མོར་དྲངས། །སྙེ་ཐང་དུ་ནི་མངོན་པར་རྟོགས་པའི་རྒྱན། །ཅུང་ཟད་བསྡུས་དང་རྒྱས་པར་སྩལ་བ་ན། །ཕྱག་དར་སྟོན་པས་རེག་ཟིག་ལེགས་ཕབ་པ། །ཕར་ཕྱིན་ཁམས་ལུགས་མ་ཞེས་གྲགས་པ་བྱུང་། །གཞན་ཡང་ཉི་ཁྲི་སྣང་བ་ལ་སོགས་པའི། །ཤེར་ཕྱོགས་ཁྲིད་རྣམས་འདུས་པར་འཆད་ཉན་དང་། །ཁྱད་པར་འབྲོམ་ལ་སྐྱེས་བུ་གསུམ་གྱི་ཁྲིད། །སྙེ་ཐང་ཁུལ་ནས་གདམས་པའི་ཆུ་འགོ་གཏོད། །དབུ་རུ་སྙེ་ཐང་ནགས་ཚལ་ནེའུ་གསིང་དུ། །དགུན་ཡང་མེ་ཏོག་སྐྱེ་བ་ག་རེ་གསུངས། །འབྲོམ་གྱིས་གསིང་མའི་མེ་ཏོག་ཕུལ་བ་ལ། །རྫུན་དུ་མི་འགྲོ་ཙམ་དུ་བདོག་ཅེས་མཉེས། །ལན་ཅིག་ལོ་ཙཱས་སྣག་ཚ་བོ་བས་ན། །ཁྱོད་ཀྱིས་ལོ་ཙཱ་སྒོ་རུ་ཕྱུང་བས་ན། །ན་ནིང་ཡང་ནི་སྒོ་རུ་ཕྱུང་ཞུས་པར། །ངན་ཏེ་ཁྲོ་བོར་འཛིན་པ་འདུག་ཅེས་བསྐྱོན། །གཞན་ཡང་བོད་ཀྱི་རྒྱལ་པོ་བརྒྱུད་པར་བཅས། །ཁྱོད་ཀྱིས་ནན་ཏུར་གུས་པ་མཛད་པས་ཀྱང་། །རྒྱལ་པོའི་དབུ་འཕང་དགུང་ལ་འདེགས་བཟོད་སླད། །ཕན་པ་བྱུང་ཞེས་འབངས་རྣམས་གླེང་བ་བྱུང་། །རྔོག་ལོས་ཁྱོད་ཉིད་ལྷ་ལྡན་དུ་དྲངས་ཚེ། །ཐུགས་རྗེ་ཆེན་པོས་ཁྱོད་ལ་བསུ་བ་མཛད། །ལྡོམ་བུ་རྣལ་འབྱོར་མ་ཡི་ལུང་བསྟན་བཞིན། །ལྷ་ལྡན་གཙུག་ལག་ཤིང་ལོའི་ཀ་བ་ལས། །སྲོང་བཙན་རྗེ་ཡི་ཀ་ཆེམས་བཀའ་ཁོལ་དང་། །བློན་པོས་བཀོད་པའི་ཟླ་བའི་འདོད་འཇོ་དང་། །བཙུན་མོས་བཀོད་པའི་དར་དཀར་གསལ་བ་བཅས། །ངོ་མཚར་གསང་བའི་ཚུལ་གྱིས་གཏེར་དུ་བཞེས། །དེ་ལྟར་ལྷ་ལྡན་ཀ་བ་བུམ་པ་ཅན། །ལས་བྱུང་གཏེར་ཡིག་རྣལ་འབྱོར་པ་ཡིས་དབུས། །སྟོན་པ་བཞི་ཡིས་ཇི་ཙམ་འབྲིར་བཏང་བ། །གཏེར་སྲུང་གཉན་པོས་གསང་སྒོ་བསྡམས་པར་བྱས། །ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ནི། །རང་བྱུང་ཐུགས་རྗེ་ཆེན་པོའི་ངོ་མཚར་དང་། །ཇོ་བོ་ཤཱཀྱ་མུ་རྟེན་ལ་སོགས། །མཇལ་བས་སྤྲུལ་པའི་སྐུ་ནི་དངོས་ཞེས་སྩལ། །ཡེར་པར་བྱོན་ཚེ་ལེགས་པའི་ཤེས་རབ་ཀྱིས། །ཞབས་ཏོག་ཕུལ་ཅིང་ཐོགས་མེད་ཀྱིས་མཛད་པའི། །བསྟན་བཅོས་རྒྱུད་བླའི་འགྲེལ་པ་བོད་དུ་བསྒྱུར། །འབྲོམ་གྱི་འབུལ་མོ་ཆེ་ཡང་དེ་རུ་མཛད། །ཁྱོད་ཀྱིས་རྔོག་ལོར་གསང་ཕུའི་ཕྱོགས་བསྟན་ནས། །ཐུབ་དབང་དཔང་དུ་མི་ཕམ་འཇམ་དཔལ་དང་། །དྲང་ངེས་བགྲོས་མཛད་གསལ་བར་གཟིགས་ནས་ནི། །དེ་རུ་གཙུག་ལག་ཐོབ་ཅེས་བཀའ་ལུང་སྩལ། །རྔོག་ཅེས་ཁྲི་སྲོང་བློན་ཆེན་རྒྱུད་འཁྲུངས་ཤིང་། །གུ་གེ་རྒྱལ་པོའི་བཀའ་ལས་ལོ་ཙཱ་བསླབས། །ཁྱོད་ཀྱི་བཀའ་བཞིན་ལེགས་པའི་ཤེས་རབ་དེས། །ཆུ་མོ་གླང་ལོར་གསང་ཕུ་ནེའུ་ཐོག་བཏབ། །དེ་རྟེན་རྩོད་རྒྱལ་སྒྲོལ་མ་བཞུགས་གསོལ་ཞིང་། །དེ་ཡི་རྟེན་འབྲེལ་ཁོ་ནས་གནས་དེ་ན། །དྷཱི་སྐད་ཚད་མའི་འཆད་ཉན་རབ་རྒྱས་ཏེ། །བསྡུས་ཚད་རིགས་པའི་སྒོ་འཕར་ཕྱེ་བར་གྲགས། །ཡེར་པ་ལྷ་རིར་ཇོ་བོ་ཡབ་སྲས་དག །ལམ་དང་འབྲས་བུར་ལུང་རིགས་བརྒལ་བརྟག་དང་། །ཆེས་གསང་ཐིག་ལེ་བཅུ་དྲུག་རྩ་ཚིག་བསྒྲགས། །འབྲོམ་སྟོན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བཞེངས། །ཨོ་རྒྱན་གུ་རུས་བདེ་མཆོག་ཕོ་བྲང་དུ། །གཟིགས་པའི་བྲག་ཡེར་ལྷ་རི་སྙིང་པོའི་མགོར། །ཕ་ཆོས་དང་ནི་རྟེན་འབྲེལ་སྒྲུབ་ཁང་དང་། །བྱམས་ཁང་བཅས་སུ་བུ་ཆོས་སྩལ་བར་གྲགས། །རྒྱལ་བའི་འབྱུང་གནས་ཁྱོད་ལ་ཞུས་པ་ཡི། །སྐྱེས་རབས་ཆོས་ཀྱི་འབྱུང་གནས་ཕ་ཆོས་དང་། །ཁུ་རྔོག་གིས་ཞུས་ལེ་ཚན་ཉེར་གསུམ་ཅན། །བུ་ཆོས་གླེགས་བམ་གསང་ཆོས་ཁྱོད་ཀྱིས་སྩལ། །ཁྱོད་ཀྱིས་འབྲོམ་རྗེར་རྒྱུད་སྡེའི་མན་ངག་ཀུན། །ཁྱད་པར་བླ་མེད་གསང་འདུས་བདེ་མཆོག་དང་། །བླ་མེད་སྤྱི་ཡི་མན་ངག་མཐར་ཐུག་པ། །སྒྲུབ་སྙིང་སྐོར་གྱི་མན་ངག་ཡོངས་རྫོགས་སྩལ། །འབྲོམ་རྗེས་བསྟན་པ་ཐམས་ཅད་གྲུ་བཞི་རུ། །ལམ་གྱིས་འཁྱེར་ཤེས་ང་ཡི་བླ་མ་ཞེས། །བཀའ་ནི་གདམས་པའི་སྐྱེས་བུ་གསུམ་པོ་རུ། །ཁྱོད་ཀྱིས་ཐུགས་རྗེས་བརྙེས་ཞེས་བསྟོད་བཀུར་བསྔགས། །རེས་འགའ་མགོན་ཁྱོད་བོད་དུ་ཕལ་ཆེན་གྱི། །སྡེ་པ་འཛུགས་པར་བཞེད་ཚེ་འབྲོམ་སྟོན་གྱིས། །བོད་འདི་ཐམས་ཅད་ཡོད་སྨྲ་ཉིད་དོ་ཞེས། །བཀག་པས་འཛུགས་དབང་མེད་ཅེས་བཤུང་བར་མཛད། །གཞན་ཡང་མགོན་ཁྱོད་རེས་འགའ་གསང་སྔགས་དང་། །ལྷག་པར་དོ་ཧ་བླངས་པ་དེ་ཡི་ཚེ། །འབྲོམ་གྱིས་བཀག་ཅིང་བཤད་དབང་མ་བྱུང་བས། །ཁོ་བོ་བོད་དུ་འོངས་དོན་མ་མཆིས་སྩལ། །ཁྱོད་ནི་བསམ་ཡས་བཞུགས་པའི་དུས་ཀྱི་ཚེ། །འོལ་ཁ་རྫིང་ཕྱིའི་བྱམས་པ་ལྷ་ཁང་ཆེ། །བཞེངས་མཛད་གར་མི་ཡོན་ཏན་གཡུང་དྲུང་གིས། །ཞོ་དང་ཆབ་ཞོ་ཆད་པ་མེད་པར་ཕུལ། །སྔོན་ཚེ་བྲི་ཀྲམ་ཤཱི་ལར་མཻ་ཏྲི་པས། །རྣལ་འབྱོར་མ་ཡི་དམ་རྫས་ཆང་སྦས་པར། །ཉམས་ཞེས་གནས་ནས་ཕྱུང་བའི་འགྱོད་བཤགས་སུ། །ཉིན་རེར་སཱ་ཚ་བདུན་དུ་བཞེངས་པར་མཛད། །ཞང་བཙུན་འོལ་རྒོད་འབར་ལ་མགོན་ཁྱོད་ཀྱིས། །ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཚད་མི་ཤེས་མཉན་པས་ཉུང་ངུར་གོ །སྒོམ་པས་མང་སྟེ་སྒྲུབ་པ་སྙིང་པོར་གསུངས། །ཞང་གི་སྣ་ཆུང་སྟོན་པས་ཁྱོད་ཉིད་ལ། །ཇོ་བོས་འཆད་ཚད་བྱང་ཆུབ་སེམས་སྦྱོང་ལས། །མི་འོང་བྱས་པ་གསན་ཚེ་ཁྱོད་འདྲ་ཞིག །རྒྱ་གར་ན་ཡང་ཡོད་ཅེས་གསུངས་པར་མཛད། །ཞང་གི་སྣ་ཆུང་ལྡང་རྫང་སྟོན་པ་དང་། །སྐྱོར་སྟོན་ཕྱག་དར་བཞི་ལ་མགོན་ཁྱོད་ཀྱིས། །སེམས་བསྐྱེད་ཚོགས་གཉིས་རྫོགས་པ་བསྔོ་བ་ཡིས། །སྙིང་པོ་བསྡུས་པར་མཛོད་བཅས་གདམས་པར་མཛད། །ཁྱོད་ཀྱིས་བོད་ན་ཆོས་འཚོང་མང་བར་གཟིགས། །ཆོས་འཚོང་འབིར་བ་ཀུན་ཏི་ལ་ལི་ཞེས། །ཟོ་འཚོང་ཚོང་པ་ཕ་ལ་ཕ་ལ་གསུངས། །བོད་ན་མུ་སྟེགས་ཆ་མཐུན་འདུག་པར་སྩལ། །མཉེ་ཡི་ན་མོར་སྐྱོ་སངས་མཛད་པའི་ཚེ། །རེས་འགའ་མཛེ་སྤྲང་ནང་བཞུགས་དགེ་བཤེས་ཁུས། །ཇོ་བོ་མི་ཆེན་མི་མཁྱེན་གདའ་གསོལ་བར། །བོད་ཀྱི་མི་ཆེན་དགོས་པ་མེད་ཅེས་སྩལ། །སྒོམ་པ་རིན་ཆེན་བླ་མས་མགོན་ཁྱོད་ལ། །ཅི་ཡང་མི་བྱས་འཚང་རྒྱའི་ཐབས་ཞུས་པར། །དེ་འདྲ་བྱུང་བ་ཁོ་བོའང་འདོད་གསུངས་ཏེ། །ཚོགས་གཉིས་མི་རྫོགས་སངས་རྒྱས་མི་ཤེས་སྩལ། །དེ་སླད་སྒོམ་རིན་བླ་མས་མགོན་ཁྱོད་ལ། །འདུལ་བ་སྔགས་དང་སྔགས་ནི་འདུལ་བ་ཡི། །གྲོགས་སུ་འཁྱེར་ཤེས་ང་ཡི་བླ་མ་ཡི། །བཀའ་བརྒྱུད་མིན་པ་མེད་ཅེས་ལྷག་པར་བསྟོད། །དགོན་པ་འཛེང་ཞེས་དབང་ཕྱུག་རྒྱལ་མཚན་ནས། །ཁྱོད་མདུན་ཕྱག་འཚལ་དར་ཡུག་བརྒྱ་ཕུལ་ཞིང་། །སྒོམ་གྱི་གདམས་ངག་ཐམས་ཅད་གསན་ནས་ནི། །མངོན་པར་ཤེས་པའི་ཡོན་ཏན་མང་དུ་བརྙེས། །གསང་སྔགས་ལམ་འདི་སྦྲུལ་ནི་སྨྱུག་དོང་དུ། །བཅུག་པའམ་ཡང་ན་གླང་པོ་ཆེ་ཡི་སྣར། །རལ་གྲི་རྣོན་པོ་བཏགས་དང་འདྲ་བ་སྟེ། །ཁེ་ཉེན་ཆེ་ཞེས་ཁྱོད་ཀྱིས་གདམས་པར་མཛད། །ཁྱོད་ཀྱིས་རྣལ་འབྱོར་ཕྱག་ཁྲིར་མིང་དང་རུས། །ཡུལ་སོགས་ཡིད་ལ་མ་བྱེད་བྱང་ཆུབ་སེམས། །ཡིད་ལ་གྱིས་ཞེས་རྟག་ཏུ་བྱང་ཆུབ་སེམས། །ཡོན་ཏན་བརྗོད་ཅིང་དེ་ལ་འཇུག་པར་བསྐུལ། །ཁུ་སྟོན་ཡར་ཀླུངས་འདྲེན་གྱི་ལྷ་ཁང་དང་། །རྔོག་ལོ་ཙཱ་བས་གསང་ཕུ་ནེའུ་ཐོག །འབྲོམ་སྟོན་རྭ་སྒྲེང་བང་སྟོན་སྙེ་ཐང་འོར། །ཁྱོད་ཀྱི་ལུང་བཞིན་གཙུག་ལག་རྨད་བྱུང་མཛད། །ཨ་མེས་བྱང་ཆུབ་རང་ཉིད་བསོད་ནམས་ཆུང་། །བླ་མའི་ཆིབས་གཡོག་ལ་སོགས་ཞབས་ཏོག་ལས། །སྒོམ་རྒྱུ་མི་བརྙེད་སྙམ་ཚེ་མགོན་ཁྱོད་ཀྱིས། །མངོན་པར་ཤེས་པས་ལེགས་གཟིགས་ཨ་མེས་ངོར། །ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་ནི། །བླ་མ་ལས་སྐྱེ་བླ་མའི་ཞབས་ཏོག་ཏུ། །བཀོལ་ཚེ་བསྒོམ་གྱི་དམིགས་པ་གཞན་ཉིད་དུ། །འཚོལ་མི་དགོས་པ་གདམས་པ་གསལ་བར་གསུངས། །དེ་ལྟར་ཙོང་ཁ་ཨ་མེས་བྱང་རིན་པས། །ཁྱོད་ཀྱི་ཆིབས་སྐྱོང་ནང་ལས་ཞབས་ཏོག་འགྲུས། །བདེན་གཉིས་ལ་མཁས་རྣལ་འབྱོར་ཆེན་པོར་གྲགས། །རྟིང་མར་རྭ་སྒྲེང་ཁྱམས་སྨད་བཞེངས་འཕྲོར་འབུངས། །ལན་ཅིག་ཁྱོད་ཀྱིས་འབྲོམ་ལ་ཧེ་བཛྲའི། །སྒྲུབ་མཛད་སློབ་མ་ཉན་ཐོས་འགོག་ལམ་དུ། །ཞུགས་ཐལ་གསུངས་པ་ཇི་ལྟར་ལགས་གསོལ་བར། །བསྒྲུབ་བྱའི་ཆོས་བས་སྒྲུབ་ཚུལ་གཙོ་ཆེར་སྩལ། །ཁམས་སྟོན་རྦ་ཆེན་རྦ་ཆུང་བ་རི་སོགས། །རྒྱ་གར་བགྲོད་པའི་ལམ་རྒྱུས་འཕྲལ་སྐད་དང་། །བར་ཆད་སེལ་བའི་བྱིན་རླབས་ཞུས་པ་ན། །བླ་མ་རྡོ་རྗེ་གདན་པར་གཏུགས་ཞེས་སྩལ། །འབྲོམ་གྱིས་ཁྱོད་ལ་ཟླ་གྲགས་ལུགས་ཀྱི་ནི། །རྟོགས་པ་ཕུལ་བས་རྒྱ་གར་ཤར་ཕྱོགས་ན། །ད་ལྟ་ལྟ་བ་འདི་ཉིད་འཛིན་ནོ་ཞེས། །དེ་ལྟར་བོད་རྣམས་བསོད་ནམས་མི་ཆུང་སྩལ། །དེ་ལྟར་འབྲོམ་སྟོན་མགོན་ཁྱོད་མི་བཏང་བར། །ཚུལ་བཞིན་བསྟེན་པས་གདམས་པའི་སྐྱེས་བུ་གསུམ། །ལམ་གྱི་རིམ་པའི་རྒྱལ་ཚབ་དབང་བསྐུར་བས། །ལམ་བཟང་གསལ་མཛད་སྟོན་པར་ཆེས་ཆེར་བསྔགས། །དེ་ལྟར་གདམས་པ་བདུད་རྩིའི་སྙིང་པོ་གང་། །ཁྱོད་མིན་གཞན་ལ་གཏད་ས་མི་རྙེད་པས། །ཕོ་རུས་རྣམ་ཐར་ཟུངས་ཤིག་རྒྱལ་བ་འབྲོམ། །ཞེས་སོགས་གསུངས་ཤིང་བསྟན་པ་གཏད་པར་མཛད། །ཁྱོད་ཀྱིས་འབྲོམ་རྗེར་ཁོ་བོ་གཅིག་པུར་སེམས། །ཕ་གཅིག་བུ་གཅིག་ཡིན་ནོ་ཁྲེལ་གཞུང་ཅན། །ཆོས་འདི་ལེགས་སྐྱོང་མཐའ་རྒྱ་བྱང་ནས་བསྐྱེད། །ཅེས་སོགས་གཟེངས་བསྟོད་སྲས་ཀྱི་ཐུ་བོར་བཟུང་། །མགོན་ཁྱོད་ནག་ཚོས་ལོ་ནི་བཅུ་དགུའི་བར། །ལེགས་བསྟེན་ཁྱོད་སྐུ་ཐེ་བོང་ཚད་ཙམ་ཞིག །སེང་ལྡིང་ལ་བྲིས་ག་འུར་བཅུག་ནས་ནི། །དཔུང་པར་འདོགས་ཏེ་རྟག་ཏུ་ཡི་དམ་མཛད། །ཁྱོད་ཀྱིས་དམ་ཚིག་གསུམ་བཀོད་ནག་ཚོའི་མགོར། །བཞག་ཅིང་འདུལ་བ་མདོ་རྩ་གསང་འདུས་རྒྱུད། །སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ལ་སོགས་པ། །སྦས་ཆོས་ཉི་ཤུ་སྩལ་ཅིང་བྱིན་རླབས་མཛད། །གཞན་ཡང་རས་གོས་ཁྲུ་ནི་བཅུ་དྲུག་ངོས། །ཁྱོད་བསྟེན་ཡི་དམ་བླ་མ་བཅུ་གཉིས་དང་། །ཁྱོད་ཀྱི་མཛད་པ་ཁུ་རྔོག་འབྲོམ་གསུམ་དང་། །དེ་མདུན་དགེ་བཤེས་ལོ་ཙཱ་གསོལ་འདེབས་ཚུལ། །ཁྱོད་ཀྱི་སྐུ་ཚད་ཁྲུ་ཡིས་ལེགས་གཞལ་ཏེ། །མཛད་ཐང་རྒྱབ་ཏུ་བསྟོད་པ་བརྒྱད་ཅུ་སྤེལ། །ཁྱོད་ཀྱིས་ཞལ་བཞེས་ལུང་བསྟན་མཛད་པ་བཞིན། །དགའ་ལྡན་གནས་ནས་རབ་གནས་བྱིན་རླབས་མཛད། །མགོན་ཁྱོད་སྣར་ཐང་དང་ནི་ཞ་ལུ་དང་། །མྱང་སྟོད་ཡར་ཀླུངས་འཕན་པོ་ལ་སོགས་གནས། །བྱོན་ཏེ་དད་དང་ཆོས་ཀྱི་རྗེས་འབྲངས་པ། །སྐལ་ལྡན་ཐམས་ཅད་ཀུན་ནས་ཚིམས་པར་མཛད། །བོད་ཀྱི་སྡེ་པ་མི་ཆེན་ནས་བཟུང་སྟེ། །དབུས་ཀྱི་ཁུ་རྔོག་འབྲོམ་དང་གཙང་གི་ནི། །འགར་འགོས་ཡོལ་གསུམ་དགོན་པ་བ་ལ་སོགས། །ལྟ་སྤྱོད་གཙང་མའི་རོ་བདའ་འཕོ་བར་མཛད། །ཁྱོད་ཉིད་སྙེ་ཐང་ཁུལ་དུ་བཞུགས་པའི་ཚེ། །དགེ་བསྙེན་ཆེན་པོ་ཁམས་ལུང་པ་ཞེས་གྲགས། །ཤཱཀྱ་ཡོན་ཏན་ལ་སོགས་སྐལ་ལྡན་བུ། །མང་དུ་རྗེས་བཟུང་གདམས་པའི་སྙིང་པོ་སྩལ། །ཁྱོད་ནི་འཁོར་གསུམ་དག་པའི་སྦྱིན་སོགས་མཛད། །འཛེ་སྤྲང་གསེབ་ཏུ་བཞུགས་ཏེ་ཕམ་ཕབས་སྦྱིན། །ཆང་གི་ཉེས་པ་སུམ་ཅུ་རྩ་བཞི་བསྟན། །གང་འདུལ་བསྡུ་དངོས་རྣམ་བཞིས་ཚིམས་པར་མཛད། །དེ་ལྟར་མངའ་རིས་ཁུལ་དུ་ལོ་གསུམ་དང་། །སྙེ་ཐང་དུ་དགུ་དབུས་གཙང་གཞན་དུ་ལྔ། །ཁྱོད་ཉིད་བོད་དུ་བགྲང་བྱ་བཅུ་བདུན་དུ། །ཐུབ་པའི་བསྟན་ལ་བྱི་དོར་རྨད་བྱུང་མཛད། །ཆོས་རྒྱལ་བྱང་ཆུབ་འོད་དང་ཁུ་རྔོག་དང་། །ཁྱད་པར་འབྲོམ་སྟོན་སྐུ་མཆེད་རྗེས་འབྲང་བཅས། །ཇོ་བོ་ཨ་ཏི་ཤ་ཞེས་སྙན་པའི་མཚན། །བཟླས་ཚེ་དད་པའི་མཆི་མ་རྟག་ཏུ་དཀུ། །མངའ་རིས་ཁུ་དབོན་སྐད་གཉིས་སྨྲ་བ་དང་། །བོད་སྟོན་སློབ་འབངས་རྣམས་ཀྱིས་ཁྱོད་ཉིད་ལ། །གསེར་སྲང་འབུལ་ཆེན་འདེགས་གང་བཞེས་མཛད་པ། །ཆོས་ཀྱི་ཆེ་བ་འདོན་ལས་གཞན་དུ་མིན། །མགོན་ཁྱོད་ཆོས་གོས་གསུམ་གསོལ་པཎ་ཞྭས་མཛེས། །ཐུགས་དམ་གསེར་གླིང་གདུང་དང་ཟ་མ་ཏོག །རྟག་ཏུ་མི་བྲལ་འཚོ་བའི་ནར་མར་བཅངས། །བྱང་ཆུབ་མཆོག་སྩོལ་དམ་ཆོས་སྙིང་པོར་འཆད། །གཞན་ཡང་སྐྱེས་མཆོག་བྱམས་པའི་རྣལ་འབྱོར་དང་། །རཀྵི་ཏ་ཞེས་རང་ཤའང་གཞན་ལ་སྟེར། །ཐུན་མོང་མ་ཡིན་སེམས་བསྐྱེད་སྦྱིན་མཛད་པའི། །བླ་མ་གཉིས་པོ་ཁྱོད་ཀྱིས་དྲན་པར་མཛད། །གང་ལ་བསྟེན་ན་གྲུབ་པ་ཐོབ་པའི་ཆོས།  །རྒྱ་ཆེན་སྤྱོད་པའི་མན་ངག་ཞུན་མའི་དཔྱིིད། །བདག་གཞན་བརྗེ་བའི་ཡིད་ཀྱི་རོལ་པ་མཆོག །བླ་མ་གསེར་གླིང་མིན་ལས་བྱུང་མིན་ཕྱིར། །མཚན་ཙམ་ཐོས་པས་ཐལ་མོ་སྤྱི་བོར་སྦྱོར། །ཡིད་ལ་དྲན་པས་སྤྱན་ཆབ་རྒྱུན་མར་བསིལ། །དངུལ་གདུགས་ཅན་གྱི་གདུང་ཁང་ལེགས་བཀོད་དེ། །ཟླ་མཆོད་ལ་བརྩོན་བསྟོད་པ་རེ་ཡང་མཛད། །ཆོས་ཀྱི་གཞི་མ་ལས་འབྲས་སྐྱབས་འགྲོ་བསྟན། །རབ་བྱུང་ཁྲིམས་དང་ཐོས་ལྡན་ལྟ་བ་བསྐྱངས། །བསམ་གཏན་ཞི་ལྷག་སྔགས་རྣམས་དམ་ཚིག་བཀོད། །ཕྱི་དར་བསྟན་ལ་བཀའ་དྲིན་ཁྱོད་ཉིད་ཆེ། །མགོན་ཁྱོད་བྷོ་ཊའི་ལྗོངས་སུ་ཞབས་བཅགས་ཏེ། །ལེགས་སྦྱར་མདོ་དང་རྒྱུད་སྡེ་བསྟན་བཅོས་དག །བོད་ཀྱི་སྐད་དུ་མང་དུ་བསྒྱུར་བ་དང་། །ཞུས་ཤིང་གཏན་ལ་ཕབ་པའི་མཛད་བཟང་བསྐྱངས། །ཁྱོད་ནི་ཡི་དམ་ཞལ་གཟིགས་གནང་བ་ཐོབ། །བར་མ་ཆད་པའི་བརྒྱུད་པས་བྱིན་གྱིས་རླབས། །རིག་པའི་གནས་ལ་མཁས་པའི་གྲགས་པ་བརྙེས། །བསྟན་བཅོས་རྩོམ་པའི་གཟུངས་དང་སྤོབས་པ་རྒྱས།།

ཨེ་མ་གངས་ཅན་ལྗོངས་སུ་མགོན་ཁྱོད་ཀྱིས། །བསྒྱུར་ཞུས་ཐུགས་དམ་བསྟན་བཅོས་བརྒྱ་རྩ་ལས། །བྱེ་བྲག་འདི་ན་གསར་དུ་མཛད་པ་ཡི། །གསུང་གི་འཕྲིན་ལས་རྣམས་ལ་ཅུང་ཟད་བསྟོད། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། །མདོ་སྔགས་ལམ་གྱི་སྙིང་པོ་གཞུང་ཤིང་སྟེ། །ཆོས་རྒྱལ་སློབ་མ་བྱང་ཆུབ་འོད་ཀྱིས་བསྐུལ། །བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ལ་བསྔགས། །བྱང་ཆུབ་སྙིང་པོར་བགྲོད་པའི་ལམ་བཟང་གང་། །ལྷ་བཙུན་བཟང་པོས་ཚིག་ནི་བདུན་དྲིས་པས། །རྩ་བར་དོན་དེ་མ་གསལ་བསྐུལ་བའི་ངོར། །ཉི་ཟེར་ལྟ་བུའི་དཀའ་འགྲེལ་གསལ་བར་མཛད། །སེམས་བསྐྱེད་བྱང་སྡོམ་མདོ་དང་བསྟན་བཅོས་མཉན། །ཡན་ལག་བདུན་པ་ཉལ་ལྡང་རྣལ་འབྱོར་སོགས། །ཕ་རོལ་ཕྱིན་པའི་ལུགས་སུ་བལ་པོ་ཡི། །གནས་བརྟན་འོན་པར་སྤྱོད་བསྡུས་སྒྲོན་མེ་མཛད། །གང་ལ་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ཞེས་ཀླུ་སྒྲུབ་ཟླ་བའི་ལུགས། །ཐབས་སུ་གྱུར་དང་ཐབས་ལས་བྱུང་བའི་ཚུལ། །གསེར་གླིང་རྒྱལ་པོ་གུ་རུ་ཕ་ལའི་ངོར། །ལེགས་པར་བརྟག་ཅེས་བདེན་གཉིས་ལ་འཇུག་མཛད། །ཀུན་རྫོབ་རྒྱུ་འབྲས་སྣང་བཞིན་བདེན་པ་དང་། །དོན་དམ་སྣང་བ་རིགས་པས་གཞིགས་པའི་ཚུལ། །རྔོག་བཙུན་ལེགས་པའི་ཤེས་རབ་གསོལ་བའི་ངོར། །ཐེག་པ་ཆེན་པོ་དབུ་མའི་མན་ངག་མཛད། །བཤེས་གཉེན་བསྟེན་ཅིང་བརྩོན་པའི་སེམས་ལྡན་པས། །རྟེན་འབྱུང་རིགས་པའི་དངོས་འཛིན་གདོན་ཟློག་ཅིང་། །བདག་གཞན་གྲོལ་ཕྱིར་བྱང་ཆུབ་སེམས་བསྐྱེད་པ། །སྙིང་པོ་མྱུར་དུ་བསྡུས་པ་ཞེས་བྱ་མཛད། །འཁོར་བའི་འཇིགས་པ་སེལ་ཕྱིར་སྐལ་ལྡན་འགྲོར། །འཁོར་བ་ཐར་པའི་མཚན་ཉིད་རྒྱུ་འབྲས་དང་། །ཚོགས་གཉིས་འབྲས་བུ་སྐུ་གསུམ་འགྲུབ་པའི་ཚུལ། །སླར་ཡང་སྙིང་པོ་ངེས་པར་བསྡུ་བ་མཛད། །བདག་གི་ཉེས་པ་བསྒྲག་བྱ་ཡོན་ཏན་སྦ། །གཞན་གྱི་འཁྲུལ་བ་མི་བཙལ་ཡོན་ཏན་བསྒྲག །མང་པོར་ངག་དང་གཅིག་པུར་སེམས་བརྟག་པའི། །བྱང་སེམས་མན་ངག་ནོར་བུའི་ཕྲེང་བ་མཛད། །རང་སེམས་མ་འདུལ་གཞན་སེམས་ཇི་ལྟར་ཞེས། །ཐབས་བཅས་སྤྱོད་པས་རང་སེམས་གདུལ་བའི་གནད། །རབ་བརྟན་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ། །མདོར་བསྡུས་ཙམ་ཞིག་གདམས་པའི་ངག་ཏུ་བྱས། །སྡུག་བསྔལ་གསུམ་དང་ལས་ཉོན་རྣམ་སྨིན་དང་། །ནང་གི་རྟེན་འབྲེལ་སྙིང་རྗེ་མི་རྟག་དང་། །ཚེ་ཡི་ཚད་ཀྱང་མི་ཤེས་འཁོར་བ་ལས། །ཡིད་ནི་ངེས་པར་འབྱུང་བྱེད་གླུ་རུ་བྱས། །རང་བཞིན་མེད་པའི་ཚུལ་ནི་ལེགས་བསྟན་ནས། །གཏི་མུག་མུན་ལ་ཆོས་ཀྱི་སྒྲོན་མ་དང་། །སྲིད་པའི་མཚོ་ལས་གྲོལ་བྱེད་གཟིངས་ལྟ་བུར། །ཚུལ་ཁྲིམས་སྤྱོད་པ་གླུ་དང་དེ་འགྲེལ་མཛད། །གང་ཞིག་ཀུན་ཏུ་མ་ཤེས་སྲིད་གསུམ་དུ། །རབ་འཁོར་སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ཞེས་དུ་མའི་དཔེ་ཡིས་ནི། །ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་རུ་མཛད། །བྱང་ཆུབ་སེམས་དཔའ་སེམས་ནི་དང་པོ་རུ། །བསྐྱེད་ནས་དབང་བསྐུར་ཆེན་པོ་མ་ཐོབ་བར། །ཐབས་ཤེས་བྱ་བ་གཉིས་ཏེ་ནག་ཚོའི་ངོར། །དྲན་པ་ཅིག་ཅར་འཇུག་པའི་མན་ངག་མཛད། །ཐེག་ཆེན་རིགས་ཅན་རྣམས་ཀྱི་བགྲོད་པའི་ལམ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསླབ་པ་དང་། །ཡན་ལག་བདུན་དང་ཞི་ལྷག་བསྒོམ་པ་ཡི། །ལས་དང་པོ་ཡི་ལམ་ལ་འཇུག་པ་མཛད། །རྟེན་གནས་བསམ་པ་དུས་དང་རང་བཞིན་ཚད། །ཚུལ་དང་བསླབ་པ་ངེས་ཚིག་ལས་དང་དཔེ། །དབྱེ་བ་ཉེས་དམིགས་དགོས་པ་ཕན་ཡོན་གྱི། །བཅོ་ལྔའི་སྡོམ་གྱིས་སྐྱབས་འགྲོ་བསྟན་པར་མཛད། །དད་དང་ཤེས་རབ་ནོར་དང་ལྡན་པ་ཡི། །སྒྲུབ་པ་སྙིང་པོར་བྱ་བར་འདོད་རྣམས་ལ། །ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་པའི་ཐབས། །ཡང་དག་ཡི་གེར་བསྡུས་ཏེ་བསྟན་པར་མཛད། །སྐྱབས་འགྲོ་ལྷག་པའི་ཚུལ་ཁྲིམས་བྱང་ཆུབ་སེམས། །མི་གནས་མྱ་ངན་འདས་ཕྱིར་ཐབས་ཤེས་ཟུང་། །བསླབ་ཚུལ་ཐེག་ཆེན་ལམ་གྱི་སྒྲུབ་པའི་ཐབས། །སླར་ཡང་ཤིན་ཏུ་བསྡུས་པའི་ཚུལ་དུ་བསྟན། །ནང་སེམས་གཡོ་ཚེ་ཕྱི་དགྲས་རྐྱེན་བྱས་ནས། །རང་རྒྱུད་བསྲེགས་པས་ནང་གི་དགྲ་གཞོམ་ཞེས། །ནང་སེམས་དུལ་བ་རང་གི་བྱ་བ་ཡི། །རིམ་པ་བསྐུལ་བཅས་ཡི་གེར་བྲིས་པ་མཛད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་ལྟ་བུའི། །ལྔ་བཅུའི་ཆོས་སོགས་ལེགས་པར་བསྟན་པ་ཡི། །སྡེ་སྣོད་མ་མོ་ལས་ནི་མདོ་སྡེའི་དོན། །ཀུན་ལས་བཏུས་པའི་མན་ངག་བསྟན་པ་མཛད། །གང་ཞིག་བདེ་འགྲོ་ཐོབ་པར་འདོད་པ་ཡིས། །ལུས་ངག་ཡིད་ཀྱི་སྤང་བར་བྱ་བའི་ལམ། །རང་བཞིན་གྱིས་ནི་ཁ་ན་མ་ཐོ་བའི། །མི་དགེ་བཅུ་ཡི་ལས་ལམ་བསྟན་པ་མཛད། །མངོན་མཐོ་ལྷ་མི་ཐོབ་བྱེད་ཚུལ་ཁྲིམས་སོགས། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ་བ་ཡི། །དགེ་དང་མི་དགེ་དབྱེ་བ་རྣམ་སྨིན་སོགས། །སྣ་ཚོགས་ལས་ཀྱི་རྣམ་པར་འབྱེད་པ་མཛད། །ཏིང་འཛིན་ཡན་ལག་ལས་བྱུང་ཚོགས་རྫོགས་ཏེ། །དངོས་གྲུབ་ཐོབ་འགྱུར་དེ་ཡི་མི་མཐུན་ཕྱོགས། །མདོར་བསྡུས་བཤད་པའི་གསང་སྔགས་ཚུལ་གནས་པ། །ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་མཛད། །ཕྱག་མཆོད་བཤགས་པ་ཡི་རང་བསྐུལ་བ་དང་། །གསོལ་འདེབས་བསྔོ་བ་འཁོར་གསུམ་ཡོངས་དག་པའི། །འཇིག་རྟེན་ལས་འདས་རྡོ་རྗེའི་སྒྲ་ཡི་ནི། །བསྔགས་འོས་ཡན་ལག་བདུན་པའི་ཆོ་ག་མཛད། །གང་བདག་ཆོས་བཀླགས་སེམས་ཅན་རྣ་ལམ་གྲག །དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་གྱུར་ཞེས། །སྐྱེ་བོ་ཁ་ཏོན་དང་ནི་གླེགས་བམ་སོགས། །བཀླག་པའི་སྔོན་དུ་བྱ་བའི་ཆོ་ག་མཛད། །འཇིམ་པའི་གོང་བུར་རྣམ་པར་སྣང་མཛད་གཟུངས། །རྟེན་འབྲེལ་སྙིང་པོ་མེ་ཏོག་དབུལ་བ་ཡིས། །ཟབ་མོ་ཕ་རོལ་ཕྱིན་པའི་ཐེག་པ་ཡི། །ཚ་དགུ་མ་དང་ཚ་གདབ་སྨོན་ལམ་མཛད། །ཚད་ལྡན་སློབ་དཔོན་ཐེག་ཆེན་སེམས་བསྐྱེད་དང་། །ཕྱིན་དྲུག་བསྡུ་དངོས་ཚད་མེད་བཞི་སོགས་ཀྱི། །མཚན་ཉིད་རྒྱུ་འབྲས་གོ་རིམ་བསླབ་པའི་ཚུལ། །བླ་མའི་བྱ་བའི་རིམ་པ་མདོ་ཙམ་མཛད། །སློབ་དཔོན་དང་ནི་རྟེན་ལས་བྱང་ཆུབ་སེམས། །ཇི་ལྟར་བསྐྱེད་ཅིང་མི་ཉམས་ཆོས་བཞི་དང་། །ཚུལ་ཁྲིམས་ཕན་ཡོན་དང་བཅས་སེམས་བསྐྱེད་དང་། །སྡོམ་པའི་ཆོ་གའི་རིམ་པ་གསལ་བར་མཛད། །བྱང་ཆུབ་སེམས་མཆོག་སྤྱི་དང་བྱེ་བྲག་དང་། །རྒྱུ་རྐྱེན་ངོ་བོ་རྣམ་པ་ཕན་ཡོན་སོགས། །ནག་ཚོས་བསྐུལ་བས་དབུ་མའི་མན་ངག་གི །རིན་ཆེན་ཟ་མ་ཏོག་ཁ་ཕྱེ་བ་མཛད། །བདེན་གཉིས་ལ་འཇུག་དབུ་མའི་མན་ངག་སོགས། །ཁྱད་པར་ལྟ་བ་གཙོ་བོར་སྟོན་པ་དང་། །སྤྱོད་བསྡུས་སྒྲོན་མེ་སེམས་བསྐྱེད་སྡོམ་ཆོག་སོགས། །སྤྱོད་ཕྱོགས་གཙོ་བོར་སྟོན་པའི་གཞུང་དུ་བཞེད། །མདོ་སྔགས་གཉིས་ཀའི་ལམ་གྱི་གནད་བསྡུས་པ། །ལྟ་སྤྱོད་ཟུང་འབྲེལ་གསལ་བར་སྟོན་པ་ནི། །བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་གྲགས་ཏེ། །སྐལ་ལྡན་སྐྱེ་བོའི་འཇུག་ངོགས་མཆོག་ཏུ་བསྔགས། །རབ་ཏུ་བྱུང་བར་གྱུར་པའི་སྦྱིན་པ་དང་། །ཁྱིམ་ལ་སེར་སྣ་ཚུལ་འཆོས་པ་ཡི་སྐྱོན། །འཚོ་བ་ཡ་ང་བ་ལ་དགོངས་པ་སོགས། །མདོ་ནི་ཀུན་ལས་བཏུས་པ་ཆེན་པོ་མཛད། །ཀླུ་སྒྲུབ་ཀྱིས་མཛད་མདོ་ཀུན་བཏུས་པའི་དོན། །མན་ངག་རྣམ་པ་བདུན་གྱིས་སྒྲུབ་པའི་ཐབས། །ནག་ཚོས་བོད་དུ་བྱོན་པར་གསོལ་བའི་ངོར། །ཞལ་ཆེམས་མདོ་ཀུན་བཏུས་པའི་དོན་བསྡུས་མཛད། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་སོགས། །སངས་རྒྱས་བྱང་སེམས་སྤྱན་སྔར་དགོངས་གསོལ་ཏེ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཡི། །ཉེས་པའི་ལྟུང་བ་གཤགས་པའི་ཆོ་ག་མཛད། །བླ་མའི་བཀའ་དང་མདོ་སོགས་བླང་མཛོད་ཅེས། །མ་ཧཱ་གྷ་ཏིའི་ནིརྱ་ཕ་ལའི་ངོར། །རྒྱལ་སྲིད་ཆོས་བཞིན་སྐྱོང་བར་གདམས་པ་ཡི། །ལེགས་བཤད་དྲི་མེད་རིན་ཆེན་སྤྲིང་ཡིག་མཛད། །དེ་བཞིན་གཤེགས་པ་དམ་ཚིག་བསྲུང་བ་དང་། །འཁོར་ལོ་སྡོམ་པ་བཅོམ་ལྡན་བདེ་མཆོག་གི །ལྷ་ལྔའི་མངོན་རྟོགས་དཔའ་བོ་གཅིག་པ་དང་། །གསང་འདུས་གཤིན་རྗེ་གཤེད་དང་མི་འཁྲུག་པ། །འཇམ་དཔལ་དཔའ་བོ་གཅིག་པ་རྟ་མགྲིན་དང་། །དགྱེས་པའི་རྡོ་རྗེ་སྤྱན་རས་གཟིགས་དབང་དང་། །ཕྱག་ན་རྡོ་རྗེ་སྒྲོལ་མ་སེམས་མ་དང་། །དབྱངས་ཅན་ཕག་མོ་རྡོ་རྗེ་རྣལ་འབྱོར་མ། །ཚོགས་བདག་ལས་ཀྱི་རྡོ་རྗེ་གཽ་རི་སོགས། །ལྷག་པའི་ལྷ་མཆོག་ཡི་དམ་དུ་མ་ཡི། །མངོན་པར་རྟོགས་པའི་ལམ་གྱི་སྒྲུབ་པའི་ཐབས། །བསྟོད་པ་དང་བཅས་བརྩེ་བས་འདོམས་པར་མཛད། །སྒྲུབ་ཆེན་ལཱུ་ཡི་པ་ཡིས་རིགས་དྲུག་པ། །ཧེ་རུ་ཀ་ཡི་སྒྲུབས་ཐབས་དཀྱིལ་ཆོག་ཆེ། །མཛད་པ་དེ་ཡི་དོན་རྒྱུད་ལྟར་བཀྲལ་བ། །མངོན་པར་རྟོགས་པ་རྣམ་པར་འབྱེད་པ་མཛད། །སྣོད་དང་སྡོང་བུ་མར་ཁུ་གྲངས་དང་འོད། །རབ་འབྱམས་དཀྱིལ་འཁོར་ལ་འབུལ་མར་མེ་ཡི། །སྨོན་ལམ་མཛད་ཅིང་དབུས་གཙང་མཆོད་ཁང་རྣམས། །དཔོན་སློབ་བཅོ་བརྒྱད་འུར་འདོན་མཛད་ཅེས་གྲགས། །གཞན་ཡང་ཁྲོ་བོ་བརྒྱད་དང་ལྷ་མོ་བརྒྱད། །སྒོ་མ་བཞི་དང་ཁྲོ་བཞི་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གཟའ་ཆེན་དཔའ་གཅིག་ཡབ་ཡུམ་བཅས། །དཀྱིལ་འཁོར་དུ་མའི་དབང་བསྐུར་ཆོ་ག་མཛད། །ཁྱོད་ཀྱིས་དོན་དམ་དངོས་པོའི་དེ་ཉིད་དོན། །ཇི་ལྟར་གཟིགས་གང་གཞན་ལ་བསྟན་པའི་ཕྱིར། །རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ་འགྲེལ་བཅས། །ཆོས་ཀྱི་གླུ་སོགས་རྣམ་པར་གྱེར་བར་མཛད། །ཨོ་རྒྱན་ཡུལ་གྱི་རྣལ་འབྱོར་མཁའ་འགྲོ་མའི། །སྒྲུབ་ཐབས་རིན་ཆེན་རྒྱན་གྱི་སྒྲུབ་པ་དང་། །རྡོ་རྗེ་རྣམ་འཇོམས་ཁྲུས་ཆོག་རབ་གནས་དང་། །མི་འཁྲུག་པ་ཡི་སྦྱིན་སྲེག་ཆོ་ག་མཛད། །ལས་ཀྱི་སྒྲིབ་པ་རྣམ་པར་འཇོམས་པ་ཡི། །དཀྱིལ་ཆོག་དང་ནི་རྩ་ལྟུང་རྒྱ་ཆེར་འགྲེལ། །མཆོད་རྟེན་གདབ་ཆོག་ཤི་བའི་སྡིག་བྱང་དང་། །གཙུག་གཏོར་དྲི་མེད་གཟུངས་ཀྱི་ཆོ་ག་མཛད། །ཕ་རོལ་ཕྱིན་གཞུང་དོན་བསྡུས་སྒྲོན་མེ་དང་། །ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་དང་། །དཔལ་ལྡན་མགོན་པོའི་གཏོར་ཆོག་ཀླུ་གཏོར་དང་། །ཆུ་གཏོར་དང་བཅས་གཏོར་མའི་ཆོ་ག་མཛད། །ཀླུ་སྒྲུབ་རིན་པོ་ཆེ་ཡི་དབྱིག་སྒྲུབ་དང་། །འཇིགས་པ་བརྒྱད་སྐྱོབ་དམ་ཚིག་ཀུན་བསྡུས་སོགས། །རྒྱལ་བའི་གསུང་རབ་དགོངས་པ་ལེགས་བཀྲལ་བའི། །ལེགས་བཤད་གསུང་གི་མཆོད་སྡོང་གླེགས་བམ་བརྗིད། །བླ་མའི་རྣལ་འབྱོར་ལུས་ལྷའི་རང་བཞིན་དུ། །ངག་ནི་བཟླས་བརྗོད་སེམས་ནི་གནས་ལུགས་སྒོམ། །དགེ་བ་རྫོགས་བྱང་བསྔོ་བའི་རིམ་པ་བཅས། །ཐིག་ལེ་བཅུ་དྲུག་བཀའ་གདམས་ཁྱེད་ཀྱིས་བསྟན། །འཕགས་ཡུལ་བྷཾ་ག་ལ་ཡི་འོད་མའི་ཚལ། །མེ་ཏོག་གླིང་དུ་བདེ་མཆོག་བསྟོད་པ་དང་། །གླུ་དང་ཡི་གེར་སྤེལ་བའི་ཤོག་བུའི་ཚལ། །ཟ་མ་ཏོག་གི་ལྟོ་བ་འགེངས་པར་མཛད། །གཞན་ཡང་ཁྱོད་ཀྱིས་བསྟན་པའི་རྩ་བ་སྟེ། །ཚངས་པར་སྤྱོད་པ་འདུལ་བ་ལས་འཕྲོས་ཏེ། །ལུང་དང་གདམས་ངག་གླེང་གཞི་ལ་སོགས་ཀྱིས། །དམ་པའི་གསུང་སྒྲོས་རྨད་བྱུང་སྩལ་བར་མཛད། །ལྷག་པར་བློ་སྦྱོང་སྒོམ་ཆུང་མན་ངག་སོགས། །གདམས་པའི་གསུང་བགྲོས་ཚོགས་བཤད་ལྐོག་ཆོས་བཅས། །ལྷ་ཆོས་བདུན་ལྡན་བཀའ་གདམས་ལུགས་བཟང་འདིས། །འགྲོ་བློའི་མ་རིག་མུན་པ་སེལ་བར་བྱས།།

དེ་ལྟར་མཉམ་མེད་ཇོ་བོ་ཆེན་པོ་ཉིད། །གངས་ཅན་ལྗོངས་སུ་བགྲང་བྱ་བཅུ་བདུན་ཙམ། །གྲངས་ཡས་གསུང་སྐྱེས་བུ་སློབ་ལེགས་བསྐྱངས་ཏེ། །ཐུབ་པའི་བསྟན་པ་དྲི་མ་མེད་པར་མཛད། །མདོར་ན་རྒྱལ་བའི་བཀའ་དང་དགོངས་འགྲེལ་བཅས། །ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་པའི་ལམ། །གསལ་མཛད་ཁྱད་པར་སྔགས་དང་འདུལ་བའི་བསྟན། །གཅིག་གྲོགས་འཁྱེར་བའི་རྣམ་ཐར་ཁྱོད་ཀྱིས་བསྟན། །ངོ་མཚར་ཐུབ་པའི་བཀའ་ཡི་སྡེ་སྣོད་ལས། །ཡིག་འབྲུ་གཅིག་ཀྱང་འདོར་དུ་མེད་པ་ཡི། །མ་ལུས་གང་ཟག་གཅིག་གི་འཚང་རྒྱ་བའི། །གདམས་ངག་ཏུ་གོ་བཀའ་གདམས་ཞེས་གྲགས་པ། །གཞུང་པ་བ་དང་གདམས་ངག་པ་ལ་སོགས། །ཐུབ་པའི་ལུགས་བཟང་ཁྱོད་ཀྱིས་དབུ་བརྙེས་པར། །འབྲོམ་གྱིས་སྲོལ་ཕྱེས་སྐུ་མཆེད་གསུམ་དང་ནི། །གླང་ཤར་བྱ་ཡུལ་སོགས་ཀྱིས་དར་བར་མཛད། །མདོར་ན་འཕགས་ཡུལ་ཁྱད་པར་བྱང་ཕྱོགས་བོད། །ཐུབ་པའི་བསྟན་ལ་མ་རྟོགས་ལོག་པར་རྟོག །ཐེ་ཚོམ་དྲི་ཀུན་ཁྱོད་གསུང་བདུད་རྩི་ཡིས། །འཁྲུད་པའི་དྲིན་ནི་ནམ་ཡང་གཞལ་ནུས་མིན། །མདོ་དང་བསྟན་བཅོས་གསར་དུ་བསྒྱུར་པ་དང་། །བསྒྱུར་ཟིན་ཞུས་ཏེ་གཏན་ལ་ཕབ་པ་ཡི། །ལུང་རིགས་དབལ་གྱིས་འཁྲུལ་བ་རབ་སྤོང་བའི། །བཤད་སྒྲུབ་ལམ་བཟང་ལྷན་ཅིག་ཉིད་དུ་མཛད། །ཁྱོད་ནི་དགུང་ལོ་བདུན་ཅུར་ཉེ་བ་ན། །གྱི་ཇོས་བོད་དུ་དུས་འཁོར་བསྒྱུར་ནས་བཟུང་། །བགྲང་བྱ་ཉེར་བཞི་འདས་པའི་ལྕགས་ཡོས་ལོར། །ཐུབ་པའི་འདས་ལོའི་བསྟན་བརྩིས་མཛད་པར་གྲགས། །མགོན་ཁྱོད་དགུན་གནས་སྙེ་ཐང་གཙོ་བོ་སྟེ། །དཔའ་བོའི་ངོ་མཚར་སྣང་བརྙན་གཟི་བྱིན་ནི། །མངོན་འཕྲོ་གཙུག་ལག་སྒྲོལ་མ་ལྷ་ཁང་དུ། །སློབ་མ་བསྐྱངས་ཤིང་གཞུང་ལུགས་མང་དུ་བསྒྱུར། །ཁྱོད་ནི་ཡོན་ལ་བསྔོ་བ་གཤིན་ལ་དགེ །གསོན་ལ་རིམ་འགྲོ་ནད་ལ་སྨན་དཔྱད་དང་། །མཁས་ལ་ལུང་རིགས་སྒྲུབ་པར་གདམས་ངག་སྟེ། །རྟེན་ལ་རབ་གནས་ཀུན་ཏུ་ཕན་བཏགས་མཛད། །ལར་ནས་ཁྱོད་ལ་བྱང་ཆུབ་སེམས་དཔའ་དང་། །མངའ་རིས་སྟོད་དུ་ལས་འབྲས་པཎྜི་ཏ། །སྙེ་ཐང་དུ་ནི་ཇོ་བོ་སྐྱབས་འགྲོ་ཞེས། །གྲགས་པ་དོན་ལྡན་དེས་ཀྱང་ཕན་པར་བཞེད། །སོ་ཐར་ཉེས་པ་གཏན་ནས་མ་འགོས་ཤིང་། །བྱང་སེམས་བསླབ་པར་ཉེས་པ་ཅོ་ལེ་ཙམ། །གསང་སྔགས་ཉེས་པ་ཅ་རེ་ཉ་རེ་ཙམ། །ཞག་ཏུ་མ་འགྲོགས་ཁྱོད་ཀྱིས་ཞལ་ནས་གསུངས། །ཁྱོད་ནི་སྐུ་ཁམས་མི་བདེ་བྱུང་རེ་བཞིན། །མཆོད་པ་རིམ་འགྲོ་ལ་སོགས་མཛད་ཙམ་གྱིས། །སངས་རྒྱས་བྱང་སེམས་ཡི་དམ་ལྷ་རེ་བཞིན། །ཞལ་གཟིགས་བསྙུང་བའི་གཞི་ནི་དྭངས་པར་མཛད། །སྙེ་ཐང་འོར་དུ་རྔོག་ལོ་བསྙུང་བའི་ཚེ། །ཁྱོད་ལ་སྒྲོལ་མས་ཚིགས་བཅད་གཅིག་བསྟན་པ། །ཁྲི་ཚར་བཏོན་པས་ནད་ལས་རབ་གྲོལ་ཏེ། །དགེ་མཚན་བྱིན་རླབས་མྱུར་བའི་མཚན་མ་འཕེལ། །ཁྱོད་ནི་ན་བཟའ་རྡོ་ཚོས་མ་ཡིས་མཛེས། །དལ་གྱི་ཕེབས་ཤིང་དལ་བུར་བཞུགས་པ་དང་། །ཀུན་ལ་མོས་ཁམས་དང་བསྟུན་སྨྲ་བ་སོགས། །དྲན་ཤེས་བག་ཡོད་མིག་གི་བདུད་རྩིར་སྙེམས། །ཨ་ཝ་དྷཱུ་ཏི་དབུ་མ་རང་རྒྱུད་དང་། །གསེར་གླིང་བླ་མ་སེམས་ཙམ་བཟུང་མོད་ཀྱང་། །ཁྱོད་ནི་ཀླུ་སྒྲུབ་ཟླ་བའི་ལུགས་བཟང་སྟེ། །ཐལ་འགྱུར་ལྟ་བས་བོད་ཁམས་བསྐྱངས་པར་མཛད། །ཐུབ་པའི་དབང་པོ་སྤྱན་རས་གཟིགས་དབང་ཕྱུག །སྒྲོལ་མ་དང་ནི་མི་གཡོ་ལྷ་བཞི་དང་། །མདོ་སྡེ་འདུལ་བ་མངོན་པའི་སྡེ་སྣོད་གསུམ། །ལྷ་ཆོས་བདུན་ལྡན་ཞེས་གྲགས་ཁྱོད་ཀྱིས་བསྟན། །འབྲོམ་སྟོན་བྱང་དུ་འབུལ་མོའི་ཉེར་འདོགས་དང་། །ཐང་པོ་ཆེ་རུ་ཁུ་ཡིས་སྤྱན་དྲངས་པའི། །ཟླ་བ་གཉིས་ལས་ལོ་ནི་བཅུ་གཅིག་བར། །སྐད་ཅིག་བྲལ་མེད་ཁྱོད་ཀྱི་ཞབས་ཏོག་བསྒྲུབས། །ཁྱོད་ཀྱིས་འབྲོམ་ལ་ཉིད་ཀྱི་ཆོས་གོས་དང་། །ཏ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་གཉིས། །སེ་ཀ་ལ་ཞེས་བསིལ་ལྷམ་ཡ་གཅིག་བཅས། །བསླབ་རྒྱུན་སྤེལ་བའི་རྟེན་སྐལ་ཉིད་དུ་སྩལ། །གུང་ཐང་ནག་ཚོས་ཇོ་བོའི་སྲོལ་འཛིན་གཅིག །ཡོང་ན་འབྲོམ་ལ་ཡོང་སྟེ་ཁོང་འདྲ་ཞིག །བླ་མའི་ཞབས་ཏོག་སུས་ཀྱང་མ་གྲུབ་སྟེ། །ཁྱོད་ཀྱི་སྲོལ་བཟང་ཟིན་པ་འབྲོམ་རྗེར་བསྔགས། །འབྲོམ་སྟོན་རྒྱལ་བ་ཁྱོད་ཀྱི་ཞབས་ཏོག་ལྷན། །ནག་ཚོར་མི་ཆོས་གནད་ཀྱི་ཕྲེང་བ་དང་། །རང་རྒྱུད་བསྐུལ་འདེབས་དད་པའི་ལྗོན་ཤིང་སོགས། །བསྟོད་གསོལ་ཞལ་གདམས་ཡི་གེར་འཇོག་པར་མཛད། །ཁྱོད་ཀྱི་སློབ་མ་ཁུ་སྟོན་ཆེན་པོ་ནི། །ཕར་ཕྱིན་ལ་མཁས་ཁྱོད་ཀྱི་ཞབས་ལ་བསྙེན། །ལོ་རྒྱུས་ཆེན་མོ་ཡུལ་བྲིས་ཞེས་བྱ་དང་། །བསྟན་བཅོས་རིན་ཅན་བང་མཛོད་ཅེས་སོགས་བཏབ། །མགོན་ཁྱོད་རིང་པོར་མི་སྡོད་དགའ་ལྡན་དུ། །དུས་བྱ་གསུངས་ཚེ་ནག་ཚོ་བལ་ཡུལ་དུ། །ནཱ་རོའི་སློབ་མ་ཛྙཱ་ན་ཨཱ་ཀ་རར། །གསང་འདུས་འཕགས་སྐོར་གསན་ཕྱིར་བྱོན་ཙ་ན། །ཁྱོད་ཀྱི་སྐུ་ཉམས་མཇལ་ཚེ་འབྲལ་མི་ཕོད། །ཨཱ་ཀར་པཎ་ཆེན་མ་མཇལ་ཕང་བཞིན་འཁྲེང་། །ནག་ཚོ་བློ་ནི་བློང་བློང་པོར་གྱུར་བས། །ཁྱོད་ཀྱིས་ལོ་ཙཱ་བཞུད་པའི་གནང་བ་སྩལ། །ཁྱོད་ཀྱིས་ནག་ཚོར་ད་སྟེ་ཟླ་བ་བཅུར། །དགའ་ལྡན་དུ་ནི་བྱམས་པའི་དྲུང་དུ་གཤེགས། །ནམ་མཁའ་དྲི་མེད་འོད་ཅེས་བྱ་བར་འགྱུར། །དེ་ཚེ་གསོལ་ཐོབ་དགའ་ལྡན་ནས་འོང་སྩལ། །འབྲོམ་སྟོན་དཔག་མེད་སྤྲུལ་པ་མཛད་ནས་ཀྱང་། །ལོ་གཅིག་ཁྱད་པར་ཁྲུམས་ཟླའི་ལྔ་པ་ནས། །དབྱུ་གུའི་བཅོ་བརྒྱད་བར་དུ་མགོན་པོ་ཁྱོད། །མྱ་ངན་མི་འདར་གསོལ་བ་རྩེ་གཅིག་བཏབ། །ལྷ་ཅིག་ཁྱོད་ནི་མྱ་ངན་འདའ་བཞེད་ཚེ། །ཁྱོད་ཡོན་བུམ་པ་གང་བྱོར་མནོས་པའི་སྲས། །ཨུ་པ་སི་ཀར་གདུང་ཆོག་སྲི་ཞུ་སོགས། །ཇི་ལྟར་དགོས་པའི་ཞལ་ཆེམས་གསལ་བར་བསྟན། །གུང་ཐང་པ་ནི་བླ་མ་གཉིས་པ་འཚོལ། །འབྲོམ་རྗེ་ཁྱོད་ཉིད་ཁོ་བོ་གཅིག་པུ་སེམས། །སློབ་དཔོན་མདོ་སྡེ་དག་ལ་བརྟེན་ནས་བགྱིས། །བདག་གི་བསྟན་པ་ཁྱོད་ལ་གཏད་དོ་གསུངས། །ཆོས་ཀྱི་ཆར་པ་ཕོབ་ལ་གཞན་དོན་མཛོད། །གནས་ཀྱི་གདན་ས་ཨ་མེས་ཆེན་པོར་སྐོས། །དེ་ནས་ཞེན་ཞིང་ཆགས་པར་མ་བྱེད་པར། །དགའ་ལྡན་བདག་གི་དྲུང་དུ་ཤོག་ཅེས་སྩལ། །ཁྱོད་ནི་སྙེ་ཐང་དགུང་ལོ་དོན་གསུམ་ན། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །མཛད་པའི་མཐའ་མ་རབ་བྱུང་དང་པོ་ཡི། །ཤིང་ཕོ་རྟ་ལོ་དགུ་པའི་བཅོ་བརྒྱད་ཉིན། །བཅུ་དྲུག་ཞག་ཏུ་ཐིག་ལེ་བཅུ་དྲུག་གི །རིམ་པ་དང་མཐུན་ཐུགས་དམ་སྡུད་རིམ་མཛད། །འཕགས་པ་བརྒྱད་སྟོང་གསུང་འཕྲོ་བཅད་ནས་ནི། །མཉམ་གཞག་ཕྱག་ཏུ་རྡོར་དྲིལ་ལེགས་པར་བཟུང་། །རྩེ་གཅིག་གཡོ་མེད་འོད་གསལ་ཆོས་ཀྱི་སྐུ། །མངོན་དུ་མཛད་ཅིང་གཟུགས་ཀྱི་སྐུར་ལྡང་སྟེ། །དགའ་ལྡན་ཆོས་ཀྱི་ཕོ་བྲང་གཤེགས་པར་མཛད། །འཛམ་གླིང་སྤྱི་དང་ཁྱད་པར་འཕགས་བོད་དུ། །ཐུབ་བསྟན་ཉིན་མོར་བྱེད་པའི་འོད་བརྒྱ་ཁྱོད། །རེ་ཞིག་ཆུ་ལྷའི་ཕང་དུ་མནལ་གྱུར་པ། །མྱ་ངན་སྨག་གི་མྱང་ངམ་ཐང་དུ་གྱུར། །ཁྱོད་གདུང་འབྲོམ་རྗེས་དྲི་སྤོས་མང་བསྲེ་བའི། །འོ་མའི་ནང་དུ་བཅུག་ཅིང་གདན་དྲངས་ཏེ། །འཕགས་པ་མྱ་ངན་འདས་ལྟར་སྦྱོང་ངོ་ཞེས། །སྙེ་ཐང་ན་མོ་ཆེ་རུ་ཞུགས་ཀྱིས་སྦྱངས། །འབྲོམ་སྟོན་ཀ་བ་ལ་སོགས་སློབ་མ་ཡིས། །ཁྱོད་ཀྱི་སྐུ་གདུང་ཞུགས་སུ་སྦྱངས་ནས་ནི། །སྙེ་ཐང་འོར་གྱི་གཙུག་ལག་ཁང་ཆེན་མོར། །དངུལ་གདུང་བཞུགས་གསོལ་ཟླ་མཆོད་རི་མོ་བསྒྲུབས། །ཁྱོད་ལ་བསྙེན་ཅིང་གསོལ་བ་འདེབས་སོ་ཅོག །དགའ་ལྡན་གནས་སུ་འདྲེན་པར་ཞལ་བཞེས་པས། །སྡུག་པའི་བུ་ལ་མ་ཡིས་ཇི་བཞིན་དུ། །ཁྱོད་ཀྱིས་ནམ་ཡང་རྗེས་སུ་འཛིན་པར་མཛད། །འབྲོམ་རྗེས་ཁྱོད་གདུང་གསེར་གླིང་དངུལ་གདུགས་གདུང་། །ཚག་བྱས་རྒྱ་དཔེ་ལོ་ཙཱར་སྦྱིན་ཞེས་མངགས། །ཁུ་སྟོན་ལ་ནི་གསེར་གླིང་ཐུགས་དམ་རྟེན། །ཐུབ་སྐུ་ཕུལ་བས་འབུལ་ས་ཉིད་ཅེས་མཉེས། །རྣལ་འབྱོར་ཆེན་པོར་ཡི་གེ་དྲུག་པ་དང་། །དགོན་པ་བར་ནི་ཐུགས་དམ་མི་གཡོ་བ། །རྔོག་ལོར་མཆོད་རྟེན་བརྒྱད་པ་དངུལ་གདུགས་ཅན། །ཁྱོད་ཀྱི་ཐུགས་དམ་སྒྲོན་མ་གསེར་སྐུ་སྩལ། །ལུག་ལོར་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་མཛད། །འབྲོམ་རྗེས་བརྒྱད་སྟོང་ཕྱག་ཁྲིས་སྤྱོད་འཇུག་དང་། །བུ་སློབ་གཞན་དག་རང་རང་ཆོས་རེ་གསུངས། །འབུལ་བསྙེན་སྙེ་ཐང་ན་མོར་ལྷ་ཁང་བཏབ། །མགོན་ཁྱོད་མྱ་ངན་འདས་པའི་ལོ་འདིར་ནི། །འཕགས་པའི་ཡུལ་ནས་དམ་པ་སངས་རྒྱས་ཞབས། །བོད་དུ་བྱོན་ཞིང་མི་ལ་དང་མཇལ་ཏེ། །གསུང་མགུར་དང་ནི་ཚོགས་མཆོད་འཁོར་ལོ་མཛད། །ཁྱོད་ནི་མྱ་ངན་འདའ་བའི་སྔ་རོལ་ནས། །སངས་རྒྱས་བསྟན་འདི་དགེ་འདུན་སྡེ་ཉིད་ལ། །རག་ལས་ཕྱིར་ན་དེ་འཛིན་གཙུག་ལག་ཁང་། །འདེབས་ཞེས་འབྲོམ་ལ་ཞལ་གདམས་སྩལ་བ་བཞིན། །ཁྱོད་ཉིད་གང་དུ་གཤེགས་བཞུགས་མཛད་པ་དེར། །ཆོས་དང་འཚོ་བ་ནར་མར་བསྐྱངས་པ་ཡི། །སྡེ་ཚོགས་དེ་ལ་ཇོ་བོའི་ས་དྲ་ཞེས། །གྲགས་པའི་སློབ་ཚོགས་ཕྱག་ཕྱི་དང་བཅས་ཏེ། །རྗེ་བཙུན་སྒྲོལ་མས་ཁྱོད་ལ་བྱང་གི་ཕྱོགས། །རྡོ་རྗེ་གདན་མཚུངས་གནས་རྣམ་རྭ་སྒྲེང་ཞེས། །ཨུ་པ་སི་ཀ་ཁྱོད་ཀྱིས་དེར་འདོངས་ཏེ། །དགོན་པ་ཐོབ་ཅེས་བཀའ་ལུང་གསལ་བསྟན་པ། །སྔོན་ཚེ་འབྲོམ་ཉིད་ཁམས་ནས་སོག་ཆུ་ཁར། །བྱོན་ཚེ་མི་ཆེན་འཕྲང་ཁ་བེར་ཆུང་གིས། །ཞང་ལུང་ས་འདིར་མཆོད་གནས་མཛད་གསོལ་བ། །ཇི་ལྟར་ཞལ་བཞེས་དུས་ལ་བབ་གཟིགས་ནས། །དེ་ཡང་ཁྱོད་ཀྱིས་མཁའ་འགྲོའི་བརྡ་ཡིག་ལྟར། །རྭ་ནི་ཉོན་མོངས་རྡུལ་དང་བྲལ་བ་སྟེ། །ཆོས་ཀྱི་སྒོ་མོ་སྲིད་རྩེའི་མཐར་ཐུག་སྒྲེང་། །ཞེས་སྩལ་བ་ལས་བཀའ་གདམས་ཆུ་སྒོ་གཏོད། །འབྲོམ་གྱི་གཡར་དམ་ཇོ་བོའི་གདན་ས་ཆེ། །བཀའ་གདམས་སྤྱི་མེས་རྒྱལ་འབངས་མཆོད་པའི་གནས། །ཁ་བ་ཅན་གྱི་རི་མགུལ་ནགས་ཚལ་དབུས། །གཙུག་ལག་ཡེ་གེ་རྭ་དང་དེ་འོག་སྒྲེང་། །གནས་དེར་འབྲོམ་སྟོན་ཁྱོད་ཀྱི་ཐུགས་དམ་རྟེན། །རྒྱ་དཔེ་ཐུབ་དབང་གཡུལ་ཟློག་སྒྲོལ་མ་དང་། །གསང་འདུས་འཇམ་དཔལ་རྡོ་རྗེ་གསེར་གླིང་གདུང་། །ཁྱད་པར་ཁྱོད་ཀྱི་དངུལ་གདུང་བཞུགས་སུ་གསོལ། །མགོན་ཁྱོད་ཕ་ལས་བུ་དང་ཚ་བོ་ལས། །ཡང་ཚ་རྫིག་ཅེས་གསུངས་ལྟར་ཁུ་རྔོག་འབྲོམ། །རྣལ་འབྱོར་རྣམ་བཞི་དང་ནི་སྐུ་མཆེད་གསུམ། །གླང་ཤར་སོགས་ཀྱིས་ཁྱོད་བསྟན་རྒྱས་པར་མཛད། །ཁྱོད་གསུང་རྨད་བྱུང་ལམ་གྱི་སྒྲོན་མ་ནི། །བོད་སྟོན་ཀུན་གྱིས་གཞུང་ཤིང་ཉིད་དུ་བསྔགས། །སྔ་རབས་མང་ཐོས་གྲུབ་དབང་ཀུན་གྱིས་ནི། །ཁྱོད་ཀྱི་གསུང་རེར་མི་གཏུགས་ཡོད་རེ་སྐན། །གྲོ་བོ་ལུང་གི་བློ་གྲོས་འབྱུང་གནས་ནས། །ཁྱོད་གསུང་གཞུང་ཆུང་དུ་མར་ཊཱི་ཀ་དང་། །ཁྱད་པར་ལམ་གྱི་སྒྲོལ་མའི་དགོངས་འགྲེལ་དུ། །བསྟན་རིམ་ཆེན་མོ་ཞེས་གྲགས་བཀྲལ་བར་མཛད། །དམ་པ་ཁྱོད་ནི་བོད་དུ་མ་བྱོན་ན། །མ་རྟོགས་ལོག་རྟོག་ཐེ་ཚོམ་ངམ་གྲོམ་དུ། །རྣམ་པར་འཕྱན་ངེས་དེ་བས་མགོན་པོ་ཁྱོད། །བོད་ཀྱི་སྒྲོན་མེ་ཉིད་དུ་ཁོ་བོ་སྨྲ། །ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་པ་དང་། །ཉམས་ལེན་བྱིན་བརླབས་བརྒྱུད་པའི་གདམས་ངག་ཀུན། །བུམ་པ་གཅིག་ལ་ཡོད་པ་ཐམས་ཅད་ནི། །བུམ་པ་གཞན་ལ་བྱོ་བ་ཁྱོད་ཀྱིས་མཛད། །ངོ་མཚར་བཀའ་ནི་མདོ་དང་རྒྱུད་སྡེ་དང་། །དེ་ཡི་དགོངས་འགྲེལ་བསྟན་བཅོས་དེ་དག་ལས། །ཡི་གེ་ན་གཅིག་འདོར་དུ་མི་རུང་བར། །གདམས་པའི་ངག་ཏུ་གོ་བར་ཁྱོད་ཀྱིས་བསྟན། །བསླབ་པ་ཀུན་བཏུས་སྤྱོད་འཇུག་སྤྱོད་པའི་གཞུང་། །མདོ་སྡེ་རྒྱན་དང་བྱང་ས་ཏིང་འཛིན་གཞུང་། །སྐྱེས་རབས་ཚོགས་ནི་དད་པའི་གཞུང་ལུགས་ཏེ། །ངོ་མཚར་བཀའ་གདམས་གཞུང་དྲུག་ཁྱོད་ཀྱིས་བསྟན། །དེ་ལྟར་ལྷ་ཆོས་བདུན་ལྡན་གྱིས་མཛེས་པའི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི། །འགྲོ་བ་གང་གིས་དྲངས་ཀྱང་དོན་གྱུར་ཞེས། །ལམ་བཟང་གསལ་མཛད་སྟོན་པས་ཐ་ཚིག་བསྒྲགས། །ཇོ་བོ་གཤེགས་པའི་ཕྱི་ལོར་ལོ་ཆེན་འདས། །དེ་ཡི་ཕྱི་ལོར་བྱང་གི་རྭ་སྒྲེང་བཏབ། །དེ་ནས་ལོ་བརྒྱད་སོང་བ་ཤིང་འབྲུག་སྟེ། །ལྔ་པའི་ཉི་ཤུར་འབྲོམ་རྗེ་དགའ་ལྡན་གཤེགས། །གཞན་ཡང་ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ། །ཞེས་ལྟར་ཁྱོད་ཀྱིས་ཆེས་གསང་བྱམས་འཇམ་དབྱངས། །བགྲོ་བ་མཛད་པའི་ཆུ་གཉིས་འདྲེས་པའི་ཆུ། །ཀ་ལ་ཤ་བཀང་སྟེར་བའི་དུས་བབས་ཤིང་། །གཞན་ཡང་དུ་མའི་ཕན་བདེ་སྒྲུབ་པར་བྱེད། །དེ་ཡང་གནས་མཆོག་དམ་པ་ཡིན་ཞེས་དང་། །གྲགས་པའི་མཚན་གྱིས་བསྟན་པའི་མེ་རོ་གསོས། །ཞེས་སོགས་ཁྱོད་ཀྱིས་ལུང་དུ་བསྟན་པ་བཞིན། །དེ་སླད་བློ་བཟང་རྒྱལ་བས་རྭ་སྒྲེང་དུ། །མདོ་སྔགས་གནད་བསྡུས་བརྗོད་བྱ་ཡོངས་རྫོགས་ཤིང་། །སེམས་འདུལ་གཙོ་བོས་ལག་ཏུ་བླང་བདེ་བ། །ཤིང་རྟ་ཆེན་པོའི་ལུགས་ཀྱིས་འཕགས་པ་ཡི། །ལམ་གྱི་སྒྲོན་མ་རྩ་བར་གཟིགས་ནས་ནི། །ཁྱོད་ལ་ཤིང་རྟ་ཆེན་པོའི་སྲོལ་འཛིན་ཞེས། །མདོ་རྒྱུད་ལུང་རིགས་འོད་ཟེར་རབ་སྤྲོས་ཏེ། །ས་གསུམ་སྒྲོན་མེ་ལམ་གྱི་རིམ་པ་མཛད། །བློ་བཟང་རྒྱལ་བས་རྭ་སྒྲེང་བྲག་སེང་ཞོལ། །འབྲོམ་རྗེས་བཞེངས་པའི་ཁྱོད་བརྙན་དབུ་ཡོན་མདུན། །ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་གང་། །མཛད་ཚེ་ཁྱོད་ཞལ་བསྟན་ཅིང་དབུགས་དབྱུང་སྩལ། །པོ་ཏོ་བ་ནས་བརྒྱུད་པའི་གཞུང་པ་དང་། །དགོན་པ་བ་ནས་བརྒྱུད་པའི་ལམ་རིམ་པ། །སྤྱན་སྔ་བ་ནས་བརྒྱུད་པའི་གདམས་ངག་པའི། །ཁྱོད་ཀྱི་བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་མཛད། །ཁྱོད་ཀྱི་ཐུགས་དམ་མང་དུ་བཞུགས་པ་ལས། །བྱིན་རླབས་སྒྲོལ་མ་སྙེ་ཐང་ལྷ་ཁང་དང་། །ཁྱད་པར་བོད་དུ་བྱོན་པར་བསྐུལ་བ་ཡི། །ཡང་ཡང་ལུང་བསྟན་རྗེ་བཙུན་འཕགས་མའི་རྟེན། །ས་སྐྱར་བཞུགས་ཤིང་དད་པའི་མཆོད་སྡོང་གྱུར། །དགེ་བསྙེན་ཆེན་པོས་བསྟོོད་པ་སུམ་ཅུ་དང་། །ནག་ཚོས་བསྟོད་པ་བརྒྱད་ཅུ་པ་ལ་སོགས། །དེ་ལྟར་ཁྱོད་གསུང་གསེར་གླིང་ལམ་ཡིག་དང་། །གུང་ཐང་ལམ་ཡིག་འབྲོམ་མཛད་ཆོས་འབྱུང་དང་། །ཟུལ་ཕུ་བྱ་འདུལ་བརྩོན་འགྲུས་འབར་བའི་གསུང་། །ཁྱོད་ཀྱི་རྣམ་ཐར་ཕྱག་སྦལ་ནོར་བུ་ཡིས། །ཁྱོད་ལ་བསྟོད་ཅིང་རྣམ་པར་ཐར་པའི་གཏེར། །ཚིག་དོན་བཟང་པོས་འགྲོ་བའི་བློ་ལ་བཀོད། །མགོན་ཁྱོད་འགྲོ་ལ་བརྩེ་བའི་འཕྲིན་ལས་ཀྱི། །ཆ་ཤས་རེ་རེར་ཆེ་བ་བརྗོད་པ་ཡི། །ངོ་མཚར་གཏམ་ནི་བརྒྱ་རྩ་བརྒྱད་ཅེས་པ། །ཀུན་ཏུ་དགའ་བསྐྱེད་རྒྱལ་མཚན་རྩེ་མོར་མཆོད། །ཁྱོད་ཀྱི་ཐུགས་དམ་མཐིལ་དུ་མཛད་པའི་ཡི། །ལྷག་པའི་ཡི་དམ་སྒྲུབ་ཐབས་རྗེས་གནང་བཅས། །ནམ་མཁའ་གྲགས་ཀྱིས་གཅིག་ཏུ་བྱས་པ་ཡི། །སྣང་ཐར་བརྒྱ་རྩ་ཞེས་སུ་གྲགས་པ་བྱུང་། །ཁྱོད་གསུང་ཚིག་གི་ཟེགས་མ་རེ་རེ་ཡང་། །བཀའ་གདམས་གསུང་བགྲོས་ཞེས་གྲགས་ཡི་གེར་བྱས། །ཁྱད་པར་ཁྱོད་ཀྱི་གསུང་སྒྲོས་ཞལ་ལུང་དག །ཆོས་བཤད་ཀུན་གྱི་འགོ་བོར་ལུང་དུ་བྱས། །ཀྱི་ཧུད་སྙིགས་མ་རྩོད་ལྡན་དུས་འདིར་ཡང་། །ལྷ་ཅིག་ཁྱོད་ཀྱི་མཚན་གྱི་ཅོད་པན་ནི། །གང་གི་གཙུག་ཏུ་འཕོས་པ་དེ་ཡི་ཡིད། །བྱང་ཆུབ་སེམས་ཀྱི་རྩི་ཡིས་བརླན་པར་གྱུར། །གང་ཞིག་ཁྱོད་ཉིད་སྦྱིན་སོགས་བསྡུ་བཞིའི་དངོས། །ལེགས་པར་སྤྱོད་མཛད་གཟུངས་སྤོབས་མངོན་ཤེས་དང་། །ཏིང་འཛིན་རྫུ་འཕྲུལ་བསམ་མི་ཁྱབ་པའི་གཏེར། །ཚུར་མཐོང་བདག་གིས་བརྗོད་པས་བསྐལ་གྱུར་ཀྱང་། །ཟབ་གསལ་ཁྱོད་གསུང་དྲི་མེད་ཡོན་ཏན་རྣམས། །གླེགས་བམ་ཡི་གེའི་ཚུལ་དུ་བཞུགས་པ་ཡི། །ངོ་མཚར་རྨད་བྱུང་ལེགས་བཤད་ཟ་མ་ཏོག །ཅུང་ཟད་མཇལ་འདིས་བདག་ཡིད་འཕྲོག་པར་གྱུར། །ཁྱོད་སྐུ་མཚན་དཔེའི་དཀྱིལ་འཁོར་རབ་མཛེས་ཤིང་། །ཁྱོད་གསུང་མདོ་རྒྱུད་ལུང་རིགས་སྙན་པར་སྒྲོགས། །ཁྱོད་ཐུགས་ཟག་མེད་བདེ་ཆེན་ཡེ་ཤེས་དཔལ། །བྱང་ཆུབ་བར་དུ་ཁྱོད་བསྟོད་ཁྱོད་ཞབས་བསྙེན། །སྙིགས་མའི་དུས་འདིར་ཁྱོད་ཀྱི་རླབས་ཆེན་སྤྱོད། །ཡིད་ལ་དྲན་ཙམ་བ་སྦུའི་ཁྲི་ཤིང་གཡོ། །མིག་གཉིས་མཆི་མའི་དོ་ཤལ་ཕྲེང་བ་འཛིན། །མགྲིན་པ་བརྣངས་བཞིན་ཁྱོད་མཚན་སྙིང་ལ་བཟླས། །དེས་ན་ཁྱོད་གསུང་མཛད་མཆོག་ལས་དྲངས་ཏེ། །རྣམ་ཐར་ཅུང་ཟད་བརྗོད་ཅིང་གསོལ་བཏབ་མཐུས། །དགའ་ལྡན་གནས་ནས་དམིགས་མེད་ཐུགས་རྗེ་ཡིས། །དགྱེས་ཤིང་གསན་ཏེ་རྗེས་སུ་གཟུང་གྱུར་ཅིག །དེ་ལྟར་བདག་གི་དད་པའི་བློ་གྲོས་ཀྱིས། །ཁྱོད་གསུང་ཐུན་མོང་ཡོན་ཏན་ཆུ་གཏེར་ཆེ། །བསྲུབས་ལས་འཐོན་པའི་བདུད་རྩིའི་ཟ་མ་ཏོག །འགྲོ་ཀུན་བྱང་ཆུབ་དཔལ་དུ་སྤྱོད་གྱུར་ཅིག །

ཅེས་མཉམ་མེད་ཇོ་བོ་རང་ཉིད་ཀྱི་ན་བཟའི་ཚལ་བུ་བཞུགས་པའི་སྐུ་བརྙན་མདུན་རྣམ་ཐར་གསོལ་འདེབས་འབྲི་འདུན་མངོན་དུ་ཕྱོགས་ཏེ་ཀུན་བཟང་མཆོད་སྤྲིན་སྤྲོ་བ་ན་གང་གི་འདས་མཆོད་ཉིན་མོ་མ་བསྒྲིགས་ལྷུན་གྲུབ་ཏུ་སོང་ཞིང་། ཇོ་བོའི་གསང་གསུམ་རྣམ་ཐར་རྒྱ་མཚོ་ལས་འདིར་བྱེ་བྲག་ཏུ་ཐུགས་དམ་ཆོས་འབྱུང་བརྒྱ་རྩར་གྲགས་པ་ལས་ཉིད་ཀྱིས་མཛད་པའི་གཞུང་རྐང་ཉེར་གྲངས་ཀྱི་ཐོག་དྲངས། དེར་མ་བསྡུས་པའི་བསྟན་བཅོས་བརྒྱ་ཕྲག་ལྷག་བཞུགས་སོ་འཚལ་གྱི་ནང་དོན་རྣམས་གང་གི་རྣམ་པར་ཐར་པའི་དཀྱུས་སུ་བཀའ་གདམས་གོང་མའི་ཚིག་སྦྱོར་སོར་བཞག་ཏུ་སྤེལ་བའི་གསོལ་བསྟོད་ཟ་མ་ཏོག་བཀོད་པ་བྱ་བ་འདི་ཡང་། ཇོ་བོ་དགའ་ལྡན་དུ་གཤེགས་ནས་བགྲང་བྱ་དགུ་བརྒྱ་དྲུག་ཅུ་རེ་བརྒྱད་འདས་པ་སྟེ། ༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་༸བཅུ་བཞི་པ་ཆེན་པོ་འཕགས་ཡུལ་དུ་དགུང་ལོ་གྱ་བདུན་དུ་ཕེབས་པའི་ལོར། ཐ་ཤལ་བ་འབྲས་ཚ་བ་མངའ་རིས་རི་སྐྱ་ལྷ་འོད་བསྟན་འཛིན་འཇམ་དབྱངས་ལྷུན་གྲུབ་པས་མོན་ཡུལ་བསེ་རུ་དཔལ་བྱང་ཆུབ་སྟེང་རི་སྐྱ་མཁའ་སྤྱོད་གླིང་དུ་ལྕགས་གླང་ལོའི་བོད་ཟླ་ ༩ ཚེས་ ༡༨ ཉིན་སྨོས་པ་ཡི་གེ་པ་ནི་གཅེན་གཅིག་ལ་མོ་ཤར་བསྟན་འཛིན་དབང་པོ་འོ།།  །།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས། སྨད་ཆ། ༼ཁ༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༠ ནས་ ༣༨༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *