༄༅། །འཕགས་པ་གྲོལ་སྡེའི་བསྟོད་པ།
༼༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད།༽
ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
རིང་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །
དམ་ཆོས་འཛིན་པའི་སྨོན་ལམ་དཔག་ཡས་པས། །
མདོ་རྒྱན་སྦྱར་བའི་གདམས་པ་སྲོལ་བཏོད་དེ། །
སྦས་དོན་རིམ་པ་གསལ་མཛད་འཕགས་པའི་ཞབས། །
ཆོས་ཉིད་མངོན་གྱུར་འཕགས་པའི་ས་ལ་གནས། །
གཟུངས་སྤོབས་མངོན་ཤེས་ཏིང་འཛིན་དབང་དུ་འབྱོར། །
བྱམས་པའི་ཞལ་མཐོང་འགྲོ་དོན་ཚད་མེད་བསྐྱངས། །
འཕགས་པ་གྲོལ་སྡེའི་ཞབས་ལ་བསྟོད་པར་བགྱིད། །
དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །
ཡུམ་ཆེན་ཕ་རོལ་ཕྱིན་པའི་སྦས་པའི་དོན། །
རྒྱ་ཆེའི་ལམ་གྱི་རིམ་པས་ལེགས་བགྲོད་ནས། །
མི་ཕམ་ཆོས་ཀྱི་རྒྱལ་ས་མྱུར་ཟིན་ཤོག །
ཅེས་པ་འདི་ནི་གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་པཎ་གྲུབ་བཅུ་བདུན་ལས་གཞན་རྣམས་ཀྱི་བསྟོད་པ་མཆིས་མོད་འཕགས་པ་གྲོལ་སྡེའི་བསྟོད་པ་ཞིག་མི་འདུག་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ཤེར་ཕྱིན་གྱི་སྦས་དོན་རྗེ་བཙུན་བྱམས་པས་གསལ་བར་སྟོན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་མཛད་པ་དགོངས་འགྲེལ་མཁན་པོ་དུ་མ་བྱུང་བའི་ནང་ཡོངས་གྲགས་འཕགས་སེང་གཉིས་ཞེས་ཀུན་གྱིས་ཕུལ་དུ་བྱུང་བར་འདོད་པ་དོན་གནས་སུ་མཐོང་ཞིང་། རྒྱ་ཆེའི་ལམ་གྱི་རིམ་པའི་དགོངས་འགྲེལ་གཞུང་ལུགས་རྣམས་ལས་ཀྱང་འཕགས་པས་མཛད་པའི་ཉི་ཁྲི་སྣང་བ་དེ་ནི་དགོངས་འགྲེལ་རྣམས་ཀྱི་ཏོག་ལྟ་བུར་སྣང་བས་ཕར་ཕྱིན་ལ་སྦྱོང་བ་རྣམས་ལ་ཁོང་གི་ལེགས་བཤད་མེད་མི་རུང་བར་མཐོང་ནས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་ ༩ ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་སྦྱར་བའོ།། །།

ཡོང་ཁུངས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས། སྨད་ཆ། ༼ཁ༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༣ ནས་ ༡༨༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།