༨༽ སློབ་དཔོན་སངས་རྒྱས་གསང་བའི་རྣམ་ཐར།

༨༽ སློབ་དཔོན་སངས་རྒྱས་གསང་བ།

 

དབུས་འཁྲུངས་ཝཱ་རཱ་ཎ་སཱི་རུ། །གྲུབ་བརྙེས་སྒྱུ་འཕྲུལ་ལ་སོགས་པའི། །
ལམ་མཆོག་འཆད་རྩོད་རྩོམ་པས་ཕྱེས། །སངས་རྒྱས་གསང་བ་ལ་ཕྱག་འཚལ། །[1]

ཞེས་གསུངས་པ་ལྟར། ཨཱཅཱརྱ་བུདྡྷ་གུཔྟའམ་བུདྡྷ་གུ་ཧྱ་སྟེ་སློབ་དཔོན་སངས་རྒྱས་གསང་བ་ནི།

མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[2]། ཡུལ་དབུས་སུ་འཁྲུངས་ཤིང་ན་ལེནྡྲར་རབ་ཏུ་བྱུང༌། འདི་དང་སློབ་དཔོན་སངས་རྒྱས་ཞི་བ་གཉིས་ཀ་ཡེ་ཤེས་ཞབས་ཀྱི་སྐུ་ཚེ་སྟོད་ཀྱི་སློབ་མ་ཡིན། ཝཱ་རཱ་ཎ་སཱིའི་གནས་ཤིག་ཏུ་འཕགས་པ་འཇམ་དཔལ་བསྒྲུབས་པས། ནམ་ཞིག་ན་བྲིས་སྐུ་བཞད་ཅིང་དངོས་གྲུབ་ཀྱི་རྫས་བ་དམར་པོའི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང༌། ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་གསོལ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་ཅུང་ཟད་ལུས་པས། གནོད་སྦྱིན་མོ་ཞིག་གིས་གེགས་བྱས་ཏེ། སློབ་དཔོན་གྱི་འགྲམ་པར་ཐལ་ལྕག་བསྣུན་པས་ཅུང་ཟད་བརྒྱལ། དེ་སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང༌། མར་ཁུ་ཡང་བོ་བར་གཟིགས། འོན་ཀྱང་རྡུལ་ཕྱིས་མེ་ཏོག་དབུ་ལ་ཕུལ། མར་ཁུ་གང་ཡོད་གསོལ་བས། སྐུ་ལུས་ནད་ཐམས་ཅད་བྲལ་ཏེ་སྟོབས་དང་ལྡན་པ། བློ་ཤིན་ཏུ་རྣོ་ཞིང་མངོན་པར་ཤེས་པ་ལ་དབང་སྒྱུར་བ་བྱུང༌། དེ་སྐབས་ཤིག་ཨོ་རྒྱན་དུ་བྱོན་ནས་སློབ་དཔོན་སྒེག་པའི་རྡོ་རྗེ་དང་མཇལ། རྣལ་འབྱོར་རྒྱུད་དང༌། བླ་མེད་ནང་རྒྱུད་སྡེ་ལྔ་གསན་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཁས། དུས་གཞན་ཞིག་ཏུ་སངས་རྒྱས་ཞི་བ་དང་མཉམ་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས། རིའི་རྩ་བར་འཕགས་མ་སྒྲོལ་མས་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་དང༌། རྩེ་མོར་འཕགས་པ་མངོན་སུམ་དུ་བཞུགས་པ་ཡང་རང་རང་གི་སྣང་བ་དང་མཐུན་པར་མཇལ། དེར་སངས་རྒྱས་གསང་བས་ཞབས་ས་ལ་མི་རེག་པ་སོགས་དངོས་གྲུབ་ཀྱང་བརྙེས། འཕགས་མ་སྒྲོལ་མས་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན། ཚུར་སླེབས་ནས་ཝཱ་རཱ་ཎ་སཱིར་ལོ་མང་པོའི་བར་ཆོས་བཤད་ནས་བཞུགས་པ་ན། སླར་འཕགས་པ་འཇམ་དཔལ་གྱིས་སྔར་སྒྲོལ་མས་ལུང་བསྟན་པ་ལྟར་བསྐུལ་བས། རི་བོ་ཏི་སེར་བྱོན་ནས་སྒྲུབ་པ་མཛད་པས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལན་གྲངས་དུ་མར་གཟིགས་ཤིང་འཇམ་དཔལ་དབྱངས་དང་མི་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་རྣམས་ཀྱང་བྲན་དུ་འཁོལ།

དེའི་སྐབས་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས། མེས་སྲོང་བཙན་གྱི་བཀའ་ཆེམས་ཀྱི་ཡི་གེ་མཆིམས་བུའི་ཕྱག་མཛོད་ན། བློན་པོ་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་ནས་སྦས་པར་བལྟས་པས། ངའི་དབོན་སྲས་ཀྱི་རིང་ལ་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ལྷ་ཆོས་འབྱུང༌། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བ་དབུ་རེག་དང་ཞབས་རྗེས། སྐུ་ལ་ངུར་སྨྲིག་གི་རྒྱལ་མཚན་གསོལ་བ། ལྷ་དང་མིའི་ཆོས་གནས་ཀྱང་མང་དུ་འབྱུང་ངོ༌། །དེ་ལ་རང་དང་གཞན་གྱི་འདི་དང་ཕྱི་མ་མཐོ་རིས་དང་ཐར་པ་ཐམས་ཅད་ཀྱི་བདེ་བ་འབྱུང་བས། ངའི་དབོན་སྲས་རྗེ་བློན་རྣམས་ཀྱིས་འཚོ་བ་བླ་ནས་སྦྱོར། ཆབ་འོག་ནས་བདེ་བྱིན་ལ་དབུའི་ཆོས་གནས་སུ་ཁུར་ཅིག །ཅེས་བྱ་བ་བྲིས་ནས་འདུག་པ་དེ་གཟིགས་པས། ལྡེ་ཞེས་བྱ་བ་དེ་ང་ཡིན་པར་དགོངས་ནས་བྲན་ཀ་མུ་ལེ་ཀོ་ཤ་དང༌། གཉགས་ཛྙཱ་ན་ཀུ་མ་ར་གཉིས་རྒྱ་གར་དུ་ཆོས་འཚོལ་དུ་བཏང་བས། པཎྜི་ཏ་སངས་རྒྱས་གསང་བ་དང༌། སངས་རྒྱས་ཞི་བ་གཉིས་གངས་ཏི་སེ་ལ་སྒོམ་མོ་ཞེས་ཐོས་ཏེ། དེ་གཉིས་སྤྱན་འདྲེན་དུ་བཏང་ཡང་སྤྱན་མ་འདྲོངས་ཏེ། དེ་གཉིས་ཀྱི་ཐུགས་ལ་མདོ་སྡེ་ལས་རྣམ་པར་འབྱེད་པ་དང༌། གསེར་འོད་དམ་པའི་མདོ་གནས་པ་དེ་གཉིས་སྤྱན་དྲངས་ནས་རྒྱལ་པོའི་ཆོས་གནས་སུ་ཕུལ། དེའི་བཞུགས་ཁང་ལྟ་བུར་ལྷ་ཁང་ལྔ་བཞེངས་ཏེ་ལྷ་ས་འཁར་བྲག །བྲག་དམར་མགྲིན་བཟང༌། མཆིམས་བུ་ནམ་རལ། བྲག་དམར་ཀ་ཆུ། བསམ་ཡས་མ་ས་གོང་གི་གཙུག་ལག་ཁང་དང་ལྔ་བཞེངས་སོ།།

དེ་ལྟར་རྒྱལ་པོ་ཡབ་ཀྱི་དུས་སུ་བོད་དུ་ཆོས་དར་བས་ཐུགས་དམ་མཚམས་སྦྱོར་མཛད་རྗེས་སུ་བརྒྱ་ཕྲག་དགུ་པའི་ནང་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྤོར་བར་པཎ་ཆེན་བརྒྱ་རྩ་དུས་གཅིག་ལ། དཔལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ། དཔལ་བསམ་ཡས་སུ་སྤྱན་དྲངས་ནས། བླང་དོར་གྱི་མིག་ལྡོང་པ་ཀླ་ཀློའི་ཁྱུ་ཁྲོད་ཆེན་པོ་ནས་ལེགས་པར་ཐུགས་རྗེའི་ཕྱག་གིས་བཏོན་ཏེ། དགེ་སྡིག་ལས་ཀྱི་རྣམ་དབྱེ་ཕྱིན་ཅི་མ་ལོག་པ་རྣམ་དཔྱོད་ལྡན་པའི་སྐལ་བཟང་གི་གདུལ་ཞིང་སྲིད་འདིར་དཀོན་པ་དེ་ཁོ་ན་ཉིད་དུ་བསྒྱུར་བྱེད་ཀྱི་སྐྱེས་བུ་དམ་པ་སྟེ། པདྨ་བཀའ་ཐང་ལས། རྒྱ་གར་ཡུལ་ནས་བུདྡྷ་གུཔྟ་དང༌། །ཞེས་དང༌། ཡང་དེ་ལས།

སངས་རྒྱས་གསང་བ་བཻ་རོ་ཙཱ་ན་ཡིས། །

སྒྱུ་འཕྲུལ་སྡེ་བརྒྱད་རྡོར་དབྱིངས་དགོངས་འདུས་དང༌། །

ཨ་ནུའི་མདོ་བཞི་ཁྲིམས་ལྔ་ལ་སོགས་བསྒྱུར། །

ཞེས་གསུངས་པ་བཞིན་བཀའ་དྲིན་ཆེ་བའི་པཎ་ཆེན་ཞིག་སྟེ། རྗེས་བརྩེའི་ཡིག་འཇོག་མཛད་པ་ལའང་བསམ་གྱིས་མི་ཁྱབ་སྟེ། གསང་བ་སྙིང་པོ་ལ་འགྲེལ་པ་རྣམ་དབྱེ་འགྲེལ་དང༌། རྡོ་རྗེ་ལས་རིམ། དཀྱིལ་འཁོར་ཆོས་དོན་དམ་པ་རྒྱན། དྲ་ཆེན་དྲ་ཆུང་གཉིས། ཞི་བ་དང་ཁྲོ་བོའི་མངོན་པར་རྟོགས་པའི་རིམ་པ། རྣལ་འབྱོར་རྒྱུད་ལའང་རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ། བསམ་གཏན་ཕྱི་མའི་རྒྱས་འགྲེལ་སོགས་ཤིན་ཏུ་མང་བར་མཛད་ཡོད་པར་སྣང་ངོ༌། །དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་དུ་དཔལ་བསམ་ཡས་སུ་བྱོན་པ་ལྟར་ན། སྐུ་ཚེ་ནི་ཧ་ཅང་རིང་བ་ཞིག་ཡིན་པར་མངོན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] https://mandalas.life/2021/deity-and-divinities-of-nyingma-tradition/

[2] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༥༤༢

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༣ ནས་ ༣༨༦ བར་གསལ་བ་ལས་བཏུས།

 

 

Leave a Reply

Your email address will not be published. Required fields are marked *