༄༅། །ཇོ་བོ་རིན་པོ་ཆེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་བཞུགས་སོ།།[1]
༼མཆིམས་ཐམས་ཅད་མཁྱེན་པས་ (1210-1285) མཛད།༽
༄༅། །རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །ཇོ་བོ་ཨ་ཏི་ཤ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་རྣམས་ཀྱི་མཆོག །ཇོ་བོ་རྗེ་ལྷ་གཅིག་དེའི་ཡོན་ཏན་མ་ལུས་པར་ནི་གང་གིས་ཀྱང་མི་རྟོགས་ཤིང་། བརྗོད་པར་ཡང་མི་ནུས་ཀྱང་། མོས་པ་གཙོར་བྱས་ཏེ་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་སྤྱི་བོས་བླང་བར་བྱའོ། །
ཡོན་ཏན་མ་ལུས་མངའ་བའི་བླ་མ་རྗེ་བཙུན་ཆེན་པོའི་འདིའི་སྐུ་ཚེ་སྔ་མའི་ཡོན་ཏན་གྱི་དབང་དུ་བགྱིས་ན། དཔག་ཏུ་མེད་པ་མཛད་པ་མངའ་བར་ལགས་པར་གདའ་སྟེ། བཀའ་གདམས་པ་ཆེན་པོ་རྣམས་ཀྱི་བཞེད་པས་སྦས་པའི་གཏེར་བསྲུང་སླ་བ་ལྟར་སྐྱེ་བ་དྲན་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ནང་དུ་སྦེད་པར་གདའ་ལགས། སྐུ་ཚེ་འདི་ཉིད་ཀྱི་དབང་དུ་བགྱིས་ན། སྐུ་ཆེ་བའི་ཡོན་ཏན་དང་། གཞན་དོན་འཕྲིན་ལས་ཇི་ལྟར་མཛད་པ་དང་། འཕྲིན་ལས་ཀྱི་རྒྱུན་བསྟན་པ་ཇི་ལྟར་རྒྱས་ཤིང་འཕེལ་བའོ།།
ཀ༽ སྐུ་ཆེ་བའི་ཡོན་ཏན།
སྐུ་ཆེ་བའི་ཡོན་ཏན་ལ་གསུམ་སྟེ། ཁབ་ན་བཞུགས་པའི་ཆེ་བ་དང་། ཀུ་སུ་ལུའི་སྤྱོད་པ་མཛད་པའི་ཆེ་བ་དང་། ཐར་པར་གཤེགས་པའི་ཆེ་བའོ། །
༡༽ ཁབ་ན་བཞུགས་པའི་ཆེ་བ།
ཁབ་ན་བཞུགས་པའི་ཆེ་བ་ནི། པཎྜི་ཏ་སའི་སྙིང་པོ་དང་ལོ་ཙཱ་བའི་བཞེད་པས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཆེ་བ་དང་། རིགས་ཕུན་སུམ་ཚོགས་པའི་ཆེ་བ་དང་། ཡོན་ཏན་ཕུན་སུམ་ཚོགས་པའི་ཆེ་བའོ།།
༡) ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཆེ་བ།
ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཆེ་བ་ནི། དཔལ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ན་ཡུལ་ཆེན་པོ་བྷ་ག་ལ་ཞེས་བྱ་བ་ཡོད། དེའི་བྱེ་བྲག་ཟ་ཧོར་ཞེས་བྱ་བ་མི་ཁྱིམ་འབུམ་ཕྲག་ཉི་ཤུ་རྩ་བདུན་ཡོད་པའི་གྲོང་ཁྱེར་ཡོད། དེའི་དབུས་ན་རྒྱལ་པོའི་ཕོ་བྲང་བདེ་བ། རྒྱས་པ། འབྱོར་པ། སྐྱེ་བོ་དང་མི་མང་པོས་གང་བ། རྒྱ་ཆེ་ཞིང་བྱི་དོར་ལེགས་པ། མཐོ་ཞིང་གསེར་གྱི་རྒྱལ་མཚན་མང་པོས་བརྒྱན་པ། ཁྱད་པར་དུ་འཕགས་པ། གཞན་ནས་གསལ་བ་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་ཡོད། དེའི་ནང་ན་འདོད་པའི་ཡོན་ཏན་མ་ལུས་པ་ཡོད་དེ། རྒྱ་ནག་སྟོང་ཁུང་རྒྱལ་པོའི་ལོངས་སྤྱོད་དང་འདྲ་བ་ཡོད་གསུངས།
སྟོང་ཁུང་རྒྱལ་པོ་ལ་ལོངས་སྤྱོད་ཇི་ཙམ་ཡོད་ཅེ་ན། མི་རབས་བདུན་དུ་ཐབ་ཏུ་མེ་འབར་བ་འཕྲོ་མ་ཆད་པ། རྒྱལ་པོའི་མདུན་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པའི་རྩིབས་རེ་རེ་ལ་ཟས་སྣ་རེ་རེ་བཞག་ནས་འདྲེན་པ་ལ། གང་འདོད་པ་དེ་མདུན་དུ་བསྐོར་ནས་འདྲེན། མི་འདོད་པ་དེ་རྒྱབ་ཏུ་བསྐོར་ནས་འཇོག་པ། རྒྱལ་པོ་དེ་སྐོམ་པ་སྙམ་བྱེད་ན་འཇིག་རྟེན་དུ་ཐན་པ་འོང་བས་མི་སྐོམ་པར་བྱེད། གྲང་བ་སྙམ་པ་བྱེད་ན་ལྷགས་པ་འོང་བས་མི་གྲང་བར་བྱེད། བཀྲེས་པ་སྙམ་བྱེད་ན་མུ་གེ་འོང་བས་མི་བཀྲེས་པར་བྱེད་པ་ལ་སོགས་པ་མང་དུ་ཡོད་དེ། དེ་ཙམ་གྱིས་མཚོན་པར་ནུས་གསུངས། དེ་ལྟ་བུའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མང་བ་ཡིན་གསུངས།
༢) རིགས་ཕུན་སུམ་ཚོགས་པའི་ཆེ་བ།
རིགས་ཕུན་སུམ་ཚོགས་པའི་ཆེ་བ་ནི། ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། བཙུན་མོ་དཔལ་མོ་འོད་ཟེར་ཅན། ཡབ་ཡུམ་གཉིས་ལ་སྲས་གསུམ། པདྨའི་སྙིང་པོ། ཟླ་བའི་སྙིང་པོ། དཔལ་གྱི་སྙིང་པོ་འོ། །པདྨའི་སྙིང་པོས་རྒྱལ་སྲིད་བཟུང་ནས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས་སྲས་དགུ་འཁྲུངས། སྲས་ཀྱི་ཐུ་བོ་བསོད་ནམས་དཔལ་བྱ་བ་ཡིན་ཏེ། རབ་ཏུ་བྱུང་ནས་པཎྜི་ཏ་དྷ་ན་ཤྲཱི་མི་ཏྲ་ཞེས་གྲགས། དྷ་བྱང་ཆུབ་སེམས་དཔའ་སྔ་ཕྱི་གསུམ་བྱུང་བའི་དྷ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་དེ་ལགས་སྐད། ཆུང་བ་དཔལ་གྱི་སྙིང་པོ་ཡང་རབ་ཏུ་བྱུང་སྟེ་དགེ་སློང་བིརྱ་ཙནྡྲ་ཞེས་བྱ་བ་དང་པོ་ནས་སྒྲུབ་པ་མཛད་པ་གསང་སྔགས་ཀྱི་གདམས་པ་ཆེ་བ་བསྐྱེད་རིམ་ཤིན་ཏུ་བརྟན་པ་དཀྱིལ་འཁོར་གྱི་ལྷ་དངོས་སུ་སྤྲུལ་ནུས་པ་གཅིག་བྱུང་བར་གདའ། བོད་དུ་ཡང་ཇོ་བོ་ལ་མཇལ་དུ་བྱོན་པ་ལས་འདས་པ་དང་ཐུག་ནས་མ་མཇལ་སྐད། ཉང་པོར་ཡང་བྱོན། འོལ་ཁར་ཡང་དགེ་སློང་གཉིས་ལ་དབང་བསྐུར་མཛད་པའི་དུས་སུ་ལྷ་རྣམས་ལ་ཕྱག་བཀབ་ཅིང་ཏིང་ངེ་འཛིན་མཛད་པས། སློབ་མ་གཉིས་ཀྱིས་ཀྱང་མཐོང་བར་ལྷ་དངོས་སུ་ཀྲོང་ཀྲོང་སྤྲུལ་ནུས་པ་དང་། སྟོང་ལུང་མཚོ་སྨད་དུ་བྱོན་པའི་དུས་སུ་ཇག་པ་བྱུང་བ་ལ་སྲིའི་ཆུ་ཕར་ཀ་ན་ཇག་པའི་ཡུལ་ཡོད་པའི་ཚུར་ཀ་ནས་ཁྲོ་བོའི་སྟངས་སྟབས་མཛད་པས་ཡུལ་ཆེན་པོ་ཞིག་གུལ་གུལ་བྱུང་སྐད། ཡེར་པར་ཡང་ཆགས་ཕབ། ངམ་ཤོད་དུ་ཡང་བྱོན་སྐད། དེ་ཡང་གསང་སྔགས་ཐུན་མོང་གི་དངོས་གྲུབ་བརྙེས་པ་ཞིག་བྱོན་གསུངས། འབྲིང་པོ་ཟླ་བའི་སྙིང་པོ་ནི་ཇོ་བོ་ཉིད་ཡིན་ནོ།།
༣) ཡོན་ཏན་ཕུན་སུམ་ཚོགས་པའི་ཆེ་བ།
ཡོན་ཏན་ཕུན་སུམ་ཚོགས་པའི་ཆེ་བ་ནི། དང་པོ་བྱིས་པའི་དུས་རང་ནས་རྗེ་བཙུན་སྒྲོལ་མ་ཡི་དམ་དུ་མཛད་པས་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པ་ཡིན་ཏེ། ཇོ་བོ་ཆེན་པོ་འདི་རྟའི་ལོ་ལ་སྐུ་འཁྲུངས་ནས་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་གྱི་ཡང་ཐོག་ན་རིན་པོ་ཆེའི་ཁྲིའི་སྟེང་བསྙལ་ནས་བཞུགས་པའི་དུས་ནངས་གཅིག་ཁང་པའི་ཐོག་མཚམས་ཇོ་བོ་བཞུགས་པའི་ཐད་ཀ་ནས་ཚེག་རྒྱངས་དང་འུར་སྒྲ་ལ་སོགས་པ་བྱུང་ནས་ཡབ་ཡུམ་གྱིས་བལྟས་པས་ཇོ་བོའི་མདུན་དུ་སྡིག་པའི་ཕུང་པོ་ཞིག་སྡིགས་ཀྱིས་བྱུང་སྐད། ཡི་དམ་ལྷའི་ཞལ་མཐོང་བའི་སྒྲུབ་པ་ཡང་དག་པར་བྱེད་པ་ལ་སྔོན་ལ་བར་ཆད་འབྱུང་བ་ཡིན་པར་གདའ་སྟེ། དེས་ཇོ་བོ་ལ་འཇིགས་པའམ་བག་ཚ་བ་ཞིག་ཀྱང་མ་བྱུང་བས་བར་དུ་མ་ཆོད་པར་གྱེས་ནས་སོང་སྐད། དེའི་ནངས་པར་ཡང་ཐོག་མཚམས་ནས་ཚེག་རྒྱངས་དང་འུར་སྒྲ་ལ་སོགས་པ་བྱུང་ནས་བལྟས་ནས་ཡབ་ཡུམ་གྱིས་ཨུཏྤལ་སྔོན་པོ་སྐྱེས་མ་ཐག་པ་ལྟ་བུ་ཆུན་པོ་གཅིག་གཟིགས། ཇོ་བོ་ཉིད་ཀྱིས་སྒྲོལ་མའི་ཞལ་ཇི་ལྟ་བ་བཞིན་དུ་གཟིགས་པ་ཡིན་ཏེ། རང་གི་ལྷག་པའི་ལྷས་བྱིན་གྱིས་བརླབས་པ་ཡིན་གསུང་། དེ་ནས་བཟུང་ནས་ཐེ་ཚོམ་ཟ་བའི་དངོས་པོ་ཇོ་མོ་སྒྲོལ་མའི་ཐང་གའི་སྤྱན་སྔར་མཆོད་པ་བཤམས་ཤིང་གསོལ་བ་བཏབ་པས་དངོས་སུ་ཆོས་མི་གསུང་ཡང་སྤྲོས་པ་ནང་ནས་མཆོད་དེ་འོང་བ་ཡིན་གསུངས། དེ་ནས་ལོ་བཅུའི་བར་དུ་གསོ་བའི་སྤྱད་དང་། བཟོ་དང་ཡི་གེ་ལ་སོགས་པ་བསླབས་པས་མཁས་པའི་ཕུལ་དུ་སྐྱོལ་བ་མཁྱེན། དེ་ནས་ལོ་ཉི་ཤུ་རྩ་གཅིག་གི་བར་དུ་ཕྱི་རོལ་པའི་སྒྲ་དང་། ཚད་མ་དང་། ནང་པའི་སྒྲ་དང་ཚད་མ་མ་ལུས་པར་བསླབས། ཁྱད་པར་དུ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། སྒྲ་ཚད་ལ་མཁས་པའི་ཕུལ་དུ་ཕྱིན་པ་མཁྱེན་པ་ཡིན་གསུང་ངོ་། །རྣལ་འབྱོར་པ་ཆེན་པོ་ནི་ཇོ་བོ་འདི་སྐད་གསུངས་གསུངས་ནས། ངེད་རྒྱ་གར་ན་རྒྱལ་པོ་དེ་རྒྱལ་རིགས་གཉིས་ཡོད། རྒྱལ་པོ་ནི་རྒྱལ་སྲིད་ཡོད་པ་ཡིན། རྒྱལ་རིགས་ནི་རྒྱལ་པོ་ཡིན་ཡང་རྒྱལ་སྲིད་མེད་པ་ཡིན་ཏེ་ངེད་རྒྱལ་རིགས་ཡིན།
ངའི་ཕ་ནམ་མཁའི་དབང་ཕྱུག་ཅེས་བྱ་བ་ཁྱིམ་པའི་དགེ་བསྙེན་བྱང་ཆུབ་སེམས་དཔའ་ཆེ་བ་གཅིག་བཞུགས། སྔགས་མ་རྒྱུད་མཁན་པོ་ཡིན། ངས་དབང་བསྐུར་གཅིག་ཀྱང་ཞུས། ངའི་ཕ་དེ་ལ་བཙུན་མོ་བྲམ་ཟེ་མོ་གཅིག་དང་རྒྱལ་རིགས་མོ་གཅིག་བཅས་གཉིས་ཡོད་པ་ལས་ང་བྲམ་ཟེ་མོའི་བུ་ཡིན། རྒྱལ་རིགས་མ་ལ་བུ་གླེན་པ་ཞིག་ཡོད། ང་རབ་ཏུ་བྱུང་ནས་འཕྲད་པའི་དུས་སུ་མཐུན་རྐྱེན་ཐམས་ཅད་ངས་བྱ་རབ་ཏུ་བྱུང་བྱས་ཏེ་ཁོ་རབ་ཏུ་འབྱུང་དུ་མ་འདོད། ལན་གཅིག་པུ་དེ་ལས་མ་འཕྲད། ངའི་དུས་ན་བྷ་ག་ལའི་རྒྱལ་པོ་བྷོ་ཨ་ནི་ཏྲ་ཙནྡྲ་ཞེས་བྱ་བ་བྱེད། རྒྱལ་སྲིད་ཀྱི་ས་ཆ་བན་གླང་མོའི་འགྲོས་ཚད་བདུན་ཡོད་པ་བན་གླང་མོ་ནི་ཤིན་ཏུ་མགྱོགས་པ་ཉི་མའི་གུང་ལ་ཅུང་ཟད་བསྡད་དེ་འགྲོ་བས་རྒྱ་ཤིན་ཏུ་ཆེ་གསུང་ངོ་། །ཇོ་བོ་ལ་དགེ་བཤེས་སྟོན་པས་འདི་ཙམ་གྱི་རིག་བྱེད་ཅིག་མཁྱེན་པ་ཇི་ལྟར་ལགས་ཞུས་པས། ངའི་མ་བྲམ་ཟེ་མོ་ཡིན་པས་བསླབས་པ་ཡིན་གསུང་སྐད་དོ།།
༢༽ ཀུ་སུ་ལུའི་སྤྱོད་པ་མཛད་པའི་ཆེ་བ།
ཀུ་སུ་ལུའི་སྤྱོད་པ་མཛད་པའི་ཆེ་བ་ནི། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དགྱེས་པ་རྡོ་རྗེ་ཞལ་གཟིགས། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་ཐོབ་པ། བླ་མ་ར་ཧུ་ལ་གུཔྟ་བཛྲ་ལ་དབང་རྫོགས་པར་ཞུས་པས་གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས། དཔལ་དགྱེས་པ་རྡོ་རྗེའི་ཞལ་མངོན་སུམ་དུ་གཟིགས། གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྒྱུད་ལ་འཁྲུངས་སོ།།
དངོས་གྲུབ་བརྙེས་པའི་བླ་མ་གསུམ་ཡོད་པའི་ཀ་མ་ལ་རཀྵི་ཏ་ཞེས་ཀྱང་བྱ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། ཆང་འོ་མར་བསྒྱུར་བ། ཆུ་བོ་གངྒཱ་ལ་གདིང་བ་བཏིང་ནས་བྱོན་པའི་ནུས་པ་མངའ་བའི་བླ་མ་དེ་ལས་གསང་སྔགས་ཀྱི་བཀའ་དྲིན་ཕལ་ཆེར་བརྙེས། བླ་མ་དེ་ལྟ་བ་སེམས་ཙམ་རྣམ་བརྫུན་པ་ཡིན། ཇོ་བོ་དབུ་མ་བཞེད་པ་ལ་ཁྱོད་ཀྱིས་ཀྱང་འདི་ལྟར་གོ་བ་སྔོན་གྱི་ལས་ཡིན་གསུངས་ནས་མི་མཉེས། སྔགས་ཀྱི་སྒོ་ནས་ཚོགས་བསགས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་རྗེས་ཐོབ་ལ་གཟིགས་པས། ཕྱི་ནས་བལྟ་བ་འགྱུར་ནས་ཆོས་རྣམས་ཀྱི་རང་བཞིན་ཁྱོད་ཀྱི་བཞིན་དུ་འདུག་གསུངས་ནས་མཉེས། ཇོ་བོ་དབུ་མ་བརྟན་པའི་གཏན་ཚིགས་སུ་ཡང་སོང་གསུངས། བླ་མ་ཨ་ཝ་དྷཱུ་ཏི་པ་ལོ་བདུན་བསྟེན་པར་ཡང་འདོད། ལོ་བཅུ་གཉིས་བསྟེན་པར་ཡང་འདོད་པ་ལ། དགེ་བཤེས་ལོ་ཙཱ་བའི་ཞལ་ནས་ལོ་དགུ་བསྟེན་པ་ཡིན་གསུངས། དབུ་མའི་བཀའ་དྲིན་ཕལ་ཆེར་དེ་ལས་བརྙེས། ཇོ་བོ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་འཛིན་པའི་རྒྱུ་ཅི་ལགས་ཞུས་པས། ཇོ་བོ་ཉིད་ཀྱིས་ཞལ་ནས་ངས་ཀྱང་ངའི་བླ་མ་ཨ་ཝ་དྷཱུ་ཏི་པ་ཆེན་པོ་རྣལ་འབྱོར་སྤྱོད་པའི་དབུ་མ་འཛིན་པའི་རྒྱུ་ཅི་ལགས་ཞུས་པས། བླ་མའི་ཞལ་ནས་ངས་འདིའི་སྒོ་ནས་ཆོས་མཐོང་བ་ཡིན་པས། ཁྱོད་ཀྱང་འདི་ཟུངས་ཤིག་གསུངས་ནས་བཟུང་བ་ཡིན།
བླ་མ་ཤནྟི་པ་བརྒྱད་སྟོང་པ་གསུང་ཙམ་ན་དབུ་མར་བཤད་པ་ཐམས་ཅད་ར་རེ་ནས་སུན་ཕྱུང་བས་ངའི་དབུ་མའི་ལྟ་བ་དེ་ཉིད་གསལ་བཏབ་པ་བཞིན་དུ་སོང་། རྣལ་འབྱོར་སྤྱོད་པ་དབུ་མ་ཤིན་ཏུ་གསལ་བར་གྱུར། ང་ཟླ་བ་གྲགས་པའི་ལུགས་ལ་ཤིན་ཏུ་དད་པ་ཡིན་གསུངས། བླ་མ་ཨ་ཝ་དྷཱུ་ཏི་པ་དེ་ལོ་ཙམ་བསྟེན་ཡང་ཐ་མལ་པའི་གཏམ་ཙམ་ཡང་མི་འོང་། རེས་བསྙེན་བཀུར་ཆེན་པོ་བྱས་གསེར་གྱི་མཎྜལ་ཕུལ་ནས་ཆོས་ཞུས་ཀྱང་མི་གནང་། རེས་ཆོས་མ་ཞུས་པར་ཡང་ལོང་ཡེ་མེད་པའི་དུས་སུ་ཡང་གསུང་། ནངས་གཅིག་ཇོ་བ་དང་བླ་མ་གཉིས་ཟམ་འཕྲང་དོག་མོ་ཞིག་ལ་འགྲོ་བའི་དུས་སུ་ཞལ་ཚུར་ལོག་མཛད་ནས། བུ་ཇི་སྲིད་བདག་ཏུ་འཛིན་པ་དང་མ་བྲལ་གྱི་བར་དུ་རྣམ་པར་སྨིན་པ་ཕྲ་ཞིང་ཕྲ་བ་ལ་ཡང་འཛེམས་ཤིག་ཨང་གསུངས། སྔར་ནས་རྒྱུད་སྦྱངས་སྦྱངས་པ་འབྲས་སྨིན་པ་ལ་རྩའུ་སྡོད་པ་འདྲ་བར་སོང་ནས་ཚིག་རེ་རེས་ཀྱང་རྟོགས་པ་ཁྱད་པར་ཅན་སྐྱེ་ནུས་པ་ཞིག་ཡོད་ཚུལ་དུ་འདུག་གསུངས། བླ་མ་ཌོམ་བི་པ་དང་ཞལ་ནི་མ་མཇལ་བྱིན་གྱིས་བརླབས་པ་ཡིན་གསུངས། སྔགས་ཀྱི་སྒོ་ནས་གྲུབ་པ་བརྙེས་པའི་བླ་མ་མང་པོ་ལ་བཀའ་དྲིན་ཞུས། ཁྱད་པར་དུ་བླ་མ་བསོད་སྙོམས་པ་ལ་བཀའ་འདྲི་ཞུ་བའི་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས་ནས་ཤེས་རབ་ཀྱི་རྒྱུད་ཀྱི་དབང་དང་བྱིན་བརླབས་དང་རྒྱུད་དང་གདམས་ངག་མ་ལུས་པར་ཞུས་པ་ཡིན་སྐད། དེ་དག་ལ་སོགས་པའི་བླ་མ་རྣམས་ལས་སྤྱིར་གསང་སྔགས་མཐའ་དག་གི་བཀའ་དྲིན་ཞུས། ཁྱད་པར་དུ་དཔལ་གསང་བ་འདུས་པའི་རྒྱུད་གསུམ་གྱི་དབང་བྱིན་རླབས་བརྒྱུད་གདམས་ངག་མ་ལུས་པར་ཞུས་པས་གསང་སྔགས་ཀྱི་དཀྱིལ་འཁོར་མང་པོ་ཞལ་གཟིགས། སྤྱོད་པའི་དབང་དུ་བྱས་ན་ཨ་ཝ་དྷཱུ་ཏིའི་སྤྱོད་པ། ལེན་དང་འཇིགས་དང་ངོ་ཚ་བ། །སྤངས་པ་ཨ་ཝ་དྷཱུ་ཏི་ཡིན། །ཞེས་པ་ཚད་དུ་ལོངས་པ་ཡིན་ཏེ། ཇོ་བོ་ཉིད་ཀྱིས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་མཛད་པར་ཡང་འདོད། ལོ་གསུམ་མཛད་པར་ཡང་འདོད། དོན་ལ་འགལ་བ་མེད་པར་འདུག་གསུངས། བླ་མ་ཆེན་པོ་དཔལ་ཡེ་ཤེས་གསང་བའི་རྡོ་རྗེའི་གླུ་ཞེས་བྱ་བ་ཟབ་མོའི་དོན་འབའ་ཞིག་གླུར་བླངས་པ་ཡང་གསན། དེའི་མཇུག་ན།
ཉན་ཐོས་རྣམས་དང་དམན་པའི་སྐྱེ་བོ་རྣམས་དང་ནི། །
རྨོངས་པས་ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །
དུམ་གཅིག་གཏོར་མས་བཀང་བ་ཐོགས་ནས་སུ། །
ཅང་ཏེའུ་རྡུང་ཞིང་ཏིང་ཛིན་གླུ་འདི་བླངས། །
ཞེས་བྱ་བ་ཡོད་པ་ལ། ཕྱིས་ཐར་པར་གཤེགས་ནས་འོག་སོ་མ་པུ་རིར་དཔའ་བོའི་སྟོན་མོ་ཞིག་གི་དུས་སུ་ཇོ་བོས་མགུར་བཞེས་པ་དེའི་མགོན།
མར་མེ་མཛད་དཔལ་ཡེ་ཤེས་བདག་ལ་ནི། །
ཤིན་ཏུ་ཟབ་པའི་རྒྱུད་ཀྱི་དོན་སྟོན་པ། །
རྗེ་བཙུན་དམ་པ་གསང་བའི་སྒྲ་གཅན་འཛིན། །
བླ་མ་ཉི་མའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བྱ་བ་ཡོད། སྔ་མ་དེ་ཞབས་ན་ཡོད། དེའི་དུས་ན་རྒྱ་བརྩོན་འགྲུས་སེངྒེ་དང་། ལོ་ཙཱ་བ་གཉིས་ཡོད་པས་ཡི་གེར་འགོད་ཅིང་བསྒྱུར་བར་ཞུས་པས་གནང་ནས་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་ཅིང་ཞུསསོ།།
ཡང་ཤར་ཕྱོགས་གྷ་རུ་རའི་གྲོང་ཁྱེར་ནས་བཞུགས་པ་ན་ནཱ་རོ་པའི་སློབ་མ་རྣལ་འབྱོར་པ་ཨ་ཝ་དྷཱུ་ཏི་པ་མངོན་པར་ཤེས་པ་ཅན་དེ་བྷི་ཀྲ་མ་ཤཱི་ལར་བྱོན་ནས་རྫོགས་རིམ་གྱི་དབང་རྫོགས་པར་ཞུས་པའི་མཚན་ཡང་བླ་མ་ལ་མངོན་ཤེས་མངའ་བས་སྔར་གྱི་དེ་ཉིད་བཏགས་སོ།།
དགེ་བཤེས་ལོ་ཙཱ་བ་ནི་དབང་འདི་རབ་ཏུ་བྱོན་ནས་ཞུས་པར་བཞེད། རབ་ཏུ་མ་བྱོན་པར་ཞུས་པ་རང་བདེ་གསུངས། ཡང་བི་ཀྲ་མ་ཤཱི་ལར་བཞུགས་པའི་དུས་སུ་ཇོ་བོས་གཟིགས་པར་བུད་མེད་གཅེར་བུ་རུས་པའི་རྒྱན་གསོལ་བ་རེས་ངུ་རེས་དགོད་པ་ཞིག་གཟིགས་པས་ཡོན་ཏན་ཅན་ཡིན་པར་དགོངས་ནས། ཡིད་ཀྱིས་ཕྱག་དང་མཆོད་པ་བྱས་ནས་གདམས་ངག་ཅིག་ཞུ་བྱས་པས། ང་ལ་གདམས་ངག་ཡོད་ཅིག་གསུངས་ནས་ཤཪ་ཕྱོགས་བྷ་ག་ལར་བཞུད། ཇོ་བོ་ཕྱི་བཞིན་བྱོན་པས་དུར་ཁྲོད་ཆེན་པོ་ཞིག་ནས་ཁྱོད་ཀྱིས་ང་ལ་ཡོན་ཏན་ཡོད་པར་མཐོང་ངམ་གསུངས། མཐོང་ལགས་ཞུས་པས། རེས་ངུ་རེས་དགོད་པའི་དོན་ཤེས་སམ་གསུངས། མ་ཤེས་ཞུས་པས། ངུ་བ་དེ་སེམས་ཅན་རྣམས་ཀྱིས་མ་རྟོགས་པའི་དུས་ན་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པས་ངུ་བ་ཡིན། རྟོགས་པའི་དུས་ན་ད་ལྟ་ཉིད་སངས་རྒྱས་ཡིན་པས་དགོད་པ་ཡིན་གསུངས། དེ་ནས་རྡོ་རྗེ་རྣལ་འབྱོར་མས་ཚེགས་ཆུང་ལ་དོན་ཆེ་བའི་དབང་བྱིན་རླབས་ཀྱི་ལུགས་བྱ་བ་བསྐུར་ནས་དེའི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་ཞལ་ཇི་ལྟ་བ་བཞིན་དུ་གཟིགས་ནས་གདམས་ངག་མ་ལུས་པར་ཞུས་སོ།།
དེའི་ཚེ་ཤར་ཕྱོགས་བྷ་ག་ལར་ཕྱི་ནང་གཉིས་རྩོད་པ་ཆེན་པོ་བྱུང་ནས། བྷ་ག་ལའི་བསྟན་པ་ཕལ་ཆེར་མུ་སྟེགས་པ་ལ་ཤོར་བས་ནང་པའི་གནས་བརྟན་ཆེན་པོ་ཞིག་ཐུགས་ཤིན་ཏུ་མ་བདེ་ཞིང་། ནང་པའི་ནང་ནས་མུ་སྟེགས་པའི་རྩོད་པ་བཟློག་ནུས་པའི་རྣལ་འབྱོར་པའམ་པཎྜི་ཏ་མ་རྙེད་པའི་སྐབས་སུ། ཇོ་བོ་བྷ་ག་ལ་ན་བཞུགས་པ་དང་དུས་མཚུངས་ནས་བུ་མོ་ཞིག་གིས་ཇོ་བོའི་ལུས་ལས་འོད་ཟེར་འཕྲོ་བ་མཐོང་སྟེ། གནས་བརྟན་གྱི་དྲུང་དུ་འོངས་ནས་སྤྲང་པོའི་ལུས་ལས་འོད་འཕྲོ་བ་གཅིག་འདུག་རྣལ་འབྱོར་པ་ཡིན་ཏེ་འོང་རྩོད་པ་ཞུས་ཟེར་བས། གནས་བརྟན་གྱིས་བལྟས་པས་ཇོ་བོ་སྣང་ནས་ཞུ་བ་ཕུལ་བས་ཞལ་གྱིས་བཞེས། ཇོ་བོ་ནི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཇོ་བོ་ཙམ་མ་བྱུང་བྱས་ཀྱང་འགལ་བ་མེད་པ་ཡིན་ཏེ། སྲུང་བ་ལ་རྣལ་འབྱོར་གྱི་སྟོབས་ཀྱིས་སྲུང་བ་དང་། དབང་ཕྱུག་གི་སྟོབས་ཀྱིས་སྲུང་བ་དང་། རིག་པའི་སྟོབས་ཀྱིས་སྲུང་བ་དང་། རིགས་པའི་སྟོབས་ཀྱིས་སྲུང་བ་བཞི་ལས། ཇོ་བོ་ནི་བཞི་ཀའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་བསྲུངས་པ་ཡིན་པས། སྐབས་དེར་ཡང་མུ་སྟེགས་པ་ཐམས་ཅད་ཚར་བཅད་ནས་སྔར་ཤོར་བའི་པཎྜི་ཏ་དང་གནས་ཐམས་ཅད་ཚུར་ལ་ཐོབ། ཕྱི་རོལ་པ་ཐམས་ཅད་ཀྱང་བསྟན་པ་ལ་བཀོད་དོ།།
གནས་བརྟན་དེའི་ཐུགས་དགོངས་ལ་གང་ཟག་འདི་ལྟ་བུ་སྤྲང་པོའི་ཆ་བྱད་བྱེད་པར་ཕངས་རབ་ཏུ་བྱུང་ན་བསྟན་པ་ལ་ཕན་པར་དགོངས་ནས། རབ་ཏུ་འབྱུང་བར་ཞུས་པས་མ་གནང་། བཞུགས་པར་ཞུས་པས་ཀྱང་མ་གནང་། ཇོ་བོའི་ཐུགས་དགོངས་ལ་གསང་སྔགས་ཀྱི་བྱིན་རླབས་དང་གདམས་པ་དང་ནུས་མཐུ་དང་མཁྱེན་རྒྱ་ང་བས་ཆེ་བ་མེད་སྙམ་པའི་ཐུགས་རྒྱལ་ཡང་ཅུང་ཟད་དེར་བྱུང་བས། རྒྱ་གར་ནུབ་ཕྱོགས་སུ་བྱོན་པའི་ཤུལ་ཀར་རྨི་ལམ་དུ་མཁའ་འགྲོ་མ་རྣམས་ཀྱིས་རྒྱུད་སྡེ་མང་པོ་བསྟན་ནས་ཐུགས་རྒྱལ་བཅག །ཡང་རང་གི་ལྷག་པའི་ལྷ་སེང་ལྡེང་ནགས་ཀྱི་སྒྲོལ་མས་ཞལ་མངོན་སུམ་དུ་བསྟན་ཏེ་ཇོ་བོ་མདུན་དུ་བྱོན་ནས། ཁྱོད་པཎྜི་ཏ་སྔགས་མཁན་ཡིན་ནམ་གསུངས། ཇོ་བོས་ལགས་གསུངས་པས། འོ་ན་སྒྲུབ་ཐབས་འགའ་ཞུ་བས་འདི་དང་འདི་མཁྱེན་ནམ་གསུངས། ཇོ་བོས་དེ་ཀུན་གྱི་དཔེ་ཡང་མཐོང་མ་མྱོང་གསུངས་པས། འོ་ན་ཁྱོད་གསང་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆེ་ན་གསུངས། ཡང་ཁྱེད་མིའི་ཡུལ་ན་རྟའི་སྤུ་རྩེ་ཙམ་ལས་མེད། སྔགས་ཀྱི་དཔེ་དོན་ཐམས་ཅད་མཁའ་འགྲོ་མའི་ལག་ན་ཡོད་པ་ཡིན་གསུངས་ནས་མི་སྣང་བར་གྱུར། ཇོ་བོའི་ཐུགས་རྒྱལ་ཡང་དེར་ཆགས་གསུང་ངོ་།།
༣༽ ཐར་པར་གཤེགས་པའི་ཆེ་བ།
ཐར་པར་གཤེགས་པའི་ཆེ་བ་ལ་ཡང་། བསྐུལ་མ་ཇི་ལྟར་བཏབ་པ་དང་། ཐར་པར་ཇི་ལྟར་གཤེགས་པ་དང་། ཐུགས་སྦྱོང་ཇི་ལྟར་མཛད་པ་གསུམ་ལས།
༡) བསྐུལ་མ་ཇི་ལྟར་བཏབ་པ།
བསྐུལ་མ་ཇི་ལྟར་བཏབ་པ་ནི། དགེ་བཤེས་ལོ་ཙཱ་བ་ནི་དཔལ་ཧེ་རུ་ཀས་བསྐུལ་ཏེ། བླ་མ་ནུས་པ་ཐོན་པ་དང་གྲུབ་རྟགས་ཡོད་པ་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ་མང་དུ་བསྟེན་ནས་སྒྲུབ་པ་ཉམས་སུ་ལེན་པའི་དུས་སུ་ནུབ་ཅིག་རྨི་ལམ་ན། དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁའ་ལ་བྱོན་ནས་རིགས་ཀྱི་བུ་ཨ་ཝ་དྷཱུ་ཏིའི་སྤྱོད་པས་གང་དུ་ཡང་མི་ཕྱིན་པས་ཁྱོད་རབ་ཏུ་བྱུང་ཞིག །དུས་ཕྱི་ཞིག་ཙ་ན་རབ་ཏུ་བྱུང་བའི་གདུལ་བྱ་མང་པོ་འོང་བར་འདུག་གིས་ལུང་བསྟན། ཡང་ནུབ་ཅིག་གི་རྨི་ལམ་ན་གཙུག་ལག་ཁང་ཆེན་པོ་ཞིག་གི་ནང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་མང་པོའི་འཁོར་དང་བཅས་པ་གདུགས་ཚོད་གསོལ་ཞིང་འདུག །དེ་རྣམས་ཀྱི་གྲལ་ཞབས་ན་ཇོ་བོ་འདུག་པས་གྲལ་མགོ་ནས་སངས་རྒྱས་ཀྱིས་ཇོ་བོ་ལ་གཟིགས་ནས་མི་མ་གི་ཅི་ལ་ཆགས་ནས་བ་ཏུ་མི་འབྱུང་གསུངས་པ་ཞིག་རྨིས་ནས། ཇོ་བོའི་ཐུགས་དགོངས་ལ་ད་ནི་བདག་ངེས་པར་རབ་ཏུ་འབྱུང་དགོས་པར་འདུག་སྙམ་པ་བྱུང་བ་ཡིན་གསུངས།
དགེ་བཤེས་པོ་ཏོ་བའི་བཀའ་བརྒྱུད་དག་ནི་ཇོ་བོ་ཉིད་ཨ་ཝ་དྷཱུ་ཏིའི་སྤྱོད་པ་མཛད་ནས་བདེན་པ་གཟིགས་པར་བཞེད་པ་ལ། རང་བཞིན་གྱི་རྣལ་འབྱོར་མ་གཅིག་དང་མཇལ་བས་ཨ་ཝ་དྷཱུ་ཏིའི་སྤྱོད་པ་མ་བྱས་ཚེ་འདི་ལ་བདེན་པ་མི་མཐོང་བར་ཆད་འོང་། རབ་ཏུ་བྱུང་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་གྱིས་ཞེས་བསྐུལ་གསུངས། དགེ་བཤེས་རྣལ་འབྱོར་པ་ནི་ཇོ་བོའི་ཞལ་ནས་ཁོ་བོ་རབ་ཏུ་འབྱུང་བར་མགོན་པོ་བྱམས་པས་བསྐུལ་གསུང་སྐད་དེ། ཇོ་བོའི་རྨི་ལམ་ན་གཙུག་ལག་ཁང་ཞིག་ན་གདན་ཆེན་པོ་ཞིག་བཤམས་ནས་དེའི་དྲུང་ན་གནས་བརྟན་ཞིག་བཞུགས་འདུག་ནས་ཇོ་བོ་ཡང་དེར་གཤེགས་སྙམ་པས། གནས་བརྟན་དེ་ན་རེ་འདི་རབ་ཏུ་བྱུང་བའི་ས་ཡིན་གྱི་ཁྱེད་ཁྱིམ་པའི་ས་མ་ཡིན་པས་མ་འོངས་ཤིག་ཟེར་བ་རྨིས་ནས་མནལ་སད་པ་དང་དོན་གྱིས་རབ་ཏུ་བྱུང་ཞིག་པར་འདུག་སྙམ་མོ། །གནས་བརྟན་དེ་མགོན་པོ་བྱམས་པ་ཡིན་གསུང་སྐད་དོ།།
༢) ཐར་པར་ཇི་ལྟར་གཤེགས་པ།
ཐར་པར་ཇི་ལྟར་གཤེགས་པ་ནི། ཇོ་བོ་དགུང་ལོ་ཉི་ཤུ་རྩ་དགུ་པ་བཞེས་པའི་དུས་སུ་ན་ལེན་ཏྲ་ན་གནས་པོ་ཆོས་རྒྱུས་ཆེ་བ་ཞིག་ཡོད་པ་ལ་གང་གི་སྡེ་ལ་རབ་ཏུ་འབྱུང་བྱས་པས། ཁྱོད་གསང་སྔགས་ཀྱི་སྤྱོད་པ་འདོར་རམ་མི་འདོར་ཟེར། མི་འདོར་བྱས་པས། འོ་ན་དགེ་འདུན་ཕལ་ཆེ་སྡེ་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད་དུ་རབ་ཏུ་བྱུང་ཟེར་ནས། དཔལ་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་བརྙེས་པའི་གནས་མ་ཏིའི་གཙུག་ལག་ཁང་དུ་དགེ་འདུན་ཕལ་ཆེན་སྡེ་པ། དེའི་ནང་ནས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་སྦྱོར་བའི་ལམ་པ་དེ་ཁོ་ན་ཉིད་ལ་ཕྱོགས་གཅིག་ཏུ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པའི་ཤི་ལ་རཀྵི་ཏ་ཞེས་བྱ་བ་མཁན་པོ་ཞུས་ནས་རབ་ཏུ་བྱུང་བའི་མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བར་བཏགས་སོ།།
༣) ཐུགས་སྦྱོང་ཇི་ལྟར་མཛད་པ།
ཐུགས་སྦྱོང་ཇི་ལྟར་མཛད་པ་ལ། རིག་པའི་གནས་ལྔ་ལ་ཇི་ལྟར་སྦྱངས་པ་དང་། བརྒྱུད་པའི་གདམས་ངག་དང་ལྡན་པའི་བླ་མ་ཇི་ལྟར་བསྟེན་པ་དང་། བསྒྲུབས་པ་ལས་བྱུང་བའི་ཡོན་ཏན་ཇི་ལྟར་བརྙེས་པ་གསུམ་ལས།
༡ རིག་པའི་གནས་ལྔ་ལ་ཇི་ལྟར་སྦྱངས་པ།
གནས་ལྔ་ལ་ཇི་ལྟར་སྦྱངས་པ་ནི། མཁན་པོའི་སྤྱན་སྔར་བཞུགས་པའི་དུས་སུ་མཁན་པོ་མུ་སྟེགས་པ་ཞིག་དང་རྩོད་པ་བྱེད་པའི་འཕྲོ་ལ་བསྙུན་འབོག་ཡོད་པ་ལངས་ནས་འཕྲོ་ལ་ལུས། ཇོ་བོས་འཕྲོ་བླངས་ཏེ་རྩོད་པ་བྱས་པས་ཇོ་བོ་རྒྱལ། མུ་སྟེགས་པ་དེ་ན་རེ་སྔར་མ་ཐོས་པའི་པཎྜི་ཏ་འདི་ཇི་ལྟ་བུ་ཞིག་ཡིན་ཟེར། པཎྜི་ཏ་ཙམ་མ་ཡིན་སྒྲ་ཚད་ལ་བྱང་བར་བྱས་པ་ཞིག་ཡིན་བྱས་པས། འོ་ན་དལ་དུ་ཕངས་རིག་པ་སློབས་ཟེར། དེ་ལ་བརྟེན་ནས་མཁན་པོའི་ཞལ་ནས་བློ་སྦྱོང་གྱིས་གསུངས་ནས་རིག་པའི་གནས་ལྔ་ལ་སྦྱངས་ཏེ། སྒྲ་དང་། གཏན་ཚིགས་དང་། བཟོ་དང་། གསོ་བ་དང་། ནང་རིག་པའོ།།
1 སྒྲ་རིག་པ་ལ་སྦྱངས་པ།
སྒྲ་རིག་པ་ནི་འཕགས་པ་འཇམ་དཔལ་གྱིས་མཛད་པའི་སྒྲའི་བསྟན་བཅོས་དང་། ལྷ་རྟག་ཏུ་ཞི་བས་མཛད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་མཛད་པའི་ཨིནྡྲ་བྱ་ཀ་ར་ཎ་དང་། ཙནྡྲ་གོ་མིས་མཛད་པའི་ཙནྡྲ་བྱ་ཀ་ར་ཎ་དང་། བྲམ་ཟེ་པ་ཎི་ཏས་མཛད་པའི་པ་ནི་བྱ་ཀ་ར་ཎ་དང་། མ་ནི་བྱ་ཀ་ར་ཎ་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་བྱ་ཀ་ར་ཎ་སྡེ་བརྒྱད་དང་། གཞན་ཡང་འཕགས་པས་མཛད་པ་མང་པོ་དང་། སོ་སོ་སྐྱེ་བོས་མཛད་པ་མང་པོ་དང་། བྲམ་ཟེ་ནོར་ལྷས་བྱས་པའི་ཚིག་གི་སྒྲོན་མ་ལ་སོགས་པ་ཕྱི་རོལ་པའི་གཞུང་ལ་བརྟེན་པ་མང་པོ་མཁྱེན། འོ་སྐོལ་བོད་ལ་སྒྲའི་མིང་རང་ཡང་མེད།
བང་སྟོན་གྱིས་ཐུགས་རྗེ་ཆེན་པོའི་གཟུངས་རིང་དེ་བཟླས་ཤིང་བྱིན་བརླབས་བྱས་པས་བྱིན་བརླབས་ཆེན་པོ་བྱུང་བ་ལ། ཇོ་བོའི་ཞལ་ནས་བང་སྟོན་གྱི་སྔགས་ཀྱི་སྒྲ་དེ་ལ་བྱིན་བརླབས་མི་འོང་བས་བསམ་པ་བཟང་པོའི་བྱིན་རླབས་ཡིན་གསུངས། ཇོ་བོའི་ཕྱག་བསྙུང་བ་ལ་བང་སྟོན་འདི་ལ་བྱིན་རླབས་གྱིས་དང་ཁྱོད་བསམ་པ་བཟང་གསུངས།
2 གཏན་ཚིགས་རིག་པ་ལ་སྦྱངས་པ།
གཏན་ཚིགས་རིག་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་དང་། སློབ་དཔོན་ཞི་བ་འཚོས་མཛད་པ་ལ་སོགས་པ་ནང་པའི་ལུགས་མང་པོ་མཁྱེན་ཏེ། ཞི་བ་འཚོའི་བསྟན་བཅོས་དེ་ཁོ་ན་ཉིད་བཏུས་པ་ཞེས་བྱ་བ་བོད་དུ་བསྣམས་ནས་བྱོན་བསྒྱུར་བར་བཞེད་པ་ལ་གྲུབ་པར་རྒྱ་དཔེ་རྭ་སྒྲེང་ན་བཞུགས་གསུངས། ཕྱི་རོལ་པའི་དྲང་སྲོང་རྐང་མིག་པས་བྱས་པའི་རིགས་པའི་ལྟ་བ་ལ་སོགས་པ་མང་དུ་མཁྱེན་པར་གདའ། ཇོ་བོའི་ཞལ་ནས་ཁྱེད་བོད་ལ་ཚད་མའི་མིང་ཙམ་ཞིག་འདུག །ཕྱི་རོལ་པ་དང་རྩོད་པ་མི་འོང་བས་བཏུབ། ཁོ་བྱུང་ན་བོད་ཀྱིས་མི་ཐུབ་གསུངས།
དེ་ལྟར་སྒྲ་ཚད་ལ་མཁས་པ་ཡིན་པར་ལོ་ཙཱ་བ་ལ་བལ་པོ་པཎྜི་ཏ་ཛ་ཧ་དུ་ན་རེ་བོད་ཡོན་ཏན་ལ་འཚམ་ཚོད་འཛིན་པའི་བླུན་པོ་དག་ཅིག་དཱི་པཾ་ཀ་ར་བཙུན་པོ་ཡིན་མཁས་པ་ཡིན་ཟེར་བ་ལ། ལོ་ཙཱ་བ་ཐུགས་མ་བདེ་ནས་ཀྲིརྣ་པཎྜི་ཏ་ཞེས་བྱ་བ་ཇོ་བོ་རྒྱ་གར་ན་མཁས་པར་གྲགས་སམ་ཞུས་པས་དེའི་རྒྱུ་མཚན་ཅི་ཡོད་གསུངས། སྔར་གྱི་དེ་བརྗོད་པར། པཎྜི་ཏའི་ཞལ་ནས་བལ་པོ་ཛ་ཧ་དུ་ལ་དེའི་གཉེར་ཅི་ཡོད། ཇོ་བོ་སྒྲ་ཚད་ལ་མཁས་པའི་རྒྱུ་མཚན་ངས་བཤད་ཀྱིས་གསུངས་ནས། ཇོ་བོ་ཉིད་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས་རྡོ་རྗེ་གདན་དུ་སྐོར་བ་མཛད་ཅིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ། རྡོ་རྗེ་གདན་དུ་ལོ་རེ་བཞིན་ཕྱི་པ་དང་ནང་པ་གཉིས་འཚོགས་ཤིང་རྩོད་པ་བྱས་ནས་གང་རྒྱལ་བའི་བསྟན་པ་ལ་འཇུག་དགོས་པ་འོང་། ནང་པ་ནང་པར་རྩོད། ཕྱི་པ་ཕྱི་པར་རྩོད་པ་ལ། ཇོ་བོ་བཞུགས་པའི་དུས་ན་ལྷོ་ཕྱོགས་ན་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་ཞིག་བྱུང་ནས་སངས་རྒྱས་པའི་བསྟན་པའི་བདག་པོ་ཁྱོད་ཡིན། མུ་སྟེགས་པའི་བདག་པོ་ཁོ་བོ་ཡིན་པས་རང་ཅག་གཉིས་རྩོད་པ་བྱས་ལ། རྒྱལ་བའི་བསྟན་པ་ལ་འཇུག་དགོས་ཟེར་ཏེ་རྒྱལ་པོ་དཔང་དུ་བཞག་ནས་རྩོད་པ་བྱས་པས་ཇོ་བོས་ཚེགས་མེད་པར་ཚར་བཅད་དེ་གདུགས་བཅུ་གསུམ་པོ་ཇོ་བོ་ལ་ཕུལ། ཞབས་སྤྱི་བོས་བླངས་ནས་ཕྱི་རོལ་པ་ཐམས་ཅད་ནང་པའི་བསྟན་པ་ལ་ཞུགས་སོ།།
ཡང་སང་ཕོད་ལོ་དུས་ན་མུ་སྟེགས་པའི་སྟོན་པ་གདུགས་བདུན་ཕུབ་པ་ཞིག་བྱུང་བ་ཡང་སླར་བཞིན་དུ་ཚར་བཅད། ཡང་གདུགས་ལྔ་ཕུབ་པ་སྒྲ་ཚད་ལ་མཁས་པ་ཕུལ་དུ་ཕྱིན་པ་ཞིག་བྱུང་བ་དང་ཡང་ཇོ་བོས་རྩོད་པར་ཞལ་གྱིས་བཞེས་ནས་དུས་བོར་ཏེ། དུས་ལ་བབས་པ་ན་གདུགས་ཚོད་སྔར་གསོལ་ཏེ་རྒོལ་ཕྱི་རྒོལ་གྱི་གདན་བཤམས། ཕྱི་ནང་གཡས་གཡོན་དུ་གྲལ་བྱས་རྒྱལ་པོ་གུང་ལ་བཞུགས། སྐྱེ་བོའི་ཚོགས་མང་པོ་ཡང་འདུས་པར་གྱུར་ཏོ། །དེ་ནས་རྩོད་པ་བྱས་པ་དང་། དང་པོ་པཎྜི་ཏ་ཀུན་གྱིས་གོ་བ་བྱུང་། དེ་ནས་སུམ་ཅུ་ཙམ་གྱིས་གོ་གཞན་གྱིས་མ་གོ །དེ་ནས་ཉི་ཤུ་ཙམ་གྱིས་གོ །དེ་ནས་བཅུ་ཙམ་གྱིས་གོ །དེ་ནས་ལྔ་ཙམ་གྱིས་གོ །དེ་ནས་ཤིན་ཏུ་ཕྲ་བར་གྱུར་ཏེ་ཁོང་རང་གཉིས་མ་ཡིན་པས་མ་གོ །དེ་ནས་མུ་སྟེགས་པ་དེས་སྒྲའི་ཚིགས་སུ་བཅད་པ་གཅིག་གི་དོན་དྲིས་པས་ཇོ་བོས་དུས་སུ་ལན་མ་ཐེབས་ནས་ཁྱོད་དེར་སྡོད་ཅིག་གསུངས་ནས། ནང་དུ་བཞུད་དེ་ཇོ་མོ་སྒྲོལ་མ་ལ་མཎྜལ་ཕུལ་ནས་གསོལ་བ་བཏབ་པས་ཇོ་མོས་བྱིན་གྱིས་བརླབས་ཏེ་དེའི་དོན་ཐུགས་ལ་ཝལ་གྱིས་བྱུང་ནས་ལན་བཏབ་པས་དེ་ཚར་བཅད། གདུགས་ལྔ་པོ་ཇོ་བོས་ལ་ཕུལ་ནས་ཞབས་སྤྱི་བོར་བླངས་མུ་སྟེགས་པ་ཐམས་ཅད་སློབ་མར་གྱུར་ཅིང་། སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དེ་ཇོ་བོ་འདི་སྒྲ་ཚད་ལ་ཤིན་ཏུ་མཁས་པ་ཡིན་གསུངས།
དེ་དག་དང་རྗེས་སུ་མཐུན་པ་གཙུག་ལག་རིག་པ་ལ་ཡང་མཁས་པ་ཡིན་ཏེ། རྟེན་འབྲེལ་བཅུ་གཉིས་ལ་ཡང་བརྟེན་པ་དང་། འབྱུང་བ་ཆེན་པོ་བཞི་ལ་བརྟེན་པ་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་བརྟེན་པ་དང་། གཟའ་ཆེན་པོ་བརྒྱད་ལ་བརྟེན་པ་དང་། ཉི་མ་བརྟག་པ་དང་། བྱའི་སྐད་བརྟག་པ་དང་། ས་དང་ནོར་བུ་རིན་པོ་ཆེ་དང་རལ་གྲི་དང་རྟ་དང་གླང་པོ་ཆེ་དང་སྐྱེས་པ་དང་བུད་མེད་བརྟག་པ་ལ་སོགས་པ་མ་ལུས་པར་མཁྱེན།
མདོར་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་མཁྱེན་ལ། སློབ་དཔོན་ཡོན་ཏན་མ་ལུས་པར་ཇོ་བོས་མཁྱེན་པ་ཡིན་ཏེ། ཇོ་བོ་ཡེར་པར་བཞུགས་དུས་ན་ཐིགས་པས་མར་མེ་བསད་པ་ལ་ཇོ་བོས་དཀོན་མཆོག་འོ་བརྒྱལ་ལོ་གསུངས་པས། དགེ་བཤེས་སྟོན་པས་བཞེངས་ཏེ་མེ་བཏོན་ནས་མར་མེ་སྤར་བས། ཇོ་བོའི་ཞལ་ནས་ཇི་ལྟར་བྱས་གསུངས། མེ་བཏོན་པ་ལགས་ཞུས་པས། སློབ་དཔོན་གྱི་ཡོན་ཏན་མ་ལུས་པར་ངས་ཤེས་པ་ལ། བྱི་ཚེ་ཕག་མགོ་དང་མེ་ཆ་ལ་སོགས་པ་ཅིའི་ཕྱིར་སློབ་དཔོན་གྱིས་མ་མཛད་གསུང་ངོ་།།
3 བཟོ་རིག་པ་ལ་སྦྱངས་པ།
བཟོ་རིག་པ་ནི་དྲ་བ་དང་དྲུབས་པ་དང་ལུགས་སུ་བླུགས་པ་དང་རིས་སུ་བྲི་བ་ལ་སོགས་པའི་བཟོའི་བསྟན་བཅོས་མ་ལུས་པར་མཁྱེན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུར་སྨྲ་བ་ལ་སོགས་པ་ནང་པས་མཛད་པའི་བཟོའི་བསྟན་བཅོས་དང་། ལྷ་ཆེན་པོ་ཤང་ཀར་གྱིས་བྱས་པའི་མེ་ཧར་ལ་སོགས་ལ་ཕྱི་རོལ་པའི་བསྟན་བཅོས་མང་པོ་ཡང་མཁྱེན་པ་ཡིན། བུ་རམ་ཤིང་གི་ལས་ཀྱི་མཐའ་བསྟན་བཅོས་ལ་སོགས་པ་ལས་ཀྱི་མཐའི་བསྟན་བཅོས་མ་ལུས་པ་མཁྱེན། འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་བྲམ་ཟེ་ཙ་ན་ཀས་མཛད་པ་དང་། རྒྱལ་པོ་ཙ་ན་ཀས་མཛད་པའི་ཙ་ན་ཀའི་བསྟན་བཅོས་དང་། སློབ་དཔོན་ཀླུ་སྒྲུབ་དང་མ་སུ་རཀྵ་དང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་མང་པོ་མཁྱེན་ཏེ། དེ་ལྟར་བཟོ་དང་ལས་ཀྱི་མཐའི་བསྟན་བཅོས་ལ་མཁས་པས་ཇོ་བོ་ཉིད་ཀྱི་ཞལ་ནས་ཁྱེད་བོད་ལ་བཟོའི་བསྟན་བཅོས་མེད་པས་བཟོ་ཚད་གཅིག་ཏུ་མི་འོང་བ་ཡིན། ངེད་རྒྱ་གར་ན་བཟོ་ཐམས་ཅད་ལ་བསྟན་བཅོས་ཡོད་པས་ཚད་གཅིག་ལ་འཆུག་མེད་པ་ཡིན་གསུང་ངོ་།།
4 གསོ་བ་རིག་པ་ལ་སྦྱངས་པ།
གསོ་བ་རིག་པ་ནི་སྲོག་ཆགས་ཀྱི་གཙོ་བོ་མི་གླང་རྟ་གསུམ་ལབརྟེན་ནས་བཅོས་ཐབས་དཔག་ཏུ་མེད་པ་ཡོད་དོ། །དེ་ཡང་རྒྱལ་བ་ལྷས་མཛད་པ་དང་། གང་ཟག་མིས་མཛད་པ་གཉིས་ལས། དང་པོ་ལ་རིགས་གསུམ་མགོན་པོས་མཛད་པའི་གསོ་བ་རིག་པའི་བསྟན་བཅོས་དང་། འཚོ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་དང་། སྨན་དཔྱད་གཞན་ལ་ཕན་པའི་མདོ་དང་། རིག་པ་རྩའི་མདོ་དང་། འཚོ་བ་ཟས་ཀྱི་མདོ་ལ་སོགས་པ་བདེ་བར་གཤེགས་པས་གསུངས་པ་མང་པོ་མཁྱེན། གཉིས་པ་ལ་དྲང་སྲོང་ལེགས་ཐོབ་ཀྱིས་མཛད་པའི་སྨན་ཡིག་ལེགས་ཐོབ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཡན་ལག་བཞི་པ་དང་། རྟ་དབྱངས་ཀྱིས་མཛད་པའི་ཡན་ལག་བརྒྱད་པ་ལ་སོགས་པ་མ་ལུས་པ་མཁྱེན། ཇོ་བོ་ཉིད་ཀྱིས་ཀྱང་འཚོ་བའི་སྙིང་པོ་ཞེས་བྱ་བ་མཛད། ཇོ་བོ་བོད་དུ་བྱོན་ནས་ཐུགས་དགོངས་ལ་གསོ་བ་རིག་པ་འདི་བོད་ན་སྨན་མེད་པས་ནུབ་ལ་འགྲོ་ལ་ཆེ་སྙམ་པ་ལ། རྗེ་བཙུན་མ་སྒྲོལ་མ་གཡུ་བྱ་ནེ་ཙོ་གཅིག་ཏུ་སྤྲུལ་ཏེ་བྱོན་ནས་སྨན་བཏབ་པར་བགྱི་གཤེགས་པར་ཞུ་ཟེར་ཏེ། དེའི་ཕྱིར་བྱོན་པས་བོད་ཀྱི་རི་ལུང་ཐམས་ཅད་ཀྱི་སྨན་མ་ལུས་པར་བསྟན། ཇོ་བོའི་ཞལ་ནས་རྒྱ་གར་གྱི་སྨན་རེ་ལ་བོད་ན་སྨན་རེ་ཅི་ནས་ཀྱང་འདུག །སླར་བོད་ཀྱི་སྨན་རང་ནུས་པ་ཆེ་བ་ཙམ་འདུག་གསུངས། ཇོ་བོས་བསམ་ཡས་སུ་སྨན་དཔྱད་ཡན་ལག་བརྒྱད་པ་གསུངས་པའི་དུས་སུ་བྲག་རྒྱབ་ཀྱི་དྭགས་པོ་འབུམ་པོའི་ཕས་མཉན་པས་སྨད་དཔྱད་ཤིན་ཏུ་མཁས་པར་གྱུར་གསུང་ངོ་།།
5 ནང་རིག་པ་ལ་སྦྱངས་པ།
1} ཐེག་པ་ཐུན་མོང་ལ་སྦྱངས་པ།
ནང་རིག་པ་ལ་ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོ་གཉིས་ལས། དང་པོ་ལ་རྩ་བའི་སྡེ་བཞིའི་ལྟ་བ་སྤྱོད་པ་སྟོན་པ་སྤྱིའི་སྡེ་སྣོད་དགྲ་བཅོམ་པ་ཉེར་སྦས་ཀྱིས་བསྡེབས་པའི་བྱེ་བྲག་བཤད་མཚོ་ཆེན་པོ་ཞེས་བྱ་བ་བམ་པོ་སུམ་བརྒྱ་ཡོད་དེ། ཨོ་ཏནྟ་པུ་རིར་བླ་མ་དྷརྨ་རཀྵི་ཏ་ལ་ཞག་དྲུག་དྲུག་གསན་ཞིང་བདུན་ཕྱིར་བྱོན་ནས་ཉན་ཐོས་ལ་ནུབ་ཚངས་བསྲུངས། སྤྱིར་དགེ་འདུན་ཐམས་ཅད་ཐུན་མོང་དུ་གསོལ་བ་ལས་ཇོ་བོ་ལ་གཞན་དང་མ་བསྙམས་པར་མ་ཧེའི་ཞོ་ཐོམ་བུ་རེ་དང་ཀ་རའི་བདར་མཐོ་རེ་བ་རེ་ལྷག་པར་འདྲེན། སྤྱིར་ལོ་བཅུ་གཉིས་དགོས་ཀྱང་ཇོ་བོ་བརྩོན་འགྲུས་ཆེ་བས་ལོ་བདུན་ལ་ཐོན་སྐད། དཔེ་བཤེས་སྟོན་པ་ནི་རྨི་ལམ་དུ་གསན་པར་བཞེད་དོ།།
སོ་སོའི་ལ་ཕལ་ཆེན་པའི་འདུལ་བ་མདོ་སྡེ་མངོན་པ་མ་ལུས་པ་མཁྱེན། གནས་བརྟན་པ་དང་མང་པོས་བཀུར་བའི་མང་དུ་གསན་ཞིང་གཟིགས་པས་མཁྱེན། རྩ་བའི་སྡེ་བཞིའི་ལག་ལེན་ཐ་ན་བྱིན་ལེན་དང་རུང་ཆུ་ཡན་ཆད་མ་འདྲེས་པར་འབྱེད་མཁྱེན། དེ་ལས་གྱེས་པ་སྡེ་པ་བཅོ་བརྒྱད་ཀྱི་རྟེན་འབྲེལ་གྱི་འཁོར་ལོ་མི་འདྲ་བ་བཅོ་བརྒྱད། སྡོམ་པ་གཏོང་ཐོབ་མི་འདྲ་བ་བཅོ་བརྒྱད་ཡོད་པ་དེ་ཐམས་ཅད་མ་འདྲེས་པར་མཁྱེན་གསུང་ངོ་།།
2} ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་སྦྱངས་པ།
ཐེག་པ་ཆེན་པོ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ལས། དང་པོ་ལ་གསུམ་ལས། བདེན་པ་བཞིའི་སྒོར་ཞུགས་པའི་ཐེག་པ་ཆེན་པོ་ནི་ལུང་དབྱུག་པ་གསུམ་གྱི་ཕྲེང་བ་དང་། རིགས་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མདོ་སྡེ་རྒྱན་ལ་སོགས་པ་ཡོད་དེ། བླ་མ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ལ་བརྟེན་ནས་བྱང་ཆུབ་སེམས་སྦྱོང་ལ་དྷརྨ་རཀྵི་ཏ་ལ་གསན་ནས་མཁྱེན། མདོ་སྡེ་གཞན་གྱི་སྒོར་ཞུགས་པའི་ཐེག་པ་ཆེན་པོ་ནི་ད་ལྟའི་མདོ་མང་འདི་རྣམས་ཏེ། ཇོ་བོས་མཁྱེན་པས་དགེ་བཤེས་སྟོན་པ་ལ་ཇོ་བོའི་ཞལ་ནས་མདོ་འདི་ཐམས་ཅད་ཉམས་སུ་ལེན་པའི་གདམས་ངག་དང་བཅས་པ་ཤེས་ཏེ་ཁྱོད་ལ་ཚར་རེ་བྱའམ་གསུངས་པ་ལ། བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མཆི་ལགས་མི་ཞུ་གསུངས་ནས་མ་ཞུས་པར་གདའ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོར་ཞུགས་པའི་ཐེག་པ་ཆེན་པོ་ལ། ལྟ་བ་སེམས་ཙམ་དུ་བཀྲོལ་བ་སློབ་དཔོན་རཏྣ་ཨ་ཀ་ར་ཤནྟིའི་ལུགས་དང་། དབུ་མར་བཀྲོལ་བ་སེངྒེ་བཟང་པོའི་ལུགས་ལ་སོགས་པ་མཁྱེན།
གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་འདུལ་བ་མངོན་པ་མ་ལུས་པ་དང་། མདོ་འགྲེལ་མ་ལུས་པ་དང་། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་མཛད་པའི་དབུ་མའི་བསྟན་བཅོས་མང་པོ་དང་། སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པས་མཛད་པའི་རྣལ་འབྱོར་སྤྱོད་པའི་བསྟན་བཅོས་མང་པོ་དང་། གྲུབ་མཐའ་ལ་སོགས་པ་མ་ལུས་པ་མཁྱེན་ཏེ། ཇོ་བོ་ཉིད་ཀྱི་ཞལ་ནས་རྒྱ་གར་ན་བཞུགས་པའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་བྲིས་ནས་འབི་ཀྲ་མ་ཤཱི་ལར་བཞུགས་ནས་ཡོད་གསུང་ངོ་།།
3} ཐེག་པ་ཆེན་པོ་གསང་སྔགས་ལ་སྦྱངས་པ།
ཐེག་པ་ཆེན་པོ་གསང་སྔགས་ལ། ལ་ལ་རྒྱུད་སྡེ་བཞིར་འདོད། ལ་ལ་ལྔར་འདོད་པ་ལ། ཇོ་བོའི་བཞེད་པས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྟོག་པའི་རྒྱུད། གཉིས་ཀའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་བདུན་དུ་བཞེད་དེ། དེ་སྐད་དུ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་རྒྱུད་སོ་སོའི་དབྱེ་བ་གསུངས་པ། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་གྱི་རྒྱུད་གྲངས་མེད། རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་རྒྱས་པར་ཕྱེ་ན་གྲངས་མེད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་རྒྱས་པར་ཕྱེ་ན་གྲངས་མེད་དོ་ཞེས་སོ།།
དེ་ལ་བྱ་བའི་རྒྱུད་གཟུངས་ཐམས་ཅད་དང་། རིག་པ་མཆོག་གི་རྒྱུད་དང་། གར་མཁན་མཆོག་གི་རྒྱུད་དང་། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་དང་། དཔུང་པ་བཟང་པོའི་རྒྱུད་དང་། འཇམ་དཔལ་རྩ་བའི་རྒྱུད་ཆེན་པོ་དང་། ཙུན་དའི་རྒྱུད་དང་། རྡོ་རྗེ་གཙུག་ཏོར་དང་། ཨ་མོ་གྷ་པ་ཤ་དང་། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལ་སོགས་པ་དང་སྟོང་ཕྲག་བཞི་པོ་མ་ལུས་པར་མཁྱེན། སྤྱོད་པའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་། ལག་པ་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་སྟོང་ཕྲག་བརྒྱད་པོ་མ་ལུས་པར་མཁྱེན།
རྟོག་པའི་རྒྱུད་སྒྲོལ་མ་འབྱུང་བའི་རྒྱུད་དང་། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་དང་། རྟོག་པ་ཀུན་ལས་བཏུས་པའི་རྒྱུད་ལ་སོགས་པ་སྟོང་ཕྲག་བཞི་པོ་མ་ལུས་པ་མཁྱེན། གཉིས་ཀའི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། པདྨ་གར་གྱི་དབང་ཕྱུག་གི་རྒྱུད་ལ་སོགས་པ་སྟོང་ཕྲག་དྲུག་པོ་མ་ལུས་པར་མཁྱེན། རྣལ་འབྱོར་གྱི་རྒྱུད་ཏ་ཐ་སཾང་ཀྲ་ཧ་དང་། དཔལ་མཆོག་དང་པོ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ཡོ་ག་རྣམ་པར་རྒྱལ་བ་དང་། རྡོ་རྗེ་རྩེ་མོའི་རྒྱུད་ལ་སོགས་པ་གྲངས་མེད་པ་རྣམས་མཁྱེན། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་བཤད་རྒྱུད་དང་བཅས་པ་དང་། ཟླ་གསང་ཐིག་ལེ་དང་། གཤིན་རྗེ་གཤེད་ནག་པོ་དང་། ལྷ་ཐམས་ཅད་འདུས་པ་དང་། ཐམས་ཅད་གསང་བ་དང་། འདུལ་བ་དོན་ཡོད་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་དང་། ནམ་མཁའ་དང་མཉམ་པ་ཆུང་ངུ་དང་། གཉིས་སུ་མེད་པ་རྣམ་པར་རྒྱལ་བ་དང་། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལ་སོགས་པ་སྟོང་ཕྲག་བཅུ་གཉིས། རྒྱས་པར་ཕྱེ་ན་གྲངས་མེད་པ་བཞུགས་པ་རྣམས་མ་ལུས་པར་མཁྱེན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དཔལ་ནམ་མཁའ་དང་མཉམ་པ་དང་། དཔལ་འཁོར་ལོ་སྡོམ་པ་དང་། སྒྱུ་མ་ཆེན་མོ་དང་། རྡོ་རྗེ་གདན་བཞི་དང་། སངས་རྒྱས་མཉམ་སྦྱོར་དང་། སངས་རྒྱས་ཐོད་པ་དང་། དགྱེས་པ་རྡོ་རྗེ་འབུམ་ཕྲག་ལྔ་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཅུ་གཉིས། རྒྱས་པར་ཕྱེ་ན་གྲངས་མེད་པ་བཞུགས་པ་རྣམས་མ་ལུས་པར་མཁྱེན། རྒྱུད་སྡེ་དེ་རྣམས་མཁྱེན་པར་ཡང་རིགས་ཏེ། དུས་དང་གནས་སྐབས་གཞན་དུ་གསན་པ་མ་གཏོགས་པ་ནུབ་ཅིག་གི་རྨི་ལམ་དུ་གསན་པ་ཡང་བློའི་ཡུལ་ལས་འདས་པའི་ཕྱིར་རོ།།
དེ་ཡང་རྒྱུད་སྡེ་ཐམས་ཅད་མཁྱེན་སྙམ་པའི་ཐུགས་དགོངས་མངའ་བ་ལ། ནུབ་ཅིག་རྨི་ལམ་དུ་འགོ་སོ་མ་པུ་རིའི་སྒོ་སྲུང་གི་པཎྜི་ཏ་དཔལ་ངག་གི་དབང་ཕྱུག་གྲགས་པ་དང་མཇལ། གསེར་གྱི་མ་ནི་པ་ཏྲ་སྙིམ་པ་གང་ཕུལ། བརྡའི་ཕྱག་བཅུ་གཉིས་བཙལ་ནས། རྒྱུད་འབུམ་ཕྲག་དང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན། མནལ་སད་པ་ན་ཐམས་ཅད་མ་བརྗེད་པར་མཁྱེན་ནས་གདའ་སྐད། དེའི་ནང་ན་དོན་དམ་པའི་རྒྱུད་དྲུག་ཅེས་པ་མཐར་ཐུག་འབའ་ཞིག་སྟོན་པ་ཡང་བཞུགས་ཤིང་གདའ་སྐད།
དེ་ནས་ཡང་གསང་སྔགས་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ནུབ་ཅིག་རྨི་ལམ་ན་མདུན་གྱི་ནམ་མཁའ་ལ་མཁའ་འགྲོ་མ་མང་པོས་སྔགས་ཀྱི་གླེགས་བམ་མང་པོ་བཅེར་ནས་རྒྱུད་འདི་འདི་སྐད་བྱ་བ་ཡིན་ན་འདི་ཁྱེད་ཀྱིས་ཤེས་སམ་ཞེས་བྱ་བ་ལ་སོགས་པ་གསུངས་ནས། ཇོ་བོས་སྔར་མཚན་ཡང་མ་ཐོས་པའི་རྒྱུད་མང་པོ་བཞུགས་ནས་གདའ། ལོགས་ཤིག་ན་གླེགས་བམ་ནག་ཆུང་ཁག་གཅིག་འདུག །འདི་ཅི་ཡིན་ཞུས་པས་འདི་རྣམས་ཁྱོད་ཀྱིས་ཤེས་པ་རྣམས་ཡིན་གསུངས་པས་དེར་ཐུགས་རྒྱལ་ཆག།
ཇོ་བོའི་ཞལ་ནས་མི་ཡུལ་ན་ཐེག་པ་ཆུང་ངུའི་འདུལ་བ་ཉུང་། དེ་བས་ཐེག་པ་ཆེན་པ་ཆུང་ངུའི་མདོ་མདོ་མང་། དེ་རྣམས་ལས་ཐེག་པ་ཆེན་པོའི་མདོ་སྡེ་མང་། དེ་ཐམས་ཅད་ལས་ཐེག་པ་ཆེན་པོའི་མངོན་པ་མང་། དེ་ཐམས་ཅད་ལས་བྱ་བའི་རྒྱུད་མང་། དེ་ཐམས་ཅད་ལས་རྣལ་འབྱོར་གྱི་རྒྱུད་མང་། དེ་ཐམས་ཅད་ལས་མ་རྒྱུད་མང་། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་ལས་ཤེས་རབ་ཀྱི་རྒྱུད་མང་སྟེ། མི་ཡུལ་ན་བཞུགས་པ་མ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ན་ཡང་བསམ་གྱིས་མི་ཁྱབ་པ་བཞུགས། འགྲོ་བ་མཐོ་དམའི་དོན་ཡང་འདིའི་སྒོ་ནས་བྱས་པ་མང་གསུངས། ཡང་ཇོ་བོའི་ཐུགས་དགོངས་ལ་འོན་ཀྱང་མི་ཡུལ་ན་བཞུགས་པའི་ཐེག་པ་ཆེན་པོ་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས་བསམ་ཡས་དཔེ་དཀར་གླིང་གི་དཀོར་མཛོད་ཅིག་ཁ་ཕྱེ་ནས་རྒྱ་དཔེ་གཟིགས་པས་སྔར་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་ཤིང་གདའ་སྐད་དེ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་ལྷ་ཀླུའི་ཡུལ་དང་དཔལ་ཤི་ལེན་ཏྲ་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་སྤྱན་དྲངས་པས་མང་བ་ཡིན་གསུངས།
ཇོ་བོའི་ཞལ་ནས་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ་པ་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁའ་ནས་གཞལ་ཡས་ཁང་དཔག་ཏུ་མེད་པའི་སྒོ་ཕྱེ་ནས་རྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ་འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་བ་མཛད་ནས་བོད་ཀྱི་བསྟན་པ་དར་དུས་དེ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བར་འདུག་གསུང་ངོ་།།
4} ཕྱི་རིག་པ་ལ་སྦྱངས་པ།
ཕྱི་རིག་པ་ཅེས་པ་ཕྱི་རོལ་མུ་སྟེགས་པའི་ཆོས་ཡིན་ཏེ། རིག་བྱེད་པ། གྲངས་ཅན་པ། བྱེ་བྲག་པ། དཔྱོད་པ་བ་ཞེས་བྱ་བ་རྩ་བའི་སྡེ་བཞི་ལ་བརྟེན་པའི་གཞུང་ལུགས་མང་པོ་ཇོ་བོས་མཁྱེན་ཏེ། ཁྱབ་འཇུག་གིས་བྱས་པའི་གཞུང་མང་པོ་དང་། དབང་ཕྱུག་ཆེན་པོས་བྱས་པའི་གཞུང་མང་པོ་དང་། དྲང་སྲོང་ཆེན་པོ་སེར་སྐྱས་བྱས་པའི་གྲངས་བདུན་ཅུ་ལ་སོགས་པ་ཕྱི་རོལ་པའི་བསྟན་བཅོས་མང་པོ་དང་། རྣལ་འབྱོར་སྙིང་པོ་ལ་སོགས་པ་ཕྱི་རོལ་པའི་གསང་སྔགས་མང་པོ་དང་། མུ་སྟེགས་ཀྱི་གྲུབ་མཐའ་མ་ལུས་པ་ཡང་མཁྱེན་པ་ཡིན་གསུང་། ཇོ་བོའི་ཞལ་ནས་རྒྱ་གར་ན་མི་བརྒྱའི་ནང་ནས་གྲུབ་མཐའ་འཛིན་པ་གཅིག་ལས་མི་འོང་། གྲུབ་མཐའ་འཛིན་པ་བརྒྱའི་ནང་ནས་ནང་པ་གཅིག་ལས་མི་འོང་། ནང་པ་བརྒྱའི་ནང་ནས་ཐེག་པ་ཆེན་པོ་བ་གཅིག་ལས་མི་འོང་གསུང་ངོ་།།
༢ བརྒྱུད་པའི་གདམས་ངག་དང་ལྡན་པའི་བླ་མ་ཇི་ལྟར་བསྟེན་པ།
རྒྱུད་པའི་གདམས་པ་དང་ལྡན་པའི་བླ་མ་ཇི་ལྟར་བསྟེན་པ་ནི། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས། ཇོ་བོས་བླ་མ་དམ་པ་བཙལ་བའི་ཕྱིར་རྒྱ་མཚོ་ཆེན་པོར་ཡང་ལན་གསུམ་ཞུགས། དམ་པའི་ཆོས་ཀྱི་ཕྱིར་རྟག་ཏུ་ངུ་བཞིན་དུ་ལུས་དང་སྲོག་ལ་མ་གཟིགས་པར་རྒྱ་གར་ཡུལ་དབུས་ཆེན་པོ་འདི་དང་། ལྷོ་དང་ཁ་ཆེ་དང་ཟ་ཧོར་དང་གསེར་གླིང་དང་ཟངས་གླིང་དང་ནས་གླིང་ལ་སོགས་པར་བྱོན་ནས་ཆོས་ལུགས་རེ་རེ་ལ་ཡང་བླ་མ་དཔག་ཏུ་མེད་པ་བཙལ། ཨུ་རྒྱན་དུ་བྱོན་ནས་ཐེག་པ་ཆེན་པོ་གསང་སྔགས་ལ་མཁས་པར་གྲགས་པ་དང་། མ་གྲགས་པའི་ཡོན་ཏན་ནང་དུ་སྦེད་པའི་རྣལ་འབྱོར་པ་མང་པོ་ལ་ཡང་ཆོས་ཞུས། བླ་མ་དེ་རྣམས་ཐམས་ཅད་ཀྱང་གྲུབ་པ་ཐོབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པ་ཤ་སྟག་ཡིན་གསུངས།
བླ་མ་དེ་རྣམས་ལ་སྤྱིར་རྒྱུད་པ་མང་ན་ཡང་ཐེག་པ་ཐུན་མོང་བའི་རྒྱུད་པ་དང་། ཐེག་པ་ཆེན་པོའི་རྒྱུད་པ་གཉིས་ཡིན་གསུང་། ཐེག་པ་ཐུན་མོང་བའི་རྒྱུད་པ་ནི། འཕགས་པ་འཇམ་དཔལ་གྱིས་སངས་རྒྱས་ཡེ་ཤེས་ཞབས་ལ་གསུངས། དེས་མར་མེ་མཛད་བཟང་པོ་ལ། དེས་ཡི་གེ་བ་ལ། དེས་ཀརྣ་པ་ལ། དེས་མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲ་ཆེན་པོ་ལ། དེས་ཇོ་བོ་ལ་གསུངས་ཏེ། རྒྱུད་པ་བདུན་པོ་དེ་རྣམས་ཐེག་པ་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པ། མཚན་ཙམ་ཐོས་པས་ཀྱང་སྒྲིབ་པ་དཔག་ཏུ་མེད་པ་འཛད་ཅིང་ཚོགས་དཔག་ཏུ་མེད་པ་རྫོགས་པ་ཡིན་གསུང་།
ཐེག་པ་ཆེན་པོའི་རྒྱུད་པ་ལ་ལྔའམ་བཞི་ཡིན་ཏེ། ལྔ་ནི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་པ་དང་། ཕ་རོལ་ཏུ་ཕྱིན་པའི་རྒྱུད་པ་དང་། ཐུན་མོང་གི་རྒྱུད་པ་དང་། གྲུབ་པ་ཐོབ་པའི་རྒྱུད་པ་དང་། བྱིན་རླབས་ཀྱི་རྒྱུད་པའོ། །གསང་སྔགས་ཀྱི་རྒྱུད་པ་ལ་ཡང་། གསང་སྔགས་མཐའ་དག་གི་རྒྱུད་པ་དང་། གསང་བ་འདུས་པའི་རྒྱུད་པ་དང་། མ་རྒྱུད་ཀྱི་རྒྱུད་པ་དང་། ཀྲི་ཡོག་གི་རྒྱུད་པ་དང་། གཤིན་རྗེ་གཤེད་ཀྱི་རྒྱུད་པ་ལྔ་ལས། གསང་སྔགས་མཐའ་དག་གི་རྒྱུད་པ་ནི་སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་ཝ། ཏེ་ལ་ཛོ་གི །ཙ་ཏི་པ་ལ། མན་ཛུ་ཤྲཱི་པ་ཏྲ། ཤནྟི་པ། ཇོ་བོ་སྟེ་རྒྱུད་པ་དེ་རྣམས་ཀྱི་གསང་སྔགས་མ་ལུས་པའི་གདམས་པ་ཇོ་བོ་ལ་མངའ་བ་ཡིན།
ཡང་ལུགས་གཅིག་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས། སངས་རྒྱས་གསང་བ། སངས་རྒྱས་ཞི་བ། ཀུ་སུ་ལུ་ཆེན་པོ། ཀུ་སུ་ལུ་ཆུང་བ། ཇོ་བོ་སྟེ། རྒྱུད་པ་དྲུག་པོ་དེ་རྣམས་ཀྱང་གསང་སྔགས་མཐའ་དག་གི་རྒྱུད་པ་ཡིན། དེ་རྣམས་ཀྱི་གདམས་པ་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན་གསུངས། གསང་བ་འདུས་པའི་རྒྱུད་པ་ནི་རྒྱལ་པོ་ཨིནྡྲ་བོདྷི་ཞེས་བྱ་བ་ཨུ་རྒྱན་གྱི་ཡུལ་ཕོ་བྲང་རིམ་པ་བཅུ་གསུམ་གྱི་སྟེང་ན་བཞུགས་པའི་དུས་སུ་བྱ་སེར་པོ་ཁྱུ་རེ་སྔ་དྲོ་ལྷོ་ཕྱོགས་སུ་སོང་ཞིང་། ཕྱི་དྲོ་བྱང་ཕྱོགས་སུ་ལྡོག་པ་གཟིགས། བློན་པོ་རྒྱལ་བཟང་ལ་དྲིས་པས་རྒྱུས་མེད་ཟེར། གྲོང་ཁྱེར་བའི་མི་ལ་དྲིས་པས་བྱ་མ་ཡིན་ཟས་གཙང་གི་སྲས་པོ་སངས་རྒྱས་པའི་འཁོར་དགྲ་བཅོམ་པ་རྣམས་རྫུ་འཕྲུལ་གྱིས་བསོད་སྙོམས་ལ་བྱོན་ཞིང་ལོག་པ་ཡིན་ཟེར་བས་ཤིན་ཏུ་དད་དེ། གསོལ་བ་བཏབ་པས་ཕོ་བྲང་དུ་བྱོན་པ་ལ་བསྙེན་བཀུར་བྱས་ནས། བཙུན་པ་བཅོམ་ལྡན་འདས་བདག་སྐྱེ་རྒ་ན་འཆི་ལས་ཐར་བའི་ཐབས་བསྟན་དུ་གསོལ་ཞེས་ཞུས་པས། ཁབ་སྤོངས་གསུངས། ཁབ་སྤངས་པ་རྔོ་མི་ཐོགས་པས་དེ་མ་སྤངས་བཞིན་དུ་འཚང་རྒྱ་བའི་ཐབས་བསྟན་དུ་གསོལ་ཞེས་ཞུས་པས། རྡོ་རྗེ་འཆང་དུ་སྤྲུལ་ནས་རྒྱལ་པོ་འཁོར་དང་བཅས་པ་ལ་དབང་བསྐུར་མཛད། གསང་བ་འདུས་པའི་རྒྱུད་གདམས་ངག་དང་བཅས་པ་བསྟན་པས་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ཨུ་རྒྱན་གྱི་ཡུལ་སྟོངས་པ་ཙམ་དུ་སོང་། དེར་སངས་རྒྱས་ཀྱིས་ཡུལ་དེ་ཀླུའི་སྣང་ངོར་མཚོར་བྱིན་གྱིས་བརླབས་ནས་ཀླུའི་བུ་ཕོ་མོ་མང་པོ་བཀུག་ནས་རྒྱུད་ཐམས་ཅད་གཏད། དེ་རྣམས་ཀྱིས་ཉམས་སུ་བླངས་པས་མི་ཇི་འདྲ་ལ་རྡོ་རྗེ་མཁའ་འགྲོ་མར་གྱུར་ནས་རྒྱུད་ཀྱི་བདག་པོ་བྱེད་པར་གྱུར་ཏེ། རྒྱལ་པོ་དེས་ཀླུ་མོ་རྣལ་འབྱོར་མ་ལ། དེས་ལྷོ་ཕྱོགས་ན་ར་ཞེས་བྱ་བ་ན་བྲམ་ཟེ་བཟའ་མི་གཉིས་ལ་བུ་ཤེས་རབ་ཀྱི་རྟགས་དང་ལྡན་པ་ཞིག་བྱུང་། དེ་གཞོན་ནུ་ལ་བྲམ་ཟེའི་རིག་བྱེད་ཐམས་ཅད་ལ་མཁས་པར་གྱུར་པའི་དུས་སུ་བུ་མོ་གཞོན་ནུ་ཞིག་ཏུ་སྤྲུལ་ནས་ཁྱོད་ཀྱིས་སྐྱེ་བ་སྔ་མའི་སྒོམ་འཕྲོ་འདི་ཡིན་ཞེས་ཚིགས་བཅད་བསྟན་ནས་ཕྱག་རྒྱ་ཆེན་པོའི་གནས་སུ་སོང་བྱས་པས། དེར་ནགས་སུ་ཕྱིན་ཏེ་བསྒྲུབས་པས་དངོས་གྲུབ་ཐོབ་པ་ནི་བྲམ་ཟེ་ཆེན་པོ་ས་ར་ཧ་ཞེས་གྲགས་སོ།།
དེས་སློབ་དཔོན་ཀླུ་སྒྲུབ། ཙ་ན་ཀིརྟི། བིརྒྱ་མཻ་ཏྲི། ཙོ་བི་པ་ཏ་རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཤནྟི་པ། ཇོ་བོ་སྟེ་རྒྱུད་པ་བཅུ་གཅིག་པོ་དེ་དང་། ཡང་འཕགས་པ་ཀླུ་སྒྲུབ། ཟླ་བ་གྲགས་པ། རིགས་པའི་ཁུ་བྱུག །ཀུ་སུ་ལུ་ཆུང་བ། ཇོ་བོ་སྟེ་རྒྱུད་པ་ལྔ་དང་། ཡང་སངས་རྒྱས་ཡེ་ཤེས་ཞབས་ཆེན་པོ། པདྨ་བ། རྒྱལ་པོ་ཨིནྡྲ་བོདྷི། ལྕམ་ལེགས་སྨིན། རྒྱལ་པོ་སྤྱི་བོ་སྐྱེས། འཇམ་དཔལ་བཤེས་གཉེན། སངས་རྒྱས་ཡེ་ཤེས། ཀམ་པ་ལའི་ཞབས། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཤནྟི་པ། ཇོ་བོ་སྟེ་རྒྱུད་པ་བཅུ་གསུམ་མོ། །དེ་ལྟར་གསང་འདུས་ལ་རྒྱུད་པ་ཚར་གསུམ་གྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་ཞེས་གསུངས།
མ་རྒྱུད་ཀྱི་རྒྱུད་པ་ནི་སློབ་དཔོན་ཀླུའི་པ། འདང་གི་པ། དྷ་རི་ཀ་པ། བྲམ་ཟེ་ཛེ་ཏ་རི། ཇོ་བོ་སྟེ། རྒྱུད་པ་ལྔ་པོ་དེ་ཡང་བདེ་མཆོག་གིས་བྱིན་གྱིས་བརླབས་པ། མཁའ་འགྲོ་མས་ལུང་བསྟན་ཐོབ་པ། རྣལ་འབྱོར་པ་སྒྲུབ་པ་ཚུལ་དང་མཐུན་པར་བྱས་པ། རིག་པ་ལས་སུ་རུང་བ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ཏེ། དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུང་། ཀྲི་ཡོག་གི་རྒྱུད་པ་ནི་སངས་རྒྱས་ཡེ་ཤེས། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སུ་ལུ་ཆེན་པོ། ཀུ་སུ་ལུ་ཆུང་བ། ཇོ་བོ་སྟེ། རྒྱུད་པ་དྲུག་པོ་དེའི་ཡང་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུང་།
གཤིན་རྗེ་གཤེད་ཀྱི་རྒྱུད་པ་ནི་ཀ་མ་ལ་རཀྵི་ཏ། ནག་པོ་ཞབས་ཆེན་པོ། ཇོ་བོ་སྟེ། བླ་མ་གསང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ། ཡང་ཇོ་བོ་ལ་མངའ་བ་ཡིན་གསུང་། དེ་ལྟར་བླ་མ་དེ་རྣམས་གསང་སྔགས་ལ་གྲགས་པའི་ཡོན་ཏན་མ་ལུས་པ་མངའ་ཞིང་། ཇོ་བོ་ལ་གདམས་པ་མ་ལུས་པ་གནང་། ཇོ་བོས་ཀྱང་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་ལོན་པ་ཡིན། དེ་རྣམས་སྔགས་ལ་མཁས་པར་གྲགས་སུ་ཟད་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་མེད་པ་མ་ཡིན་གསུང་ངོ་།།
ཕ་རོལ་ཏུ་ཕྱིན་པའི་རྒྱུད་པ་ལ་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཏེ། ལྟ་བ་རྣམ་པར་དག་པའི་རྒྱུད་དང་། སྤྱོད་པ་རྣམ་པར་དག་པའི་རྒྱུད་དོ། །ལྟ་བའི་རྒྱུད་པ་ནི་སློབ་དཔོན་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཨ་ཝ་དྷཱུ་ཏི་པ་ཆེན་པོ། ཨ་ཝ་དྷཱུ་ཏི་པ་ཆུང་ངུ་། ཇོ་བོ་སྟེ། རྒྱུད་པ་དྲུག་པོ་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་འདི་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན། སྙེ་ཐང་ལ་བཞུགས་པའི་དུས་སུ་སློབ་དཔོན་རིགས་པའི་ཁུ་བྱུག་ལ་ཡང་ཆོས་ཐུན་འགའ་མཉན་གསུང་། ཇོ་བོ་དང་པོ་བླ་མ་རཏྣ་ཨ་ཀ་ར་ཤནྟི་པའི་ལྟ་བ་སེམས་ཙམ་རྣམ་བརྫུན་འཛིན་པ་ལ་ཕྱིས་དེ་བོར་ནས་སློབ་དཔོན་ཀླུ་སྒྲུབ་ལུགས་ཀྱི་ལྟ་བ་འཛིན་པ་ཡིན། ལྟ་བ་དེ་འབོར་བ་ལ་ཇོ་བོས་བླ་མ་ཤནྟི་པ་ལ་འབུལ་བ་ཆེན་པོ་བྱས་ཀྱང་མ་མཉེས་ཏེ་སློབ་མ་བྱ་བ་ལྟ་བ་འཛིན་པ་གཅིག་དགོས་པ་ཡིན་གསུང་སྐད་དོ། །དེ་རྣམས་ལྟ་བ་རྣམ་པར་དག་པའི་རྒྱུད་པ་ཡིན་བྱས་སུ་ཟད།
སྤྱོད་པ་རྣམ་པར་དག་པ་མེད་པ་མ་ཡིན་གསུང་། སྤྱོད་པ་རྣམ་པར་དག་པའི་རྒྱུད་པ་ནི་རྒྱལ་བྱམས་པ་ནས་རྒྱུད་པ་དང་། འཕགས་པ་འཇམ་དཔལ་ནས་རྒྱུད་པ་གཉིས་ལས། བྱམས་པ་ནས་རྒྱུད་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ། རྒྱལ་ཚབ་ཏུ་དབང་བསྐུར་བ་བྱམས་པ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་མཐུས་འཕགས་པ་བྱམས་པ་ལ་ཆོས་གསན་ནས་འཛམ་བུ་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་མཛད་པའི་སློབ་དཔོན་ཐོགས་མེད། སྐྱེ་བ་ལྔ་བརྒྱ་པཎྜི་ཏར་འཁྲུངས་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ། ཡི་དམ་གྱི་ལྷ་ཞལ་གཟིགས་ཤིང་འབུམ་སྡེ་བརྒྱད་ཅུ་ཐུགས་ལ་མངའ་བའི་སློབ་དཔོན་དབྱིག་གཉེན། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམ་གྲོལ་སྡེ། བློ་གྲོས་མཆོག་དང་ལྡན་པས་བསྟན་བཅོས་ཀུན་ལ་མཁས་ཤིང་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་བཙུན་པ་རྣམ་གྲོལ་སྡེ། སྡོམ་པ་གསུམ་དང་ལྡན་ཞིང་བླ་མ་ལ་གུས་པས་གསུང་བཞིན་དུ་སྒྲུབ་པ་མཆོག་གི་སྡེ། དཀའ་བ་དཔག་ཏུ་མེད་པ་བསྒྲུབས་པས་འཁོར་འདས་གཉིས་སུ་མེད་པ་རྟོགས་པ་འདུལ་བའི་སྡེ། གྲུབ་པ་བརྙེས་ཤིང་འཕགས་པའི་ཡོན་ཏན་དང་ལྡན་པ་རྣམ་པར་སྣང་མཛད་བཟང་པོ། ལུང་རིགས་གཉིས་ལ་མཁས་ཤིང་བྱམས་པའི་ཐུགས་དང་ལྡན་པ་སེངྒེ་བཟང་པོ། བློའི་དྲི་མ་དང་བྲལ་བས་ཐམས་ཅད་ནམ་མཁའ་ལྟར་ཐུགས་སུ་ཆུབ་པ་རིན་ཆེན་བཟང་པོ། རིན་ཆེན་སྡེ། གསེར་གླིང་པ། ཇོ་བོ་སྟེ། བླ་མ་དེ་རྣམས་ཀྱང་ལ་ལ་ནི་མཆོག་གི་དངོས་གྲུབ་ཐོབ། ལ་ལ་ནི་ཐུན་མོང་གི་དངོས་གྲུབ་ཐོབ་པ། མཚན་ཙམ་ཐོས་པས་ཀྱང་སྒྲིབ་པ་དཔག་ཏུ་མེད་པ་འཛད། ཚོགས་དཔག་ཏུ་མེད་པ་རྫོགས་པའི་རྒྱུད་པ་དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན།
དེ་རྣམས་སྤྱོད་པ་རྣམ་པར་དག་པའི་རྒྱུད་ཡིན་བྱས་སུ་ཟད་ལྟ་བ་མེད་པ་མ་ཡིན་གསུང་། འཕགས་པ་འཇམ་དཔལ་ནས་རྒྱུད་པ་ནི་འཕགས་པ་འཇམ་དཔལ། སློབ་དཔོན་བློ་གྲོས་མི་ཟད་པ། དགེ་སློང་ཨེ་ལ་དྷ་རི། སློབ་དཔོན་དཔའ་བོ་རྡོ་རྗེ། མཧཱ་ཤྲཱི་རཏྣ། བོདྷི་སཏྭ། གསེར་གླིང་པ། ཇོ་བོ་སྟེ། མཚན་ཙམ་གྱིས་ཀྱང་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་པའི་བླ་མ་འདི་རྣམས་ཀྱི་ཡང་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན། རྒྱུད་པ་འདི་རྣམས་སྤྱོད་པ་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ཁོ་ནས་སེམས་ཅན་གྱི་དོན་མཛད་དེ། ལྟ་བ་མེད་པ་མིན་གསུང་།
སྔགས་ཕ་རོལ་ཏུ་ཕྱིན་པ་གཉིས་ཀའི་རྒྱུད་པ་ནི། སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། ཟླ་བ་གྲགས་པ། ཏེ་ལ་ཛོ་ཀི །རིགས་པའི་ཁུ་བྱུག །ཡེ་ཤེས་བྱང་ཆུབ། འཇམ་དཔལ་བཟང་པོ། རཏྣ་ཨ་ཀ་ར་ཤནྟི་པ། ཨ་ཏི་ཤ་ཞེས་འབྱུང་། གཞན་ལས་སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་ཝ། མ་ཏི་ཙི་ཏྲ། ཏེ་ལ་ཛོ་ཀི །ཙ་ཏི་པ་ལ། མནྫུ་ཤྲཱི་པ་ཏྲ། བོདྷི་སཏྭ། ཤནྟི་པ། ཇོ་བོ་འོ། །འདི་རྣམས་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་མཁས་པ་ཡིན་ཏེ། འདི་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན་གསུང་།
གྲུབ་པ་ཐབ་པའི་རྒྱུད་པ་གཉིས་ལས། གཅིག་འཇམ་དཔལ་བཟང་པོ། ཤནྟི་པ། ཇོ་བོ་ཉིད་དོ། །ཡང་སློབ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ། པདྨ་བ། རྒྱལ་པོ་ཨིནྡྲ་བོ་དྷི། ལྕམ་ལེགས་སྨིན། ཛྙཱ་ན་བོ་དྷི། ཙ་ཏི་པ་ལ། བཛྲ་བོ་དྷི། ཤནྟི་པ། ཇོ་བོ་ཉིད་དོ། །བླ་མ་དེ་རྣམས་གྲུབ་པ་ཐོབ་པའི་སྟེགས་ཟམ་ལ་རྒྱུད་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པར་བརྙེས་པ། མཚན་ཙམ་ཐོས་པས་ཀྱང་ཚོགས་དཔག་ཏུ་མེད་པ་རྫོགས་ཤིང་། སྒྲིབ་པ་དཔག་ཏུ་མེད་པ་འཛད་པར་ནུས་པ་ཡིན་ཏེ། དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན་གསུང་།
བྱིན་རླབས་ཀྱི་རྒྱུད་པ་གཉིས་ལས། དང་པོ་ནི་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཏེ་ལོ་པ་ཤེས་རབ་བཟང་པོ། དཀའ་བ་བཅུ་གཉིས་མཛད་ནས་བླ་མ་བསྟེན་པས་ཏེ་ལོས་བྱིན་གྱིས་བརླབས་ཤིང་རྟོགས་པ་འཁྲུངས་པ་རྗེ་བཙུན་ནཱ་རོ་པ། དང་པོ་ལྷ་ཤང་ཀར་ལ་དད་པ་ལ་ནཱ་རོ་པས་བྱིན་གྱིས་བརླབས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་སློབ་དཔོན་ཌོཾ་བི་པ། བླ་མ་དེའི་ཡོན་ཏན་ཇོ་བོས་གསན་ནས་མཇལ་དུ་བྱོན་པས་མ་རྙེད་ལྐོག་ཏུ་མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས་ནུབ་ཅིག་གི་རྨི་ལམ་ན་དགེ་སློང་ཤ་ནའི་ཆོས་གོས་ནི་གསོལ། མི་ཤ་ལག་པ་ཞིག་གསལ་ཞིང་བྱོན། རབ་ཏུ་བྱུང་བ་མི་ཟ་བ་མ་ལེགས་སྙམ་པ་དང་། སངས་རྒྱས་ལ་ཡང་འཁྲུལ་པ་མངའ་འམ་གསུངས་པས་སྐྱེས་པ་ཐབས་སུ་བྱུང་། ཁྱོད་ཅིག་ཀྱང་འདོད་དམ་གསུངས། འཚལ་ལགས་གསུངས་པས་སྲིན་ལག་གཅིག་གནང་། དེ་གསོལ་བར་རྨིས་པས་བྱིན་རླབས་ཞུགས་ནས་སང་ནང་པར་དགེ་འདུན་གྱི་དྲོའི་གཎྜི་ལ་ཐུགས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གཅིག་ལ་ཕྱམ་གྱིས་སོང་སྐད། ཇོ་བོའི་ཐུགས་དགོངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་ཡིན་ནམ་ཌོཾ་བི་པའི་ཡིན་ནམ་སྙམ་པ་ལ། དུས་ཕྱིས་བླ་མ་ཌོཾ་བི་པ་ལ་སྔགས་པ་གཅིག་གིས་གསོལ་བ་བཏབ་པས་ང་དང་ཁྱོད་ལ་ལས་འབྲེལ་མེད་གསུངས། སུ་དང་མཆིས་ཞུས་པས། འབི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་རྒྱལ་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་ངས་དུས་འདི་ཙམ་ན་འདི་ལྟར་བྱིན་གྱིས་བརླབས་པ་ཞིག་ཡོད་པ་དེ་ལ་གསོལ་བ་ཐོབ་གསུངས་ནས་ལུང་བསྟན། དེ་སྔགས་པ་དེས་ཇོ་བོའི་སྤྱན་སྔར་བྱོན་ནས་སྔར་བཞིན་བརྗོད་པས་བླ་མའི་བྱིན་རླབས་སུ་མཁྱེན། སྔགས་པ་དེས་ཉི་མ་འགའ་མཎྜལ་ཕུལ་ཞིང་གསོལ་བ་བཏབ་ནས་ནངས་གཅིག་བཀའ་དྲིན་གྱིས་ཡོག་ཟེར། ཅི་བྱུང་གསུངས་པས་ཧེ་རུ་ཀའི་དཀྱིལ་འཁོར་མངོན་སུམ་དུ་གྱུར་ཟེར་ཏེ་བདེན་པ་མཐོང་བ་ཡིན་གསུངས། དེ་ནས་ན་བཟའ་འདྲ་བ་མངའ་བ་གོ་ལར་བཙོངས་ནས་དགེ་འདུན་ལ་དྲངས་ཏེ་ནགས་སུ་བཞུད་དོ།།
སྤྱིར་ཇོ་བོ་དེ་དང་མཇལ་བར་བཞེད་པའི་ཐུགས་དགོངས་ནས་འཁྲུངས་པ་ན་འདི་ན་ཡོད་གསུང་ཞིང་བྱོན། བོད་དུ་བྱོན་ཁར་ངའི་སློབ་མ་དེ་གང་ན་ཡོད་དམ་སྙམ་པ་དང་ན་བཟའ་ཙམ་ཡང་མེད་པར་རུས་པའི་རྒྱན་གསོལ་ནས་ཐུལ་གྱིས་བྱོན། ཇོ་བོས་ཅི་མཛད་གསུངས་པས་བླ་མ་མཇལ་བར་བཞེད་པས་ཟེར་ནས་གར་སོང་ཆ་མེད་པར་གཤེགས། བོད་དུ་མ་བྱོན་ཏེ་སྐད་རིགས་མི་མཐུན་པས་ལན་ནམ་འཇིག་རྟེན་གྱི་ཁམས་གཞན་དུ་བཞུད་དམ་གསུངས་པར་གདའ།
གཉིས་པ་ནི་སློབ་དཔོན་བུདྡྷ་པཱ་ལི་ཏ། སངས་རྒྱས་ཡེ་ཤེས། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སུ་ལུ་ཆེན་པོ། ཀུ་སུ་ལུ་ཆུང་བ། ཇོ་བོ་ཉིད་དེ། རྒྱུད་པ་དྲུག་པོ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། ཏིང་ངེ་འཛིན་བཟང་པོ་མངའ་ཞིང་རྫུ་འཕྲུལ་དང་ལྡན་པ་འདི་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་འདི་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་གསུངས།
རྒྱུད་པ་བཞི་ནི་མཚན་ཉིད་ཀྱི་རྒྱུད་པ་དང་། སེམས་བསྐྱེད་ཀྱི་རྒྱུད་པ། གྲུབ་མཐའི་རྒྱུད་པ་དང་། གདམས་པ་སྣ་ཚོགས་པའི་རྒྱུད་པའོ། །དང་པོ་སློབ་དཔོན་དྷརྨ་ཀིརྟི་ནས་རྒྱུད་པ་དྷརྨ་ཀིརྟི་ལ་གསན། སེངྒེ་བཟང་པོ་ནས་རྒྱུད་པར་ཤནྟི་པ་ལ་གསན། སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པ་རིགས་པའི་ཁུ་བྱུག་ལ་གསན། ཡང་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་གཞུང་རྣམས་མཉན་པའི་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས་ཏེ་བླ་མ་རྗེ་བཙུན་དགོན་པ་བ་ལ་ཡུན་རིང་དུ་བསྟེན་ནས་བཀའ་དྲིན་ཞུས་སོ།།
སེམས་བསྐྱེད་ཀྱི་བརྒྱུད་པ་ནི་གསུམ་ལས། ལུང་དྲི་མ་མེད་པར་གྲགས་པའི་མདོ་དང་། རིགས་པ་བྱང་ཆུབ་སེམས་དཔའི་ས་དང་། ལྟ་བ་སེམས་ཙམ་ལ་བརྟེན་ནས་སྦྱོང་བ་བླ་མ་གསེར་གླིང་པ་ལས་ཞུས་ཏེ། འཕགས་པ་བྱམས་པ། ཐོགས་མེད། དབྱིག་གཉེན། བློ་གྲོས་བརྟན་པ། ཀུ་སུ་ལུ་ཆེ་ཆུང་། གསེར་གླིང་པ། ཇོ་བོ་སྟེ། འདི་རྣམས་སེམས་བསྐྱེད་ཀྱི་ཆོ་ག་ལ་མཁས་པ་ཡིན་པས་འདི་རྣམས་ཀྱི་མན་ངག་ལ་བརྟེན་ནས་ཆོ་གའི་ཡི་གེ་ཡང་མཛད་གསུངས།
ལུང་ནམ་མཁའི་སྙིང་པོའི་མདོ་དང་། རིགས་པ་བསླབ་བཏུས་སྤྱོད་འཇུག་དང་། ལྟ་བ་མདོ་སྡེ་པའི་ལྟ་བ་ལ་བརྟེན་ནས་སྦྱོང་བ་བྱམས་པའི་རྣལ་འབྱོར་པ་ལ་ཞུས། ལུང་དབྱུག་པ་གསུམ་གྱི་ཕྲེང་བ་དང་། རིགས་པ་རྟ་དབྱངས་ཀྱི་མདོ་སྡེ་རྒྱན་དང་། བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ལ་བརྟེན་ནས་སྦྱོང་བ་བླ་མ་དྷརྨ་རཀྵི་ཏ་ལ་ཞུས་ཏེ། བླ་མ་དེ་མཆོག་ཏུ་སྙིང་རྗེ་ཆེ་བས་མི་ཞིག་ཁྲེས་ཁྲེས་ན་བ་གཟིགས་ནས་སྨན་པ་ལ་ཅི་ཕན་དྲིས་པས་མི་མ་ཤི་བའི་ཤ་ཁྲག་ཕན་ཟེར། བླ་མས་ཉིད་ཀྱི་བརླ་ལས་ཤ་བཅད་ནས་བྱིན་པས་དེའི་སྡུག་བསྔལ་གྱིས་བརྒྱལ་བར་གྱུར། མི་དེ་སོས་ཟེར་བའི་གཏམ་ཐོས་པས་ཤིན་ཏུ་དགྱེས་ནས་དེའི་ཚེའང་ཞལ་འཛུམ་པ་ཞིག་བྱུང་། མནལ་ཐུབ་པ་ཞིག་བྱུང་བའི་རྨི་ལམ་ན་མི་དཀར་པོ་ཞིག་བྱུང་ནས། རིགས་ཀྱི་བུ་བླ་ན་མེད་པའི་བྱང་ཆུབ་ནི་བརྩོན་འགྲུས་ཆེན་པོ་མི་འདོར་བ་ཁྱོད་ལྟ་བུས་བསྒྲུབ་དགོས་ཀྱི་གཞན་གྱིས་མ་ཡིན་ནོ། །ལེགས་སོ་ལེགས་སོ་འགྱོད་པ་མ་སྐྱེད་ཅིག་ཟེར་ནས་ཕྱག་གིས་སུབ་སུབ་བྱས་པས་རྨེན་པ་ཡང་མེད་པར་སོས་པ་རྨིས། སད་པ་ན་ཡང་དེ་བཞིན་དུ་འདུག །མི་དེ་སྤྱན་རས་གཟིགས་ཡིན་གསུངས། དེ་དུས་ན་དྲོད་ཀྱི་ཡེ་ཤེས་ཀྱང་མ་སྐྱེས་ཏེ་དེང་སང་ན་གནས་ལུགས་རྟོགས་པར་ངེས་གསུངས། བླ་མ་དེ་ལ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་སེམས་སྦྱོང་བའི་བཀའ་དྲིན་ཞུས། ཁོང་རང་སྙིང་རྗེ་ཆེ་བས་ཤིན་ཏུ་ཕན་པར་བྱུང་གསུངས།
གྲུབ་མཐའི་བརྒྱུད་པ་ནི་འཇམ་དཔལ་དངོས་ཞལ་གཟིགས་པའི་ཨ་ཝ་དྷཱུ་ཏི་པ། མར་མེ་མཛད་བཟང་པོ། ཤཱཀྱ་བཤེས་གཉེན། རིན་ཆེན་བཟང་པོ། དེ་གཉིས་ཀྱིས་ཀྱང་རྡོ་རྗེ་མཁའ་འགྲོ་མ་དངོས་ལ་གསན། དགེ་སློང་བསོད་སྙོམས་པའི་ཞབས། ཁུ་བྱུག་ཞབས། ས་འགེབས་པའི་ཞབས། རཏྣ་ཨ་ཀ་ར་ཤནྟི་པ། ཇོ་བོ་ཉིད་དེ། གྲུབ་མཐའ་ལ་ཤིན་ཏུ་མཁས་པའི་བརྒྱུད་པ་དགུ་པོ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཡང་ཇོ་བོ་ལ་མངའ་བས་ཇོ་བོ་གྲུབ་མཐའ་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ཏེ། པཎྜི་ཏ་སའི་སྙིང་པོས་རེ་ཞིག་ནང་པ་བྱས་རེས་ཕྱི་པ་བྱས་པས་ཕྱི་ནང་གཉིས་ཁྱད་ཙམ་མི་འདུག་ཟེར་བ་ལ་ཇོ་བོས་ཁྱད་པར་ཤིན་ཏུ་གསལ་བར་ཕྱེ་བས་དད་ནས་སློབ་མར་གྱུར། དེ་ནས་ཕྱི་ནང་གཉིས་ཀྱི་ཁྱད་པར་འབྱེད་པ་ལ་མཁས་པའི་པཎྜི་ཏར་གྱུར་པར་གདའ། ཇོ་བོའི་ཞལ་ནས་ཕྱི་ནང་གཉིས་ཀྱི་ཁྱད་པར་འབྱེད་མཁྱེན་པ་ངའི་བླ་མ་གསེར་གླིང་པ་དང་། ཤནྟི་པ་གཉིས། དང་གསུམ། ངའི་སློབ་མ་སའི་སྙིང་པོ་དང་བཞི་ལས་མེད། དེ་ཡང་ཐེ་ཚོམ་གཅོད་ས་དང་ཆོས་འདྲི་ས་རྒྱ་གར་ན་ང་དང་ངའི་བླ་མ་ཤནྟི་པ་གཉིས་ལ་བྱེད་པ་ཡིན་ལ། བླ་མ་འདས། ང་བོད་དུ་འོངས། རྒྱ་གར་ཡང་ངན་པར་ཐལ་གསུང་། རེས་འགའ་བླ་མ་དྷརྨ་རཀྵི་ཏ་ཡང་གྲོངས། ང་ཡང་བོད་དུ་འོངས་རྒྱ་གར་ཡང་ངན་པར་ཐལ་གསུངས་པས་ཇོ་བོ་མི་བཞུགས་ན་རྒྱ་གར་ཙམ་ཡང་ཉམས་པར་བརྩི་བ་ཡིན་གསུངས། གདམས་པ་སྣ་ཚོགས་པའི་བརྒྱུད་པ་ནི་སློབ་དཔོན་ཀླུ་སྒྲུབ། ན་ག་བོདྷི། སྤྱོད་པ་བ། ས་ག་པ། ཤནྟི་པ། ཇོ་བོ་ཉིད་དོ།།
ཡང་གདམས་པ་ཤས་གཅིག་ལ། ན་ག་རྫུ་ན། ཟླ་བ་གྲགས་པ། རིགས་པའི་ཁུ་བྱུག །ཨ་ཝ་དྷཱུ་ཏི་པ། གསེར་གླིང་པ། ཇོ་བོ་ཉིད་དོ། །ཡང་ཤས་གཅིག་ལ། ན་ག་རྫུ་ན། ཨཱརྱ་དེ་ཝ། ཟླ་བ་གྲགས་པ། ཏེ་ལ་ཛོ་ཀི །མ་ཏི་སྟི་ར། ཛྙཱ་ན་བོདྷི། ཇོ་བོ་སྟེ། བླ་མ་དེ་རྣམས་ནི་གདམས་པ་མ་ལུས་པ་མངའ་བ་ཡིན་ཏེ། དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཡང་ཇོ་བོ་ལ་མངའ་བ་ཡིན་གསུངས།
གཞན་ཡང་བླ་མ་དུ་མ་ཡོད་དེ། ལྟ་བ་ལུང་སྟོན་པའི་བླ་མ་ནཱ་རོ་པ། བརྟུལ་ཞུགས་ཀྱིས་བྱིན་གྱིས་རློབ་པའི་བླ་མ་ཌོཾ་བི་པ། ལས་ཚོགས་ཀྱི་བྱིན་རླབས་སྟེར་བའི་བླ་མ་བྷ་ལིང་ཨ་ཙརྱ་ཆེན་པོ། རྫུ་འཕྲུལ་གྱི་བྱིན་རླབས་སྟེར་བའི་བླ་མ་པཎྜི་ཏ་མི་ཏྲ་ཆེན་པོ། ཕག་མོའི་བྱིན་རླབས་སྟེར་བའི་བླ་མ་བྷུ་ཏ་ཀོ་ཌི་པ། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བའི་བླ་མ་མཁས་པ་ཆེན་པོ་དྷ་མཆོག །བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་བླ་མ་ཤེས་རབ་བཟང་པོ། ཚིག་དོན་རྒྱས་པར་བྱེད་པའི་བླ་མ་ཤནྟི་པ། ཁྱད་པར་དུ་བསྟན་པའི་སྒོ་འབྱེད་བློ་སྦྱོང་བའི་རིམ་པ་སྟེར་བའི་བླ་མ་གསེར་གླིང་པ་ཡིན་གསུངས།
བླ་མ་དེ་རྣམས་ཀྱི་ནང་ནས་རྩ་བའི་བླ་མ་བཅུ་གཉིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པ་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བའི་བླ་མ་གསུམ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་བླ་མ་གཉིས། གསེར་གླིང་པ་འགྲན་གྱི་ཟླ་མེད་ཡིན་ཞེས་འབྱུང་སྟེ། དང་པོ་ནི་བླ་མ་ལུང་སྟོན་ལ་སོགས་པ་ལ་བྱང་ཆུབ་བཟང་པོ་དང་། ཛེ་ཏ་རི་དང་། དྷརྨ་རཀྵི་ཏ་སྣོན་པར་གསལ། གཉིས་པ་བླ་མེད་དུ་ཧ་ར་ནག་པོ་དང་། གུཔྟ་བཛྲ་དང་། ནཱ་རོ་པའི་སློབ་མ་མངོན་ཤེས་ཅན་གསུམ་ལ་བཞེད་པར་གསལ། གསུམ་པ་ནི་དངོས་སུ་བསྟེན་པའི་ཨ་ཝ་དྷཱུ་ཏི་པ་དང་། ཀ་མ་ལ་རཀྵི་ཏ་གཉིས་ལ་བཞེད་པར་གསོལ་ལོ།།
གཞན་ཡང་ལུང་དང་མངོན་པར་རྟོགས་པ་གཉིས་ཀ་དང་ལྡན་པའི་བླ་མ་དྲུག་གམ་བཅུ་གཉིས། རྟག་ཏུ་བསྟེན་པའི་བླ་མ་བཞི་ཞེས་གྲགས་ཏེ། དྲུག་ནི་བླ་མ་ཨ་ཝ་དྷཱུ་ཏི་པ་དང་། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་པ་དང་། ཌོཾ་བི་པ་སྟེ་རྣལ་འབྱོར་པ་གསུམ། རབ་ཏུ་འབྱུང་བར་བསྐུལ་བའི་རྣལ་འབྱོར་མ་དང་། སྒྲོལ་མ་དང་། ཛྙཱ་ན་ཤྲཱིས་ལུང་བསྟན་པའི་རྣལ་འབྱོར་མ་གཉིས་ཏེ་རྣལ་འབྱོར་མ་གསུམ་མོ། །བཅུ་གཉིས་ནི་དེའི་སྟེང་དུ་མངོན་ཤེས་ཅན་གསུམ། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གནང་བའི་རྣལ་འབྱོར་མ་དང་། རྡོ་རྗེ་གདན་དུ་གཤེགས་པའི་ལམ་དུ་ལུང་སྟོན་པའི་རྣལ་འབྱོར་མ་དང་། བཀའ་ཆེམས་ལུང་སྟོན་པའི་རྣལ་འབྱོར་མ་གསུམ་སྣོན་པར་གསལ་ལོ།།
བཞི་ནི་ལོ་ཙཱ་བའི་བསྟོད་པ་ལས། རྟག་ཏུ་བསྟེན་པའི་བླ་མ་ནི། །གསེར་གླིང་པ་དང་ཤནྟི་པ། །བྱང་ཆུབ་བཟང་པོ་ཛེ་ཏ་རི། །ཞེས་སོ། །འགྲན་ཟླ་མེད་པའི་བླ་མ་གསེར་གླིང་པའི་ཡོན་ཏན་མ་ལུས་པར་བརྗོད་པར་མི་ནུས་ཀྱང་ཕྱོགས་ཙམ་ཇོ་བོ་ཉིད་ཀྱིས་གསུངས་པ་ནི། གསེར་གླིང་ཞེས་བྱ་བ་གླིང་བཞི་གླིང་ཕྲན་བརྒྱད་དུ་མ་གཏོགས་པ། འཛམ་བུ་གླིང་དང་ཉེ་བ་རིན་པོ་ཆེ་སྣ་ཚོགས་ཡོད་པའི་གླིང་ཞིག་ཡོད་པ་དེ་ལ་གསེར་གླིང་ཞེས་ཟེར་རོ།།
གླིང་དེའི་རྒྱལ་རིགས་སུ་སྐུ་འཁྲུངས། རྒྱལ་བུ་དེ་སྐྱེས་མ་ཐག་ཏུ་སི་ན་སི་ན་ཞེས་དཀོན་མཆོག་གསུམ་ངག་ཏུ་འདོན་པ་ཞིག་བྱུང་། གླིང་དེ་མུ་སྟེགས་པ་ཡིན་ཡང་རྒྱལ་བུའི་བསོད་ནམས་ཀྱིས་སུས་ཀྱང་ངག་གཅོག་མ་ནུས་སོ། །རྒྱལ་བུ་དེ་ཆེར་སྐྱེས་ནས་རི་ཕུག་ཅིག་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ལུགས་མ་ཞིག་རྙེད་དེ་བྱུང་། དེ་ལ་མཆོད་པ་སྣ་ཚོགས་བྱས་པས་གླིང་དེ་སྔར་བས་བདུན་འགྱུར་གྱིས་ལོ་ལེགས་པ་ནད་ཉུང་བ་ལ་སོགས་བཀྲ་ཤིས་པར་གྱུར་ཏོ།།
དེར་གསེར་གླིང་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་རྒྱལ་བུ་འདི་ཆོས་ཚོལ་དུ་བཏང་ཟེར་བས་རྒྱལ་བུ་ཤིན་ཏུ་དགྱེས་ནས། འཛམ་བུ་གླིང་གི་རྡོ་རྗེ་གདན་མངོན་པར་བྱང་ཆུབ་པའི་གནས་ཡིན་པས་དེར་བྱོན་པ་དང་སྲིན་པོ་མཆོད་པ་ལ་འོངས་པ་དུས་མཚུངས་པར་གྱུར། དེའི་ཚེ་གང་ཟག་ཡོན་ཏན་ཐམས་ཅད་དེར་འདུ་བ་ཡིན་པས། སློབ་དཔོན་ཆེན་པོ་ཚེ་སྒྲུབ་པ་མཧཱ་ཤྲཱི་རཏྣ་དེར་བྱོན་པས་རྒྱལ་བུ་དེ་དམ་པ་གཞན་ལ་མོས་པ་མ་སྐྱེས་པར་མཧཱ་ཤྲཱི་རཏྣ་ལ་དད་པ་དང་གུས་པ་དང་མོས་པ་ཆེར་སྐྱེས་སོ། །དེར་ཞག་བདུན་འགྲོགས་ནས་སློབ་དཔོན་མེད་དེ་སོང་། རྒྱལ་བུས་བོས་ཀྱང་མེད། བཙལ་ཀྱང་མེད། ཀུན་ཏུ་དྲིས་ཀྱང་རྩད་མ་ཆོད་དོ། །དེར་རྒྱལ་བུས་ལུམྦིའི་ཚལ་དང་། ནེ་རཉྫ་ན་དང་ཝཱ་རཱ་ཎ་སཱི་ཐམས་ཅད་དུ་བཙལ་ཀྱང་མ་རྙེད་དོ། །དེར་རྒྱལ་བུ་ངལ་ནས་གཉིད་ལོག་པའི་རྨི་ལམ་དུ་བྱིས་པ་གཉིས་གླུ་ལེན་པ་ལ།
རང་ཡུལ་འཁོར་དང་ལོངས་སྤྱོད་བོར། །སྨྱོན་པ་ཞིག་གི་རྩ་མ་ཆོད། །
རིང་ནས་ཕུང་ངམ་མྱུར་དུ་ཕུང་། །རིགས་དང་བཟང་སྟེ་ཤེས་རབ་ཆུང་། །
ཟེར་རོ། །དེར་རྒྱལ་བུ་གཉིད་སད་དེ་རྡོ་རྗེ་གདན་དུ་བྱོན་པ་ལ་ཅི་ཡང་མེད་དོ། །དེ་ནས་ད་རང་གི་ཡུལ་དུ་འགྲོ་སྙམ་ནས་ཡོད་པ་ལ་མདུན་ན་བུ་མོ་གཉིས་གླུ་ལེན་པ།
གཉེན་འདུན་མཛའ་བཤེས་མང་པོ་དང་། །ཡུལ་དང་ཁང་ཁྱིམ་ནོར་ཆེན་དང་། །
ཟས་སྐོམ་གྱི་ནི་ལོངས་སྤྱོད་པ། །མྱ་ངན་སྐྱེ་བར་འགྱུར་བ་ཡིན། །
ཆོས་དང་རིང་དུ་འགྱུར་བ་ཡིན། །ནོར་མ་རྙེད་ཀྱི་ཚོང་པ་དག །
ཡུལ་དུ་སྟོང་པར་ལྡོག་པ་འདྲ། །
ཟེར་ཞིང་འདུག་པས། ང་ལ་ཟེར་སྙམ་པ་དང་མེད་དེ་སོང་ངོ་། །དེར་རྒྱལ་བུ་དགའ་ནས་ངེས་པར་ཆོས་སྐྱོང་མ་ཞིག་ཡིན་པ་ལ་དྲི་ས་མེད་དོ་སྙམ་ནས། ལོ་བདུན་དུ་རྒྱ་གར་དུ་བཞུགས་ཏེ་བླ་མ་མང་པོ་ལ་ཆོས་ནང་རིག་པ་མང་པོ་བསླབས་ནས་རྡོ་རྗེ་གདན་དུ་མཆོད་པ་བྱེད་ཅིང་ཆོས་སྐྱོང་མ་དེ་དང་ཕྲད་ན་སྙམ་པ་ལ། རྒན་མོ་ཞིག་ན་རེ།
སྐམ་སར་ཆུ་ཆུང་དྲངས་པ་ལྟར། །ཉིན་དང་མཚན་མོ་འདས་པ་ཡིས། །
མི་རྣམས་ཚེ་ནི་ཟད་པར་བྱེད། །རྨོངས་པ་ལོང་ཡོད་མ་ཟེར་ཞིག །
ཅེས་ཟེར་ནས་མི་སྣང་ངོ་། །དེར་རྒྱལ་བུས་སློབ་དཔོན་མཧཱ་ཤྲཱི་རཏྣ་འབའ་ཞིག་ཡིད་པ་བྱས་པ་དང་། རྒྱལ་བུའི་རྨི་ལམ་ན་སློབ་དཔོན་ན་རེ་རྒྱལ་སྲིད་ནི་དམན་པའོ། །དམ་པ་མ་ཡིན་པའོ། །དམ་པ་ལས་རིང་དུ་བྱེད་པའོ། །ཆོས་ཀྱི་རྒྱལ་སྲིད་འཛིན་ནུས་སམ་ཞེས་ལན་གསུམ་གསུངས། རྒྱལ་བུས་ཀྱང་ནུས་སོ་ཞེས་ལན་གསུམ་ཁས་བླངས་པ་དང་གཉིད་སད། སློབ་དཔོན་དངོས་སུ་བཞུགས་ཤིང་འདུག་གོ།
དེར་སློབ་དཔོན་གྱིས་བྱིན་གྱིས་བརླབས་ཏེ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཇི་ལྟར་ཡིན་པ་བསྟན། སངས་རྒྱས་ཀྱི་བཀའི་གདམས་པ་རྣམས་གནང་། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་ཆོས་མང་དུ་གསུངས། རྒྱལ་བུས་ཀྱང་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། མཚན་ཡང་གསེར་གླིང་པ་ཆོས་ཀྱི་གྲགས་པ་ཞེས་བཏགས་སོ། །དེ་ནས་གསེར་གླིང་དུ་བྱོན་ཏེ་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པ་ཐམས་ཅད་སྤངས་ནས་སངས་རྒྱས་ཀྱི་བསྟན་པ་ལ་མ་ལུས་པར་བཀོད་དོ།།
གསེར་གླིང་པ་ཆོས་ཀྱི་གྲགས་པ་དེ་ནི་མཚན་དོན་དང་ལྡན་པ་ཡིན་ཏེ། ཆོས་ལ་བརྟེན་པའི་གྲགས་པས་འཛམ་བུའི་གླིང་ལ་ཁྱབ་པའོ། །ཁོང་གསེར་གླིང་དུ་བཞུགས་ཀྱང་ཁོང་གི་གྲགས་པ་འཛམ་གླིང་དུ་ཁྱབ་སྟེ་ནང་པ་སངས་རྒྱས་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ། ཁྱད་པར་དུ་བྱམས་པ་དང་སྙིང་རྗེ་ལས་བརྩམས་ནས་ཆོས་སྟོན་པ་ཞིག་ཡོད་ཅེས་ཟེར་བ་ཇོ་བོས་གསན་ནས། ཚེ་རབས་དཔག་ཏུ་མེད་པ་ནས་ཆོས་ཀྱི་བླ་མ་ཡིན་པས་མཚན་ཐོས་པ་ཙམ་གྱིས་དད་གུས་ཐུན་མོང་མ་ཡིན་པ་སྐྱེས། དེས་ཐུགས་འཕྲོགས་པ་བཞིན་དུ་གྱུར་པས་གསེར་གླིང་དུ་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བའི་ཚོང་པ་ཚན་གཅིག་དང་བསྡེབས་ནས་གཟིངས་ཆེན་པོ་བཅས་ནས་བྱོན་པ་ལ། དུང་གི་མཚོ་དང་འོ་མའི་མཚོ་དང་མཚོ་ས་གནོན་ལ་སོགས་པར་གཟིངས་རླུང་གིས་དེད། ཆུ་སྲིན་ཆེན་པོ་ཉ་མིད་དང་རློམ་མིད་ཆེན་པོ་ཡང་མཐོང་གསུང་། ཇི་ཙམ་གདའ་ཞུས་པས། དབུ་རུ་གཡོ་རུའི་བར་གྱི་རི་རྒྱུད་འདི་ཙམ་གདའ་གསུངས། རྒྱ་མཚོ་ཆེན་པོ་ན་གསེར་གྱི་སྐུ་ཆེན་པོ་ཞིག་བཞུགས་ཤིང་འདུག །དེའི་ཞབས་བརྐྱངས་པའི་སྒྱིད་པའི་འོག་ན་ཕར་ལ་མི་གཅིག་ཟན་ཟ་འགྲོ་དགོས་པར་འདུག །སྤྱི་བོ་ན་བྱ་མང་པོ་ཡང་འབབས་ཤིང་འདུག །སྟེང་ནས་སྐུ་ལུས་ཁྱབ་པའི་ཆུ་ཡང་འབབ་ཅིང་འདུག །ངས་དེ་ལྟ་བུ་ཡང་མཐོང་། ཁྱེད་ཀྱིས་དཀའ་སྤྱད་མ་བགྱིས་པར་སྙིང་པོའི་དོན་རྙེད་པ་ཤིན་ཏུ་བསོད་ནམས་ཆེ། དོན་བཟང་པོ་གྲུབ་ཀྱིས་ལེགས་པར་ནན་ཏན་གྱིས་ལ་སྤྱོད་ཅིག་གསུངས་ནས་ནན་ཏན་ཆེར་མཛད་གསུངས།
དེ་ནས་གསེར་གླིང་དུ་བྱོན་པའི་དུས་སུ་མཐོང་བ་ཙམ་གྱིས་ཉམས་དགའ་བ། བསྡད་པ་ཙམ་གྱིས་འབྲལ་མི་ཕོད་ལ། གང་དུ་ཕྱིན་པ་ཐམས་ཅད་ཆོས་ལ་ལོངས་སྤྱོད་པ། དད་པ་སྐྱེ་བའི་རྟེན་བཟང་པོ་རང་བྱུང་དང་། བཞེངས་པ་གྲངས་མེད་པ་བཞུགས་ཤིང་འདུག །དེར་གསེར་གླིང་པ་ཆོས་ཀྱི་གྲགས་པ་གང་ན་བཞུགས་བྱས་པ་ལ། བཙུན་པ་གཅིག་ན་རེ་བླ་མ་ཞག་བདུན་གྱི་གོང་ནས་འཛམ་བུ་གླིང་པའི་བཙུན་པ་གང་ན་འདུག་ཅེས་གསུངས་ཤིང་གདའ་ཡིས་ཟེར་རོ།།
དེ་ལྟར་ཡིན་ཡང་ཡུན་རིང་དུ་མ་མཇལ། གསེར་གླིང་དུ་ཡང་འཛམ་བུ་གླིང་པའི་པཎྜི་ཏ་ཆེན་པོ་ཞིག་བྱོན་བྱ་བའི་གྲགས་པ་ཆེན་པོ་ཡང་བྱུང་། དེར་དུས་ནམ་ཞིག་ན་མི་ཞིག་ན་རེ་གསེར་གླིང་པ་ཆོས་ཀྱི་གྲགས་པ་ཚོལ་བ་ཁྱོད་ཡིན་ནམ་ཞེས་ཟེར། ཡིན་ཞེས་བྱས་པས་ངའི་ཕྱིར་འདེང་སྤྲད་ཀྱིས་ཟེར་ནས་ཕྱིན་པའི་ཚེ། མིང་གསེར་གླིང་པ་ཆོས་ཀྱི་གྲགས་པ་བྱ་བ་ཡིན་པ། དོན་མ་ཡིན་པའི་སྐྱེས་བུ་གླེན་པ་ཞིག་དང་སྤྲད་དོ། །དེར་ཡིད་མུག་ནས་བསྡད་པ་ལ་དགེ་ཚུལ་གཅིག་ན་རེ། ཁྱོད་འཛམ་བུ་གླིང་པ་ཡིན་ནམ་ཟེར། ཡིན་བྱས་པས། ཆོས་ཚོལ་ལ་མ་ནོར་ཚོལ་ཟེར། ཆོས་ཚོལ་བྱས། དགེ་ཚུལ་དེ་གསེར་གླིང་པའི་སློབ་མར་འདུག །ཆོས་ཀྱི་གཏམ་མང་པོ་བྱས་ནས་ཁྱེད་ཀྱིས་བརྡ་སྤྲོད་པར་ཞུ་བྱས་པས་བླ་མ་ནི་ཀུན་དང་མཇལ་བ་ཡིན། ཁྱོད་དང་མི་མཇལ་བ་དེ་ཁྱོད་ཀྱིས་སྣོད་རྟོགས་པ་ཡིན། བླ་མ་ཡང་ཁྱོད་འདྲི་ཞིང་སྣང་བས་མཇལ་བའི་དུས་ཤིག་འོང་གིས་ཟེར་བས་བློ་བདེའོ། །དེ་ནས་ཀྱང་ཟླ་བ་བཅུ་གཉིས་སུ་མ་མཇལ་ལོ། །དེ་ནས་མཆོད་པ་གཅིག་གི་སར་མཇལ་གཉིས་ཀ་ཚེ་སྔ་མ་ནས་ཀྱི་འབྲེལ་པ་ཡོད་པས་ཕན་ཚུན་ངོ་ཤེས་པར་གྱུར། བརྐྱང་ཕྱག་ཤིང་རྩ་བ་ནས་བཅད་པ་ལྟར་བྱས་སོ། །དེ་ནས་བླ་མས་ཇོ་བོའི་དབུ་ལ་ཕྱག་བཞག་ནས་ཤིས་པ་མང་དུ་བརྗོད། བླ་མའི་ཞལ་ནས་ཁྱོད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་པར་ནུས་སམ། འདིར་ལོ་བཅུ་གཉིས་སྡོད་ཁོམ་མམ་གསུངས། ཇོ་བོས་ཀྱང་ཞལ་གྱིས་བཞེས་སོ།།
དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་གསེར་སྐུ་གཅིག་ཀྱང་ཇོ་བོ་ལ་གནང་། བསྟན་པའི་བདག་པོར་མངའ་གསོལ་བའི་རྟེན་འབྲེལ་ཡིན་གསུངས། དེ་ནས་ལོ་བཅུ་གཉིས་དབུ་སྔས་སྦྲེལ་ནས་ཐེག་པ་ཆེན་པོའི་ཆོས་མ་ལུས་པར་བསླབས། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་གདམས་པ་ཤིང་རྟ་ཆེན་པོའི་སྲོལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་བསྟན་པ་ལ་འཇུག་པའི་རིམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པ་དང་། སྤྱོད་པ་ལ་འཇུག་པའི་གདམས་པ་ཐུན་མོང་མ་ཡིན་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པས་བདག་གཞན་བརྗེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གདམས་པ་ཐུན་མོང་མ་ཡིན་པ་ཡང་བླ་མ་གསེར་གླིང་པ་ལས་བྱུང་བས་གང་དང་ཡང་མི་མཉམ་པས་འགྲན་གྱི་ཟླ་མེད་ཡིན།
བཀའ་གདམས་ཀྱི་གཙང་སྦྲ་ཕུན་སུམ་ཚོགས་པ། གཟིམ་ཁང་ཀུན་ཡང་འོད་དུ་འབར་བའི་སྲོལ་འདི་ཡང་བླ་མ་གསེར་གླིང་པའི་ཡིན། བླ་མའི་གཟིམ་ཁང་གི་གཙང་སྦྲ་དང་དཀོན་མཆོག་གི་མཆོད་པ་འདྲ་བ་སུས་ཀྱང་མི་གྲུབ་གསུངས། བླ་མ་དང་ཇོ་བོ་གཉིས་ཡོལ་བ་གཅིག་གིས་བཅད་ནས་བཞུགས་པ་ལ། ཡོལ་དལ་བུས་བསལ་ནས་ཁྱོད་ཀྱི་གཏོར་མ་དེ་མ་ལེགས་མ་རྒྱུད་ཀྱི་གཏོར་མ་མ་ཡིན་ནམ་གསུངས། ཕྱི་ནས་ཇོ་བོ་ཡང་དགེ་སློང་གཏོར་མ་དམར་པོ་གཏོང་ཙམ་ན་སངས་རྒྱས་ཀྱི་བསྟན་པ་ལ་མོ་ལ་མོར་འཇིག་པའི་རྟགས་ཡིན་གསུངས། དེ་ལ་སོགས་པ་བཀའ་གདམས་ཀྱི་རྣམ་ཐར་ཕལ་ཆེར་བླ་མ་གསེར་གླིང་ལས་བྱུང་སྟེ། དེ་ལྟར་ལོ་བཅུ་གཉིས་སུ་བསྟེན་པས་བླ་མའི་དགོངས་པ་མ་ལུས་པ་ལོན་ནས་འཛམ་བུ་གླིང་པའི་ཚོང་པ་དང་འགྲོགས་ཏེ་འཛམ་བུ་གླིང་དུ་བྱོན་ནོ།།
ཇོ་བོ་ལ་བཀའ་དྲིན་གྱིས་ཁྱབ་པའི་བླ་མ་མང་པོ་མངའ་ཡང་གཞན་ལ་འདས་མཆོད་མི་མཛད། བླ་མ་གསེར་གླིང་པའི་འདས་མཆོད་བཟང་པོ་རེ་མ་ཆག་པར་མཛད། དེའི་དུས་ན་སྤྱན་ཆབ་ཤར་ཤར་བྱོན། ཨ་ཏི་ཤ་ཅི་ནོངས་ལགས་ཞུས་པའི་དུས་སུ་བླ་མ་དྲན་ནས་གསུང་སྐད། བླ་མ་གསེར་གླིང་པ་དྲན་པའམ་མཚན་ཐོས་པའི་དུས་ན་ཕྱག་ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་ནས་བསྟོད་པ་ཚིགས་བཞི་པ་རེ་ངེས་པར་མཛད། ཇོ་བོ་ལ་བླ་མ་གཞན་དེ་ལྟར་མི་མཛད་པར་གསེར་གླིང་པ་ལ་མཛད་པ་ཇི་ལྟར་ལགས་ཞུས་པས། ཁོ་བོའི་སེམས་བཟང་པོ་དུམ་ཙམ་འདི་བླ་མ་གསེར་གླིང་པའི་བཀའ་དྲིན་ཡིན་གསུངས་ནས་ཀྱང་ཕྱག་སྤྱི་བོར་ཐལ་མོ་སྦྱོར་གསུངས།
བླ་མ་གསེར་གླིང་པ་ལ་སློབ་མ་པཎྜི་ཏ་ཆེན་པོ། མཁས་པ་ཆེན་པོ་ཤནྟི་པ་དང་། ཇོ་བོ་དང་། མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲ་དང་། རཏྣ་ཀིརྟི་བཞི་ཡོད་པ་ལ། དེ་རྣམས་ཀྱི་ནང་ནས་ཀྱང་བསྟན་པའི་སྒོ་སྲུང་ལྟ་བུ་ཤནྟི་པ་ཡིན་པས་བླ་མ་གསེར་གླིང་པའི་ཞལ་ནས། ཁྱོད་ཤནྟི་པ་ལ་ཆོས་ཉོན་གསུངས་ནས་ཇོ་བོས་ཕ་རོལ་ཏུ་ཕྱིན་པའི་གཞུང་ཆེ་བ་རྣམས་ཤནྟི་པ་ལ་གསན། ཤནྟི་པ་ལ་མན་ངག་གི་བཤད་པ་མི་འདུག་ནས་མངོན་པར་རྟོགས་པའི་རྒྱན་བླ་མ་གསེར་གླིང་པ་ཉིད་ལ་གསན། སྔགས་ཀྱི་རྟོགས་པ་ལ་ཕར་བཤད་ཚུར་བཤད་མཛད་སྐད། མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲ་དང་། རཏྣ་ཀིརྟི་གཉིས་ལ་ཡང་གསེར་གླིང་པའི་ཆོས་གསན། གསེར་གླིང་པའི་གདམས་ངག་ཐམས་ཅད་མངའ་བ་ཡིན་གསུངས།
གཞན་ཡང་སངས་རྒྱས་མྱ་ངན་ལས་འདའ་བའི་ཚེ་བསྟན་པ་འོད་སྲུང་ཆེན་པོ་ལ་གཏད། དེས་ཀུན་དགའ་བོ་ལ། དེ་ནས་རིམ་གྱིས་བརྒྱུད་པའི་མན་ངག་མངའ་བ་ཀུ་སུ་ལུ་ཆེན་པོ་ཡིན། འཕགས་པ་བྱམས་པ་ནས་བརྒྱུད་པའི་མན་ངག་མངའ་བ་ཡང་ཀུ་སུ་ལུ་ཆེན་པོ་ཡིན། གསང་བ་འདུས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མན་ངག་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པ་དང་། རྒྱལ་པོ་ཨིནྡྲ་བོདྷི་ནས་བརྒྱུད་པ་དང་། པཎྜི་ཏ་མགྲིན་པ་གསུམ་པ་ནས་བརྒྱུད་པའི་མན་ངག་མངའ་བ་ཡང་ཀུ་སུ་ལུ་ཆེན་པོ་ཡིན། མདོར་ན། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ངོ་མཚར་ཅན་དང་། ཡོན་ཏན་ཅན་གང་བྱུང་བ་ཐམས་ཅད་ཀྱི་གདམས་ངག་མངའ་བ་ཀུ་སུ་ལུ་ཆེན་པོ་ཡིན། དེའི་ཡོན་ཏན་མ་ལུས་པ་མངའ་བ་ཀུ་སུ་ལུ་ཆུང་བ་ཡིན། དེའི་ཡོན་ཏན་མ་ལུས་པ་མངའ་བ་གསེར་གླིང་པ་ཡིན། བླ་མ་གསེར་གླིང་པའི་ཡོན་ཏན་མ་ལུས་པ་ཇོ་བོ་ལ་མངའ་བ་ཡིན་ཏེ། ཇོ་བོ་ཉིད་ཀྱི་ཞལ་ནས་ང་གཟུགས་མཛེས་པས་བླ་མ་ཐམས་ཅད་ཀྱིས་ཐུགས་ལ་བཏགས་གསུངས། བརྒྱུད་པ་དྲུག་པོ་དེ་ལ་བརྒྱུད་པའི་བླ་མ་དྲུག་ཅེས་མཛད་པ་ཡང་སྣང་ངོ་། །དེ་ལྟར་བླ་མ་སངས་རྒྱས་ནས་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་གདམས་ངག་དང་རྗེས་སུ་བསྟན་པ་མ་ལུས་པར་གནང་བ་དེ་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་རིན་པོ་ཆེ་དེ་ཡིན་གསུང་ངོ་།།
༣ བསྒྲུབས་པ་ལས་བྱུང་བའི་ཡོན་ཏན་ཇི་ལྟར་བརྙེས་པ།
བསྒྲུབས་པ་ལས་བྱུང་བའི་ཡོན་ཏན་བརྙེས་པ་ལ་གསུམ་སྟེ། སྒྲུབ་པ་ནན་ཏན་དུ་མཛད་པ་དང་། ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བའོ།།
1 སྒྲུབ་པ་ནན་ཏན་དུ་མཛད་པ།
དང་པོ་ནི། དེ་ལྟ་བུའི་བླ་མ་རྗེ་བཙུན་ཆེན་པོ་དེ་བཙུན་པའི་མཆོག་ཏུ་གྱུར་པ་ཡིན་ཏེ། སོ་སོ་ཐར་པའི་སྒོར་ཞུགས་ནས་ཉེས་བྱས་ཕྲ་མོ་ལ་ཡང་འཇིག་པར་དགོངས་ནས་ཚུལ་ཁྲིམས་ཀྱི་ཡན་ལག་གཡག་རྔ་བཞིན་དུ་སྲུང་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་པས་ཉེས་པ་ཕྲ་མོས་ཀྱང་མ་གོས་པར་མཛད། ཇོ་བོ་རབ་ཏུ་བྱུང་ནས་མི་ཆོས་ཀྱི་སར་བྱོན་མྱོང་ངམ་མ་མྱོང་ཞུས་པས། ཁོང་ང་ལ་མི་དགའ་བས་འགྲོ་མ་མྱོང་གསུངས། ཉེ་དུ་ལ་སོགས་པ་ཇོ་བོའི་དྲུང་དུ་བྱུང་ངམ་མ་བྱུང་ཞུས་པས། ཚོང་ཟླ་གཅིག་ཡོད་པ་ཁོ་ཚོང་བྱེད་དུ་འོངས་པའི་ཞར་ལ་ལན་ཅིག་བྱུང་ནས་ངས་ཡོན་ཏན་རིག་པ་སློབས་སྡོད་བྱས་པས་མ་ཉན། དེ་མ་ཡིན་པ་ཕྲད་མ་མྱོང་གསུངས། ཇོ་བོ་བུད་མེད་དང་འབྲེལ་བའི་དངོས་པོ་གང་ཡང་ཕྱག་ཏུ་མི་བཞེས། རྫ་མའི་ནང་ནས་བྱུང་བའི་ཕྱེ་ཡང་མི་གསོལ། དེ་ཇི་ལྟར་ལགས་ཞུས་པས། སུ་རའི་སྣོད་ནས་བྱུང་བས་མི་རུང་གསུངས། ཕལ་ཆེན་སྡེ་པ་ཆང་རྩ་བར་བྱེད་པས་དེ་ལྟ་བུའི་དོག་མཐའ་མཛད་པ་ལགས་སྐད།
དེ་ལྟར་འཆལ་བའི་དྲི་མས་གཏན་ནས་མ་གོས་པ། ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པས་རིང་ན་གནས་པ་ཐམས་ཅད་འདུན་པ་ཡིན་གསུངས། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་སྒོར་ཞུགས་ནས་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་བརྟན་ཞིང་བྱམས་པ་དང་། སྙིང་རྗེས་ཐུགས་ཀྱི་རྒྱུད་བརླན་པས་འགྲོ་བ་མཐའ་དག་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་པ་དང་བདེ་བའི་དོན་དུ་གཡོ་དང་སྒྱུ་མེད་པར་ལྷག་པའི་བསམ་པ་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་དུ་སྐུ་ཉམས་སུ་བཞེས་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ། བྱང་ཆུབ་ཀྱི་ཐུགས་སྦྱོང་ཞིང་གཞོན་དོན་རྒྱ་ཆེན་པོ་མཛད་པ། འཁོར་མང་པོ་ལ་བྱམས་པ་དང་སྙིང་རྗེ་ལས་བརྩམས་པའི་ཆོས་གསུངས་པས་གྲུབ་པ་ཐོབ་པ་མང་པོ་བྱུང་བ་ཡིན་ཏེ། ཇོ་བོའི་སློབ་མ་དགེ་སློང་ཞིག་འབི་ཀྲ་མ་ཤཱི་ལ་ན་ཡོད་པ་ལ། དགེ་འདུན་རྣམས་སྦྱིན་བདག་ཅིག་གི་དུས་སྟོན་ལ་སྤྱན་དྲངས་པའི་ཚེ་དགེ་སློང་གཞོན་ནུ་དེ་བཞག་པ་ལ། དགེ་བསྙེན་ཞིག་གིས་ཁོང་མ་མཉེས་པར་ཡོད་བསྙེན་བཀུར་ཞིག་བྱ་སྙམ་ནས་བལྟར་ཕྱིན་པས་དགེ་སློང་དེ་སྐར་ཁུང་ཞིག་ན་ཚུར་ལྟ་ཕར་ལྟ་བྱས་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་བཞུད་དེ་བྱང་སྒྲ་མི་སྙན་ནས་བསོད་སྙོམས་ལྷུང་བཟེད་གང་བླངས་ཏེ་བྱོན། དེ་དགེ་བསྙེན་དེས་ཇོ་བོ་ལ་བཤད་འདོད་པས་བརྗེད། ཕྱི་དེ་ལོ་ཡང་དེ་ལྟར་བྱུང་། ཇོ་བོ་ངོ་མཚར་ཅན་གྱི་གཏམ་ལ་དགྱེས་པས་བརྗེད་རྡོ་བཏགས་ནས་བཤད། ཇོ་བོའི་ཞལ་ནས་ངའི་སློབ་མ་ཞིག་ཡོད་དེ་ཡིན་ཏེ་འོང་། ཁོང་དེ་ལྟར་བྱེད་པ་ཡིན་གསུངས། དེ་ནས་ཇོ་བོས་དེའི་དྲུང་དུ་བྱོན་ནས་དེ་བདེན་ནམ་བྱས་པས་བདེན་ཟེར། དེ་གང་གི་མཐུ་ཡིན་གསུངས་པས། བྱང་ཆུབ་ཀྱི་སེམས་ཀྱི་མཐུ་ཡིན་ཟེར། ཇོ་བོའི་ཞལ་ནས་དེ་ཡིན་ངེས་གང་བས་ཀྱང་བྱང་ཆུབ་ཀྱི་སེམས་ཕན་ཡོན་ཆེ་གསུངས་ནས་བརྟན་པར་མཛད།
ཡང་ཇོ་བོའི་སློབ་མ་གཅིག་གིས་ཇི་ལྟར་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་པ་ལ། ཇོ་བོའི་ཞལ་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་དང་གསུངས་ནས་དེ་ལྟར་བསྒོམས་པའི་མོད་ལ་དངོས་གྲུབ་ཐོབ། ཡང་ཁྲོ་བོ་སྒོམ་པའི་རྣལ་འབྱོར་ལ་ཞིག་ཡོད་པ་དེའི་ཁ་མིག་ཀྱང་ཇེ་ཟླུམ་ཇེ་ཟླུམ་ཁྲོ་བོ་ལྟར་སོང་། བལྟས་ཙམ་གྱིས་སྦུད་སྦུད་འཆི་བ་ཞིག་བྱུང་། ཇོ་བོས་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་དུ་བཅུག་པས་བལྟས་པ་ཙམ་གྱིས་མ་ཤི་ཇོ་བོ་ཚུར་བྱོན་དུས་ན་ཁ་མིག་ཐམས་ཅད་སོར་ཆུད་ནས་ཡོད་གསུངས།
དེ་ལྟར་ཇོ་བོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་འགྲོ་བ་མཐོ་དམན་མང་པོའི་དོན་མཛད། སེམས་ཅན་སྡུག་བསྔལ་ཅན་གཟིགས་ནས་སྤྱན་ཆབ་རང་དབང་མེད་པར་འབྱུང་། ཞལ་ནས་ཀྱང་། ངན་སོང་ཐམས་ཅད་འཇིག་པ་དང་། །སྒྲིབ་པ་ཐམས་ཅད་ལས་སྒྲོལ་ཞིང་། །རྫོགས་སངས་གོ་འཕང་གསལ་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་པ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་རྟག་ཏུ་གསུངས་ཏེ། ལོ་ཙཱ་བའི་བསྟོད་པ་ལས་ཀྱང་། སེམས་ཅན་སྡུག་བསྔལ་ཅན་གཟིགས་ནས། །ཐུགས་ཀྱིས་མི་བཟོད་སྤྱན་ཆབ་འབྱུང་། །ཐུགས་རྗེ་ཐུགས་ནི་གདུངས་པས་ཁྱོད། །རྟག་ཏུ་གཞན་དོན་འབའ་ཞིག་མཛད། །ཅེས་སོ།།
བོད་དུ་བྱོན་ནས་ཀྱང་དགེ་བཤེས་སྟོན་པ་ལ་སོགས་པ་ལ་སེམས་བཟང་པོ་གྱིས་བྱང་ཆུབ་ཀྱི་སེམས་མེད་ན་ཆོས་མང་པོ་མཉན་པ་དང་བལྟས་པ་དང་། བསམས་པ་དང་བསྒོམས་པ་དང་། བསྐྱེད་རིམ་དང་རྫོགས་རིམ་དང་། དབུ་མའི་ལྟ་བ་སྒོམ་པ་དང་བཟླས་བརྗོད་སོགས་པ་གང་བྱས་ཀྱང་ཕན་མེད། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་སྦྱོང་དང་བྱང་ཆུབ་ཀྱི་སེམས་ལ་གནོད་པའི་དགེ་སྦྱོང་ཐམས་ཅད་བདུད་ཀྱི་ལས་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་ལུས་ངག་གི་དགེ་སྦྱོར་ལྟེམ་ལྟེམ་ཐམས་ཅད་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ཏེ་ཀུན་འབྱུང་དུ་ཆ་བ་ཡིན་གསུངས། ཁྱེད་ཤེས་རབ་ཤིན་ཏུ་ཆེ་བར་འདུག་པས་ངས་ཇི་སྐད་བཤད་པ་བཞིན་དུ་གོ །ཇི་སྐད་ཟེར་བ་བཞིན་དུ་བྱེད། གཞན་རྣམས་ཀྱིས་བསྟན་ཡང་མི་གོ །མ་གོ་བས་དེ་མ་ཡིན་པ་ཞིག་ལོགས་ན་ཡོད་སྙམ་ནས་འོང་། ཁྱེད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་སྒོམས་ཤིག་གསུངས།
ཡང་རྣལ་འབྱོར་པ་ཕྱག་ཁྲི་མཆོག་ལ་ཇོ་བོའི་ཞལ་ནས་ཁྱེད་མིང་དང་རུས་དང་ཡུལ་ཡིད་ལ་མ་བྱེད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིད་ལ་གྱིས་ཤིག་གསུངས། དེ་ལྟར་ཇོ་བོ་ཆེན་པོ་འདི་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད། དགེ་བཤེས་སྟོན་པ་ལ་སོགས་པ་ལ་ཐུགས་དམ་གྱི་གཙོ་བོར་བྱང་ཆུབ་ཀྱི་སེམས་གནང་བས་ཐུགས་དམ་གྱི་ལྷ་མང་པོའི་ཞལ་གཟིགས་པ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་དང་། མཐོང་བ་དང་ཐོས་པ་དང་རེག་པ་དང་གཏམ་དུ་བརྗོད་པ་དང་མཚན་ཐོས་པ་ཙམ་གྱིས་འགྲོ་བ་དཔག་ཏུ་མེད་པའི་གསོས་སུ་འགྱུར་བ་དེ་ཇོ་བོའི་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཡིན་གསུངས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེའི་ཐུགས་དང་ལྡན་པའོ།།
དེ་ལྟར་ཐེག་པའི་རིམ་པ་མཐའ་དག་གི་སྡོམ་ཁྲིམས་མ་ལུས་པ་དང་ལྡན་ཞིང་། དྲན་པ་དང་ཤེས་བཞིན་དང་བག་ཡོད་ཀྱི་སྒོ་ནས་ཚུལ་ཁྲིམས་མ་ཡིན་པ་ཡིད་ལ་མི་མཛད་པས་བཤགས་པར་འོས་པ་ནི་བཤགས། བསྡམ་པར་འོས་པ་ནི་བསྡམས། མཐོལ་བར་འོས་པ་ནི་མཐོལ་ནས་ཉེས་པ་དང་ཞག་ཏུ་མི་འགྲོགས་པ་ཡིན་གསུངས། དེ་ལ་ཁ་ཅིག་ཇོ་བོ་ལ་དང་པོ་ནང་ནས་ཉེས་པ་མ་གོས་པ་ཡིན་ཟེར་བ་ཡོད་དེ། དེ་མི་སྲིད་པ་ཡིན་གསུངས། ཇོ་བོ་ཉིད་ཀྱིས་ཞལ་ནས་ང་ལ་སོ་སོར་ཐར་པའི་ཉེས་པས་གཏན་ནས་མ་གོས་བྱར་རུང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཉེས་པ་ཅོ་ལེ་ཙམ་གྱིས་གོས། གསང་སྔགས་ཀྱི་དམ་ཚིག་ལ་ཉེས་པ་ཅ་རེ་ཉ་རེ་བརྒྱབ་སྡེ་ཉེས་པ་དང་ཞག་ཏུ་འགྲོགས་མ་མྱོང་གསུང་ངོ་།།
དེ་སྐད་དུ་ལོ་ཙཱ་བའི་བསྟོད་པ་ལས། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་བཞུགས་ནས། ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་མཛད་ཅིང་། ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཛད། །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་མི་གཏོང་བའི། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏི་པ། །སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ། །ཞེས་སོ།།
2 ཡི་དམ་གྱི་ལྷ་ཞལ་གཟིགས་པ།
ཐུགས་དམ་གྱི་ལྷ་ཞལ་གཟིགས་པའི་ཡོན་ཏན་ནི། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་མན་ངག་ལ་བརྟེན་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་གཟིགས། ཁྱད་པར་དུ་ཐུགས་དམ་གྱི་ལྷ་དྲུག་གི་ཞལ་གཟིགས་ཞིང་བྱིན་གྱིས་བརླབས་པ་ཡིན་ཏེ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་རྒྱ་གར་དུ་སྙིང་པོ་སྟོང་ཕྲག་རེ་རེ་བཟླས་པའི་དུས་སུ་ཞལ་ལན་རེ་གཟིགས། བོད་དུ་ཉིན་ཞག་རེ་ལ་ལན་རེ་གཟིགས་སོ།།
འཕགས་པ་སྤྱན་རས་གཟིགས་ནི་ཇོ་བོ་གང་དང་གང་མཛད་པའི་འཕྲིན་ལས་དེ་གསོལ་བ་བཏབ་པས་ལུང་སྟོན་པའོ། །སྒྲོལ་མ་དང་མི་གཡོ་བ་ཞལ་གཟིགས་ཏེ་ཕྱི་པའོ། །ནང་པའི་གཙོ་བོ་ནི་རོང་པ་མགར་དགེ་ན་རེ། འཁོར་ལོ་སྡོམ་པའི་ཡིན་གསུངས། ལོ་ཙཱ་བ་ན་རེ། དགྱེས་པ་རྡོ་རྗེ་ཡིན་ཏེ། ཇོ་བོས་བལ་ཡུལ་དུ་ཐང་བྷི་ཧ་ར་སུམ་ཐོག་ཏུ་བཞེངས་པའི་སྟེང་མན་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལྷ་ཚོགས་བཞེངས་ནས་ཡོད་ལ། ཡི་དམ་ཀུན་གྱི་སྟེང་དུ་བཞེངས་པ་ལུགས་ཡིན་པས་སོ་གསུངས། དེ་གཉིས་ཀ་ཞལ་གཟིགས་ཏེ་དྲུག་པོ་དེ་ཐུགས་དམ་གྱི་གཙོ་བོར་མཛད་པས་ཞལ་གཟིགས་གནང་བ་ཐོབ། དངོས་སམ་རྨི་ལམ་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་གསན་པ་ཡིན། དངོས་སུམ་བདེ་བ་བྱུང་ན་གསོལ་བ་བཏབ་པས་སྒྲོ་འདོགས་ཆོད་པའི་རྟོགས་པ་འབྱུང་གསུང་ངོ་།།
3 མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ།
མངོན་པར་ཤེས་པའི་ཡོན་ཏན་རྒྱ་ཆེན་པོ་མངའ་བ་ནི། བསམ་ཡས་སུ་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་ཞལ་གྱི་དཀྱིལ་འཁོར་གྱི་རྡུལ་ན་བཟས་སེལ་བ་ལ་སོགས་པ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། རྒྱ་གར་གྱི་སློབ་མ་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གསན་པ་ལ་སོགས་པ་ལྷའི་རྣ་བ་དང་། རྣལ་འབྱོར་པ་ཆེན་པོའི་ཐུགས་དགོངས་ལ་ཐག་རིང་པོ་ནས་འོངས་ནས་བྱ་བཞག་གིས་གཡེངས་པ་འདིས་མི་འོང་པར་འདུག་སྙམ་དུ་ཐུགས་སྐྱོ་བའི་ཚེ་དགེ་བཤེས་སྟོན་པ་ལ་འདི་ནི་བསམ་པ་ངན་པ་འགྱུའོ་གྲོས་ཐོབ་ཅིག་གསུངས་པ་ལ་གཞན་གྱི་སེམས་ཤེས་པ་དང་། སངས་རྒྱས་ཞལ་བཞུགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་བཟང་པོ་སྐྱོང་དུ་འཁྲུངས་པ་ལ་སོགས་པ་སྔོན་གྱི་རྗེས་སུ་དྲན་པ་དང་། ལྷ་སའི་ཇོ་བོ་ཤཱཀྱ་ལྷའི་བུ་མཆོད་པ་འབུལ་བ་གཟིགས་པ་ལ་སོགས་པ་ལྷའི་མིག་གི་མངོན་ཤེས་མངའ་སྟེ། དེ་དག་གི་གཏམ་རྒྱུད་ནི་སྐབས་སྐབས་ན་མང་དུ་བཞུགས་སོ།།
དེ་ལྟར་ན་བསྟན་བཅོས་རྩོམ་པ་པོ་ཚད་དང་ལྡན་པ་ཡིན་ཏེ། རིག་པའི་གནས་ལྔ་ལ་མཁས་པས་སྒྲའི་གནད་ཤེས་པ་ལ་བརྟེན་ནས་དོན་མ་ནོར་བར་འོང་སྟེ། སཾསྐྲི་ཏའི་སྐད་ལ་རྐྱེན་འདི་བྱིན་པས་དོན་འདི་ལས་འགྲོ་ས་མེད་བྱ་བ་ཤེས་པ་ཡིན། བོད་ཀྱི་སྒྲ་འདི་སྒྲ་ལོང་པ་ཕྱོགས་སུ་ལྷུང་བ་ཡིན་པས་མི་ཤེས་པ་ཡིན་ནོ། །བླ་མ་སངས་རྒྱས་ནས་བརྒྱུད་པའི་གདམས་པ་ཟམ་མ་ཆད་པ་ཡོད་ན་མཛད་པ་པོ་སངས་རྒྱས་ཡིན་པས་ནོར་བ་མི་སྲིད་པ་ཡིན། ཡི་དམ་གྱི་ལྷ་ཞལ་མཐོང་ཞིང་གནང་བ་ཐོབ་ན་འཕྲལ་ལ་དོན་འདི་མ་ནོར་རམ་ཞེས་ཞུས་ཤིང་བྱས་པས་མ་ནོར་བར་འོང་བ་ཡིན་ནོ།།
མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བླ་མ་གྲུབ་ཐོབ་རྣམས་ཀྱི་སྟེགས་ཟམ་ལ་བརྒྱུད་པ། མཁས་པའི་ཕུལ་དུ་བྱིན་པ། བཙུན་པའི་ཕུལ་དུ་ཕྱིན་པ། ཏིང་ངེ་འཛིན་ཁྱད་པར་ཅན་མངའ་བ། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ། བྱང་ཆུབ་སེམས་ཀྱིས་འགྲོ་བ་དཔག་ཏུ་མེད་པའི་དོན་རྒྱུན་མི་ཆད་པར་མཛད་པ་ཡིན་ནོ།།
ཁ༽ གཞན་དོན་འཕྲིན་ལས་ཇི་ལྟར་མཛད་པ།
གཞན་དོན་འཕྲིན་ལས་ཇི་ལྟར་མཛད་པ་ལ། རྡོ་རྗེ་གདན་དུ་ཇི་ལྟར་མཛད་པ་དང་། འབི་ཀྲ་མ་ཤཱི་ལར་ཇི་ལྟར་མཛད་པ་དང་། ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བདག་རྐྱེན་ལ་བརྟེན་ནས་ཇི་ལྟར་མཛད་པ་གསུམ་ལས།
༡༽ རྡོ་རྗེ་གདན་དུ་ཇི་ལྟར་མཛད་པ།
རྡོ་རྗེ་གདན་དུ་ཇི་ལྟར་མཛད་པ་ནི། གསེར་གླིང་ནས་བྱོན་ཏེ་རྡོ་རྗེ་གདན་ན་བཞུགས་པའི་དུས་སུ་ལྷ་ཁང་ཞིག་ན་ཁར་ས་པ་ཎི་རང་བྱུང་ཞིག་བཞུགས་པ་ལ། རབས་ཆད་རྒན་རྒོན་གཉིས་ཀྱིས་བསྙེན་བཀུར་ཆེན་པོ་བྱེད་པར་ཡོང་བ་ལ་རྒན་པོའི་རྨི་ལམ་ན་ང་ལ་མ་བྱེད་པར་གནས་འདི་ན་དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་ཡོད་ཀྱིས་དེ་ལ་བསྙེན་བཀུར་གྱིས་ཤིག་བསོད་ནམས་ཤིན་ཏུ་ཆེའོ་ཞེས་གསུངས་པ་རྨིས་པས། རྒན་པོས་ནངས་པར་སྔ་བར་ལངས་ནས་རྩ་བའི་སྡེ་བཞི་ཀའི་ནང་དུ་ཕྱིན་ནས་དྲིས་པས་དེ་འདྲ་མེད་ཟེར། ཐམས་ཅད་ཡོད་པར་སྨྲ་བའི་གནས་བརྟན་ཞིག་ན་རེ་ཁ་སང་འགྲོན་པོ་ཞིག་བྱུང་བ་འགྲོན་ཁང་ན་འདུག་སྟེ་དེ་ཡིན་ནམ་དྲིས་གསུངས། རྒན་པོ་དེས་ཕྱིན་པས་བསྒོམས་ཤིང་བཞུགས་ནས་འདུག །དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཡིན་ནམ་ཞུས་པས་ཡིན་དུ་ཡང་རུང་གསུངས། འོ་ན་ངའི་མཆོད་གནས་མཛད་ནས་ཆོས་སྟོན་གསོལ་བར་ཅི་གནང་ཞེས་ཞུས་པས་གནང་ནས་དཔལ་རྡོ་རྗེ་གདན་དུ་བཞུགས་སོ།།
དེའི་ཚེ་ཇོ་བོའི་ཐུགས་དགོངས་ལ་མི་མང་པོ་ལས་ཐེག་པ་མཐའ་དག་གི་ཆོས་དང་རིགས་པ་མ་ལུས་པར་བསླབས། ཡི་དམ་གྱི་ལྷ་མང་པོའི་ཞལ་མཐོང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱང་ཐོབ། གསང་སྔགས་ཀྱི་དཀྱིལ་འཁོར་མང་པོ་ཡང་མངོན་སུམ་དུ་གྱུར། ད་ནི་སེམས་རྩེ་གཅིག་ཏུ་བཞག་ལ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་སྙམ་པའི་ཐུགས་དགོངས་བྱུང་བ་དང་། སྔར་གྱི་བླ་མ་རི་ནག་པོའི་གཙུག་ལག་ཁང་ན་བཞུགས་པའི་ར་ཧུལ་གུཔྟ་བཛྲ་མངོན་ཤེས་དང་ལྡན་པས་དེར་བྱོན་ནས་ཇོ་བོ་ལ་གསུངས་པ། ཡི་དམ་གྱི་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་གྱི་ལྷ་མང་པོ་མངོན་སུམ་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་པོ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་ཆོས་ཤིག་གསུངས། ཇོ་བོ་བླ་མ་གསེར་གླིང་པས་ཐུགས་ངེས་པར་མཛད་པའི་སྟེང་དུ་དེ་བས་ཀྱང་ཆེར་ངེས་པར་གྱུར་གསུངས།
ཡང་ཇོ་བོས་གྲོ་ཐོན་པའི་རྗེས་ལ་རྡོ་རྗེ་གདན་གྱི་འཁོར་ས་ན་ཕར་སྐོར་བ་མཛད་པའི་ཚེ་འཁོར་ས་ན་ལྡེར་སོ་མང་པོ་བཞུགས་པའི་གཅིག་ལངས་ནས། ལྡེར་སོ་གཞན་ཞིག་ལ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་འདོད་པས། ཆོས་གང་ལ་བསླབ་པར་བགྱི་ཞེས་འདྲི་ཞིང་འདུག །དེའི་ལན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཟེར། ཡང་གཅིག་ན་རེ། བྱང་ཆུབ་ཀྱི་སེམས་སྦྱོང་ན་ཇི་ལྟར་སྦྱོང་ཟེར། ལན་དུ་འདི་ལྟར་སྦྱོང་ཞེས་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཀྱི་སེམས་སྦྱོང་ཐབས་བཟང་བ་ཞིག་གསུངས། ཇོ་བོ་སྐོར་བ་མཛད་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད་པར་གྱུར། དེ་ཡང་ལྡེར་སོ་གཅིག་གིས་མ་ཤེས་ནས་གཅིག་ལ་འདྲི་བ་ལྟ་བུ་མ་ཡིན། ཇོ་བོ་ཐུགས་ངེས་པ་བསྐྱེད་པའི་དོན་དུ་གཅིག་གིས་འདྲི་བ་ལྟར་བྱས་ནས་གཅིག་གིས་ལན་འདེབས་ལྟར་མཛད་པ་ཡིན་ཏེ། ལྡེར་སོ་གཉིས་སྩལ་བའི་སྐུ་དངོས་ཡིན་གསུངས། ཇོ་བོ་སྔར་ནས་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་པ་མངའ་བ་ལ། དེ་བས་ཀྱང་ཐུགས་ཤིན་ཏུ་ངེས་པར་གྱུར་སྐད།
ཡང་དུས་ཕྱིས་རྡོ་རྗེ་གདན་ན་སྐོར་བ་མཛད་པའི་ཚེ་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་བུ་མོ་གཞོན་ནུ་མ་མིའི་ལུས་ལས་འདས་པ་ལྷའི་ལུས་དང་ལྡན་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཉིས་བྱུང་ནས། གཅིག་ན་རེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱ་ཞེས་ཟེར་བ་ལ། གཅིག་ན་རེ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱའོ་ཞེས་གསུངས་ནས་སྔགས་ཀྱི་ལུགས་ཀྱི་བྱང་ཆུབ་ཀྱི་སེམས་སྦྱང་ཐབས་བཟང་བ་ཞིག་གསུང་ཞིང་འདུག་པ་ལ། ཇོ་བོས་སྐོར་བ་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད་དེ་སྔར་ནས་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་པ་ལ་དེ་བས་ཀྱང་ངེས་པར་གྱུར་ཏོ།།
བུ་མོ་དེ་གཉིས་གཅིག་གིས་མ་ཤེས་ནས་གཅིག་ལ་དྲིས་པ་ལྟ་བུ་མིན་གྱི་ཇོ་བོ་ཐུགས་ངེས་པ་བསྐྱེད་པའི་དོན་ཡིན་ཏེ། དེ་གཉིས་སྒྲོལ་མ་དང་ཁྲོ་གཉེར་ཅན་ཡིན་སྐད་ཅེས་འབྱུང་ལ། བླ་མ་དག་ནུབ་ཕྱོགས་བདུད་འདུལ་ལྷ་ཁང་གི་བྱང་ཆུབ་ཆེན་པོས་གསུངས་པ་དང་། བྱང་ཕྱོགས་ཞལ་འགྱུར་ཏཱ་རའི་ཐད་ཀར་གནྡྷོ་ལའི་རྒྱ་སྐར་ནས་ལྷ་མོ་གཉིས་བྱོན་ནས་ཞུས་ལན་མཛད་པ་གསན་པ་ཡིན་ཞེས་གསུང་ངོ་།།
ཡང་ཇོ་བོ་རྡོ་རྗེ་གདན་གྱི་བདུད་འདུལ་བའི་མཆོད་རྟེན་ལ་སྐོར་བ་མཛད་པའི་དུས་སུ་བུད་མེད་གཉིས་ལས་བྱང་ཆུབ་ཀྱི་སེམས་ཆོས་གསན་གསུང་སྟེ། གསན་ལུགས་མི་གསུང་། ཡང་སྒྲོལ་མ་ལྷ་ཁང་གི་དྲུང་ན་བུད་མེད་རྒན་གཞོན་གཉིས་འདུག །གཞོན་པ་དེས་རྒན་པ་དེ་ལ་ཞུས་པའི་ལན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་ཅེས་གསུངས་པ་ཇོ་བོ་གསན།
ཡང་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་སྐོར་བ་མཛད་པའི་དུས་སུ་བྱ་འདབས་ཀྱི་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། ཇོ་བོ་བྷ་དན་ཏ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྡོའི་ར་བ་ལ་སྐོར་བ་མཛད་པའི་དུས་སུ་བ་སོའི་རྒྱལ་བ་ཤཱཀྱ་ཐུབ་པ་ཞལ་ལྷོར་གཟིགས་པ་ཞིག་གི་ཞལ་ནས། ཡོ་གི་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས། སྔར་ནས་ཀྱང་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་པ་ལ་དེ་བས་ཀྱང་ངེས་པ་ཆེ་བར་གྱུར་ཏེ་སྤྲུལ་པའི་སྐུ་དངོས་ཡིན་གསུང་།
ཡང་རྡོ་རྗེ་གདན་ན་བཞུགས་པའི་ཚེ་ཁ་ཆེའི་དགེ་ཚུལ་ཞིག་གིས་བ་ཙི་གེ་ར་གླིང་ཞེས་གྲགས། སློབ་དཔོན་ཀླུ་སྒྲུབ་འཁྲུངས་པའི་ཡུལ་ཨུ་རྒྱན་ཞེས་བྱ་བ་ཡིན་ཏེ། དེར་སྐྱེས་པ་ཐམས་ཅད་བསོད་ནམས་བསགས་པ་རང་བཞིན་གྱིས་རྣལ་འབྱོར་པ་དང་རྣལ་འབྱོར་མ་ཤ་སྟག་ཡིན་ཟེར་ནས་ལྟར་ཕྱིན་པས། ད་ནི་སངས་རྒྱས་བྱོན་ནོ། །ད་ནི་སངས་རྒྱས་བཞུད་དོ་ཟེར་ནས་སྨྱོས་པ་ལྟ་བུར་སྣང་བ་མ་ཡིན་པ་རྣལ་འབྱོར་པར་གསལ་བ་གཅིག་ཀྱང་མ་མཐོང་། ཡུལ་གྱི་མདའ་ཞིག་ན་ཐམས་ཅད་ལ་ལུང་སྟོན་བྱེད་པའི་རྣལ་འབྱོར་པར་མངོན་པ་གཅིག་འདུག་ནས་དེ་ལ་ཕྱག་གཅིག་ཀྱང་བྱས། དེ་ནས་ཡུལ་དབུས་སུ་ལོག་ནས་འོངས་པའི་ལམ་དུ་ཚོང་པ་མང་པོ་ཞིག་ངོ་མཚར་ཅན་གྱི་གཏམ་ཟེར་ཞིང་འདུག་པ་ལ་དགེ་ཚུལ་དེ་ན་རེ། དགུ་ཆོག་ཀྱང་མི་བདེན་ཏེ་བ་ཙི་གེ་ར་གླིང་ན་ཕོ་སྐྱེས་མོ་སྐྱེས་ཐམས་ཅད་རྣལ་འབྱོར་ཕོ་མོར་ཡོད་ཟེར་བ་ལ་ངེས་བལྟས་པས་དེ་ལྟར་མི་འདུག་ཟེར་ཏེ། ཚོང་པ་དེ་རྣམས་ཀྱི་ནང་ནས་ཀུ་སུ་ལུ་དགེ་བ་ཞེས་པའི་རྣལ་འབྱོར་པ་ཞིག་ཡོད་པའི་ཐུགས་དགོངས་ལ་འདི་ཁོ་རང་གིས་མ་མཐོང་བར་སྡིག་གསོག་པར་འདུག །ལོག་རྟོགས་སེལ་དགོས་སྙམ་དུ་དགོངས་ནས། དགེ་ཚུལ་དེ་ལྐོག་ཏུ་ཁྲིད་ནས་ཙེ་ལུ་ཁྱོད་རང་ལ་ཡོན་ཏན་ཅི་ཡོད་གསུང་། ཅི་ཡང་མེད་བྱས་པས། འོ་ན་རྣལ་འབྱོར་པ་ནང་ལ་ནང་ཤེས་པ་ཡིན་གྱི་ཁྱོད་ལྟ་བུས་མི་ཤེས་གསུངས། དགེ་ཚུལ་ན་རེ། འོན་ཀྱང་གཅིག་མཐོང་ཟེར། ཁྱོད་ཀྱིས་མཐོང་བ་དེ་རྣལ་འབྱོར་པ་རྣལ་མ་མ་ཡིན། ཚེ་འདི་ཆེད་དུ་གཉེར་བ་ཡིན་གསུང་། དེར་དགེ་ཚུལ་དེའི་རྒྱབ་ན་ཀ་པ་ལི་གཅིག་ཡོད་པ་ལ་འོ་ན་ངའི་འདིའི་ནང་ན་ཅི་འདུག་བྱས་པས། འདི་ན་འཕགས་པ་རྒྱལ་བ་བློ་གྲོས་ཀྱི་མདོ་གཅིག་འདུག །གསེར་གཅིག་འདུག །སྤུ་གྲི་གཅིག་འདུག་གསུངས། དེར་རྣལ་འབྱོར་པར་གོ་ནས་གུས་པ་བྱས་ནས་ཡུལ་དབུས་སུ་འགྲོགས་ནས་འོངས་པའི་ཚེ། རྣལ་འབྱོར་པའི་ཞལ་ནས་ཁྱེད་ཀྱི་ཡུལ་དབུས་ན་གང་ཟག་ངོ་མཚར་ཅན་ཇི་ལྟ་བུ་ཡོད་གསུང་། དགེ་ཚུལ་དེས་རྡོ་རྗེ་གདན་ན་ཇོ་བོ་ཨ་ཏི་ཤ་ཞེས་བྱ་བ་ངོ་མཚར་ཅན་བཞུགས་བྱས་པས། རྣལ་འབྱོར་པའི་ཞལ་ནས་སྐྱེས་བུ་དམ་པ་མཐོང་བ་རྙེད་པར་དཀའ་བ་ཡིན་པས་ཞལ་ལྟར་འདོང་གསུངས་ནས་རྡོ་རྗེ་གདན་དུ་བྱོན།
དེར་དགེ་ཚུལ་དེས་ཇོ་བོ་བཞུགས་པའི་བྲང་ཁང་དུ་ཕྱིན་ནས། ངས་བ་ཙི་གེ་ར་གླིང་ན་རྣལ་འབྱོར་པ་གྲུབ་པ་ཐོབ་པ་མང་པོ་ཡོད་ཟེར་ནས་ལྟར་ཕྱིན་པས་གྲུབ་ཐོབ་མང་པོ་ཡོད་པར་འདུག་པ་ལ་ངས་ངོ་མ་ཤེས་པར་འདུག །ད་ལྟ་ང་དང་འགྲོགས་པའི་རྣལ་འབྱོར་པ་གྲུབ་ཐོབ་ཅིག་ངས་ངོ་མ་ཤེས་པ་ལ་ཁོང་རང་གིས་ཚུར་སྦྲན་ནས་ཞལ་བསྟན་པ་གཅིག་འདི་ན་བདོག་ཞུས་པས། ཇོ་བོའི་ཞལ་ནས་སྐྱེས་བུ་དམ་པ་མཐོང་བ་ནི་དོན་དང་བཅས་པ་ཡིན་པས་ཞལ་བལྟ་བར་བགྱི་ཁྱོད་ཀྱིས་མཚོན་པ་གྱིས་ཤིག་གསུངས་ནས་གཟིགས་སུ་བྱོན་པའི་དུས་ན་རྣལ་འབྱོར་པ་རྡོ་རྗེ་གདན་གྱི་བྱང་ཤར་མཚམས་ན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་གཙུག་ལག་ཁང་ཞིག་ཡོད་པ་དེའི་དྲུང་ན་ཤིང་ནྱ་གྲོ་ཏའི་ཕུང་པོ་གཅིག་ཡོད་པའི་དྲུང་དུ་དོ་ནུབ་ཉལ་བའི་ཆེད་དུ་ཤིང་ལོ་རྣམས་འཕྱག་ཅིང་གདའ་སྐད། དེ་ནས་རྣལ་འབྱོར་པ་དེས་ཇོ་བོ་ལ་ལུས་ཐམས་ཅད་ཕབ་པའི་ཕྱག་བྱས་ནས་ངག་ཏུ་ཡང་འཛམ་བུ་གླིང་གི་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་ལོ་ཞེས་གསུང་སྐད། ཇོ་བོས་ཀྱང་ཡིད་ཀྱིས་ནི་ཕྱག་བྱས། ཁོང་རྟེན་དམན་པས་ལུས་ཀྱིས་ཕྱག་མ་མཛད་པར་ཞལ་དུ་མཁས་པ་བྱ་བ་ཁྱོད་ཡིན་ཏེ་དོན་ལ་མཁས་པ་ཡིན། ང་ནི་ཚིག་ལ་མཁས་པ་ཡིན་གསུངས་ནས་སྐབས་དེར་བྱིས་པ་དང་མཁས་པ་འབྱེད་པའི་བསྟན་བཅོས་ཞེས་པ་བརྩམས་སོ་སྐད།
དེའི་ཚེ་ཇོ་བོའི་གྲོགས་པོ་ཕྱི་ནས་སློབ་མར་གྱུར་པའི་པཎྜི་ཏ་གྲགས་པའི་ཆ་བྱད་ཅན་ཞེས་བྱ་བ་ཞིག་གིས་རྣལ་འབྱོར་པ་དེ་ལ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བགྱི་ཞེས་ཞུས་པས། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལ། ཁོང་ཡིད་མ་ཆེས་ནས་རྣལ་འབྱོར་པའི་ཞལ་ནས་ཁྱེའུ་གཙང་མ་ཞིག་ཁྲིད་ལ་ཤོག་གསུངས་ནས་རྣལ་འབྱོར་པ་དེས་རྗེ་བཙུན་སྒྲོལ་མའི་སྤྲ་ཕབ་ནས་རྗེ་བཙུན་མ་སྒྲོལ་མའི་སྣང་བ་འཆར་དུ་བཅུག་སྟེ་རྗེ་བཙུན་མས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལ་ཡང་ཁོང་ཡིད་མ་ཆེས། དེ་ནས་འཕགས་པ་སྤྱན་རས་གཟིགས་དང་། འཇམ་དཔལ་དཔལ། ཕྱག་ན་རྡོ་རྗེའི་སྤྲ་ཕབ་པ་ལ་ཡང་ཡིད་མ་ཆེས། དེ་ནས་རྒྱལ་བ་རིགས་ལྔས་གཙོར་མཛད་པའི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་འཆར་དུ་བཅུག་སྟེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསུངས་པས་སྡོད་ཡིད་ཆེས་པ་ཡིན། དེས་ན་ཆོས་ཟབ་མོ་ལ་ཡིད་ཆེས་པ་ལ་ཚོགས་དཔག་ཏུ་མེད་པ་གསོག་དགོས་པ་ཡིན་གསུངས། ཐེག་པ་ཆེ་ཆུང་ཡང་ལྟ་བས་ཕྱེ་བ་མ་ཡིན་སྙིང་རྗེས་ཕྱེ་བ་ཡིན་གསུངས།
ཇོ་བོ་བྱང་ཆུབ་ཀྱི་སེམས་ལ་ངེས་པ་ཆེན་པོ་མངའ་བ་ལ་དེ་བས་ཀྱང་ངེས་པར་གྱུར་གསུང་། དེ་ནས་ཇོ་བོ་བྲང་ཁང་དུ་གཤེགས་པའི་རྗེས་ལ་པཎྜི་ཏ་ཞིག་གིས་བསུ་བ་ཆེན་པོ་བྱས་ནས་ཁོང་རང་གི་ཁང་པར་སྤྱན་དྲངས་ནས་མངོན་པར་ཤེས་པ་འཆར་བར་འདོད་པས་ཆོས་གང་ལ་བསླབ་པར་བགྱི་ཞེས་ཞུས་པས། བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པར་བྱའོ་གསུངས།
ཡང་པཎྜི་ཏ་གཅིག་གིས་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་གང་ལགས་ཞུས་པས། བྱང་ཆུབ་ཀྱི་སེམས་ཡིན་གསུངས། དེས་ན་སངས་རྒྱས་ཐོབ་པར་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་འདི་ཐོག་མ་བར་དང་མཐའ་མ་གསུམ་དུ་གལ་ཆེ་བ་ཡིན་གསུངས། གཞན་ཡང་ལེན་ཀེ་ར་ཞེས་བྱ་བ། རྩ་བ་གཅིག་རང་ཡང་ཟེར་བ་དེ་ན་རྣལ་འབྱོར་མ་ཞིག་བཞུགས་པའི་ཞལ་ནས། ཇོ་བོ་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས། ཡང་རྡོ་རྗེ་གདན་གྱི་གྲེ་གུ་ན་བུད་མེད་ཅིག་འཆག་སའི་བུམ་པ་བྱས་ནས་ལོ་བཅུ་གཉིས་སུ་སྒྲུབ་པ་བྱས་པས་དངོས་གྲུབ་ཐོབ་པའི་རྣལ་འབྱོར་མ་ཞིག་འདུག་པ་ལ། ཡིད་ཀྱིས་ཆོས་ཞུས་པས་དེས་མཁྱེན་ནས་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས།
ཡང་ཇོ་བོའི་བླ་མ་དགེ་བསྙེན་ཞིག་ཁྲི་ཁ་ན་འཁོར་ལྔ་ཙམ་ལ་ཆོས་འཆད་ཅིང་བཞུགས་པའི་ཚེ་མི་གཅིག་གིས་ཁྱི་ལ་དབྱུག་པ་བརྒྱབ་པས་བླ་མ་ལིངས་ཀྱིས་འགྱེལ། བལྟས་པས་ཁྱི་ལ་ཕོག་པའི་ཐད་ཀའི་བླ་མའི་སྐུ་ཡང་སྨུག་ཕྱུར་གྱིས་སྐྲངས་ནས་འདུག །བདག་གཞན་མཉམ་པའི་ཚད་དེ་ལྟ་བུ་མངའ་བའི་བླ་མ་དེ་ལ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཞུས་གསུངས། དེ་ལྟར་བླ་མ་མང་པོ་ལ་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཞུས། ཁྱད་པར་དུ་བླ་མ་གསེར་གླིང་པ་ལ་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཞུས་པས་ཐུགས་རྒྱུད་ཁྱད་པར་ཅན་དུ་གྱུར་པས་གསེར་གླིང་པ་གང་དང་ཡང་མི་མཉམ་པ་ཡིན། ཇོ་བོ་ཉིད་ཀྱི་ཞལ་ནས་ངའི་སེམས་བཟང་པོ་དུམ་ཙམ་འདི་བླ་མ་གསེར་གླིང་པས་བྱིན་གྱིས་བརླབས་པ་ཡིན། ངའི་བཀའ་བརྒྱུད་འདི་ལ་བྱིན་བརླབས་ཡོད་ཀྱིས། བྱིན་རླབས་བྱུང་གིས། བྱིན་རླབས་ཆེ་ཡིས་ཞེས་དགེ་བཤེས་སྟོན་པའི་དྲུང་དུ་གསུང་སྐད། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་དང་གྲུབ་པ་ཐོབ་པའི་བླ་མ་དཔག་ཏུ་མེད་པས་བྱང་ཆུབ་ཀྱི་སེམས་ཀྱི་གདམས་ངག་དང་རྗེས་སུ་བསྟན་པ་མཛད་ནས་གཞན་དོན་ལ་སྦྱར་རོ།།
ཇོ་བོ་ཉིད་ཀྱི་ཐུགས་དགོངས་ལ་ཡང་ད་ནི་བདག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་དམ་བསྐངས་པ་དང་། བླ་མ་རྣམས་ཀྱི་གསུང་རྗེས་སུ་བསྒྲུབས་པ་དང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་གཞན་མི་འདུག་པས། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ལ། བྱང་ཆུབ་ཀྱི་སེམས་སྦྱང་བ་ལས་མེད་དོ་སྙམ་པའི་ཐུགས་དགོངས་འཁྲུངས་ནས། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་ཏུ་མེད་པའི་ལྷ་ཁང་ཡོད་པ་དེའི་ནང་དུ་བྱམས་པའི་ཐུགས་དམ་མཛད་ཅིང་བཞུགས་པའི་ཚེ། ཇོ་བོ་ཐུགས་རྗེ་ཆེན་པོ་ཞལ་མངོན་སུམ་དུ་གཟིགས། ཐུགས་རྗེ་ཆེན་པོའི་ཞལ་ནས་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །བྱ་བ་བྱས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སོ། །འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ལྷ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཞིག་གསུངས་ནས་ལུང་བསྟན་ཏོ།།
ཡང་རྡོ་རྗེ་གདན་གྱི་མ་ཏིའི་གཙུག་ལག་ཁང་ན་ཞལ་གྱུར་ཏཱ་རའི་ལྷ་ཁང་ཞེས་བྱ་བ་གཅིག་ཡོད་པ་དེ་གཟིགས་སུ་བྱོན་པས་ལྡེ་མིག་པ་མེད་ནས་དེའི་བར་ལ་བྱམས་པའི་ཐུགས་དམ་མཛད་ཅིང་བཞུགས་པས་ལྷ་ཁང་གི་ནང་ཇི་ལྟ་བ་བཞིན་དུ་གཟིགས། ཕྱི་ནས་ལྡེ་མིག་པ་བྱུང་ཙ་ན་གཟིགས་པས་ཁྱད་པར་མ་བྱུང་གསུངས། གཞན་ཡང་བྱམས་པའི་ཐུགས་དམ་མཛད་པས་ཏིང་ངེ་འཛིན་བཟང་པོ་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་ཡང་བརྙེས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་ཡང་གཟིགས། འགྲོ་བ་མང་པོའི་དོན་ཡང་མཛད་པ་ཡིན་ཏེ། ཇོ་བོ་རྡོ་རྗེ་གདན་ན་བཞུགས་པའི་ཚེ་མ་ག་དྷའི་རྒྱལ་པོ་ནེ་ཡ་པཱ་ལ་དང་། ནུབ་པྱོགས་ཀརྣའི་མུ་སྟེགས་ཀྱི་རྒྱལ་པོ་གཉིས་རྩོད་པར་གྱུར་ནས་ཀརྣའི་རྒྱལ་པོས་མ་ག་དྷར་དམག་བྱས་པས་གྲོང་མ་ཐུབ་ནས། གནས་གཞི་རྣམས་སུ་དྲངས་པས་རབ་ཏུ་བྱུང་བ་བཞི་དགེ་བསྙེན་གཅིག་སྟེ་ལྔ་བཀྲོངས། ཡོ་བྱད་མང་པོ་གནས་སུ་ཁྱེར་བའི་དུས་སུ་ཇོ་བོ་ལ་ཞེ་སྡང་མི་མངའ་བས་ཀོ་ལོང་ལ་སོགས་པ་གང་ཡང་མི་མཛད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་བཞུགས། དེར་གཡུལ་ལོག་ནས་ཀརྣའི་དམག་མི་ཐམས་ཅད་གསོད་པ་ལ་ཐུགས་ཀྱིས་མ་བཟོད་ནས་རྒྱལ་པོ་དང་དམག་མི་ཐམས་ཅད་བསྐྱབས་ནས་བཏང་བས། ཀརྣའི་རྒྱལ་པོ་དེ་ཇོ་བོ་ལ་དད་ནས་ནུབ་ཕྱོགས་སུ་ཇོ་བོ་སྤྱན་དྲངས་ཏེ་བསྙེན་བཀུར་བཟང་པོ་བྱས། ཇོ་བོས་ཀྱང་རྒྱལ་པོ་གཉིས་ཀྱི་སྡུམ་བྱས། འཚོ་བའི་ཡོ་བྱད་མ་གཏོགས་པ་ཕྱག་ན་མངའ་བ་ཐམས་ཅད་སྡུམ་ལ་བཏང་། ལུས་དང་སྲོག་ལ་མ་གཟིགས་པར་བར་ན་ཆུ་ཆེན་པོ་ཡོད་པ་ལ་ཡང་དང་ཡང་དུ་བརྒལ་ཏེ་དེ་གཉིས་བསྡུམས་ནས་མཛའ་བོར་མཛད་དེ་སེམས་ཅན་བདེ་བ་ལ་བཀོད་དེ་ལོ་ཙཱ་བའི་བསྟོད་པ་ལས།
རྒྱལ་པོ་ནེ་ཡ་པཱ་ལ་དང་། །ནུབ་ཕྱོགས་ཀརྣའི་རྒྱལ་པོ་གཉིས། །
རྩོད་པ་ཆེན་པོ་བྱུང་བའི་ཚེ། །ནུབ་ཕྱོགས་ཀརྣའི་རྒྱལ་པོ་ཡིས། །
མ་ག་དྷ་ནི་དམག་དྲངས་པས། །གྲོང་ཁྱེར་མ་ཐུབ་གནས་གཞིར་དྲངས། །
རབ་བྱུང་དགེ་བསྙེན་ལྔ་ཡང་བསད། །ཡོ་བྱད་མང་པོ་གནས་སུ་ཁྱེར། །
ཁྱོད་ལ་ཞེ་སྡང་མི་མངའ་བས། །ཀོ་ལོང་མི་མཛད་སྙིང་རྗེ་འཁྲུངས། །
གཡུལ་ལོག་ཚེ་ན་དམག་མི་སྐྱབས། །ཕྱི་ནས་བླ་མ་སྡུམ་མཛད་དེ། །
འཚོ་བའི་ཡོ་བྱད་མ་གཏོགས་པའི། །ཡོ་བྱད་ལྷག་མ་མེད་པར་བཏང་། །
ལུས་དང་སྲོག་ལ་མ་གཟིགས་པར། །ཆུ་བོ་ཆེན་པོ་ཡང་ཡང་བརྒལ། །
དེ་གཉིས་བསྡུམས་ནས་མཛའ་བོར་མཛད། །
ཅེས་སོ།།
དེའི་དུས་ན་ཨོ་ཏནྟ་པུ་རི་ན་རབ་ཏུ་བྱུང་བ་བརྒྱ་ཕྲག་ཕྱེད་དང་གསུམ་ཡོད། མ་ག་དྷའི་སྐོར་ན་གནས་གཞི་ཡང་བསམ་གྱིས་མི་ཁྱབ། རབ་ཏུ་བྱུང་བ་དང་རྣལ་འབྱོར་པ་ཀུ་སུ་ལུ་དང་། མཁས་པ་པཎྜི་ཏ་ཡང་བསམ་གྱིས་མི་ཁྱབ་པ་བཞུགས་པ་དེ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། ཐམས་ཅད་ཀྱི་ལུང་ལེན་པ་དང་། ཐེ་ཚོམ་མི་འདྲ་བ་གཅོད་པ་ཇོ་བོ་ཡིན། མདོར་ན། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་བསྟན་པའི་སྲོག་ཤིང་ཡིན་པས་མུ་སྟེགས་པ་དང་རང་གི་གྲུབ་མཐའ་ངན་པ་ཐམས་ཅད་ཇོ་བོས་ལུང་དང་རིགས་པས་ཚར་བཅད་ནས་ཡང་དག་པའི་ལམ་ལ་བཀོད་པ་ཡིན་གསུང་ངོ་།།
༢༽ འབི་ཀྲ་མ་ཤཱི་ལར་ཇི་ལྟར་མཛད་པ།
འབི་ཀྲ་མ་ཤཱི་ལར་ཇི་ལྟར་མཛད་པ་ནི། རྒྱ་གར་གྱི་ཡུལ་དཔལ་ཤྲཱི་ན་ལེནྟྲ་ན་སློབ་དཔོན་ཆེན་པོ་ཀམ་པ་ལ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་བཞུགས་པའི་ཐུགས་དགོངས་ལ། ཆུ་བོ་གངྒཱའི་འགྲམ་ན་བྲག་དེའུ་ཞིག་ཡོད་པའི་སྟེང་དུ་གཙུག་ལག་ཁང་ཞིག་བརྩིགས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་མངོན་ཤེས་ཀྱིས་གཟིགས་ཤིང་། རྩིག་པ་ལ་རབ་ཏུ་བྱུང་བ་བས་རྒྱལ་པོའི་རྟེན་ནུས་པ་ཆེ་བར་གཟིགས་སོ།།
དེ་ཡང་ཡུལ་དབུས་ཀྱི་རྣལ་འབྱོར་པ་ཞིག་རྒྱལ་པོའི་དངོས་གྲུབ་འདོད་ནས་རྒྱ་གར་ལྷོ་ཕྱོགས་ན་འོད་ཟེར་ཅན་གྱི་སྐུ་གཅིག་བཞུགས་པའི་སར་ཕྱིན་ནས་ས་རྡེ་བཙུགས་ནས་བདག་ལ་རྒྱལ་སྲིད་ཀྱི་འབྱོར་པ་ལ་མངའ་བརྙེས་པའི་རྒྱལ་པོ་ཞིག་ཏུ་འགྱུར་བའི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་བཏབ་པ་གྲུབ་ནས་རྒྱལ་པོ་འདོད་ན་རྒྱ་གར་ཤར་ཕྱོགས་སུ་སོང་ཞིག་གསུངས། རིམ་གྱིས་ཕྱིན་པས་གྲོང་ཁྱེར་ཞིག་ན་རྒྱལ་པོ་རེ་མོས་བྱེད་པ་ཞིག་གདའ་སྐད། དེའི་རེས་མོས་བ་ལང་རྫི་མ་སྨད་གཉིས་ཡོད་པའི་བུ་ལ་བབས་ནས་མ་དེ་ཡིད་མི་བདེ་ཞིང་ངོ་ལོག་པ་རྣལ་འབྱོར་པས་མཐོང་ནས་ཅི་ཉེས་དྲིས་པས་ངའི་བུ་དེ་རྒྱལ་པོའི་རེས་མོས་བབ་ཟེར། དེ་དགའ་མ་ཡིན་ནམ་བྱས་པས། རྒྱལ་པོའི་རེས་མོས་བབས་པ་ཐམས་ཅད་འཆི་རེས་བབས་པ་ཡིན་ཟེར། འོ་ན་ཁྱེད་ཀྱི་རྒྱལ་པོའི་རེས་མོས་ངས་བྱའམ་བྱས་པས། མ་སྨད་གཉིས་དགའ་ནས་རྣལ་འབྱོར་པ་དོད་པོར་བྱས་ཏེ་རྒྱལ་སར་དབང་བསྐུར་རོ།།
སྔར་གྱི་རྒྱལ་པོ་ཐམས་ཅད་རྒྱལ་པོའི་བཙུན་མོ་ཀླུ་མོ་གདུག་པ་ཅན་དུ་སྐྱེས་པ་ཞིག་གིས་བཟོས་ནས་གདའ་སྐད། རྣལ་འབྱོར་པ་དེས་དེའི་ནུབ་མོ་རལ་གྲི་ཞིག་ཐོགས་ནས་འོད་ཟེར་ཅན་གྱི་བསྐྱེད་རིམ་བསྒོམས་ཏེ་སྙིང་པོ་འགྲང་ཞིང་བསྡད་པ་དང་། བཙུན་མོ་དེ་རྣལ་འབྱོར་པ་དེ་ཡང་བཟའ་བའི་ཕྱིར་སྦྲུལ་ཆེན་པོ་ཞིག་ཏུ་བྱས་ནས་བྱུང་བ་ལ། ལྷ་མོ་འོད་ཟེར་ཅན་གྱི་ང་རྒྱལ་གྱིས་ཚར་བཅད་དོ། །དེ་ནས་ནངས་པར་རྒྱལ་པོའི་རོ་དུར་ཁྲོད་དུ་སྐྱེལ་དུ་འོངས་པ་ལ་རྒྱལ་པོ་དེ་མ་ཤི་བར་འདུག་པས། ཐམས་ཅད་ངོ་མཚར་སྐྱེས་ནས་དེ་ཉིད་ལ་རྒྱལ་པོ་ཞུས་སྐད། དེ་བ་ལང་རྫི་དངོས་མ་ཡིན་ཡང་དོད་པོ་ཡིན་པས་མིང་གཽ་པཱ་ལ་ཞེས་བཏགས་ཏེ་བ་ལང་སྐྱོང་ཞེས་བྱ་བ་ཡིན། དེས་བྷ་ག་ལ་ཙམ་མངར་འདུས་པ་ཞིག་བྱུང་སྐད། རྒྱལ་པོ་དེ་ལ་བཙུན་མོ་ལྔ་བརྒྱ་ཡོད། བཙུན་མོ་རེ་ལ་མཆོད་གནས་དགེ་སློང་མ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ་ལས། བཙུན་མོའི་ནང་གི་ཆུང་ཤོས་རྒྱལ་པོ་དང་མ་འཕྲད་ནས་མཆོད་གནས་དགེ་སློང་མ་གཅིག་གིས་རྒྱལ་པོ་དང་འཕྲད་པའི་སྨན་སྦྱར་བ་ལས་རྒྱལ་པོ་ལ་མ་ཐེངས་གཞན་ལ་སོང་ནས་རིགས་ལྡད་པས་དེ་ན་མཚོ་ཞིག་ཡོད་པའི་ནང་དུ་བླུགས་པས་མཚོ་དེའི་ཀླུ་རྒྱལ་པོར་རྫུས་ཤིང་འོང་པས་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་པ་རྒྱལ་པོས་གསན་ནས་ཀླུ་དེ་བཟུང་ནས་དྲིས་པས་ང་ལ་དབང་མེད་སྨན་དེའི་ནུས་པ་ཡིན། སྨན་དེ་བཙུན་མོ་ལ་བྱིས་པ་ཞིག་ཡོད་པ་ཡང་རྒྱལ་པོ་ལ་འབུལ་ཟེར་ནས་ཕུལ་བའི་སྲས་དེ་ཝ་པཱ་ལ་ཞེས་བྱ་བ་ཡིན། མངའ་རིས་ཀྱང་ཤིན་ཏུ་ཆེ་བར་གྱུར།
དེའི་དུས་ན་ཇོ་མོ་སྒྲོལ་མ་སྒྲུབ་པའི་རྣལ་འབྱོར་པ་ཞིག་ཡོད་པའི་ཐུགས་དགོངས་ལ་ཤར་ཕྱོགས་བྷ་ལེནྟྲ་ན་མུ་སྟེགས་ཀྱི་ལྷ་རྟེན་མང་པོ་ཡོད་པ་བཤིག་པར་འདོད་ནས། སྒྲོལ་མ་ལ་གསོལ་བ་བཏབ་པས་རྒྱལ་པོ་དེ་ཝ་པཱ་ལ་ལ་ཞུས་གསུངས། རྣལ་འབྱོར་པ་དེས་རྒྱལ་པོ་ལ་ས་རྡེ་བཙུགས་ནས་ཞུས་པས་གནང་སྟེ་བྷ་ག་ལ་པ་ཐམས་ཅད་དམག་ཏུ་སྦྲན་ནས་འགྲོ་བའི་ལམ་དུ། སྔོན་མ་ཐག་མི་རིང་མི་ཐུང་བར་མི་འབུལ་མི་མགྱོགས་པར་མི་ནག་པོ་ཞིག་སོང་སྐད། རྒྱལ་པོས་མི་བཏང་ནས་ཁྱོད་སུ་ཡིན་དྲིས་པས། མགོན་པོ་མཧཱ་ཀ་ལ་བྱ་བ་ཡིན། ཁྱེད་གང་འགྲོ་ཟེར། བྷ་ལེནྟྲ་ན་མུ་སྟེགས་པའི་རྟེན་མང་པོ་ཡོད་པ་འཇིག་ཏུ་འགྲོ་བ་ཡིན་བྱས་པས། དེ་ཁྱེད་ཀྱིས་མི་ཤིགས་ཟེར། འོ་ན་ཁྱེད་ལ་ཐབས་ཡོད་དམ་ངེད་ཀྱི་གྲོགས་བྱེད་དགོས་བྱས་པས། ངས་ཟེར་བ་ཉན་ན་གྲོགས་བྱེད། མི་ཉན་ན་གནོད་པ་སྐྱེལ་ཟེར། དེ་རྒྱལ་པོ་ལ་གསོལ་བས་ཉན་པར་ཞལ་གྱིས་བཞེས་ནས་ཐབས་ཞུས་པས། མི་ནག་པོ་ན་རེ། བྱེ་མའི་ཕུང་པོ་འདིའི་འོག་ན་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་ཞིག་ཡོད་པས་འདི་སོལ། རྟེན་གཤིག་པའི་དུས་སུ་དམག་ཐམས་ཅད་ཀྱིས་ཁྲིམས་སུ་བཅའ་བ་གྱིས་ལ། རོལ་མོའི་སྒྲ་དུས་གཅིག་ལ་དཀྲོལ་ཅིག་ཟེར་ནས་མི་སྣང་བར་གྱུར་སྐད།
དེར་རྒྱལ་པོའི་དམག་མི་རྣམས་ཀྱིས་བྱེ་མ་བསལ་བས་གཙུག་ལག་ཁང་ཞིག་བྱུང་། དེའི་ཉན་ཐོས་འགོག་པ་བ་ཞིག་མི་མང་པོའི་ཐུག་སྒྲས་སད་ནས་སངས་རྒྱས་འོད་སྲུང་གང་ན་བཞུགས་རྒྱལ་པོ་ཀྲི་ཀྲི་གང་ན་བཞུགས་གསུངས། དེར་རྒྱལ་པོས་སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་ནས་མི་བཞུགས། དེའི་བསྟན་པ་ཡང་མི་ཡིན་འདི་ནི་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་བྱས་པས། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བཞུགས་གསུངས། དེ་ཡང་མྱ་ངན་ལས་འདས་བྱས་པས། སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར་གྱི་ཐོག་མ་ཞིག་བསམ་པ་ཡིན་པ་ལ་གསུངས་ནས་མི་སྣང་བར་གྱུར་སྐད། གཙུག་ལག་ཁང་དེ་ནི་ཏྲི་ཀ་ཏུ་ཀའམ་རྒྱ་མཚོ་སྦས་པའམ། གྷོ་སོ་མ་པུ་རིའི་གཙུག་ལག་ཁང་ཞེས་བྱ་སྟེ་སྒོ་སྲུང་གི་པཎྜི་ཏ་ཆེན་པོ་བཞི་ཡང་དེ་ན་ཡོད་གསུངས། མི་ནག་པོ་དེ་གཙུག་ལག་ཁང་དེའི་ཆོས་སྐྱོང་ཡིན་སྐད་དེ། དེར་རྒྱལ་པོ་འཁོར་དང་བཅས་པས་ལྷ་རྟེན་གྱི་མཐའ་མ་བསྐོར་ཞིང་རོལ་མོ་དཀྲོལ་བས་རང་ཞིག་པར་གྱུར་ཏོ། །དེ་བས་ན་གཏོར་མ་གཏོང་བའི་དུས་སུ་རོལ་མོའི་སྒྲ་བྱེད་པ་ཡང་མགོན་པོའི་འཕྲིན་ལས་ཀྱི་གྲོགས་ཡིན་གསུངས། དེར་རྒྱལ་པོ་དེའི་མངའ་རིས་སུ་བྷ་ལེནྟྲ་པ་ཐམས་ཅད་འདུས་སྐད།
དེའི་ཚེ་སློབ་དཔོན་ཀམ་པ་ལ་རྒྱལ་པོ་དེའི་སྲས་སུ་འཁྲུངས་པར་བཞེད་ནས་བཙུན་མོའི་རྨི་ལམ་དུ་དགེ་སློང་ཆོས་གོས་དམར་སེར་གྱོན་པ་ལག་ན་ལྷུང་བཟེད་དང་འཁར་བསིལ་ཐོགས་པ་ཞིག་གནས་གཡར་ཟེར་བ་ནུབ་དྲུག་ཏུ་རྨིས། རྒྱལ་པོ་ལ་བཟླས་པས་དོ་ནུབ་ཀྱང་རྟོགས་ལ་བྱུང་ན་བྱོན་པས་ཆོག་གནས་བཏང་གིས་གྱིས་ཤིག་གསུངས། ཡང་བྱུང་ནས་བཙུན་མོས་གནས་བཏང་གིས་བྱས་པས་དེའི་སྲས་སུ་སྐྱེ་བ་བཞེས་ནས་རྒྱལ་པོ་དེ་ཝ་པཱ་ལ་ཞེས་བྱ་བར་གྱུར་ཏེ། མངའ་ཐང་ཡང་ཤིན་ཏུ་ཆེ། ཡུལ་དབུས་མ་ག་དྷ་ཡང་མངའ་རིས་སུ་འདུས་སོ།།
དེར་རྒྱལ་པོ་དེས་ཆུ་བོ་གངྒཱའི་འགྲམ་གྱི་བྲག་དེའུ་དེའི་སྟེང་དུ་གཙུག་ལག་ཁང་བཞེངས་ཏེ། དེ་ལ་ཕྱོགས་བཞིར་མིང་བཞིར་གྲགས་པ་ལས་བྱང་ཕྱོགས་སུ་གྲགས་པ་ནི་བི་ཀྲ་མ་ཤཱི་ལ་ཞེས་བྱ་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་ལྡན་པ་ཡིན་སྐད། ཁ་ཅིག་ནི་དེའི་གནོད་སྦྱིན་ཞིག་གི་མིང་ཡིན་ཏེ་གནོད་སྦྱིན་མནན་པའི་གཙུག་ལག་ཁང་ཞེས་བྱ་བ་ཡིན་ཞེས་ཟེར་རོ། །དེར་རྒྱལ་པོས་རྩ་བའི་སྡེ་བཞི་ལ་དགེ་སློང་ཉི་ཤུ་རྩ་བདུན་ཏེ་བརྒྱ་རྩ་བརྒྱད་ཀྱི་འཚོ་བླ་ནས་སྦྱར། གཞན་ཡང་འགྲོན་པོ་གློ་བུར་བ་བཅུ་གཉིས་ཀྱི་ས་ཀྲ་དང་སྒྲ་དང་ཚད་མ་པའི་ས་ཀྲ་དང་བྷ་ལིང་ཨཱ་ཙརྱ་ཞེས་པ་གཏོར་མ་མཁན་གྱི་ས་ཀྲ་ལ་སོགས་པ་ས་ཀྲ་དུ་མ་ཡོད།
སྤྱིར་རབ་ཏུ་བྱུང་བ་བརྒྱ་ཕྲག་གཉིས་ལ་ལོངས་ཙམ་ཡོད། གང་ཡོད་རྣམས་ནི་པཎྜི་ཏ་ཤ་སྟག་ཏུ་ཡོད་གསུངས། ཡོངས་སུ་གྲགས་པའི་པཎྜི་ཏ་བཅུ་བདུན་ཡོད། དེ་རྣམས་ཐམས་ཅད་ཀྱིས་གཙུག་ལག་ཁང་གི་ནོར་བུར་བཀུར་བའི་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དེ་རྒྱལ་པོ་དེ་ཝ་པཱ་ལའི་གདུང་རྒྱུད་དུ་གྱུར་པ་རྒྱལ་པོ་མཧཱ་པཱ་ལ་ཞེས་བྱ་བས་རྡོ་རྗེ་གདན་ནས་འབི་ཀྲ་མ་ཤཱི་ལར་སྤྱན་དྲངས་ཏེ་གཙུག་ལག་ཁང་གི་སྔ་གདོང་གཡས་ན་སློབ་དཔོན་ཀླུ་སྒྲུབ། གཡོན་ན་ཇོ་བོ་བྲིས་ནས་ཡོད་དེ་སློབ་དཔོན་ཀླུ་སྒྲུབ་དང་མཉམ་པ་ཡིན་སྐད། དེའི་ངོས་གཅིག་ན་པཎྜི་ཏ་རྣམས་བྲིས། ངོས་གཅིག་ན་གྲུབ་ཐོབ་རྣམས་བྲིས་ནས་ཡོད་པ་ལ་ཇོ་བོ་གཉིས་ཀ་ན་བྲིས་ནས་ཡོད་སྐད་དོ།།
དེར་བཞུགས་པའི་དུས་རྒྱ་གར་ན་པཎྜི་ཏས་ལྡེ་མིག་འཛིན་པས་ཇོ་བོས་ཀྱང་ལྡེ་མིག་བཅོ་བརྒྱད་ཀྱི་བདག་མཛད་ནས་དགེ་སློང་ཉི་ཤུའི་སྡེ་ཤས་གཅིག་ནི་ས་ཀྲ་དང་བཙུགས། ཅི་བདེ་བ་ཤས་གཅིག་ཕྱུང་བས་དེ་རྣམས་ཇོ་བོ་ལ་སྡིག་གསོག་པར་གྱུར་སྐད། ཁྱད་པར་དུ་མངའ་བདག་མཻ་ཏྲི་པ་ཞེས་བྱ་བ་དེ་ན་བཞུགས་པའི་ལྟ་སྤྱོད་འབྲས་བུ་གསུམ་ཀ་ལ་ཤནྟི་པས་སྐྱོན་བཀོད་ནས་སྒོ་ཀླད་དུ་བྲིས། མཻ་ཏྲི་པ་དེ་རྣལ་འབྱོར་མ་ལ་ཐུགས་དམ་མཛད་པས་དེའི་དམ་རྫས་ཀྱི་ཆང་ཞིག་སྦས་ནས་ཡོད་པ་བཙུན་པ་ཞིག་གིས་མཐོང་ནས་དགེ་འདུན་ལ་བཤད། དགེ་འདུན་རྣམས་ན་རེ་ཉམས་པ་གནས་ནས་འབྱིན་དགོས་ཟེར་ནས་བསྐྲད་པར་བཞུད་དུ་མ་འདོད་པར་འདིས་ང་ལ་མི་གནོད་ཀྱིས་ཟེར། ཁྱོད་ལ་མི་གནོད་ཀྱང་གཞན་ལ་གནོད་བྱས་ནས་ཕྱུང་བས་ཉམས་པ་སྒོ་ལ་འགྲོར་མི་རུང་ཟེར་ནས་རྩིག་པ་ལ་ཐལ་གྱིས་བཞུད། ཇོ་བོའི་ཐུགས་དགོངས་ལ་ལེགས་སམ་མ་ལེགས་སྙམ་ནས་དེའི་ནུབ་མོ་ཇོ་བོ་སྒྲོལ་མ་ལ་མཆོད་པ་ཕུལ་བསྟོད་པ་བྱས་ནས་གསོལ་བ་བཏབ་པས། ཇོ་བོ་བྲང་ཁང་ན་ཅུང་ཟད་མནལ་བའི་མནལ་ལམ་ན་བུ་མ་ལེགས་སོ་ཞེས་བྱ་བའི་སྒྲ་ལན་གསུམ་བྱུང་། ཕྱིར་བྱོན་ནས་བལྟས་པས་ཅི་ཡང་མ་གཟིགས།
ཡང་ནང་དུ་བྱོན་ནས་ལྷ་ལ་གསོལ་བ་བཏབ་པས་ལྷ་མོ་སྒྲོལ་མའི་ཞལ་ནས། དགེ་སློང་ཅི་བདེ་བ་སྟོན་པའི་ནང་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གཅིག་བཞུགས་པ་དེ་མངའ་བདག་མཻ་ཏྲི་པ་ཡིན། བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་ན་རྣམ་སྨིན་ཤིན་ཏུ་ཆེ་གསུངས། ཇོ་བོས་འདི་ལ་རྣམ་སྨིན་ཇི་ལྟ་བུ་ཞིག་འབྱིན་ཞུས་པས། རི་རབ་ལ་ལན་གསུམ་འཁོར་བའི་སེམས་ཅན་ཆེན་པོ་ཞིག་ཏུ་སྐྱེས་ནས་བྱ་སྣ་ཚོགས་ཀྱིས་ཟ་བར་བྱེད་གསུངས། འོ་ན་དེ་ལ་ཅི་ཕན་ལགས་ཞེས་ཞུས་པས། བྱང་ཕྱོགས་སུ་སོང་ནས་ཐེག་པ་ཆེན་པོའི་ཆོས་དར་བར་བྱས་ན་ཕན། ཉི་མ་རེ་རེ་བཞིན་ཙྪ་བདུན་བདུན་བཏབ་ན་ཕན་གསུངས། དོན་ལ་ཇོ་བོ་སེམས་ཀྱི་དོན་ལ་བོད་དུ་བྱོན་དུ་འཇུག་པའི་སྙད་ཡིན་གསུངས། ཡང་ཇོ་བོས་བླ་མ་གྷ་གྷ་པ་ཏ་ལ་ལ་གང་ཕན་ཞུས་པས་གང་ཡང་ཕན་ཁྱོད་ཀྱིས་སེམས་ཀྱིས་བྱས་པས་ཉེས་པ་མེད་དེ། སྔོན་འབྲས་ཆེན་བྲེ་གང་སྦྱིན་པ་བཏང་བ་ཞིག་བོད་ན་རྒྱལ་པོ་བྱེད། དེའི་མཆོད་གནས་ལ་ཁྱོད་འགྲོ་བ་འདུག་གསུང་ངོ་།།
༣༽ ལྷ་བཙུན་པའི་བདག་རྐྱེན་ལ་བརྟེན་ནས་ཇི་ལྟར་མཛད་པ།
ལྷ་བཙུན་པའི་བདག་རྐྱེན་ལ་བརྟེན་ནས་འཕྲིན་ལས་ཇི་ལྟར་མཛད་པ་ལ། ཇི་ལྟར་སྤྱན་དྲངས་པ་དང་། ཤུལ་ཀར་ཇི་ལྟར་མཛད་པ་དང་། བོད་ཡུལ་དུ་ཇི་ལྟར་མཛད་པ་གསུམ་ལས།
༡) ཇི་ལྟར་སྤྱན་དྲངས་པ།
དང་པོ་དེ་ལྟ་བུའི་སྐུ་ཆེ་བའི་ཡོན་ཏན་མ་ལུས་པ་དང་ལྡན་པའི་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་ཇི་ལྟར་སྤྱན་དྲངས་པ་ནི། བོད་ཀྱི་རྒྱལ་པོ་རྗེ་གཉའ་ཁྲི་བཙན་པོ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་གཤེགས་ནས། གནམ་ལ་ཁྲི་བདུན། བར་དུ་སྟེང་གཉིས། ས་ལ་ལེགས་དྲུག །སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་སོང་བར་བླ་བཞེད་ནས་བཤད། ཆོས་བྱས་པས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པས་སྐྱིད་པའི་གདུང་རབས་ཏེ། དེ་ཡང་གདུང་རབས་རིན་པོ་ཆེ་བཅུ་གཉིས་མངའ་བདག་ཁྲི་རལ་པ་ཅན་སྐུ་ཚེ་ཐུང་བས་ཕྱེད་དུ་བཞག་པའོ།།
དེ་ལ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་མཐོ་དོ་རི་སྙན་ཤལ་གྱི་སྐུའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་གདུང་རབས་ལྔ་ན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྗེ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་དམ་པའི་ཆོས་སྲོལ་བཏོད། དེ་ནས་གདུང་རབས་ལྔ་ན་འཇམ་དཔལ་གྱི་སྤྲུལ་པ་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་རིང་ལ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། དེའི་སྲས་ཁྲི་ལྡེ་སྲོང་བཙན་ཏེ། སད་ན་ལེགས་མཇིང་ཡོན་ཞེས་གྲགས། དེ་ལ་སྲས་གསུམ། གཙང་མ། དར་མ། རལ་པ་ཅན་ནོ།།
དར་མ་ལ་སྲས་འོད་སྲུང་དང་ཡུམ་བསྟན་གཉིས། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས། སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སྟོད་དུ་གཤེགས་པའི་དུས་སུ་བློན་པོ་ཆེན་པོ་ཞང་པ་ཚབ་རིན་ཆེན་སྡེ་དང་། ཅོ་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་གཙང་བྱེ་མ་གཡུང་དྲུང་དུ་བསྐྱལ་ནས། འབྲལ་བའི་དུས་སུ་ངུས་ཏེ་པ་ཚབ་ཀྱིས་ན་བཟའ་སྦྱང་ཐུལ་ཞིག་ཕུལ། ཅོ་རོས་དྲེའུ་ཞིག་ཕུལ་བས། རྒྱལ་པོའི་ཞལ་ནས་མངའ་རིས་སྟོད་དུ་རྒྱལ་སྲིད་འདྲ་བ་ཟིན་སྲིད་ན་ཁྱེད་ཀྱི་བུ་མོ་རེ་རྫོང་པར་ཞུ་གསུངས་པས་གཉིས་པོས་ཀྱང་ཁས་བླངས།
དེ་ནས་ཡར་བྱོན་པའི་དུས་སུ་མངའ་རིས་པ་རྣམས་ཀྱིས་བོད་ནས་རྒྱལ་པོ་ཞིག་བྱོན་ཞེས་ཐོས་ནས་བསུ་བ་བྱས། རིགས་ནི་སྤྱོད་པས་སྟོན་པར་བྱེད། །ཅེས་པས་རྒྱལ་པོ་ཡིན་པར་ཤེས་ནས་ཇོ་བོར་བཟུང་རྒྱལ་སྲིད་རྒྱ་ཆེ་བར་ཟིན་ནས་བློན་པོ་གཉིས་ཀྱིས་ཀྱང་བུ་མོ་རེ་བཙུན་མོར་ཕུལ། པ་ཚབ་བཟའ་རབས་ཆད། ཅོ་རོ་བཟའ་ལ་སྲས་གསུམ། བཀྲ་ཤིས་ལྡེ། དཔལ་གྱི་ལྡེ། ལྡེ་གཙུག་ལྡེ་སྟེ་སྟོད་ཀྱི་ལྡེ་གསུམ་མོ། །བཀྲ་ཤིས་ལྡེ་ལ་པུ་རངས་བྱིན། དཔལ་གྱི་ལྡེ་ལ་ཞང་ཞུང་བྱིན། ལྡེ་གཙུག་ལྡེ་ལ་མང་ཡུལ་བྱིན་པས་མངའ་རིས་སྐོར་གསུམ་ཞེས་གྲགས་སོ།།
ལྷ་བཀྲ་ཤིས་ལྡེ་ལས་སྲས་གཉིས་མངའ་བདག་ཁོར་རེ་དང་སྲོང་ངེའོ། །ཁོར་རེ་ལ་སྲས་དྷེ་བ་ར་ཙ་དང་། ན་ག་ར་ཙ་གཉིས་སོ། །སྲོང་ངེའི་སྲས་ལྷ་ལྡེ། ལྷ་ལྡེའི་སྲས་མངའ་བདག་འོད་ལྡེ། ཕོ་བྲང་ཞི་བ་འོད། ལྷ་བཙུན་བྱང་ཆུབ་འོད་གསུམ་མོ། །རྒྱལ་པོ་ཁོར་རེ་རྒྱལ་སྲིད་མཛད་པའི་དུས་སུ་ཡབ་མེས་ཀྱིས་དམ་པའི་ཆོས་དབུ་བརྙེས་སྲོལ་བཏོད་དར་ཞིང་རྒྱས་པར་མཛད་པའི་ཕྱག་བཞེས་རྣམས་གཟིགས་པས་འཁོར་བ་ལ་སྐྱོ་བ་སྐྱེས་ནས། ཡབ་མེས་ཀྱི་གདུང་བསབ་པར་དགོངས་ཏེ་རྒྱལ་སྲིད་དཔོན་པོ་ལྷ་ལྡེ་ལ་གཏད་ནས་ཡབ་སྲས་གསུམ་ཀ་དཀོན་མཆོག་གི་རྟེན་ལས་རབ་ཏུ་བྱུང་སྟེ། མཚན་ཡང་ལྷ་བླ་མ་ཡེ་ཤེས་འོད་ཅེས་བཏགས་སོ།།
ཁོང་ལ་བསོད་ནམས་ལས་གྲུབ་པའི་བློན་པོ་མིག་གི་མངོན་པར་ཤེས་པ་དང་ལྡན་པས་ས་འོག་གི་གཏེར་ཐམས་ཅད་མཐོང་བ་ཞིག་ཡོད། རྒྱ་གར་དུ་བསྐུར་བའི་གསེར་ལིང་པ་ཆེན་པོ་དེ་ཡང་བློན་པོ་དེས་ཕྱུང་བ་ཡིན་སྐད་དེ། འཇམ་དཔལ་རྩ་བའི་རྒྱུད་ལས།
ཁ་བ་ཅན་གྱི་རྒྱལ་ཁམས་སུ། །རྒྱལ་པོ་འོད་ཀྱི་མཐའ་ཅན་འབྱུང་། །
བློན་པོ་ནོར་གྱི་མཐའ་ཅན་འབྱུང་། །
ཞེས་བྱ་བ་དེ་གཉིས་ཡིན་གསུངས། གཞན་དུ་རྩ་རྒྱུད་ལས། གངས་ཅན་དུ་ནི་རྒྱལ་པོའི་རིགས། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང་། །ཞེས་དྲངས་སོ། །དེ་ཆོས་ཀྱི་རྒྱལ་པོ་མཛད་ནས་དམ་པའི་ཆོས་ཐེག་པའི་རིམ་པ་མཐའ་དག་གཟིགས་པས་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཆོས་འགལ་བར་གཟིགས། ལག་ལེན་ཡང་སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད། འདུལ་བ་ལ་བརྟེན་ནས་སྔགས་ཅ་འབྱིད་པར་གཟིགས་ནས་ཐེ་ཚོམ་སྐྱེས་ཏེ་འདི་གཉིས་གང་རུང་གཅིག་ཡིན་ཏེ་གཅིག་མ་ཡིན་ནམ། གལ་ཏེ་ཚིག་འགལ་ཡང་དོན་མི་འགལ་བ་ཡིན་ནམ་སྙམ་ནས་ཐེ་ཚོམ་བསལ་བའི་ཕྱིར་མངའ་རིས་སྐོར་གསུམ་ནས་བློ་འབྲིང་མན་ཆད་བོར་ཏེ། བློ་རབ་ཏུ་རྣོ་བ་བདེ་ཡང་ལོ་བཅུ་ལོན་པ་རྣམས་བསགས་ནས་ཆོས་ཀྱི་ཚིག་འདི་ཙམ་ཚུན་ཆད་ལ་ཟུངས་ཤིག་ཅེས་བྱ་བ་ལ་སོགས་པ་བློ་བརྟགས་པས། བློ་རབ་འབྲིང་དགུའི་ཡང་རབ་བདུན་རྙེད་ནས་དེ་རྣམས་ཀྱི་ཕ་མ་ལ་བླུད་བྱིན་ཏེ་ཡི་གེ་བསླབས་རབ་ཏུ་ཕྱུང་ནས་བྱིས་པ་བདུན་པོ་དེ་ལ་གཡོག་པོ་རེ་རེ་དང་། ཡང་གཡོག་རེ་རེ་སྟེ་དཔོན་གཡོག་ཉི་ཤུ་རྩ་གཅིག་བྱས་ནས་ཁ་ཆེར་ཆོས་ཚོལ་དུ་བཏང་། དེ་ཡང་ཀུན་དགའ་སྙིང་པོའི་ཆོས་ཚོལ་ལ་ཤོག་ཅེས་དང་། དམ་པའི་ཆོས་འདུལ་བ་མཐའ་དག་ཚོལ་ལ་ཤོག་ཅེས་དང་། འདུལ་བ་རྣམས་ཀྱི་ཆོས་སྐོར་ཚོལ་ལ་ཤོག་ཅེས་པ་གསུམ་བསླབས། རྒྱ་གར་ཤར་ཕྱོགས་ཀྱི་དྷརྨ་པཱ་ལ་སྤྱན་འདྲོངས་ན་གསེར་ལ་མ་རྩེ་གཅིག །ཁ་ཆེའི་བྲམ་ཟེ་རིན་ཆེན་རྡོ་རྗེ་སྤྱན་འདྲོངས་ན་གསེར་ལ་མ་རྩེ་གཅིག་ཅེས་པ་དང་། དེ་ལས་གཞན་པ་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཇི་ལྟ་བུ་འདུག་དྲིས་ལ་ཤོག་ཅེས་བྱ་བ་ལ་སོགས་པའི་བསླབ་བྱ་མང་དུ་བྱས་ནས་བཏང་བས། མི་བཅུ་དགུ་ཤི་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལུས།
དེ་གཉིས་ཀྱིས་རྒྱ་གར་མཁས་པ་རྣམས་ཀྱི་སྤྱན་སྔར་ཕྱིན་ནས་མང་པོ་ནི་གསན། ཐེ་ཚོམ་ནི་བཅད། ཤེས་རབ་ནི་བསླབས། ད་ནི་བོད་ལ་ཕན་ཐོགས་པའི་པཎྜི་ཏ་སྤྱན་འདྲོངས་ན་ནི་དྲང་། མ་འདྲོངས་ན་དྲིས་ལ་འགྲོ་དགོས་སྙམ་ནས། རྒྱ་གར་གྱི་སྤྲང་པོ་ལ་བྱ་དགའ་ཁས་བླངས་ཏེ་བོད་ལ་ཕོན་ཐོགས་པའི་པཎྜི་ཏ་ཡོད་དམ་མེད་འདྲིར་བཏང་བས་མ་རྙེད་པར་བྱུང་། འབི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་ཕྱིན་ནས་པཎྜི་ཏ་རྣམས་ལ་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཡོད་དམ་ཞེས་དྲིས་པས། ཇོ་བོའི་མཚན་ཕྱུང་ནས་འདི་ན་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ནང་པ་སངས་རྒྱས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་ལྔ་བརྒྱ་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པར་གྱུར་པ་ཞིག་ཡོད་དེ་ཁྱོད་ཀྱིས་སྤྱན་མི་འདྲོངས། དེ་ལས་གཞན་བོད་ལ་ཕན་པའི་པཎྜི་ཏ་མེད་གསུངས། དེར་ཇོ་བོ་རྩད་ཆོད་བོད་དུ་སྤྱན་འདྲེན་པའི་ཞུ་བ་ཕུལ་བས་རྔོ་མ་ཐོགས་ཏེ་སླར་བོད་དུ་ལོག་ནས་རྒྱ་གར་གྱི་མཁས་པ་ཐམས་ཅད་ཀྱི་མཛད་སྤྱོད་དང་བཞེད་པ་རྒྱལ་པོའི་སྙན་དུ་གསོལ། གང་ཟག་གི་སྦྱངས་པའི་ཁྱད་པར་དང་དབང་པོ་རབ་འབྲིང་གི་བྱེ་བྲག་དང་བསོད་ནམས་ཆེ་ཆུང་གི་ཁྱད་པར་སྣོད་ཀྱི་ལེན་ལ་དགོངས་ནས་ཐེག་པའི་རིམ་པ་མང་པོར་སངས་རྒྱས་ཀྱིས་གསུངས་པ་ཡིན། དོན་ལ་འགལ་བ་གང་ཡང་མེད་ཅེས་སྙན་དུ་གསོལ། བོད་ལ་ཕན་ཐོགས་པའི་པཎྜི་ཏ་རྒྱ་གར་ཤར་ནུབ་གཞན་གང་ནས་ཀྱང་མ་རྙེད། འབི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་རྒྱལ་རིགས་ལས་ཐར་པར་གཤེགས་པ། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་གྱུར་པ། དཔལ་མར་མེ་མཛད་ཡེ་ཤེས་ཞེས་བྱ་བ་དཔལ་རྡོ་རྗེ་གདན་ནས་མཧཱ་པཱ་ལ་ཞེས་བྱ་བས་སྤྱན་དྲངས་པའི་པཎྜི་ཏ་ཆེན་པོ་ཞིག་འདུག །དེ་སྤྱན་འདྲོངས་ན་བོད་ལ་ཕན་ཐོགས་པར་འབི་ཀྲ་མ་ཤཱི་ལའི་པཎྜི་ཏ་རྣམས་ཀྱིས་ལུང་བསྟན་ཞེས་རྒྱལ་པོའི་སྙན་དུ་གསོལ་བས་རྒྱལ་པོའི་ཐེ་ཚོམ་ཡང་ཆོད། ཇོ་བོ་ལ་ཡང་དད་པ་སྐྱེས་ནས་དགྱེས་པ་ལགས་པར་གདའ་གསུང་།
དེ་ནས་རྒྱལ་པོའི་ཐུགས་དགོངས་ལ་ཇོ་བོ་དེ་ཅི་ནས་ཀྱང་སྤྱན་དྲང་དགོས་སྙམ་ནས། ཡུལ་གཙང་སྟག་ཚལ་པའི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་ཞེས་པ་དེ་ལ་གསེར་ལིང་པ་སྲང་བཅུ་དྲུག་ཡོད་པ་ཞིག་གིས་སྣ་དྲངས་པའི་གསེར་མང་པོ་བསྐུར། འཁོར་ཡང་བརྒྱ་ཙམ་དང་བསྡེབས་ནས་རྒྱ་གར་དུ་ཇོ་བོ་སྤྱན་འདྲེན་དུ་བཏང་བས། ལོ་ཙཱ་བས་ཀྱང་སྐུ་གཉེར་བཞེས་ནས་འབི་ཀྲ་མ་ཤཱི་ལར་བྱོན། གསེར་ལིང་པ་དེ་ཇོ་བོ་ལ་ཕུལ་ནས་བོད་དུ་བྱོན་པའི་ཞུ་བ་ཕུལ་བས་ཇོ་བོའི་ཞལ་ནས་བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན་ཏེ། ཡང་ན་གསེར་འདོད་ནས་འགྲོ་བ་ཡིན་ཏེ་ང་ལ་གསེར་གྱིས་དགོས་པ་མེད། ཡང་ན་རང་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་ཡིན་ཏེ་དེ་ཡང་ང་ལ་མེད་པས་ང་མི་འགྲོ་གསུངས་ནས་མ་གནང་བར་གསེར་ཚུར་ལ་གཏད། ལོ་ཙཱ་བས་ཆོས་གོས་ཀྱིས་གྲྭ་ནས་བཟུང་སྟེ་བཤུམས་པས་ཀྱང་མ་གནང་། དེའི་རེས་ལ་ལོ་ཙཱ་བའི་འཁོར་ཡང་ཕལ་ཆེར་ཚད་པས་གུམ་གསེར་སིལ་མ་ཐམས་ཅད་ཀྱང་བརླགས། ཇོ་བོའི་ཞལ་ནས་ཁྱེད་བོད་རྣམས་སྙིང་རེ་རྗེ་གསུངས།
དེ་ནས་ལོ་ཙཱ་བ་ཚུར་ལོག་ནས་གསེར་ལིང་པ་དེ་རྒྱལ་པོ་ལ་གཏད་དེ་ཇོ་བོ་སྤྱན་འདྲེན་པའི་གཉེར་མ་ཁུམས་པའི་གཏམ་རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་པོའི་ཞལ་ནས་ལོ་ཙཱ་བས་དཀའ་བ་དང་བསྡོས་ལུས་སྲོག་ཐེད་ལ་བཏང་ནས་བྱོན་ཐུགས་ལ་བཏགས། ཇོ་བོ་སྤྱན་མ་འདྲོངས་པ་དབང་མེད། ད་ཇོ་བོའི་འོག་ན་ཆེ་བ་གཅིག་སྤྱན་འདྲེན་དགོས་གསུངས། དེའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་ལ་དགེ་བཤེས་ནག་ཚོས་མངོན་པ་ཉན་པའི་ཞུ་བ་ཕུལ་བས་རྒྱའི་ཞལ་ནས་ང་སླར་རྒྱ་གར་དུ་ལོག་ནས་ཇོ་བོ་ལ་གདམས་པ་ཞུར་འགྲོ་བས་ལོང་མི་འོང་གསུངས། འོ་ན་རྒྱ་གར་དུ་མ་བྱོན་བར་དུ་ཞུ་བྱས་པས་ཁྱེད་རང་སྙིང་ཁམས་ཀྱིས་ཕེར་ན་འདེང་གསུངས་ནས་ཡང་དཔོན་གཡོག་དྲུག་ཙམ་གྱིས་རྒྱ་གར་དུ་བྱོན། དེའི་དུས་སུ་ལྷ་བླ་མ་དེ་ཡང་པཎྜི་ཏ་སྤྱན་འདྲེན་པའི་གསེར་སྒྲུབ་ཏུ་མཐའ་འཁོབ་ཏུ་བྱོན་པས་རྒྱ་གར་མཐའ་འཁོབ་ཀྱི་མུ་སྟེགས་ཀྱི་རྒྱལ་པོ་ཞིག་གིས་བཙོན་དུ་བཟུང་། ཁྱོད་ནང་པ་སངས་རྒྱས་པའི་རྒྱལ་པོ་ཡིན་པས་ཁྱེད་རང་གི་རྒྱལ་ཁམས་ཐམས་ཅད་མུ་སྟེགས་པའི་ལྟ་བ་ལ་འགོད་ན་བླུས་མི་འདོད་པའི་སྟེང་དུ་བྱ་དགའ་ཆེན་པོ་ཡང་སྟེར། དེ་ལྟ་མ་ཡིན་ན་བླུས་ལ་གསེར་ཁྱོད་རང་གི་ལུས་དང་མཉམ་པ་འདོད་ཟེར་བ་ལ། སྲས་གཉིས་པོ་དང་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་བོད་ཁམས་གླིང་དགུའི་འབངས་རྣམས་ལ་གསེར་བསྡུས་ཏེ་དབུ་མ་གཏོགས་པའི་སྐུ་ལུས་དང་མཉམ་པ་རྙེད་ནས་བླུས་པས་དབུ་ཙམ་ཞིག་མ་བྱུང་བར་མི་གཏོང་ཟེར་ནས། ལྷ་བླ་མས་ལྷ་བཙུན་པ་བྱང་ཆུབ་འོད་ལ་ཁྱེད་ཀྱིས་བྱ་ཐབས་དེ་ལས་མེད། གསེར་དེ་རྣམས་ཀྱིས་ཇོ་བོ་སྤྱན་འདྲོངས་ན་རབ་ཡིན་ཏེ་མི་འདྲོངས། ཇོ་བོའི་འོག་ན་ཆེ་བའི་པཎྜི་ཏ་ཇི་ཙམ་སྤྱན་འདྲོངས་པ་ཞིག་སྤྱན་དྲོངས། མཐོ་ལྡིང་དུ་མཆོད་པ་ཆེན་པོ་གྱིས། ཡབ་མེས་ཀྱི་ལྷ་ས་བསམ་ཡས་ཀྱི་ཞིག་རལ་གསོས་ཞེས་གསུང་འཕྲིན་བསྐུར་ནས་བྱུང་བ་ལ། ལྷ་བཙུན་པའི་ཐུགས་དགོངས་ལ་ད་དུང་གསེར་བཙལ་ལ་བླུ་དགོས་སྙམ་དུ་དགོངས་པའི་བར་དུ་ལྷ་བླ་མ་དེ་སྐུ་གཤེགས་ནས་བླུ་རྒྱུ་མ་བྱུང་།
ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་ཐུགས་དགོངས་ལ་ད་ཁུ་བོ་རང་གི་ཐུགས་དགོངས་རྫོགས་པར་བྱ་བ་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་ཞིག་ཀྱང་བྱ་དགོས་པས་དེ་གཉིས་བསྡོམས་ལ་རྒྱ་གར་ནས་པཎྜི་ཏ་ཆེན་པོ་ཞིག་སྤྱན་འདྲེན་དགོས་སྙམ་དུ་དགོངས་ཏེ་སྤྱན་འདྲེན་པའི་ཕོ་ཉའི་འོས་མ་རྙེད་པ་ལ། འོན་ཀྱང་དགེ་བཤེས་ལོ་ཙཱ་བའི་ཡུལ་གུང་ཐང་གདུང་ནག་ཚོ་མཚན་ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བ་དགེ་སློང་གཞོན་ནུ་འདུལ་བ་ལེགས་པར་མཁྱེན་པ་འདུལ་བ་འཛིན་པ་ཞེས་གྲགས་པ་ཞིག་ཡོད་པ་དེ་རྒྱ་གར་དུ་སློབ་གཉེར་ལ་བཞུད་པ་དེ་ཐུགས་ལ་མངའ་བས་ཞང་ཞུང་ནས་གུང་ཐང་ལྷ་གདོང་ཞེས་བྱ་བ་ལོ་ཙཱ་བའི་གདུང་ཆོས་ཀྱི་གྲོང་དུ་བྱོན་ནས་ཁྱེད་ཀྱི་འདུལ་བ་འཛིན་པ་དེ་རྒྱ་གར་ནས་བྱོན་ན་ང་ལ་སྐད་ཐོངས་ཞེས་པའི་འཕྲིན་བཞག་གོ།
དེའི་དུས་སུ་ལོ་ཙཱ་བས་རྒྱ་བརྩོན་སེང་ལ་མངོན་པ་ཡང་གསན། ལོ་ཙཱ་བ་བསླབས། མཁས་པ་ཕུལ་དུ་ཕྱིན་པར་ཤེས་ནས་རྒྱ་གར་དུ་འབི་ཀྲ་མ་ཤཱི་ལར་བདེན་པ་གཉིས་ལ་འཇུག་པ་དང་། དེའི་འགྲེལ་པ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་སྙིང་པོ་བསྡུ་བ་དང་། དེའི་འགྲེལ་པ་སའི་སྙིང་པོས་མཛད་པ་དང་། དབུ་མ་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་བསྒྱུར། གྷོ་སོ་མ་པུ་རིར་རྡོ་རྗེ་ཆོས་ཀྱི་གླུ་བསྒྱུར་ཏེ་དེ་རྣམས་བོད་དུ་སྤྱན་དྲངས་ནས་རྒྱགས་ལེན་དུ་བྱོན། ཡང་ཐོག་ལྷ་ཁང་ན་བཞུགས་པའི་དུས་སུ་མི་ཆོས་རྣམས་ཀྱིས་ལྷ་བཙུན་པ་ལ་བྱོན་ནས་ཡོད་དོ་ཞེས་བྱས། ལོ་ཙཱ་བས་ཡང་ལྷ་བཙུན་པའི་སྤྱན་སྔར་བྱོན་དགོས། ཁོང་ན་ནིང་ནས་རྩད་གཅོད་བྱས་པས་ལོ་ཙཱ་བ་ཡར་ལ་ལྷ་བཙུན་པའི་སྤྱན་སྔར་བྱོན་ནས་དོན་ཅི་བདོག་ཞུས་པས། ལྷ་བཙུན་པའི་ཞལ་ནས་འོ་སྐོལ་བོད་འདིར་བསྟན་པའི་འཕེལ་འགྲིབ་ཤིན་ཏུ་མང་བར་བྱུང་གདའ། བྲག་རྒྱབ་པའི་རྒན་པོ་ཞིག་ཤེད་ངའི་རིང་ལ་ཤམ་ཐབས་འཆིང་ལུགས་གསུམ་བྱུང་ཟེར། གསང་སྔགས་པ་ཐམས་ཅད་ཀྱིས་ཀྱང་གསང་སྔགས་སྒྲ་བཞིན་པར་མཁྱེན་ནས་ཆོས་ལོག་ལ་འགོད་པ་ཞིག་བྱུང་། ཁྱད་པར་ཨཱ་ཙ་ར་དམར་པོ་ཞེས་པས་གསང་སྔགས་ཐིག་ལེའི་སྐོར་བསྒྱུར་ནས་རབ་ཏུ་བྱུང་བ་ཕལ་ཆེར་ཡང་སེར་ཁྱིམ་ལ་བཀོད། ཕྱི་རོལ་པ་ཞིག་ལགས་སམ་ཤམ་ཐབས་སྔོན་པོ་ཅན་བྱ་བས་གསང་སྔགས་ཀྱི་སྦྱོར་སྒྲོལ་ཞེས་པའི་ཆོས་ལོག་སྣ་ཚོགས་བསྟན་ནས་བསྟན་པ་ཤིན་ཏུ་འགྲིབས། ཡབ་མེས་ཀྱི་པཎྜི་ཏ་ཆེ་ཆུང་བཅུ་གསུམ་ཙམ་གདན་དྲངས་ནས་གདའ་སྟེ། བསྟན་པ་ལ་ཕན་པར་སླར་གནོད་བཞིན་དུ་སོང་། འབི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་པ་ལ་སྤྱན་འདྲེན་མཁན་གཉིས་བརྫངས་པ་ཡིན་ཏེ། གཉིས་ཀ་ལ་གསེར་བརླག་པ་དང་ཕོ་ཉ་བ་ཚུར་མ་ལོག་པས་ལས་མ་བྱུང་། ད་འདུལ་བ་འཛིན་པ་ཉིད་ཚད་པ་ལ་ཡང་གོམས། ལམ་རྒྱུས་ཀྱང་ཡོད། ལོ་ཙཱ་ཡང་ཤེས་པས་པཎྜི་ཏ་སྤྱན་འདྲེན་པའི་ཕོ་ཉ་ལ་གཏོང་དགོས། ཇོ་བོ་སྤྱན་མི་འདྲོངས་ན་དེའི་འོག་ཏུ་ཆེ་བ་གཅིག་སྤྱན་འདྲེན་པ་འདུལ་བ་འཛིན་པ་ལ་ཞུ་བ་ལགས་གསུངས། དེར་འདུལ་བ་འཛིན་པས་ཕར་ལྷ་བཙུན་པ་ལ་ཞུ་བ་ཕུལ་ཏེ་སྐད་མི་གསུང་བར་ཞུ། ཁོ་བོ་སློབ་གཉེར་ཞིག་ལ་མཆི་བར་འཚལ་བས་དེའི་བར་ཆད་དུ་ཡང་མཆི། པཎྜི་ཏ་སྤྱན་འདྲེན་པ་ཁོ་བོས་རྔོ་མི་ཐོགས་གཉེར་མི་ཁུམས་ལགས་སོ་ཞེས་ཞུ་བ་ཕུལ་བས། ལྷ་བཙུན་པའི་ཞལ་ནས་ངེད་རྒྱལ་པོ་བྱ་བའི་བཀའ་ཡང་གཅག་ཏུ་མི་རུང་བ་ཡིན། ད་རེས་ང་དགའ་བར་བྱས་ན་ཕྱིས་འདུལ་བ་འཛིན་པ་དགའ་བར་བགྱིད། རྒྱ་གར་དུ་སློབ་གཉེར་མཛད་རུང་། བོད་དུ་སློབ་གཉེར་མཛད་རུང་། སློབ་གཉེར་མི་མཛད་པར་བཞུགས་རུང་ཞབས་ཏོག་བགྱིད་པས་ད་རེས་ཅི་ནས་ཀྱང་བཞུད་དགོས་གསུངས་ནས་ཞུ་བ་ནན་ཅན་དུ་ཕུལ། དེར་འདུལ་བ་འཛིན་པ་ལ་དབང་མེད་པར་འགྲོ་བར་ཞལ་གྱིས་བཞེས། དེ་དུས་ན་དགུང་ལོ་ཉི་ཤུ་རྩ་བདུན་པ་ཡིན་སྐད། དེར་ཁོང་ལ་འཁོར་བརྒྱ་ཙམ་གཏོང་བར་འདུག་པ་ལ་ལོ་ཙཱ་བའི་ཞལ་ནས་དེ་ཙམ་མང་། འཁོར་ལྔ་ཙམ་གྱིས་ཆོག །ཕར་ལམ་གྱི་རྒྱགས་དང་བགྱིས་པས་གསེར་མང་དུ་བསྐུར་གསུངས། དེ་ནས་པཎྜི་ཏ་ལ་ཞུ་རྟེན་དུ་གསེར་ལིང་པ་བཅས་པ་སྲང་བཅུ་དྲུག་པ་གཅིག །འདུལ་བ་འཛིན་པ་སྲང་བདུན། ཕར་ཚུར་གྱི་ལམ་རྒྱགས་ལ་སྲང་བདུན། སྔར་འགྲོ་མྱོང་བ་འཕྲལ་སྐད་ཤེས་པ་གཅིག་ལ་སྲང་ལྔ། ཨང་སྟོན་སྐལ་སྟོན་རྒྱ་སྟོན་གསུམ་ལ་སྲང་ཤས་རེ་བསྐུར་ནས་དཔོན་གཡོག་ལྔ་བརྫངས་ནས་བྱོན་པའི་ཚེ་རྒྱ་གར་མཐའ་འཁོབ་ཏུ་བྱོན།
སྨྱུག་མའི་ཁང་པ་ཞིག་ཏུ་བཞུགས་པས་ཨ་ཙ་རས་གསེར་ཡོད་པ་ཤེས་ནས་གསོད་པའི་གྲོས་བྱེད་པ་ལོ་ཙཱ་བས་མཁྱེན་ནས་དེའི་ནུབ་མོ་སྨྱུག་མའི་ཁང་པར་ཉལ་བ་བཞིན་བྱས་པ་དང་། ཨ་ཙ་རས་སྨྱུག་ཁང་གི་སྒོ་བཅད་ནས་མཚན་མོ་གསོད་པའི་སྦྱོར་བ་བྱས་པ་ལ་ལོ་ཙཱ་བ་དཔོན་གཡོག་ལྔས་སྨྱུག་ཁང་ཕུག་ནས་མཚན་མོ་བྲོས་པས་མ་ཟིན། དེ་ནས་སྔོན་ལ་རྡོ་རྗེ་གདན་དུ་བྱོན། དེ་ནས་འབི་བཀྲ་མ་ཤཱི་ལའི་གནྡྷོ་ལའི་ཏོག་ཉི་ཟེར་ལ་མཐོང་ཞིང་གདའ་སྐད་དེ་ཐང་ཆེ་བས་འགྲོ་ན་ཉི་མ་གསུམ་དགོས་པར་གདའ་སྐད། གྲོགས་བལ་པོའི་རྒྱལ་ཕྲན་རྒྱ་གར་དུ་འགྲོ་བའི་དཔོན་གཡོག་བཅུ་ཙམ་དང་འགྲོགས་ནས་བྱོན་པས་ཉི་མ་ནུབ་པའི་དུས་སུ་ཆུ་བོ་གངྒཱའི་འགྲམ་དུ་སླེབས་པ་དང་། གྲུ་པས་འགྲོན་པོ་ཚན་གཅིག་བསུ་ནས་སོང་། སྐད་བཏང་བས་ད་རེས་མི་ཐེག་ཕྱི་རེས་བསུ་བར་བགྱི་ཟེར། དེ་ནས་སྲོད་ཁོར་ཙམ་ན་བྱུང་བས་སྔོན་ལ་རྒྱལ་པོ་མི་ཆེ་བར་བྱས་ནས་བསྒྲལ། ད་གྲུ་མི་འོང་སྙམ་ནས་ལོ་ཙཱ་བ་དཔོན་གཡོག་གིས་ཐུགས་ཐག་བཅད་ནས་གཟིམས་པའི་སྟ་གོན་བྱས་པའི་ཚེ་འཕྱི་དགུན་ཆུ་ལ་སྐྱ་བ་ཅབ་ཅབ་བྱུང་། ད་གྲུ་མི་འོང་སྙམ་བྱས་པས་ངེད་ཁྲིམས་ཡོད་ཀྱི་ཡུལ་ཆོས་ཡིན་པས་སྐད་ཀྱིས་སླེབས་ནས་མ་བསུ་ན་ངེད་ལ་ཆད་པ་འོང་ཟེར་ནས་ནམ་ལ་བསྒྲལ་ལོ།།
དེར་ཆུ་བོ་གངྒཱའི་འགྲམ་ན་རི་དེའུ་ཞིག་གི་སྟེང་ན་འབི་ཀྲ་མ་ཤཱི་ལ་ཡོད་པས་དེར་འཛེགས་ནས་ནུབ་མོ་འགྲོན་ཁང་དུ་བཞུགས། ནང་པར་དཔོན་གཡོག་ལྔས་བོད་སྐད་དུ་མདོ་བཏོན་པ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་ཐོས་ཏེ་བག་ཆགས་ཀྱིས་ཐུགས་དགྱེས་ནས་ཁར་སང་ནི་འཕྱི་མོ་ཚུན་ཆོད་བོད་ཀྱི་མི་དགུགས་པས་མ་བྱུང་། ནམ་ལ་བྱུང་བ་དེ་ཀུན་སུ་ཡིན་སྙམ་སྟེ་སྔ་མོར་བཞེངས་ཏེ་འགྲོན་ཁང་དུ་བྱོན་པས་དཔོན་སློབ་མཇལ་ནས། ལོ་ཙཱ་བ་དཔོན་གཡོག་གིས་གསེར་ཅུང་ཟད་རེ་ཕྱག་རྟེན་བྱས་པ་དང་། རྒྱའི་ཞལ་ནས་ཁྱེད་དཔོན་གཡོག་པཎྜི་ཏ་སྤྱན་འདྲེན་དུ་འོངས་སམ་སློབ་གཉེར་བྱེད་དུ་འོངས་གསུངས། ལོ་ཙཱ་བས་བོད་ཀྱི་རྒྱལ་པོས་པཎྜི་ཏ་སྤྱན་འདྲེན་དུ་བཏང་བ་ལགས་གསུངས་པས། རྒྱའི་ཞལ་ནས་པཎྜི་ཏ་གང་སྤྱན་འདྲེན་གསུངས། ལོ་ཙཱ་བས་ཇོ་བོ་སྤྱན་མི་འདྲོངས་དེའི་འོག་ན་ཆེ་བ་ཞིག་སྤྱན་དྲོངས་ཤིག་གསུངས་པས་ཇོ་བོའི་འོག་ན་ཆེ་བ་ཇི་ལྟ་བུ་ཡོད་གསུངས་པས། རྒྱའི་ཞལ་ནས་པཎྜི་ཏ་ཇོ་བོའི་འོག་ན་ཆེ་བ་རཏྣ་ཀིརྟི་བྱ་བ་དང་། ཏ་ཐཱ་ག་ར་རཀྵི་ཏ་བྱ་བ་དང་། སུ་མ་ཏི་ཀརྟི་བྱ་བ་དང་། བེ་རོ་ཙ་ན་རཀྵི་ཏ་བྱ་བ་དང་། བལ་པོ་ཀ་ན་ཀ་ཤྲཱི་བྱ་བ་ལ་སོགས་པའི་པཎྜི་ཏ་སུམ་ཅུ་ཙམ་གྱི་མཚན་ཤར་གྱིས་ཕྱུང་ནས་པཎྜི་ཏ་དེ་ཙམ་ཡོད་དེ་བོད་ལ་ཕན་མི་ཐོགས། ཇོ་བོ་འདི་ལ་ལྷག་པའི་བསམ་པ་ཐུན་མོང་མ་ཡིན་པ་མངའ་བས་ཕན་ཐོགས་ནས་འོང་བས་ད་དུང་ཇོ་བོ་སྤྱན་འདྲེན་དགོས། ཁྱེད་རྣམས་པཎྜི་ཏ་སྤྱན་འདྲེན་པ་སྐད་མ་ཟེར་བར་སློབ་གཉེར་ལ་འོངས་པ་ལྟར་གྱིས་ལ། གནས་བརྟན་རཏྣ་ཨ་ཀ་ར་ལ་གནས་ཀྱི་སློབ་དཔོན་ཞུས་གསུངས།
དེ་ནས་ཉིན་ཞིག་དབེན་པའི་དུས་སུ་ལོ་ཙཱ་བ་ལ་ཤོག་གསུངས་ནས་ཇོ་བོའི་གཟིམ་ཁང་དུ་ཁྲིད་དེ། དབུ་སྔས་ན་ཐུགས་དམ་གྱི་མཎྜལ་ཁྲུ་གང་པ་གཅིག་ཡོད་པའི་དབུས་སུ་གསེར་ལིང་པ་དེ་བཞག་བསིལ་མ་རྣམས་ཚོམ་བུར་བཀོད་དེ་ཇོ་བོ་ལ་ཕུལ་ནས། ལོ་ཙཱ་བ་རྒྱ་བརྩོན་སེང་གིས་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་པ་ཡིན་ལུགས། ཆོས་རྒྱལ་མེས་དབོན་གསུམ་གྱི་རིང་ལ་ཆོས་ཇི་ལྟར་དར་ལུགས། རྒྱལ་པོ་དར་མས་ཇི་ལྟར་སྣུབས་ལུགས། བླ་ཆེན་པོའི་རིང་ལ་དགེ་འདུན་ཇི་ལྟར་སྤེལ་ལུགས། ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་སྤྱན་འདྲེན་པའི་དཀའ་སྤྱད་མཛད་ལུགས། ད་ལྟ་བོད་ན་ཆོས་ལོག་ཇི་ལྟར་ཡོད་ལུགས་རྣམས་ཞིབ་པར་གསུངས་ནས། ད་ཡང་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་ཚེ་དང་ལྡན་པ་འདི་སྤྱན་འདྲེན་དུ་བཏང་ནས་གདའ་བས་ན་ནིང་སྐད་མི་གསུངས་པར་བོད་ལ་ཐུགས་རྗེས་གཟིགས་པར་ཞུ་འཚལ་ཞེས་གསུངས་པས། ཇོ་བོའི་ཞལ་ནས་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །ཆོས་རྒྱལ་མེས་དབོན་གསུམ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཤིན་ཏུ་ཡིན་ཏེ། དེ་བས་བླ་ཆེན་པོ་ཡང་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཡིན། དེ་མ་ཡིན་ན་བསྟན་པའི་མེ་རོ་བསླང་མི་ནུས། ལྷ་བླ་མ་ཁུ་དབོན་ཀུན་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པར་འདུག །བྱང་ཆུབ་སེམས་དཔའི་བཀའ་ཡང་བཅུག་ཏུ་མི་རུང་། རྒྱལ་པོ་དེ་ལ་ང་ངོ་ཡང་གནོང་པར་ཡོད། ངའི་རིང་ལ་ཁོང་མི་ནོར་མང་པོ་ཡང་ཆུད་ཟོས། ཁྱོད་བོད་རྣམས་སྙིང་ཡང་རྗེ་བར་འདུག་སྟེ་ང་ཡང་ན་སོ་རྒས། ལྡེ་མིག་མང་པོ་འཛིན། བྱ་བ་མང་པོའི་འཕྲོ་ཡང་ཡོད་པས་བོད་དུ་ཐོན་ཏེ་མི་འོང་། འོན་ཀྱང་ངས་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་བརྟག་པར་བྱ་ཡིས། རེ་ཞིག་ཁྱེད་རང་གིས་གསེར་ཚགས་གྱིས་ཤིག་གསུངས་ནས་ཚུར་ལ་གཏད།
ཇོ་བོས་དེའི་ནུབ་མོ་རྗེ་བཙུན་མ་སྒྲོལ་མའི་རྟེན་གྱི་སྤྱན་སྔར་མཆོད་པ་བཤམས་མཎྜལ་ཕུལ་ནས་བོད་དུ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་སམ་མི་ཐོགས་བྱ་བ་དང་། རྒྱལ་པོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ་མི་རྫོགས་བྱ་བ་དང་། ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་བྱ་བའི་གསོལ་བ་བཏབ་པས། རྣལ་ལམ་དུ་འབི་ཀྲ་མ་ཤཱི་ལའི་དྲུང་ན་མུ་ཁེན་ཞེས་བྱ་བ་མུ་སྟེགས་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡོད། དེའི་དབུས་ན་ནང་པའི་ལྷ་ཁང་ཆུང་ངུ་ཞིག་ཡོད་པའི་མིང་ཕྱུང་ནས་སང་དེར་སོང་ལ་རྣལ་འབྱོར་མ་གཅིག་འོང་གིས་དེ་ལ་དྲིས་ཞེས་ལུང་བསྟན་ཏོ།།
དེ་ནས་སང་ནངས་པར་ཇོ་བོས་འགྲོན་བུ་སྙིམ་པ་གང་བསྣམས་ཏེ་བྱོན་ནས་མཎྜལ་མཛད་ཅིང་བཞུགས་པའི་དུས་སུ་གང་ནས་བྱུང་ཆ་མེད་པར་རྣལ་འབྱོར་མ་རལ་པ་ས་ལ་སླེབས་པ་ཞིག་བྱུང་སྐད། དེ་ལ་འགྲོན་བུ་རྣམས་ཕུལ་ནས་ང་བོད་ཀྱི་རྒྱལ་པོས་སྤྱན་འདྲེན་ན་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞེས་ཞུས་པ་དང་། བོད་དུ་བྱོན་ན་ནི་ཕན་ཐོགས་པར་འོང་། ཁྱད་པར་དུ་ཨུ་པ་སི་ཀ་ཞིག་ལ་ཕན་ཐོགས་ནས་འོང་བར་འདུག །ཚེ་ནི་བོད་དུ་ཕྱིན་ན་ཐུང་བར་འོང་བར་འདུག་གསུངས། ཇི་ཙམ་གྱིས་ཐུང་ཞུས་པས། བོད་དུ་མ་བྱོན་ན་ལོ་དགུ་བཅུ་རྩ་གཉིས་ཐུབ། བྱོན་ན་བདུན་ཅུ་རྩ་གཉིས་ལས་མི་ཐུབ་གསུངས། ཇོ་བོའི་ཐུགས་དགོངས་ལ་བོད་ལ་ཕན་ཐོགས་ན་ཚེ་ཐུང་ན་ཡང་ཐུང་སྟེ་ཚེ་ལ་མི་ལྟ་སྙམ་པ་འཁྲུངས་སྐད། དེ་རང་ལས་གཞན་གཅེས་བྱ་བ་དེ་ལྟ་བུ་ཡིན་གསུངས།
ཡང་ཇོ་བོའི་ཐུགས་དགོངས་ལ་ད་དུང་རྡོ་རྗེ་གདན་དུ་མཆོད་པ་ཞིག་བྱས་ལ་གསོལ་བ་གདབ་དགོས་སྙམ་དུ་དགོངས་ནས་བཞུད་པར་ཆས་པའི་དུས་སུ་མཁན་པོ་ཛྙཱ་ན་ཤྲཱི་ལ་ཞུས་པས། ཁྱོད་ཀྱི་དྲི་བ་དེ་རླབས་ཆེ་བ་ཞིག་འདུག་པས་རྡོ་རྗེ་གདན་གྱི་ལྷ་རིས་པའི་ནང་ན་རྡོ་རྗེ་སྒྲོལ་མའི་རྣལ་འབྱོར་མ་རྒན་པོ་རལ་པ་སེར་ཤར་རེ་བ་ཞིག་ཡོད། དེ་ལ་དྲིས་འགྲོན་བུ་འདི་ཡང་ཕུལ་གསུངས་ནས་འགྲོན་བུ་སྦར་ཡང་བསྐུར་རོ། །དེ་ནས་ཇོ་བོ་དཔོན་གཡོག་བདུན། ལོ་ཙཱ་བ་དཔོན་གཡོག་ལྔ་སྟེ། བཅུ་གཉིས་ཀྱིས་བྱོན་པའི་ལམ་དུ་བུད་མེད་མིའི་ལུས་ལས་འདས་ལྷའི་ལུས་སུ་ཅུང་མ་གྱུར་པ་ཞིག་དང་མཇལ། དེ་ལ་ཇོ་བོས་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་དེ། ངས་བོད་དུ་ཕྱིན་ན་འགྲོ་བ་ལ་ཕན་ཐོགས་སམ་མི་ཐོགས་དྲིས་པ་དང་། ཁྱེད་ངེས་པར་ལུས་དང་སྲོག་ལ་མ་ལྟ་བར་སོང་ཞིག་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འགྱུར་རོ་གསུངས། ཇོ་བོའི་ཞལ་ནས་དེ་རྗེ་བཙུན་མ་སྒྲོལ་ཡིན་གསུང་སྐད། དེ་ལ་ཡང་ཇོ་བོས་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་པས། ཨུ་པ་སི་ཀ་ལ་བརྟེན་ནས་ཕན་པར་འགྱུར། དེས་ཁྱེད་ཀྱི་ཆོས་ཀྱི་སྒྲིབ་པ་ཟད་ནས་སྐྱེ་བ་འདིའི་འོག་རོལ་ཏུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཀྱིས་གསུངས། དེ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་གསུངས།
དེ་ནས་མཆོད་པ་མཛད་གསོལ་བ་བཏབ་ནས་ཚུར་བྱོན་ཏེ་ལོ་ཙཱ་བ་གཉིས་བསགས་ནས། ཇོ་བོའི་ཞལ་ནས་བླ་མ་རྣམས་དང་ཡི་དམ་གྱི་ལྷ་རྣམས་ཀྱི་ཞལ་ནས་བོད་དུ་སོང་ན་འགྲོ་བ་ལ་ཕན་ཐོགས་གསུངས། ཁྱེད་ཀྱང་ནན་ཆེ་བས་བོད་དུ་འགྲོ་བར་ནི་བྱ་ན། ངས་འདི་བཞིན་བསམས་པས་བྱ་བ་གསར་པ་འཕྲོ་མ་བཏོད་པར་སྔར་གྱི་རྙིང་པ་ཆོས་སྣ་བཏགས་པ་དང་། གཙུག་ལག་ཁང་གི་གཉེར་གཏད་པ་ལ་སོགས་པ་ཚར་བ་ལ་བརྩོན་འགྲུས་བསྐྱེད་ཀྱང་ཟླ་བ་བཅོ་བརྒྱད་དགོས་པར་འདུག་པས་དེའི་བར་དུ་ཚེ་དང་ལྡན་པས་སྡོད་ནུས་སམ་གསུངས། ལོ་ཙཱ་བས་ཟླ་བ་བཅོ་བརྒྱད་བས་ལོ་གསུམ་ཡང་མཆིས་པར་རྔོ་ཐོགས་ལགས་པས་དེ་ལྟར་ཞུ་འཚལ་ཞེས་ཞུས། འོ་ན་སྤྱན་འདྲེན་པ་སྐད་མ་ཟེར་བར་སློབ་གཉེར་མཛོད། གནས་བརྟན་རཏྣ་ཨ་ཀ་ར་ལ་གནས་ཆོས་གསུངས། དེར་པཎྜི་ཏ་ནི་ཇོ་བོ་ལྟ་བུ་བཞུགས། ལོ་ཙཱ་བ་ནི་རྒྱ་བརྩོན་འགྲུས་སེངྒེ་འདྲ་བ་ཡོད་པས། སློབ་གཉེར་ཤིན་ཏུ་འཕེལ་ཏེ་ཆོས་ཐམས་ཅད་རྒྱ་གར་དུ་ཐུགས་ཐག་ཆོད་པར་མཛད་སྐད། དེའི་དུས་སུ་རྗེ་ནཱ་རོ་པ་ཆེན་པོ་འབི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བྱོན་ནས་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་བསུ་བ་མཛད་དེ། ཇོ་བོ་ཆེན་པོས་ཕྱག་གཡས་ནས་བརྟེན་ཛྙཱ་ན་ཤྲཱི་མི་ཏྲས་ཕྱག་གཡོན་ནས་བརྟེན་ནས་འདོ་ལེ་ལ་སྤྱན་དྲངས་སོ།།
དེའི་ཚེ་རྗེ་ནཱ་རོ་པའི་ཞལ་ནས་ཇོ་བོ་དཱི་པཾ་ཀ་ར་དུས་དེང་སང་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ནི་ཁྱོད་ཡིན་ནོ་ཞེས་སངས་རྒྱས་ཀྱི་བསྟན་པ་གཏད་པ་ལ། ཇོ་བོའི་ཞལ་ནས་ཁྱེད་ཉི་ཟླ་ལྟ་བུ་བཞུགས་བཞིན་དུ་ཁོ་བོ་སྲིན་བུ་མེ་ཁྱེར་ལྟ་བུས་འཇིག་རྟེན་སྣང་བར་ག་ལ་ནུས་ཞེས་ཞུས་པ་དང་། རྗེ་ནཱ་རོ་པའི་ཞལ་ནས་ང་ནི་ཡུན་རིང་པོ་མི་སྡོད་པས་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ཁྱོད་ཡིན་ནོ་གསུངས། དེ་ནས་དེར་ཞག་ཉི་ཤུ་ཙམ་བཞུགས་པ་ལ་ཇོ་བོ་དང་ནཱ་རོ་པ་གཉིས་གཅིག་ལ་གཅིག་ཆོས་མི་ཞུ་བར་འདུག་ཅེས་ལོ་ཙཱ་བ་གསུངས། དེ་ནས་ནཱ་རོ་པ་ལྷོ་ཕྱོགས་སུ་གཤེགས་ཏེ་ཞག་ཉི་ཤུ་ཙམ་ན་གྲོངས་ནས་གདུང་ཞིག་ཇོ་བོས་སྤྱན་དྲངས་པ་ད་ལྟ་མཉེས་ཐང་འོར་གྱི་མཆོད་སྡོང་ན་བཞུགས་གསུངས།
ཡང་ལོ་ཙཱ་བས་ལྷོ་ཕྱོགས་མཐར་སྐྱེས་ཀྱི་གྲོང་ཞེས་བྱ་བ་ན་མུ་སྟེགས་རླུང་སེམས་ལ་དབང་ཐོབ་པ་ལོ་སུམ་བརྒྱ་ལོན་ཟེར་བ་དང་། བཞི་བརྒྱ་ལོན་ཟེར་བ་དང་། ལྔ་བརྒྱ་ལོན་ཟེར་བ་རྒན་པོ་མགོ་སེ་ཡེ་བ་འདུག་པ་གཟིགས་ནས་ཇི་ལྟ་བུ་ཡིན་ཇོ་བོ་ལ་ཞུས་པས། དོན་མེད་རླུང་སེམས་འཛིན་པ་བྱ་དང་གྲུ་པས་ཀྱང་ཤེས་གསུངས། ཡང་ལོ་ཙཱ་བས་ཇོ་བོའི་ཆགས་ཕྱིར་བྱོན་པའི་དུས་སུ་བྲམ་ཟེ་རྒན་པོ་ཞིག་གིས་རྒྱལ་པོའི་བུ་ལོ་བཅུ་ལོན་པའི་རོ་ཞིག་ཁྱེར་ཏེ་བྱུང་ནས། ཆུ་ལ་བཀྲུས་ཏེ་ཅུང་ཟད་ཅིག་ན་རྒྱལ་པོའི་བུའི་རོ་དེ་ལངས་ནས་བྲམ་ཟེའི་རོ་དེ་ཆུ་ལ་བསྐྱུར་ནས་སོང་བས་ཇོ་བོའི་ཞལ་ནས་སྔགས་འདི་ལ་ཡོན་ཏན་འདི་ལྟ་བུ་ཡོད་གསུངས།
ཡང་ཇོ་བོའི་སློབ་མ་ཞིག་སྤྱོད་པ་ལ་འགྲོ་བར་ཞུ་ཞིང་འདུག་པ་ལ། ཇོ་བོའི་ཞལ་ནས་སྤྱོད་པ་ལ་འགྲོ་རན་ནམ་གསུངས་པས་དེ་ན་རེ། མ་དད་པ་མ་མཛད་ཅིག །ཟེར་ནས་ཆོས་གོས་དང་ལྷུང་བཟེད་བཞག་ནས་སྤྱང་ཀི་ཆེན་པོ་ཞིག་ཏུ་བྱས་ཏེ་དུར་ཁྲོད་ནས་མི་རོ་ཞིག་ཁྱེར་ཏེ་བྱུང་ནས་ཟོས། ཡང་དགེ་སློང་དུ་ཁྲོངས་ཀྱིས་བྱུང་བས། ཇོ་བོའི་ཞལ་ནས་ཅི་བདེར་མཛོད་ཅིག་གསུངས་སྐད། ལོ་ཙཱ་བ་བོད་ན་བཞུགས་པའི་ཚེ་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ཅེས་པ་དགེ་ཚུལ་ཁྱུང་གྲགས་ཞེས་པས་བྱས་པའི་བོད་མ་ཡིན་ཟེར་ནས་རྩིས་མི་འདུག་པ་ལ། འབི་ཀྲ་མ་ཤཱི་ལའི་པཎྜི་ཏ་རྣམས་བཤད་ཉན་བྱེད་ཅིང་འདུག །དེ་ལ་ཡང་གདམས་ངག་ངོ་མཚར་ཅན་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདུག །དེ་ལོ་ཙཱ་བས་བོད་དུ་ཡང་བསྒྱུར་ཤིན་ཏུ་རྩིས་ཆེ་བར་མཛད་པས་ཐམས་ཅད་ཡིད་ཆེས་པ་ཡིན་གསུངས།
ཇོ་བོའི་བླ་མ་དུ་ཧ་ར་ནག་པོ་ཞེས་པ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ཞལ་མངོན་སུམ་དུ་གཟིགས་པ་དེས་ས་སྤྱད་རིན་པོ་ཆེ་འཕྲུལ་གྱི་མེ་ལོང་ཞེས་པ་ཇོ་བོ་ལ་གནང་ནས། ཁྱོད་བོད་དུ་འགྲོ་བར་འདུག །ཁྱོད་ལ་གདན་ས་བྱང་སྐྱབས་པ་ལྷོ་གཞོལ་བ་རྩི་ཤིང་ནགས་ཚལ་དང་ལྡན་པ་ཞིག་འོང་བར་འདུག །བོད་ནས་ཚུར་མི་ལྡོག་པར་འདུག །ཁྱོད་ལ་བུ་སློབ་མང་པོ་འོང་བར་འདུག །དེ་རྣམས་ཀྱིས་སྡེ་དགོན་མང་པོ་བཞེངས་པར་འདུག །དེ་དུས་ན་འདི་དགོས་པ་ཡིན། ཁྱོད་ཀྱི་བུ་སློབ་དེ་རྣམས་ཀྱང་བུ་ཚ་བོ་ཡང་ཚ་གསུམ་ཙམ་ལེགས་པར་འོང་། དེ་ནས་ནི་ཆོལ་གྱིས་འགྲོ་ཉེན་ཡོད་ཅེས་ལུང་བསྟན་ཏོ།།
ཇོ་བོའི་མཛད་པ་རྣམས་ཚར་ནས་བོད་དུ་བྱོན་ཁར་གཞན་མིག་བྲིད་པའི་ཕྱིར་རེས་གར་གཤེགས་རེས་གར་གཤེགས་ནས་གནས་ཆེན་པོ་བརྒྱད་ལ་ཡང་མཆོད་པ་མཛད། ལོ་ཙཱ་བ་ལ་འབི་ཀྲ་མ་ཤཱི་ལའི་དགེ་སློང་གཞོན་ནུ་ཞིག་ན་རེ། ཇོ་བོ་འདི་ངེད་རྒྱ་གར་བའི་མིག་ལྟ་བུ་ཡིན། མིག་མེད་ན་ལོང་བ་ལྟ་བུ་ཡིན་ཏེ། རྒྱལ་པོ་ལ་བཟླས་ན་ཁྱེད་ཀྱི་དགེ་སྦྱོར་གྱི་བར་ཆད་དུ་འགྲོ་བས་ངས་མི་བཟླ་ཡིས། ཇོ་བོ་ཕར་སྤྱན་དྲོངས་འོ་མི་བརྒྱལ་བར་གྱིས་ལ། ཁྱེད་རང་གི་འདོད་པ་འགྲུབ་པ་དང་ཚུར་སྐྱོལ་ཅིག་གསུང་སྐད་དོ།།
༢) ཤུལ་ཀར་ཇི་ལྟར་མཛད་པ།
ཤུལ་ཀར་འཕྲིན་ལས་ཇི་ལྟར་མཛད་པ་ནི། ད་ནི་ང་ཡང་དཔལ་རྡོ་རྗེ་གདན་དུ་མཆོད་པ་ལ་འགྲོ་གསུངས་ནས། ལོ་ཙཱ་བ་ལ་ད་ནི་འོ་ཅག་བོད་དུ་འགྲོ་བ་ཡིན་པས་ལོ་ཙཱ་བ་རྒྱ་བརྩོན་སེང་ཡང་གདན་དྲོངས་གསུངས། དེའི་དུས་ན་རྒྱ་བརྩོན་སེང་དཔལ་ཤྲཱི་ན་ལེནྡྲ་ན་ཚད་པ་དང་རུས་ཐེབས་ནས་ཡོད་པ་འདོ་ལེ་ལ་སྤྱན་དྲངས། རྡོ་རྗེ་གདན་དུ་མཆོད་པ་མཛད་ནས་འཁོར་རྣམས་ལ་ཇོ་བོའི་ཞལ་ནས་རྒྱ་གར་མཐའ་འཁོབ་ཙིན་ཏི་ལི་ཀྲ་མ་ཞེས་བྱ་བ་ན་ཆོས་བློན་ཞིག་གིས་ལྷ་ཁང་རྩིག་པའི་ས་གནོན་བཅོལ་བས། ན་ནིང་བར་འགྲོར་མ་ཁོམ། ད་འགྲོ་བ་ཡིན་པས་ཁྱེད་རྣམས་ལོག་ཅིག་གསུངས་ནས་འཁོར་བྱིན་པོ་རྣམས་བཟློག་སྟེ། གནས་བརྟན་རཏྣ་ཨ་ཀ་ར་ལ་སོགས་པ་འཁོར་དྲུག་ཅུ་ཙམ་གྱིས་བྱོན་ནས་བློན་པོ་དེའི་ས་གནོན་མཛད་ནས། ཡང་ཇོ་བོའི་ཞལ་ནས་ང་རང་འབྱུང་ལ་མཆོད་པ་ལ་འགྲོ་བས་ཁྱེད་རྣམས་ལོག་ཅིག་གསུང་བ་ལ། གནས་བརྟན་རཏྣ་ཨ་ཀ་རའི་ཞལ་ནས། ད་ངས་གོ་ཚེ་དང་ལྡན་པ་འདི་ཡང་སློབ་གཉེར་ལ་འོངས་པར་མི་འདུག །བོད་ཀྱི་རྒྱལ་པོས་ངེད་ཀྱི་མི་བསྐུར་བཏང་བར་འདུག །སྔར་ཡང་སྤྱན་འདྲེན་བྱུང་བ་ལ་ངེད་ཀྱི་མ་བཏང་བ་ཡིན། ད་ཡང་ངས་ཐབས་བྱས་ན་པཎྜི་ཏ་མི་ཐོན་ཏེ། ཇོ་བོ་ཡང་ཐུགས་དགོངས་རྣམ་པར་དག་པས་གཤེགས་པ་ལ་དགྱེས་པར་གདའ་བས་མ་བཏང་ན་གཞན་དོན་གྱི་བར་ཆད་དུ་འགྲོ། ཚེ་དང་ལྡན་པ་ཡང་མི་དགའ་བར་བྱས་ན་ང་རང་གི་སློབ་མ་ཡིན་པས་དམ་ཚིག་གི་སེལ་དུ་འགྲོ། བོད་ཀྱི་མི་མང་པོ་ཡང་ཤི་བས་ཁྱེད་སྙིང་རྗེ་བར་འདུག་པའི་ཕྱིར་ལོ་གསུམ་ཁྱེད་ལ་གཡར་དུ་བཏང་། དེ་ནས་ང་རང་གི་པཎྜི་ཏ་ཚུར་སྤྱན་དྲོངས། ཚེ་དང་ལྡན་པས་ཀྱང་བལ་ཡུལ་ཚུད་ཆད་མ་བསྐྱལ་ན་དམ་ཚིག་སོ་གསུངས། ལོ་ཙཱ་བས་ཀྱང་བསྐྱལ་བར་ཞལ་གྱིས་བཞེས་སོ།།
ཇོ་བོའི་ཞལ་ནས་ལོ་ཙཱ་བ་གསེར་དེ་ཁྱེར་ལ་ཤོག་གསུངས་ནས་གསེར་ལིང་པ་དེ་ཆ་བཞིར་བྱས་ཏེ། ཆ་གཅིག་ཇོ་བོའི་བླ་མ་རྣམས་ལ་བསྔོས། ཆ་གཅིག་རྡོ་རྗེ་གདན་དུ་མཆོད་པ་ལ་བསྔོས། ཆ་གཅིག་གནས་བརྟན་རཏྣ་ཨ་ཀ་རས་དབུ་མཛད་པའི་འབི་ཀྲ་མ་ཤཱི་ལའི་དགེ་འདུན་ལ་བསྔོས། ཆ་གཅིག་རྒྱལ་པོ་ལ་གཏད་ནས་བླ་འཚོར་བསྔོས་ཞེས་འབྱུང་། དགེ་བཤེས་ཤ་ར་བ་ནི་རྡོ་རྗེ་གདན་གྱི་མཆོད་པ་དང་། གཙུག་ལག་ཁང་གསོ་བ་དང་། ཨོ་ཏནྟ་པུ་རི་དང་། འབི་ཀྲ་མ་ཤཱི་ལར་ཕུལ་ཞེས་འཆད་དེ། གཏད་གཉེར་ཐམས་ཅད་ཇོ་བོའི་ཐུགས་ཟིན་ཡིན་པས་གནས་བརྟན་ཨ་ཀ་ར་ལ་མཛད་དོ། །དེ་རྣམས་བར་ལ་ལོ་རིལ་པོ་གསུམ་ངོ་ལྔ་སོང་སྐད། དེའི་བར་དུ་དམ་པའི་ཆོས་བསྒྱུར་བ་ནི་རབ་ལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཆུང་ངུ་དང་། སངས་རྒྱས་ཀྱི་ས་དང་། ཤེས་རབ་སྙིང་པོའི་འགྲེལ་པ་སློབ་དཔོན་བྲམ་ཟེ་ཛེ་ཏཱ་རིས་མཛད་པ་དང་། སྨན་སྤྱད་འཚོ་བའི་སྙིང་པོ་དང་། བདུད་རྩི་ཟ་མ་ཏོག་ཁ་འབྱེད་པ་རྣམས་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་པཎྜི་ཏ་སའི་སྙིང་པོ་ལ་སོགས་པ་འཁོར་ཉི་ཤུ་ཙམ་དང་བཅས་པ་བྱོན་པ་ལ་རྒྱ་གར་གྱི་ས་ཆ་ན་གཙུག་ལག་ཁང་ཆུང་ངུ་ཞིག་འདུག །དེ་ན་གནས་པའི་དགེ་འདུན་རྣམས་ཀྱིས་ཇོ་བོ་དཔོན་གཡོག་ལ་སྣེ་ལེན་བཟང་པོ་ཞིག་བྱས། ཇོ་བོ་བོད་དུ་བྱོན་ན་རྒྱ་གར་བསྟན་པ་ནུབ་པ་དང་འདྲ་བ་ཡིན་པས་ཤོལ་གདབ་དགོས་ཞེས་གྲོས་བྱས་པ་ལ། དཔོན་དེ་ན་རེ་འབི་ཀྲ་མ་ཤཱི་ལའི་དགེ་འདུན་གྱིས་ཀྱང་ཤོལ་མ་ཐེབས་པར་འདུག་ན། ངེད་ཀྱིས་ཤོལ་མི་ཐེབས་ཟེར་ནས་མ་བཏབ་བོ། །དེས་ན་ཇོ་བོ་བོད་དུ་བྱོན་པ་ལ་རྒྱ་གར་གྱི་བསྟན་པ་ནུབ་པ་དང་འདྲ་བར་ལྟ་བ་ཡིན་གསུངས།
དེ་ནས་ཇོ་བོ་དཔོན་གཡོག་རྒྱ་གར་མཐའ་འཁོབ་ན་ཚུར་བྱོན་པ་དང་མུ་སྟེགས་ཀྱི་གནས་ཤིག་འདུག །དེ་ན་མུ་སྟེགས་ཀྱི་སྟོན་པ་བཅོ་ལྔ་འདུག །དེ་རྣམས་ཀྱིས་ཉིན་ཕྲིལ་གྱིས་ཇོ་བོ་ལ་མུ་སྟེགས་ཀྱི་ཆོས་དྲིས། ཇོ་བོ་ཕྱི་རིག་པ་ཞེས་པ་མུ་སྟེགས་ཀྱི་ཆོས་ལ་ཤིན་ཏུ་མཁས་པ་ཡིན་པས་དེ་རྣམས་ལ་ཆོས་གསུངས། སྟོན་པ་བཅོ་ལྔ་ཡི་རང་ནས་གདུགས་བཅོ་ལྔ་ཕུབ་ནས་ཇོ་བོ་བཀའ་འཁོར་གྱི་ནང་དུ་བསྐྱལ། ཇོ་བོའི་ཞལ་ནས་ཁོ་བོས་མུ་སྟེགས་པ་རྣམས་དགའ་བར་བགྱིས་གསུངས། ཡང་མུ་སྟེགས་པ་དེ་རྣམས་ཀྱིས་བོད་དུ་ནང་པའི་བསྟན་པ་འཕེལ་གྱིས་དོགས་ནས་ཇོ་བོ་དཀྲོངས་མི་བཏང་བ་ལ་ཇོ་བོས་ཆོམ་རྐུན་བཅིང་བ་མཛད་པས་ལྡེར་སོ་བཞིན་དུ་སོང་། ཐག་རིང་བར་ཕྱིན་པ་ན་ཇོ་བོའི་ཞལ་ནས་སྙིང་རྗེ་གསུངས་ནས་བྱེ་མ་ལ་སྔགས་བཏབ་སྟེ་བསྐུར་ནས་བཏང་བས་སྡོད་འགྲོ་ཤེས་པ་བྱུང་སྐད།
ཡང་རྒྱ་གར་མཐའ་འཁོབ་ན་ཚུར་བྱོན་པའི་དུས་སུ་འབྲོག་པ་བསྐྱས་པའི་ཤུལ་ན་ཁྱི་གུ་གསུམ་ལུས་ནས་འདུག་པ་ཇོ་བོས་གཟིགས་ནས་ཁྱིའི་བུ་ཆུང་སྙིང་རྗེ་གསུངས་ནས་ན་བཟའི་ལྟེབ་བུ་བཅུག་ནས་བྱོན། དེའི་ཁྱི་རྒྱུད་ད་ལྟ་རྭ་སྒྲེང་ལ་ཡོད་གསུངས། དེ་ནས་ཚུར་བྱོན་ནས་བལ་པོའི་མཐའ་འཁོབ་ཅིག་ཏུ་བཞུགས་པ་ལ། ཡུལ་དེའི་རྒྱལ་བུ་བརྡ་མ་ཕྲད་ཅིག་ན་རེ་ཇོ་བོ་ལ་ཙན་དན་ལས་བྱས་པའི་ཁྲིའུ་ཤིན་ཏུ་ལེགས་པ་ཞིག་ཡོད་པ་དེ་ང་ལ་བསླང་ཟེར། ཇོ་བོའི་ཞལ་ནས་ང་བོད་དུ་སྐྱེལ་བྱེད་པ་ཡིན་གསུངས་ནས་མ་གནང་། ནངས་པར་ལ་ལ་འགྲོ་བ་ལ་རྒྱལ་བུ་དེས་ཆོམ་རྐུན་སྒུགས་པ་བཏང་། ཇོ་བོའི་ཞལ་ནས་རི་བྲག་པ་དེ་ནངས་པར་འདི་འཕྲོག་ཏུ་འོང་བར་འདུག་གསུངས། དེར་ནངས་པར་ཆོམ་རྐུན་དང་ཕྲད་པའི་ཚེ་ཇོ་བོ་ས་ལ་སྔགས་གཅིག་བཏབ་ནས་སྔོན་ལ་གཤེགས། བྱིན་པོ་ཕྱི་ནས་ཕྱིན་པའི་ཚེ་ཆོམ་རྐུན་རྣམས་ཀྱིས་གཡས་གཡོན་ན་འོད་མའི་ཚལ་གཞུས་སྦྲེལ་ཏེ་འདུག་པ་ལ་འགོངས་ཤིང་ཕྱིན་ཀྱང་མིག་ཅེ་རེ་ལ་མ་མཐོང་བར་འདུག །ལ་ཁར་སླེབས་ནས་བྱེ་མ་ལ་བཟླས་པ་བྱས་ཏེ་གཏོར་བས་ལངས་ནས་སོང་སྐད་དོ། །ཇོ་མོ་སྒྲོལ་མའི་ཆོམ་རྐུན་བཅིང་པ་མཁྱེན་པ་ཡིན་གསུངས།
དེ་ནས་བལ་ཡུལ་དུ་བྱོན་པའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་སེང་ཤིན་ཏུ་བསྙུང་བས་ཇོ་བོའི་ཞལ་ནས་ཁྱོད་ཀྱིས་ཅི་བྱས་གསུངས། གཞན་ཅི་ཡང་མ་བགྱིས་མུ་སྟེགས་པ་ཞིག་ལ་ངན་སྔགས་གཅིག་ཞུས་པ་དེའི་རྔན་པ་གསེར་ཅུང་ཟད་ཅིག་ལུས་པ་ལ་གསེར་སྡུད་ཅིག་བྱིན་པས་མ་འདོད། ཞུ་ལ་ཁྱེར་ལ་ཤོག་ཟེར་བ་ལ་མ་ཕོད་པར་དེ་དང་འགྲས། དེ་ནས་ཁམས་ཅུང་ཟད་མ་བདེ་བ་ལགས་ཞུས་པས། ཇོ་བོའི་ཞལ་ནས་སྤྱིར་ཡང་དེ་ལྟ་བུ་ཞུ་བ་མ་ལེགས། དེ་ནས་ང་ལ་མི་བཤད་པར་ཐབས་ཡོད་པ་ཡིན་ཏེ་གསུངས་ནས་བྱིན་བརླབས་མཛད་པས་ཐལ་ནས་འདུག་གསུངས། དེར་ལོ་ཙཱ་བ་རྒྱ་འགུམ་པར་འདུག་པས་བལ་པོ་ཕན་ཆད་ན་ཡུལ་ཆོས་ཀྱིས་ཁྱིམ་དུ་ཤི་ན་དེའི་ནོར་ཁྱིམ་བདག་དེས་འཁྱེར་བས་དེའི་ནུབ་མོ་ཆུ་སྲོལ་ཞིག་ཏུ་ཐང་བྲང་བཏབ་ནས་བཞུགས། དེའི་ནུབ་མོ་འདས། ཁོང་གི་ཡོ་བྱད་ཕལ་མོ་ཚུར་ཐོན། དཔེ་ཁ་ཤས་ཤིག་བལ་ཡུལ་དུ་ཡོན་བདག་ལ་བཅོལ་བའི་གསེབ་ཏུ་རྩ་ལྟུང་རྒྱ་ཆེར་འགྲེལ་ཞེས་བྱ་བ་ཇོ་བོ་དང་རྒྱ་བརྩོན་སེང་གཉིས་ཀྱིས་བསྒྱུར་བ་དེ་ཡང་ལུས། ཕྱིས་བླངས་ཏེ་བོད་དུ་བསྒྱུར་བའི་ཆོས་ལ་འགྱུར་བཟང་པོ་ཡིན་སྐད།
དེ་ལྟ་བུའི་ལོ་ཙཱ་བ་དེ་འདས་པས་ཇོ་བོའི་ཞལ་ནས་བོད་དུ་ཕྱིན་ཀྱང་དོན་མེད་པའི་ལྕེ་ཆད་པས་ཕན་མི་ཐོགས། བོད་སྤྱི་མཐུན་གྱི་བསོད་ནམས་ལ་བརྩོན་འགྲུས་སེངྒེ་མི་འཆི་ཙམ་གྱི་བསོད་ནམས་ཤིག་མེད་པ་གསུངས། དེར་ལོ་ཙཱ་བས་བླ་མ་དེ་སྐད་མི་གསུང་བར་ཞུ། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་དང་། དགེ་བའི་བློ་གྲོས་དང་། ཁུ་ལ་སོགས་པ་མང་དུ་མཆིས། ཁོ་བོས་ཀྱང་ལོ་ཙཱ་ཕྲ་མོ་ཤེས་པས་ཐུགས་ངན་མ་མཛད་ཞུས་པས། ཇོ་བོའི་ཞལ་ནས་མཁན་སློབ་དང་མཐོ་ཤོས་ཀྱི་མྱ་ངན་དམའ་ཤོས་སློབ་མས་སེལ་བ་མ་ཡིན། ངེད་རྒྱ་གར་ན་པཎྜི་ཏའི་མྱ་ངན་སེལ་བ་རྣལ་འབྱོར་པས་བྱེད། རྣལ་འབྱོར་པའི་ཆོས་ཀྱི་རྒྱབ་ཐམས་ཅད་པཎྜི་ཏས་བྱེད་པ་ཡིན། འོན་ཀྱང་ལོ་ཙཱ་བ་དེ་ཀུན་ལས་ཁྱོད་རང་དྲག་ནས་འོང་། ངས་ཀྱང་ཁས་སློབས་བྱས་པས་ཆོག་གིས་གསུངས། དེ་དུས་སུ་རྒྱལ་པོ་ནེ་ཡ་པཱ་ལ་ལ་བརྫངས་པའི་འཕྲིན་ཡིག་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་བལ་ཡུལ་གྱི་འོལ་ག་ཞེས་བྱ་བར་གནས་བརྟན་འོན་པ་ཞེས་བྱ་བ་ཇོ་བོའི་གྲོགས་པོ་ཞིག་གིས་ཡོན་བདག་བྱས་ནས་ཟླ་བ་གཅིག་བཞུགས། དེའི་དུས་སུ་གནས་བརྟན་འོན་པས་སྔགས་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཉིན་ཞག་ཕྲུགས་གཅིག་གི་བྱ་བ་ཚང་བ་ཞིག་ཞུ་བ་ཕུལ་བས། གནས་བརྟན་སྔགས་ལ་མི་མོས་ཀྱང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་བྱང་ཆུབ་སྒྲུབ་པའི་ཐབས་ཡོད་གསུངས་ནས་སྤྱོད་པ་བསྡུས་པའི་སྒྲོན་མ་མཛད་དེ་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་ཇོ་བོས་དེར་ཐང་བྷི་ཧ་ར་ཞེས་པའི་གཙུག་ལག་ཁང་བཞེངས་སོ། །སྤྱིར་བྷི་ཧ་ར་གཉིས་ཡོད་པ་ལས། ར་ཛ་བྷི་ཧ་ར་ཞེས་པ་རྒྱལ་པོས་བཞེངས་པ་གཅིག་ཡོད་སྐད། དེའི་ནང་ནས་རྔོག་རིན་ཆེན་རྒྱལ་མཚན་ཞེས་པ་ཁོང་རང་གི་ལྟེ་བ་གུང་ཐང་དུ་བཅད་པ། ཕ་ཡུལ་དབུས་པ་ལོ་ཙཱ་བ་ཆང་ཆུང་ཤེས་པ་ཞིག་གིས་རྡོ་རྗེ་འབྱུང་བ་དང་། གཙུག་ཏོར་དགུ་པ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་དང་། བསྟོད་འགྲེལ་དང་བཞི་བརྙེད་ནས་ཇོ་བོ་ལ་གསང་འདུས་ཀྱི་ཆོས་སྐོར་ཞུ་བའི་རྟེན་དུ་ཕུལ་ལོ། །དེ་ནས་ཇོ་བོ་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་བ་ལས། བསྟོད་འགྲེལ་ལ་ཇོ་བོས་རང་འགྱུར་མཛད་པས་འགྱུར་ངན་པ་གཅིག་ཡོད། དེ་བར་ལ་བལ་ཡུལ་དུ་ལོ་གཅིག་སོང་སྐད་དོ།།
༣) བོད་ཡུལ་དུ་ཇི་ལྟར་མཛད་པ།
བོད་ཡུལ་དུ་ཇི་ལྟར་མཛད་པ་ལ། མངའ་རིས་སྟོད་དང་། གཙང་དང་། དབུས་སུ་ཇི་ལྟར་མཛད་པ་གསུམ་ལས།
༡ མངའ་རིས་སྟོད་ཇི་ལྟར་མཛད་པ།
མངའ་རིས་སྟོད་དུ་འཕྲིན་ལས་ཇི་ལྟར་མཛད་པ་ནི། དེ་ནས་མང་ཡུལ་གུང་ཐང་དུ་བྱོན། བཟོ་གནས་ཆེན་པོར་ཚོགས་ཕབ་སྟེ་ལོ་ཙཱ་བས་ཡོན་བདག་མཛད་ནས་དེར་ལོ་གཅིག་བཞུགས། དེ་ནས་པུ་རངས་ནས་ཕར་བྱོན་ཏེ་མཚོ་མ་ཕམ་གྱི་དྲུང་དུ་གྲོ་བཏབ་པས། ཇོ་བོ་མཚོ་འགྲམ་དུ་བཞུད་ནས་ཙོག་པུར་བཞུགས་པའི་སྤྱན་སྔར་ལོ་ཙཱ་བས་བྱོན་ནས་ཅི་མཛད་ལགས་ཞུས་པ་དང་། ཡི་དྭགས་ལ་ཆུ་སྦྱིན་པ་ལགས་གསུངས། དེའི་གདམས་ངག་ཅིག་བདག་ལ་ཡང་ཞུ་ལགས་བྱས་པས། དེ་ཉིད་དུ་ཁར་ས་རྤ་ཎིའི་ཆུ་སྦྱིན་གྱི་བསྟན་བཅོས་བརྩམས་ནས་གནང་བ་ཡིན་གསུངས། དེ་ནས་མཐོ་ལྡིང་གི་གཙུག་ལག་ཁང་ཆེན་པོར་བྱོན་ཏེ་དེའི་དུས་སུ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་བསུ་བ་ཆེན་པོ་མཛད། རག་དུང་འདི་ཡང་ལྷ་བཙུན་པའི་ཐུགས་ཀྱི་ཤེས་རབ་ཀྱིས་དྲན་ནས་བྱས་པས་ལོ་པཎ་སྤྱན་འདྲེན་གྱི་རྒྱུད་ཅེས་གྲགས་སོ། །དེའི་དུས་སུ་ལྷ་བཙུན་པས་ཇོ་བོ་ལ་བསྙུན་རྨེད་འདི་སྐད་མཛད་དེ།
ཨེ་མ་ཧོ། རྗེ་བཙུན་བླ་མ་ཆེན་པོའི་ཞལ་སྔ་ནས། །ལྷོ་བལ་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། །ཤུལ་ཐག་རིང་བ་ཤིན་ཏུ་སྐུ་ཉོན་མོངས། །འདུ་བ་རྣམ་བཞིའི་སྐུ་སྙུན་མི་མངའ་འམ། །སྐུ་ཁམས་བདེའམ་དགྱེས་པར་སྤྱོད་ལགས་སམ། །སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ། །ཡང་ཇོ་བོ་ལ་བོད་ཐམས་ཅད་ཀྱི་བཟོད་གསོལ་མཛད་པ། བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི། །བླ་མ་དང་བྲལ་རང་དགར་སྨྲ་བ་སྟེ། །ཀླ་ཀློའི་སྤྱོད་པ་མི་སྒྲུངས་མི་རྩིགས་རྣམས། །ཨ་ཏི་ཤ་ཡིས་བཟོད་པར་མཛད་དུ་གསོལ། །དེ་ནས་དགེ་བཤེས་ལོ་ཙཱ་བ་ལ་བཟོད་པར་གསོལ་བ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བའི་སྤྱན་སྔ་ནས། །རེ་བ་ཆེ་བས་བདག་གིས་ཐུགས་དམ་ཞུས། །ཐུགས་ལ་བཏགས་ནས་ལྷོ་བལ་ཡུལ་དུ་བྱོན། །དཀའ་བ་མང་པོ་མཛད་པ་བཟོད་པར་མཛོད། །དེ་ནས་རང་གིས་དཀའ་བ་སྤྱད་ནས་སྤྱན་དྲངས་པའི་བླ་མས་བོད་ལ་ཕན་ཐོགས་པར་སྨོན་ལམ་བཏབ་པ། ཨེ་མ་ཧོ།
དགེ་སློང་བྱང་ཆུབ་སེམས་འོད་བདག་གིས། །
རྟག་ཏུ་བསམ་པའི་བླ་མ་སྤྱན་འདྲོངས་པས། །
བོད་ཀྱི་ཡུལ་དུ་སྐྱེས་བུ་ཆེན་པོ་འདིའི། །
གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །
ཅེས་སྨོན་ལམ་བཏབ་ནས། བོད་ཀྱི་ཡུལ་དུ་ཆོས་ཟབ་ཟབ་པོ་དང་། མཚར་མཚར་པོ་བས་ཀྱང་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ་ཞེས་ཞུ་བ་ཕུལ་བས། དེ་ལ་ཇོ་བོ་ཤིན་ཏུ་མཉེས་ནས་ཇོ་བོའི་ཞལ་ནས་ཟབ་པ་ལས་རྒྱུ་འབྲས་ཁོ་ན་ཡིན། ཡི་དམ་གྱི་ལྷ་ཞལ་མཐོང་བ་བས་ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པ་ཐོབ་ན་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡི་དམ་གྱི་ཞལ་མཐོང་བས་ད་འདི་ཙམ་ལ་ལྟོས་ཏེ་མི་འོང་གིས་སྙམ་ནས། དགེ་འདུན་གྱི་ཡོ་བྱད་ཅུང་ཟད་ཐུགས་ཐུབ་ཏུ་སྤྱད་པས་ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་ཞིག་ཏུ་སྐྱེས་པ་དང་། འབི་ཀྲ་མ་ཤཱི་ལའི་ལག་གི་བླས་དགེ་འདུན་གྱི་དེ་རིང་གི་བསྙེན་བཀུར་ནངས་པར་དུ་བསྒྱུར་བས་དེའི་ནུབ་མོ་ཡི་དྭགས་སུ་སྐྱེས་པ་དང་། ཡང་དགེ་འདུན་གྱི་གནས་བརྟན་ཞིག་གིས་དགེ་འདུན་ལ་དབང་ཆེ་བྱས་ཏེ་འབྲས་བྲེ་ཕྱེད་ཐུགས་ཐུབ་ཏུ་སྤྱད་པས་ཡི་དྭགས་ཤིན་ཏུ་དབང་ཆུང་བར་སྐྱེས་པ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུངས་ནས། བོད་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞལ་གྱིས་བཞེས་སོ། །དེ་གོང་ཡན་ཆད་དུ་ཐུགས་རྗེ་ཆེ་བས་བྱང་ཆུབ་སེམས་དཔའ་ཆོས་པ་ཞེས་གྲགས་པ་ལ་དེ་ནས་ལས་རྒྱུ་འབྲས་པ་ཞེས་གྲགས་པས་མིང་དེ་ཙམ་གྱིས་ཀྱང་བསྟན་པ་ལ་ཤིན་ཏུ་ཕན་པར་བྱུང་སྐད།
དེ་ནས་ལྷ་བཙུན་པའི་སྒོས་ཀྱི་བླ་འཚོ་མང་གནང་ཞེས་བྱ་བར་ཇོ་བོ་དཔོན་གཡོག་བཞུགས་པ་ལ་ཞབས་ཏོག་རྒྱ་ཆེན་པོ་མཛད། དེའི་དུས་སུ་དབུས་གཙང་གི་མཁས་པ་མང་པོས་ཀྱང་བསྙེགས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལས་བརྩམས་ཏེ་ཇོ་བོ་ལ་ལྟ་བར་གང་བཞེད་ཞུས་པས། ཁྱེད་རང་གང་འདོད་གསུངས། དེ་ལ་གཏམ་རྙིང་གི་བཞིན་དུ་དབུ་མ་སེམས་ཙམ་ལ་སོགས་པ་གང་འདོད་པ་ལ་ང་ཡང་དེ་འདོད་གསུངས་ནས་དེ་ལ་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་འདི་བདོག་དེ་ཤིན་ཏུ་ལེགས་པ་ལགས་ཞེས་ཐམས་ཅད་ལ་གསུངས་པ་ལ། མངའ་རིས་པ་བློ་གྲོས་གསལ་བ་ཞེས་བྱ་བ་མངའ་རིས་སྐོར་གསུམ་ན་བློ་རྣོ་བ་ཞིག་གིས་ཇོ་བོ་ཉིད་ཀྱི་བཞེད་པ་མི་གསུང་བར་ཀུན་ལ་མཐུན་འགྱུར་གནང་བ་ཇི་ལྟར་ལགས་ཞེས་ཞུས་པས། ང་ཡང་སངས་རྒྱས་ཀྱི་རྗེས་སུ་སློབ་པའི་དགེ་སློང་ཡིན་གདུལ་བྱའི་བསམ་པ་དང་མཐུན་པར་ལན་བཏབ་པ་ཡིན་གསུང་།
ཡང་རྨེ་བཙུན་ཡོན་ཏན་ཤེས་རབ་ཀྱིས་འོ་ན་ཇོ་བོ་ཉིད་ཀྱི་བཞེད་པ་ཇི་ལྟར་ལགས་ཞེས་ཞུས་པས། ང་ལ་འདོད་པ་མེད་པ་གསུངས། དོན་དམ་དུ་བཞེད་པ་མི་མངའ་ཡང་ཀུན་རྫོབ་ཏུ་ཇི་ལྟར་བཞེད་པ་ཞིག་གསུངས་པར་ཞུ་ཞེས་ཞུ་བ་ཕུལ་བས་ཇོ་བོའི་ཞལ་ནས་རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་ལྟར་འདི་དག་ཐམས་ཅད་དེ་ལྟར་གནས་པ་ཡིན་གསུང་བ་ལ། བོད་ཀུན་དང་མི་མཐུན་པའི་ལྟ་བ་ཞིག་ཡོད་པར་འདུག་སྙམ་ནས་ཡང་ཇོ་བོ་ལ་སྣང་བ་སེལ་བ་ལགས་སམ་མི་སེལ་བ་ལགས་ཞུས་པས། འབྲས་ཆན་ལ་རབ་རིབ་དག་པ་ལྟ་བུ་ཡིན་གྱིས་ཁྱེད་རང་དཔྱོད་དང་གསུངས། ཡང་ཇོ་བོ་ལ་རིགས་པའི་ཤེས་པ་ལ་ཆོས་ཅན་སྣང་ངམ་མི་སྣང་ཞུས་པས། མི་སྣང་སྟེ་མེད་ནས་མི་སྣང་བ་དང་ཡུལ་མ་ཡིན་ནས་མི་སྣང་བ་གཉིས་ལས་སྐབས་འདིར་རིགས་ངོ་ན་ཆོས་ཅན་མེད་ནས་མི་སྣང་བ་ཡིན་ནོ་གསུངས། ཇོ་བོའི་ཞལ་ནས་ཁྱེད་སྣང་བར་འདོད་དམ་མི་འདོད་གསུངས། སྣང་བར་འཚལ་ལགས་ཞུས་པས། བོད་ཆོས་ཅན་སྣང་བར་འདོད་པ་བཟོད་པར་གསོལ་ཅིག་གསུངས། སངས་རྒྱས་ཀྱི་ས་ན་ཡེ་ཤེས་མངའ་འམ་མི་མངའ་ཞུས་པས་ཆ་མེད་འཚང་རྒྱ་མ་མྱོང་གསུངས། དེ་ནས་ཇོ་བོའི་ཞལ་ནས་སྒྱུ་མ་མཁན་པོས་བློན་པོ་བསླུས་པ་ལྟ་བུ་ཞིག་ཡིན་གྱིས་ཁྱེད་རང་དཔྱོད་དང་གསུངས། ཡེ་ཤེས་ཀྱི་རྒྱུན་མི་མངའ་བར་བཞེད་པར་བརྟགས་ནས་ཐམས་ཅད་བརྒྱལ་བོག་པ་བཞིན་དུ་གྱུར་པ་ལ། ཇོ་བོའི་ཞལ་ནས་ཁྱོད་བོད་ལ་དབུ་མའི་ལྟ་བ་ལ་སེམས་ཙམ་བསྟན་ཡང་མི་བཟོད་གསུངས། ཇོ་བོའི་ཞལ་ནས་ཁྱེད་དབུ་མ་པ་སྒྱུ་མ་ཇི་ལྟར་དཔེར་ལེན་ཞེས་གསུངས། བོད་སྟོན་རྣམས་ཀྱིས་རྡེའུ་དང་ཤིང་བུ་ལ་མིག་སྔགས་བཏབ་པས་རྟ་གླང་དུ་སྣང་བ་དེ་དཔེར་ལེན་ལགས་ཞུས་པས། ཇོ་བོ་ཞལ་འཛུམ་ནག་ཏིང་གིས་མཛད་ནས་བོད་ངན་པར་ཐལ། དེ་སེམས་ཙམ་མན་ཆད་ཀྱི་ལུགས་ལགས་གསུངས། འོ་ན་དབུ་མ་བ་ཇི་ལྟར་བཞེད་ཞུས་པས། མིག་སྔགས་བཏབ་པ་ཙམ་གྱིས་ནམ་མཁའ་སྟོང་པ་ལ་རྟ་གླང་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ལྟར་འདི་ལྟར་སྣང་བ་འདི་ཡང་སྣ་ཚོགས་སུ་སྣང་བ་ཙམ་ལས་འཁྲུལ་གཞི་ཀུན་རྫོབ་ཏུ་ཡང་མི་བཞེད་པ་ལགས་གསུངས།
ཇོ་བོ་མ་བྱོན་པའི་དུས་སུ་བོད་ཐམས་ཅད་ལྟ་བ་དབུ་མ་ཤ་སྟག་བཞེད་པ་ལ། ཇོ་བོ་བྱོན་ནས་དྲིས་པའི་དུས་སུ་ཐམས་ཅད་དབུ་མར་མ་སོང་བར་ནོར་ནས་སྣང་། རྒྱུས་ཆོས་རྒྱལ་དེའི་དུས་ཀྱི་ལྟ་བ་མཐོ་དག་ཡིན་ཏེ་ཇོ་བོ་ལ་དྲིས་པས་ངན་པར་ཐལ། དྷརྨ་ར་ཛའི་དེ་ཡང་སེམས་ཙམ་དུ་འདུག་གསུངས། དེའི་དུས་སུ་མང་གནང་སྒོམ་ཆེན་ཞེས་བྱ་བ་ཞིག་གིས་རབ་རིབ་ཀྱི་དཔེ་ཞེས་པ་དེ་ཇི་ལྟར་བཞེད་ཞུས་པས། རྒྱ་གར་དུ་རྒན་མོ་ཞིག་བུ་གཅིག་ཚོང་ལ་འགྲོ་བའི་ཚེ་རང་གི་ཆུང་མ་ལ་ང་མ་བྱུང་གི་བར་དུ་མ་འདི་འོ་མི་བརྒྱལ་བར་བསྙེན་བཀུར་གྱིས་ཤིག་ཅེས་བསྒོས་ནས་སོང་། དེར་མནའ་མས་དེ་བཞིན་དུ་བྱས་པས་རྒན་མོ་ལྟོ་སྣུམ་པའི་རྐྱེན་གྱིས་མིག་འགྲིབས་ཏེ་ཟས་ཐམས་ཅད་སྐྲ་ཤད་མཐོང་བས་ཁོང་པར་སྐྲན་ཞུགས། མནའ་མ་ལ་ཡི་མུག་པར་གྱུར་ཏེ་བུ་འཁོར་བ་དང་རྒན་མོས་ཡུས་གསོལ། བུས་ཆུང་མ་ལ་ཇི་ལྟར་ཡིན་བྱས་པས། ཆུང་མ་ན་རེ་ངས་གུས་པར་བྱས་མོ་རང་གི་འཁྲུལ་པ་ཡིན། ཟས་ཁྱོད་རང་གིས་བྱིན་ཅིག་ཟེར། བུས་ཟས་ལོགས་པ་ཞིག་གཡོས་ནས་བྱིན་པས་ཀྱང་སྔ་མ་ལྟར་མཐོང་། རྒན་མོ་ན་རེ་མནའ་མ་དེ་ལྟར་བྱེད་ན་ཁྱོད་ཀྱང་དེ་ལྟར་མི་བྱེད་དམ་ཟེར། བུ་ན་རེ་ཁྱོད་རང་འཁྲུལ་བ་ཡིན་པས་ཟས་དེ་སྦོས་ཤིག་ཟེར་ནས་སྨན་པ་མཁས་པ་བཀུག་སྟེ་ཕྱིའི་སྨན་དང་ནང་གི་སྨན་གྱིས་མིག་བཅོས་ཏེ་ཟོས་པ་དང་། ཟས་ལ་སྐྲ་ཤད་མེད་པར་ཤེས་ནས་ཁོང་པའི་ནད་རང་བཞིན་གྱིས་སོས་པ་ཞིག་བྱུང་། དེ་བཞིན་དུ་སྡེ་སྣོད་གསུམ་གྱི་ཆོས་ཀྱིས་ཕྱིའི་སྒྲོ་འདོགས་གཅོད། བླ་མ་དམ་པའི་གདམས་ངག་གིས་ནང་གི་སྒྲོ་འདོགས་གཅོད་པ་ཡིན་གསུངས་པས། བོད་སྟོན་ཐམས་ཅད་སྤོབས་པ་མེད་ཅིང་ངོ་མཚར་དུ་གྱུར་ནས་ཆོས་འདི་ལ་རྒྱ་གར་ཁ་སྤུ་ཅན་རང་དགོས་པས་འདུག་ཟེར་ནས་ཐམས་ཅད་ཀྱི་ཐེ་ཚོམ་ཆོད་དོ།།
དེའི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་ལོ་ཙཱ་བ་ཆེན་པོ་ཟེར་ནས་གང་བས་ཀྱང་བཟང་པར་བྱེད། ཁོང་གི་ཐུགས་དགོངས་ལ་ཡང་ཆོས་ཞུ་རྒྱུ་མེད། ཐེག་པ་ཆེན་པོ་གསང་སྔགས་ལ་ང་རང་མཁས། འོན་ཀྱང་བོད་ཀྱི་མི་ཆེན་ཡིན། ཁོང་རྒྱ་གར་གྱི་པཎྜི་ཏ་རྩོད་མེད་ཡིན་པས་སྣེ་ལེན་བཟང་བ་ཞིག་བྱ་སྙམ་དུ་དགོངས་ནས། ཁོང་རང་གིས་མཐོ་ལྡིང་དུ་གསང་སྔགས་ཀྱི་ལྷ་ཁང་གསུམ་ཐོག་ཅིག་བཞེངས་པ་དེ་ཇོ་བོ་ལ་གཟིགས་སུ་འབུལ་ཞིང་སྣེ་ལེན་བྱེད་པ་ལ་ཇོ་བོ་གདན་དྲངས་པས། ཇོ་བོས་ལྷ་དེ་རྣམས་ལ་རང་རང་གི་རྒྱུད་དང་སྒྲུབ་ཐབས་དང་མཐུན་པའི་བསྟོད་པ་ཚིགས་བཞི་པ་རེ་འཕྲལ་ལ་མཛད་ཅིང་དབུ་བཏུད་པ་རེ་མཛད། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྟོད་པ་དེ་རྣམས་ལ་རྟོག་དཔྱོད་མཛད་པས་འདི་ནི་སྔགས་ཀྱི་བདག་པོ་ཆེན་པོ་ཞིག་འདུག་སྙམ་ནས་ཆོས་ཀྱི་དྲི་གཏུག་མཛད་པས། ཇོ་བོའི་ཞལ་ནས་ཀྱང་ལོ་ཙཱ་བས་ཆོས་འདི་མཁྱེན་ནམ་འདི་མཁྱེན་ནམ་གསུང་བ་ལ། དེ་ཡང་འཚལ་ལགས་དེ་ཡང་འཚལ་ལགས་ཞུས་པས་ཇོ་བོ་ཤིན་ཏུ་མཉེས་ནས་ཕ་ལ་ཕ་ལ་ཁྱེད་འདྲ་བོད་ན་ཡོད་ན་ང་འོང་མི་དགོས་པར་འདུག་པ་ལ་གསུངས།
དེ་ནས་དེའི་ནུབ་མོ་དེ་ཡང་ལྷ་ཁང་དེར་བཞུགས། ལོ་ཙཱ་བ་རིན་ཆེན་བཟང་པོས་སྲོད་ལ་སྒོ་ཁང་དུ་བསྐྱེད་བསྒོམས། གུང་ལ་བར་ཁང་དུ་བསྒོམས། ཐོ་རངས་སྟེང་ཁང་དུ་བསྒོམས་པས་དེ་ལ་ཡང་ཅུང་ཟད་མ་མཉེས། ནངས་པར་ཡང་ཆོས་ཀྱི་དྲི་བ་མང་དུ་མཛད་པས་ཇོ་བོའི་ཞལ་ནས། ལོ་ཙཱ་བ་མཁྱེན་པ་ཆེ་བར་གདའ་ཡིས། ཆོས་དེ་རྣམས་གདན་ཐོག་གཅིག་ཏུ་གང་ཟག་གཅིག་གིས་ཉམས་སུ་ལེན་ན་ཇི་ལྟར་ལེན་གསུངས་པ་ལ། ལོ་ཙཱ་བས་སོ་སོའི་སྒྲུབ་ཐབས་ནས་བཤད་པ་བཞིན་ཉམས་སུ་ལེན་ལགས་མོད་ཅེས་ཞུས་པས། ཇོ་བོའི་ཐུགས་ལ་ཁོ་བོ་འོང་དགོས་པར་འདུག་སྙམ་ནས་ཞལ་འཛུམ་ནག་ཏིང་གིས་སོང་སྐད།
ལོ་ཙཱ་བ་དེར་དུལ་ནས་ཉམས་སུ་ལེན་ཚུལ་ཇི་ལྟར་མཛད་ལགས་ཞུས་པ་ལ། ཇོ་བོའི་ཞལ་ནས་ཐབས་གཅིག་གི་སྟེང་དུ་ཐབས་མ་ཚང་མ་མེད་པར་སྒོམ་པ་ཞིག་དགོས་པ་ཡིན། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཏན་ལ་འབེབས་པ་ལ། སློབ་དཔོན་ཐོགས་མེད་རྗེས་འབྲང་དང་བཅས་པས་དང་པོ་ཐ་སྙད་ཀྱི་དུས་སུ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་གྱིས་གཏན་ལ་འབེབས་ལ། ཉམས་སུ་ལེན་པའི་དུས་སུ་ཡང་མཚན་ཉིད་གསུམ་གྱིས་ཉམས་སུ་ལེན་ཅིང་། འབྲས་བུའི་དུས་སུ་ཡང་མཚན་ཉིད་གསུམ་མངོན་དུ་བྱས་ཏེ་སྤྲུལ་སྐུ་ཀུན་བརྟགས་དང་། ལོངས་སྐུ་གཞན་དབང་། ཆོས་སྐུ་ཡོངས་གྲུབ་བོ། །སློབ་དཔོན་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པས་དང་པོ་ཐ་སྙད་ཀྱི་དུས་སུ་ཡང་ཆོས་ཐམས་ཅད་བདེན་གཉིས་ཀྱིས་གཏན་ལ་འབེབས་ལ། ཉམས་སུ་ལེན་པའི་དུས་སུ་ཡང་མཉམ་བཞག་ཏུ་དོན་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། རྗེས་ཐོབ་ཏུ་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡུལ་དུ་བྱེད་པས་བདེན་གཉིས་ཉམས་སུ་ལེན་ཞིང་། འབྲས་བུའི་དུས་སུ་ཡང་བདེན་གཉིས་མངོན་དུ་བྱས་ཏེ་གཟུགས་སྐུ་ཀུན་རྫོབ་དང་ཆོས་སྐུ་དོན་དམ་པའི་བདེན་པའོ།།
ཐེག་པ་ཆེན་པོ་གསང་སྔགས་ཀྱི་དབང་དུ་བྱས་ན། ཐ་སྙད་ཀྱི་དུས་སུ་ཡང་རྒྱུད་གསུམ་གྱིས་གཏན་ལ་འབེབས་ལ། ལམ་གྱི་དུས་སུ་ཡང་རྟེན་གྱི་གང་ཟག་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་གནས་པ་རྒྱུའི་རྒྱུད་དང་ལམ་བསྐྱེད་རྫོགས་བསྒོམ་པ་ཐབས་ཀྱི་རྒྱུད་དང་། སྟན་ཐོག་གཅིག་ཏུ་ལམ་འབྲས་བུ་དང་བཅས་པ་མ་ཚང་བ་མེད་པར་ཉམས་སུ་ལེན་པ་འབྲས་བུའི་རྒྱུད་དེ་རྒྱུད་གསུམ་གྱིས་ཉམས་སུ་ལེན་ཞིང་། འབྲས་བུའི་དུས་སུ་ཡང་རྒྱུད་གསུམ་མངོན་དུ་བྱས་ཏེ་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཆོས་སྐུ་རྒྱུའི་རྒྱུད་དང་། འཕྲིན་ལས་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པའི་སྤྲུལ་སྐུ་ཐབས་ཀྱི་རྒྱུད་དང་། སྐུ་གསུམ་དང་ཡེ་ཤེས་ལྔ་ལ་དབྱེར་མེད་པས་འཁོར་དག་པའི་དོན་མཛད་པའི་ལོངས་སྐུ་འབྲས་བུའི་རྒྱུད་དོ། །དེ་ལྟར་དེ་རྣམས་གཅིག་གི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ཏེ། བསྐྱེད་པའི་རིམ་པ་གཅིག་པུའི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ནོ་ཞེས་གསུང་སྐད།
དེ་ནས་ལོ་ཙཱ་བ་ཆེན་པོས་ཇོ་བོ་ལ་གསེར་སྲང་བདུན་ཕུལ་ནས་བདེ་མཆོག་གི་རིམ་པ་དང་རྗེ་བཙུན་མའི་བྱིན་བརླབས་གཉིས་ཞུས། བྱིན་རླབས་ཐོབ་པའི་ཚེ་རྟོགས་པ་དང་ཉམས་བཟང་པོ་སྐྱེས་ནས་ཇོ་བོ་ལ་གསེར་སྲང་བརྒྱ་རྩ་བརྒྱད་ཕུལ། དཔེ་དང་མཆོད་གནས་མ་གཏོགས་པ་དངོས་པོ་ཅི་ཡོད་ཇོ་བོ་ལ་ཕུལ་ཏེ་ཇོ་བོའི་བདེ་མཆོག་དང་། རྗེ་བཙུན་མ་གཉིས་ལ་ཐུགས་དམ་མཛད་དེ་གོང་དུ་མཁྱེན་པ་ཆེ་ཡང་སྒྲུབ་པའི་གདམས་པ་ཇོ་བོ་ལས་བརྙེད་པ་ཡིན་སྐད། དེའི་དུས་སུ་ཇོ་བོ་ཉིད་ཀྱིས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་བས། ཇོ་བོའི་ཞལ་ནས་ད་ལོ་ཙཱ་བ་འགྲོ་དགོས་གསུང་བ་ལ། ལོ་ཙཱ་བ་ཆེན་པོས་དབུ་བསྟན་ནས་མགོ་དཀར་པོ་འདི་ལྟར་སོང་བས་ཁོ་བོ་སྒྲུབ་པ་ཞིག་བགྱི་བར་ཞུ་ཞེས་ཞུས་པས། ཇོ་བོའི་ཞལ་ནས་ཀའི་རིན་ཆེན་བཟང་པོ་ཁྱོད་སྒྲུབ་པ་རྣལ་མ་བྱེད་ན་སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད། དལ་འབྱོར་གྱི་ལུས་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་ཕྲད། གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་མཇལ། སྲེད་པའི་ནད་ཞི་བར་བྱེད་པའི་ཆོས་ནི་རྙེད། སྲེད་པའི་མུན་པ་སེལ་བའི་སྒྲོན་མེ་ནི་རྙེད། སྲེད་པའི་ཆུ་བོ་ལས་སྒྲོལ་བའི་ཐབས་ཤེས་རབ་ཀྱི་གྲུ་དང་གཟིངས་རྙེད་པའི་སྐབས་འདིར་སེམས་བྱ་བ་ངན་པ་རྣམས་ཀྱིས་མི་གཡེང་བར་མཛོད་ཅིག་གསུངས། དེ་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ། ཆོས་སྟོན་བུ་ག་ཞིག་ནས་ཚུར་བླངས་ཏེ། སྒོའི་ཡ་ཐེམ་ལ་གནས་ཁང་འདིའི་ནང་དུ་ཐ་མལ་པའི་རྟོག་པ་སྐྱེས་ན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་བོ་ཚལ་པ་བརྒྱ་རུ་ཁོས་ཤིག་ཅེས་པ་བྲིས་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་དཔལ་བདེ་མཆོག་གི་ཞལ་གཟིགས་སོ།།
དེ་ནས་དགེ་བཤེས་ལོ་ཙཱ་བས་བོད་དུ་ལོ་གཅིག་ལས་བཞུགས་སུ་མེད་པས་ཆོས་ཞུ་བ་ཀུན་ཞུས་ཤིག་ཅེས་ལྷ་བཙུན་པ་ལ་སོགས་པ་བསྐུལ་བས། ལྷ་བཙུན་པས་གསེར་གུག་སྲང་སུམ་བརྒྱ་ཕུལ་ནས་བོད་ཀྱི་ཡུལ་འདི་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོའི་ལམ་འདི་ལ་ལོག་པར་རྟོགས་པའི་གང་ཟག་བླ་མ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དག་ཕན་ཚུན་རྩོད་ཅིང་རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་སྤྱོད་པས་སོ་སོ་ནས་མི་མཐུན་པ་མང་དུ་མཆིས་པས། དེ་དག་གི་ཐེ་ཚོམ་བསལ་དུ་གསོལ་ཞེས་ཞུས། གཞན་ཡང་ཐེག་པ་ཐུན་མོང་གི་དྲི་བ་གཉིས། ཕ་རོལ་ཏུ་ཕྱིན་པའི་དྲི་བ་གཉིས། གསང་སྔགས་ཀྱི་དྲི་བ་གསུམ་མཛད་ནས་མཐར་ཐེག་པ་ཆེན་པོའི་དོན་མ་ལུས་པ་ཚིག་ཉུང་ལ་དོན་བསྡུས་པ་བླ་མ་ཉིད་ཇི་ལྟར་སྐུ་ཉམས་སུ་བཞེས་པའི་བསྟན་བཅོས་ཤིག་མཛད་པར་ཞུ། རྒྱུད་གསང་བ་འདུས་པའི་མན་ངག་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བརྟེན་པ་དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་དབང་ཕྱུག་གིས་མཛད་པའི་སྒྲུབ་ཐབས་ཤིག་མཛད་པར་ཞུ་ཞེས་ཞུ་བ་གཉིས་པོ་དེ་ནན་ཏན་གྱིས་ཕུལ་བས། ཇོ་བོའི་ཞལ་ནས་སློབ་དཔོན་འཕགས་པའི་རིན་པོ་ཆེ་ཕྲེང་བ་བོད་ན་འདུག་པ་དེས་ཆོག་དེ་བས་ལེགས་པ་མི་རྙེད་ཅེས་དང་། ཀུན་ཏུ་བཟང་པོ་ཡོད་པ་གསུང་སྐད།
དེ་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས་ཁྱེད་བོད་ལ་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་ཅེས་བཀའ་རྨེད་པ་ལ། བོད་སྟོན་རྣམས་ཀྱིས་དོན་དང་དཔེ་དང་ཡུལ་དང་ཞུ་བ་པོ་ལ་མཚན་དུ་གསོལ་བ་ལ་སོགས་པ་བདོག་ཞུས་པས། ཨ་ལེ་བོད་ན་རྒྱ་གར་ན་མེད་པའི་ཆོས་མང་པོ་འདུག་གསུངས་ཏེ། རོལ་རྙེད་མ་འཕྲོགས་པ་དང་གནོད་སྦྱིན་ཨ་ཤ་པ་བསད་པའི་གཏམ་རྒྱུད་ཟང་གིས་བྱུང་ནས་ཆོས་ཐམས་ཅད་དོན་ལ་མཚན་དུ་གསོལ་བ་ཡིན་གསུངས། དེ་ནས་བླ་མ་ཉིད་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་མཐོ་ལྡིང་གསེར་ཁང་དུ་བསྒྱུར་རོ།།
དེ་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཁོང་རང་ཇི་ལྟར་བཞེད་པ་བཞིན་དུ་མཛད་ནས་ལོ་ཙཱ་བ་དང་གཉིས་ཀྱིས་བསྒྱུར་རོ། །དེའི་དུས་སུ་ཆོས་གཞན་ཡང་མང་དུ་བསྒྱུར་ཏེ། མྱ་ངན་ལས་འདས་པའི་མདོ་བམ་པོ་བཅུ་གཉིས་དང་། ཁྱེའུ་གསེར་མདོག་གི་རྟོགས་པ་བརྗོད་པའི་མདོ་དང་། ཆོས་བཞི་སྒྲུབ་པའི་མདོ་དང་། དཔའ་བོ་གྲུབ་པའི་རྒྱུད་དང་། འཆི་བ་བླུ་བའི་མན་ངག་དང་། དགེ་སློང་མ་དཔལ་མོས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ལོ་ཙཱ་བས་བསྒྱུར་རོ། །ཇོ་བོ་ཉིད་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ་དང་། དེ་ཉིད་ཤིན་ཏུ་བསྡུས་པ་དང་། རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་རོ།།
རྒྱལ་པོ་ལྷ་ལྡེ་ཡང་རབ་ཏུ་བྱོན། རབ་ཏུ་བྱུང་བ་ཐམས་ཅད་སྡོམ་པ་ལ་བཀོད། སྔགས་པ་ཐམས་ཅད་དམ་ཚིག་ལ་བཀོད། ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད། རྟེན་རབ་གནས་མེད་པ་ལ་རབ་གནས་མཛད། ཡོན་བསྔོ་བ་མེད་པ་ལ་བསྔོ་བ་མཛད། གཤིན་ལ་དགེ་བ། གསོན་ལ་རིམ་གྲོ། ནད་པ་ལ་སྨན་སྤྱད། ཙྪ་གཏོར་མ་ཀློག་འདོན་སྦྱིན་གཏོང་ལ་སོགས་པའི་སྲོལ་བཟང་བཙུགས། ལྷ་བཙུན་པས་འཇིག་རྟེན་དབང་ཕྱུག་གི་ཞལ་གཟིགས། གནས་བརྟན་གསེར་མཚོས་ཇོ་བོའི་མན་ངག་གི་མངོན་ཤེས་རྒྱ་ཆེན་པོ་ཐོབ། དེ་ལ་སོགས་པ་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད། སྡེ་སྣོད་ཀྱི་ཆོས་ཐམས་ཅད་ལག་ལེན་ལ་གདབ་ཏུ་བཏུབ་པར་མཛད། ད་ལྟ་ཡང་ཇོ་བོའི་ཆོས་ལ་པུ་རངས་ལས་དར་བ་མེད་གསུངས།
དེར་ལོ་གཅིག་བཞུགས་ནས་ལོ་ཙཱ་བ་རྒྱ་གར་དུ་སྤྱན་འདྲེན་པར་འདོད། ཇོ་བོ་དུས་སྐབས་སུ་ཨུ་པ་སི་ཀ་མེད། རྣལ་འབྱོར་མས་བསླུས་སམ་གསུང་སྐད། དེའི་དུས་སུ་དགེ་བཤེས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཇོ་བོ་སེ་བཙུན་གྱི་སྤྱན་སྔར་སློབ་གཉེར་མཛད་ཅིང་བཞུགས་པའི་ཐུགས་དགོངས་ལ། དལ་འབྱོར་མི་ལུས་ཐོབ་པར་དཀའ་བ་ཐོབ་པའི་དུས་འདིར་ཆོས་རྣལ་མ་ཞིག་བྱ་དགོས། དེ་ལ་འདི་ཙམ་གྱིས་ཆོག་གམ་མི་ཆོག་རྒྱ་གར་མཁས་པ་ཞིག་ལ་དྲི་དགོས་སྙམ་ནས་པཎྜི་ཏ་སྒྲའི་ཚེར་མ་ཞེས་པ་ལ་བིད་པ་ཏ་ལ་སོགས་པ་བསླབས་ནས་ཡར་བྱོན་པར་དགོངས་པ་ལ་སེ་བཙུན་གྱིས་ཞལ་ནས་ཇོ་བོ་ལ་ཕ་ད་དུང་ཡོད་དམ་ཟེར་བ་ཁྱེད་རང་སོང་ལ་ཕ་དང་གཅིག་འཕྲོད་གསུངས་ནས་དཔེ་རྟ་ཁལ་ཞིག་གནང་། ཕ་ཡོད་པ་དེ་གོང་དུ་རྒྱུས་འདུག་པ་ལ་བདག་ཇོ་བོ་དང་སྤྲོད་པ་ཡིན་པ་འདྲ་གསུངས། དེ་དུས་ན་དབུས་སུ་པཎྜི་ཏ་བྱོན་ཞེས་པའི་གཏམ་ཡོད་ལས་ང་ཡར་འགྲོ་ཕན་ཆད་པཎྜི་ཏ་དེ་ལ་གཏུག་སྙམ་ནས་པཎྜི་ཏ་འདི་ལྟ་བུ་དེ་དང་མཇལ་ན་ཆོས་ཉན་པའི་ཞུ་བ་ཕུལ་ནས་བྱོན།
དེ་ནས་ཡར་བྱོན་པའི་ལམ་དུ་མངའ་རིས་སུ་པཎྜི་ཏ་ཆེན་པོ་ཞིག་བྱོན་ཞེས་པའི་གྲགས་པ་བྱུང་། དེས་སེམས་འཕྲོག་པ་བཞིན་དུ་གྱུར། བྱང་ལམ་དུ་བྱོན་པའི་དུས་སུ་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་ལྷ་གཅིག་ཅེས་པའི་པཎྜི་ཏ་སྤྱན་དྲངས་ནས་ཡོད། ད་རིང་པོ་མི་ཐོགས་པར་རྒྱ་གར་དུ་བྱོན་པར་འདུག་ཅེས་པ་གསན། དེ་ནས་སོག་ཆུ་ཁར་བྱོན་པའི་དུས་སུ་ཁང་པ་ཞིག་ན་ཀུ་དིང་ངེ་འདུག །འདི་ན་ཅི་ཡོད་གསུངས་པས། འཕྲང་ཁང་བེར་ཆུང་ཞེས་བྱ་བ་བེར་ཆེན་གུམ་པའི་འདས་གཏོང་སྲིད་གཅོད་པའི་ཆང་འདྲེན་པ་ཡིན་ཟེར། དེ་དུས་ན་སྐྱེམས་གསོལ་བ་དང་ཐག་རིང་ནས་བྱོན་པས་བསྙེལ་ནས་སྐྱེམས་ལ་བྱོན་པའི་ཚེ་འཕྲང་ཁ་བེར་ཆུང་དེ་བྲུམ་ཚེ་ཞིག་གི་སྟེང་ན་བསྡད། ཆང་མོན་ཕོར་གང་མདུན་ན་བཞག་ནས་འདུག །ཁོང་ན་རེ་ཁྱེད་ཆོས་གྲྭ་ནས་འོངས་པའི་དགེ་བཤེས་ཤིག་འདུག་སྟེ། ང་ཡང་འཕྲང་ཁ་ཆེར་ཆུང་བྱ་བའི་མི་ཆེན་ཞིག་ཡིན་གྱིས། དེ་ན་ཡར་ཕྱག་ཝ་འཁྱུག་པ་འདྲ་བ་ཞིག་གྱིས་དང་ཟེར་ནས་མཛད། ཁོང་ཡང་ཐོས་པ་ཆེ་བ་ཡིན་པས་བགྲོ་གླེང་བྱས་པས་ལན་མ་ཐེབས། དགེ་བཤེས་སྟོན་པ་ལ་ཁོང་གིས་བྱས་པ་ལ་ཚིག་རེ་ལ་བརྡ་རེ་གསུངས་པས་ལན་ཐེབས། ཁོང་ཐེ་ཚོམ་སྐྱེས་ནས་ཁམས་ན་འབྲོམ་སྟོན་པ་ཟེར་བའི་ཆོས་མཁན་ཞིག་ཡོད་ཟེར་བ་དེ་ཁྱེད་ཡིན་ཟེར། ཡིན་པ་ཡང་སྲིད་ཅེས་གསུངས། དེ་མ་ཐག་ཁོང་རང་གི་འོག་ནས་བྲུམ་ཚེ་ཕྱུང་ནས་དགེ་བཤེས་ལ་བཏིང་སྟེ་རྟ་བཟང་པོ་ཞིག་གི་མཐུར་མདའ་དར་ཡུག་ལ་བྱས་ནས་ཕུལ། དེ་ནས་སྔོན་ལ་ཕྱག་བླངས་པའི་བཟོད་གསོལ་བྱས། དེ་ནས་བགྲོ་གླེང་བྱས་པའི་བཟོད་གསོལ་བྱས། དེ་ནས་རྭ་སྒྲེང་དགོན་སར་ཕུལ་ནས་མཆོད་གནས་བྱེད་པའི་ཞུ་བ་ཕུལ་བ་ལགས་སྐད། དགེ་བཤེས་སྟོན་པའི་ཞལ་ནས་ཤ་ཟན་གྱི་འཁྲུག་པ་འདི་སྡུམས། ཕོད་མདོའི་འཁར་འདི་ཤིག་ལ་གནས་གཞི་ཞིག་གྱིས། སང་ཕོད་དེང་སང་ན་རྔོག་ལེགས་པའི་ཤེས་རབ་འོང་གིས་དེ་ལ་ཆོས་ཚུགས། དེ་ལྟར་བྱེད་ན་ཁྱེད་ཟེར་བ་ཉན། དེ་ཡང་ད་ལྟ་ནས་སྡོད་དུ་མི་ཁོམ། མངའ་རིས་ན་པཎྜི་ཏ་ཞིག་འདུག་ཟེར་བས་དེར་འགྲོ་བ་རིངས། དེ་ནས་ལོག་པ་དང་ཁྱེད་ཀྱིས་མཆོད་གནས་བྱ་རྭ་སྒྲེང་དུ་དགོན་པ་བརྩིག་གོ་གསུངས།
དེ་ནས་རྒྱལ་གྱི་ཞང་ཆེན་པོ་དགེ་བསྙེན་གྱི་སྡོམ་པ་བླངས་པའི་སློབ་དཔོན་ཡིན་པས་ཕྱག་མཛད ཀ་བ་མི་ཆེ་བས་རྒྱལ་མོའི་ཇ་ཕུལ། ལྷ་བཙུན་བོདྷི་ར་ཛ་ལ་སོགས་པ་བོད་ཀྱི་མི་ཆེན་རྣམས་ལ་ཞེ་ས་མཛད་ནས་ད་ལྟ་མངའ་རིས་ན་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་སྤྱན་དྲངས་ནས་ཡོད་ཟེར། ངས་དེ་སྤྱན་འདྲོངས་ན་ཁྱེད་ཀྱིས་ཞལ་མཐོང་དང་བཅས་པས་བསུ་བ་གྱིས་ཤིག་པའི་ཞུ་བ་ཕུལ། ཀ་བ་ཤཱཀྱ་དབང་ཕྱུག་ལ་ངས་འཕྲིན་བརྫང་གིས། དེའི་དུས་སུ་བསྐུལ་བ་གྱིས་ལ་ལ་སྟོད་ནས་བསུ་བ་གྱིས་ཞེས་ཞུ་བ་ཕུལ། ཀ་བའི་ཞལ་ནས་ཁྱེད་ཀྱིས་སྤྱན་ཅི་འདྲོངས་གྱིས། ངས་དེའི་དུས་སུ་བསྐུལ་མ་བྱས་ལ་གཙང་ལ་སྟོད་ནས་བསུ་བ་བྱ་ཡིས་གསུངས། དེ་ནས་དཔོན་གཡོག་རྣམས་ཀྱིས་སྔོན་ལ་གནམ་དུ་བྱོན་ཡབ་དང་མཇལ། ལོ་ཙཱ་བ་ཁུ་འདོ་སེངྒེ་རྒྱལ་མཚན་ཞེས་བྱ་བ་ལ་པཎྜི་ཏ་མཁས་པ་ཇི་སྐད་བྱ་བ་ཡོད་དྲིས་པས། ངའི་དུས་ན་སློབ་གཉེར་བྱེད་པ་རྡོ་བ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་ཞིག་ཡོད། དེང་སང་དེ་ཀ་ཆེ་སྟེ་འོང་གསུངས། དེ་ནས་བྱང་ཕྱི་ཁོངས་འགྲིམས་ནས་བྱོན་པའི་ལམ་ཁར་ལམ་ཁ་བྲག་གསུམ་བྱུང་ནས་འགྲོ་ངོ་མ་ཤེས་པ་ལ་བནྡེ་ཧྲུལ་པོ་ཞིག་བྱུང་ནས་ལམ་བསྟན་ཡ་ཚད་སྐྱེལ་ཐུང་མཛད་ནས། ད་བདེ་བར་བཞུད་ཅིག་སྣ་ཤུད་ཀྱི་འཁྲུག་པ་ལངས་ནས་མི་ཁོམ་པར་བདོག་ཟེར་ནས་ཚུབ་མར་རིང་གིས་སོང་སྐད་དོ། །པེ་ཀ་འདི་ཡང་ཆོས་རྣལ་མ་བྱེད་པའི་གྲོགས་བྱེད་པར་འདུག་གསུངས།
དེ་ནས་ཡར་ཕྱིན་པ་དང་ལམ་ཁ་བྲག་ཅིག་བྱུང་སྟེ། སྡུད་པའི་མོ་བཏབ་པས་ཀྱང་འགྲོ་ངོ་མ་ཤེས་པ་ལ་ཤ་བ་ཐེངས་མ་གཅིག་བྱུང་ནས་དེའི་ཕྱིར་ཕྱིན་པས་ལམ་པོ་ཆེ་འདུག་གསུངས། ཇོ་བོ་དཔོན་གཡོག་པུ་རངས་རྒྱ་ཞིང་ཞེས་བྱ་བ་ན་བཞུགས་པ་ལ། ཇོ་མོ་སྒྲོལ་མའི་ཞལ་ནས་ད་སྟེ་ཞག་གསུམ་དྲོ་དང་བཞིའི་ནངས་པར་ཨུ་པ་སི་ཀ་ཆེན་པོབྱོན་པས་དེ་ལ་བྱིན་གྱིས་རློབས་ཤིག་གསུངས། ཇོ་བོས་ཀྱང་བུམ་པ་བཞེས་སུ་གསོལ་ནས་ཞག་གསུམ་གྱི་ནངས་པར་ཨུ་པ་སི་ཀ་བྱ་ར་མཛད་དྲོ་ཁ་ཚུན་ཆད་མ་བྱུང་བ་ལ་ཇོ་བོའི་ཞལ་ནས་ཇོ་མོ་སྒྲོལ་མ་བརྫུན་གསུངས་ཅང་སྲིད་དམ་གསུངས། གྲོང་གསེབ་ཏུ་ཆོས་སྟོན་ལ་གཤེགས་པའི་ཤུལ་དུ་དགེ་བཤེས་སྟོན་པ་དཔོན་གཡོག་བྱོན་པ་ལ་འཁོར་རྣམས་ཀྱིས་ད་ལྟ་རང་བྱོན་པས་བཞུགས་ཤིག་བྱས་པ་ལ། ང་ཐེག་པ་ཆེན་པོའི་བླ་མ་དང་མཇལ་བ་སྐད་ཅིག་སྔ་མ་དང་ཕྱི་མ་གཉིས་སྔ་མ་ལ་བདམས་པ་ཡིན་གསུངས་ནས་གྲོང་གསེབ་ཏུ་ཚོལ་དུ་བྱོན་པས་ཇོ་བོ་སྲང་བར་ཞིག་ཏུ་མཇལ་ནས་ཕྱག་མཛད་གཉིས་ཀས་ཕན་ཚུན་ངོ་མཁྱེན་ནས་ཇོ་བོའི་ཕྱག་དགེ་བཤེས་སྟོན་པའི་དབུ་ཐོག་ཏུ་བཞག་སྟེ་བཀྲ་ཤིས་མང་པོ་བརྗོད། དེ་ནས་ཇོ་བོའི་གཟིམ་ཁང་དུ་བྱོན་ནས་བུམ་པ་དབུ་ཐོག་ཏུ་བཞག་སྟེ་བྱིན་གྱིས་བརླབས་པ་ཡིན་གསུང་། དེ་ནས་དགེ་བཤེས་སྟོན་པས་དྲི་བ་གསུམ་མཛད་དེ། རྒྱ་གར་ན་པཎྜི་ཏ་མཁས་པ་ཇི་ལྟ་བུ་ཡོད། ངའི་སྔར་གྱི་ཆོས་རྣམས་ལམ་དུ་སོང་ངམ་མ་སོང་། བླ་མ་ཉིད་ཀྱི་སྤྱན་སྔར་མཆིས་ན་ཇི་ལྟར་མཆི་ཞེས་ཞུས་པས། ཇོ་བོའི་ཞལ་ནས་རྒྱ་གར་ན་པཎྜི་ཏ་མཁས་པ་མང་པོ་ཡོད། ང་བོད་དུ་འོང་བའི་དུས་ན་ཡང་ཤར་ཕྱོགས་བྷ་ག་ལར་ཉིན་རེ་བཞིན་གྲུབ་ཐོབ་རེ་བྱོན་ཞིང་ཡོད། ཁྱོད་ཀྱིས་སྔར་གྱི་ཆོས་རྣམས་ལམ་དུ་ཡེ་མ་སོང་། བླ་མའི་ཞབས་ཏོག་ལམ་དུ་སོང་། ང་ཁྱོད་འདི་རང་དུ་སྡོད། ངའི་ལྷ་མོ་སྒྲོལ་མས་ལུང་བསྟན་པ་ཡིན་གྱིས། ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་ཀྱིས་གསུངས། དེའི་ཉིན་བར་གྱི་ཇོ་བོའི་ཡོན་བདག་དེས་དགེ་བཤེས་སྟོན་པ་ལ་སྟོན་སྐལ་མར་ཚལ་པ་གཅིག་བྱིན་པ་དེ་བཞུ་ནས་དེའི་ནུབ་མོ་སྤྱན་སྔར་མར་མེ་མཚན་ཐུབ་ཅིག་ཕུལ་ནས། ད་ལྟ་རྭ་སྒྲེང་ན་གདུང་ཁང་བཞུགས་པ་ཡན་ཆད་ལ་མར་དཀར་གྱི་མར་མེ་ཆད་མ་མྱོང་བ་ཡིན་གསུངས། དེ་ནས་དགེ་འདུན་ཕལ་ཆེན་སྡེ་པའི་ལུགས་ཀྱིས་རས་ཡོལ་གྱིས་ནུབ་ཚང་ཐུབ་པར་འདོད་པས་དེའི་ནུབ་མོ་ནས་དབུ་སྔས་སྦྲེལ་ཏེ་རིག་པ་བསླབས་གསུངས།
ཇོ་བོ་རྒྱ་གར་དུ་ཞག་གསུམ་ནས་བྱོན་པར་ཆས་པ་ན་དགེ་བཤེས་སྟོན་པ་བྱོན་ནས་བོད་དུ་བཞུགས་པར་ཞུ་བ་ཕུལ་བས། ཇོ་བོའི་ཞལ་ནས་གྲགས་པ་མ་ཡིན་མི་སྤོང་བ་ཞེས་པ་བྱང་ཆུབ་སེམས་དཔའི་ཉེས་པ་ཡིན་པས་རྒྱ་གར་དུ་འགྲོ་གསུངས་ནས་མ་གནང་། དེའི་དུས་སུ་རྒྱ་གར་དུ་ཇོ་བོ་ཙམ་པ་ཡང་གསེར་ལ་དམིགས་ནས་བོད་དུ་བཞུད་ཅེས་པ་དང་། བོད་བ་ལང་འདྲ་བའི་ནང་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཟེར་ཞིང་འདུག་ཅེས་པ་དང་། གསང་སྔགས་མ་རྒྱུད་ཀྱིས་འགྲོ་དོན་མཛད་ཅིང་འདུག་ཅེས་པའི་གྲགས་པ་བྱུང་བས། དེ་རྣམས་བསལ་བའི་ཆེད་དུ་ཇོ་བོ་ཉིད་ཀྱང་རྒྱ་གར་དུ་བྱོན་པར་དགོངས། ལོ་ཙཱ་བ་ཡང་དང་པོའི་ཆིད་སོ་ཡོད་པས་ཕར་བསྐྱལ་བར་བཞེད་པས། ལྷ་བཙུན་པ་ཇོ་བོ་བཞུགས་པ་ལ་དགྱེས་ཀྱང་ཞུ་འབུལ་མ་ནུས། དགེ་བཤེས་སྟོན་པས་ཀྱང་ནན་ཏན་མཛད་མ་ནུས། འོན་ཀྱང་སྟོན་པ་དེ་ཐུགས་ཟབ་ལ་དཀྱེལ་ཆེ་བ་རྒྱལ་ཁྲིམས་ཡོད་པའི་ཡུལ་ཡིན་ན་གུང་བློན་ཆེན་པོ་ཕེར་བ་ཙམ་གྱིས་མཁྱེན་པ་མངའ་བ་ཡིན་པས། བོད་ཀྱི་ལྷ་ས་དང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་དེང་དགེ་འདུན་མང་པོ་བཞུག་ས་ལ་སོགས་པ་སྙན་དུ་གསོལ་ནས་དེ་ཐམས་ཀྱིས་ཇོ་བོ་བཞུགས་པ་ལ་དགྱེས་པ་ལགས་ཞུས་པས། ཇོ་བོ་ཤིན་ཏུ་དགྱེས་ནས་ཚངས་པར་སྤྱོད་པ་གྲངས་མང་པོ་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན། དེ་ཙམ་བཞུགས་ན་བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་བཞུགས་པར་ལུང་བསྟན་པ་ཡིན་པས་བཞུགས་ཏེ་མཆི་གསུངས་ནས་བོད་ཀྱི་ཕྱོགས་སུ་ཕྱག་མང་པོ་མཛད། དེ་ཐམས་ཅད་ང་ཡོད་པ་ལ་དགའ་བ་ཡིན་ན། ངས་དགེ་འདུན་གྱི་ངག་མི་གཅོག་པར་དམ་བཅས་པ་ཡིན་གསུངས་ནས། དགེ་བཤེས་སྟོན་པ་དེས་སྤོབས་པ་སྐྱེས་ནས་བོད་དུ་བྱོན་པའི་ཞུ་བ་བྱས་པས་ཇོ་བོས་ཞལ་གྱིས་བཞེས་པ་ལ། ལོ་ཙཱ་བའི་ཞལ་ནས་བདག་གིས་དམྱལ་བར་འགྲོ་མི་ནུས་སློབ་དཔོན་གནས་བརྟན་དང་ཆད་སོ་བདོག་པ་ཐུགས་ལ་མངའ་མོད་གསུངས་ནས་བོད་དུ་བྱོན་དབང་མ་བྱུང་། ཇོ་བོའི་ཞལ་ནས་དང་པོ་ཚུར་བྱོན་སྤྱན་མ་འདྲོངས། ད་ལྟ་ཕར་སྤྱན་མ་འདྲོངས་ངས་ལོ་ཙཱ་བ་སྦྱངས་གསུང་སྐད། དེ་ནས་བཤེས་དགེ་བཤེས་སྟོན་པའི་ཐུགས་ལ་བོད་ཀྱི་མི་ཆེན་རྣམས་གྲོགས་སུ་སྦྲན་ལ་སྤྱན་དྲང་དགོས་སྙམ་ནས་བཀའ་ཤོག །
ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རིའི་བྱིང་། །
ཞེས་པ་ལ་སོགས་པ་ཞང་དབང་ཕྱུག་མགོན་བརྫངས་ནས་དགེ་བཤེས་ཀ་བའི་ཕྱག་ཏུ་གཏད་དོ། །དེ་ནས་དགེ་བའི་བཤེས་ཀྱིས་ཇོ་བོ་དཔོན་གཡོག་ཕར་གཤེགས་པའི་ཆགས་ཕྱིར་བྱོན་ཏེ་བོད་སྟོན་རྣམས་བྱོན་དུ་རེ་ནས་ཅི་འགོར་མཛད། ལོ་ཙཱ་བས་ཅི་མགྱོགས་མཛད་པས་བོད་སྟོན་རྣམས་ཀྱིས་མ་སླེབས་པར་བལ་པོ་རྫོང་ལ་བཞུད་པའི་ཕྱིར་མང་ཡུལ་དུ་བྱོན། དེའི་དུས་སུ་ས་མན་ཏ་ལོ་གསུམ་གྱི་འཁྲུག་པ་ལངས་ནས་བལ་པོའི་རྫོང་འགགས་ཏེ་མ་ཐོན། དེ་བོད་ཀྱི་བསོད་ནམས་སུ་བྱུང་སྐད།
དེ་ནས་ལོ་ཙཱ་བ་ཐུགས་ཤིན་ཏུ་མ་བདེ་བ་ལ། ཇོ་བོའི་ཞལ་ནས་བློ་མི་བདེ་མི་དགོས། བསྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་པ་ཡིན་གསུངས། དེ་ལ་ལོ་ཙཱ་བ་དགྱེས་ནས་བོད་རང་དུ་གཤེགས་པར་ཞུ་ཟེར་ནས་སྤྱན་དྲངས་སྐད། དེའི་དུས་སུ་ཇོ་བོའི་ཞལ་ནས་ཨ་ཝ་དྷཱུ་ཏི་པ་ནཱ་རོ་པའི་སློབ་མ་པཎྜི་ཏ་ཛྙཱ་ན་ཀ་ར་ཞེས་པ་སྐྱེས་བུ་དམ་པ་ཞིག་ལ་སློབ་དཔོན་ཀླུ་སྒྲུབ་ལུགས་ལ་དགོས་པའི་ཆོས་གཅིག་ཡོད་པ་ཞུས་པ་མ་བྱུང་དེ་ཡིད་ལ་གཅགས་གསུངས། དེ་ལོ་ཙཱ་བས་ཐུགས་ལ་བཟུང་ནས་བལ་ཡུལ་དུ་མི་མཐོ་བཙུགས་ནས་བཞག །དེ་ལྟར་ཇོ་བོ་རྒྱ་གར་དུ་གཤེགས་པ་བཞིན་དུ་མཛད། ལོ་ཙཱ་བ་སྐྱེལ་བ་བཞིན་དུ་མཛད་ཀྱང་བོད་དུ་བཞུགས་པའི་རྒྱུ་མཚན་ཡོད་དེ། ལོ་ཙཱ་བ་སྔ་དེ་རེས་རྒྱ་གར་དུ་བྱོན་ནས་གྷོ་སོ་མ་པུ་རིར་ཇོ་བོ་ལ་དབུ་མ་ཏོག་གེ་འབར་བ་གསན་པའི་ཚེ་ཇོ་བོའི་ཞལ་ནས། འཕགས་པ་སྤྱན་རས་གཟིགས་ཀྱིས་ང་སྟེ་ལོ་ཉི་ཤུ་རྩ་ན་ངའི་རྣམ་སྨིན་གྱི་ལུས་བོད་དུ་འཇོག །སྨོན་ལམ་གྱི་ཕུང་པོ་དགའ་ལྡན་དུ་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་ཞེས་པར་གྱུར་ནས་མགོན་པོ་བྱམས་པ་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཉན་པར་འགྱུར་རོ། །ཞེས་ལུང་བསྟན་ཞེས་གསུངས་པ་དང་། དེ་ནས་ལོ་གཉིས་ན་འབི་ཀྲ་མ་ཤཱི་ལར། ད་སྟེ་ལོ་བཅོ་བརྒྱད་ནས་བཞུགས་ཀྱང་བོད་དུ་བཞུགས་པ་ཡིན་གསུང་སྟེ། ལོ་ཙཱ་བའི་བསྟོད་པ་ལས།
ཁྱོད་ནི་སོ་མ་པུ་རི་ན། །རྟོག་གེ་འབར་བ་གསུང་པའི་ཚེ། །
ད་ནི་ལོ་ནི་ཉི་ཤུ་ན། །ཚེ་ཡི་འདུ་བྱེད་གཏོང་འགྱུར་གསུངས། །
དེ་ནས་ལོ་གཉིས་ལོན་པ་ན། །འབི་ཀྲ་མ་ནི་ཤཱི་ལ་ན། །
ད་ནི་ལོ་ནི་བཅོ་བརྒྱད་ན། །ཚེ་ཡི་འདུ་བྱེད་བཏང་ནས་སུ། །
ལུས་ནི་བོད་དུ་འཇོག་གོ་གསུངས། །
ཞེས་སོ།།
དེ་ནས་མང་ཡུལ་དུ་ལོ་གཅིག་ལྷ་ཁང་དཀར་པོ་ཞེས་པ་བཞེངས་སོ། །དེའི་དུས་སུ་དགེ་བཤེས་ཀ་བས་བཀའ་ཤོག་ནང་གི་མི་ཆེན་རྣམས་རྒྱ་སར་སྒང་གི་སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་སར་སྤྱན་དྲངས་ཏེ་གྲོས་བྱས་པས། སུམ་པ་ན་རེ་པཎྜི་ཏ་ལྷུང་བཟེད་ཀྱང་དཀར་པོར་གདའ་མཆི་ཕྱི་རོལ་པ་ཤེད་ལགས་ཉེན་བདོག་བོད་ལ་ཕན་ཏེ་མི་མཆི་གསེར་ཞིག་བསྡུས་ལ་བསྐྱལ་མ་ལགས་སམ་ཟེར་བ་ལ། ཀ་བ་ན་རེ་དེ་ལྟར་མ་ལགས་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་སྤྱན་དྲངས་པ་ཇོ་བོ་རྗེ་ལྷ་གཅིག་ཅེས་པ་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཞིག་བདོག་པར་གདའ་ཟེར་བས། འོ་ན་ངོ་མཚར་ཅན་ཞིག་ཡོད་པར་འདུག་པས་རང་ཅག་བོད་ཀྱི་སྡེ་བཞི་པོ་ལ་ཡང་ཤམ་ཐབས་ཁྲལ་བསྡུས་ལ་དབུལ། སྤྱན་ཅི་འདྲོངས་བྱའོ་གསུངས་ནས་གྲོས་མཛད་པའི་ཚེ། ཁུ་སྟོན་གཡུང་དྲུང་བརྩོན་འགྲུས་ཞེས་པ་ཀླུ་མེས་ཐམས་ཅད་ཀྱི་གནས་བརྟན་མཛད་པ། དམ་པའི་ཆོས་མངོན་པ་ལ་ཤིན་ཏུ་མཁས་པ་དེ་དེ་དུས་ན་ཁོང་ལས་མི་ཆེ་བ་མེད་པ་ལ་བཀའ་ཤོག་ཏུ་མ་ཆུད་པས་མ་མཉེས་ཏེ། སྔོན་ལ་ཕྱིན་ལ་ཐོབ་པར་བྱ་སྙམ་ནས་དེ་མ་ཐག་བྱོན་པས་གཞན་རྣམས་ཀྱང་མྱུར་དུ་བྱོན་ཏེ་ཇོ་བོ་ཕར་མ་གཤེགས་པ་ལ་སླེབས་པ་ཡིན་སྐད། ཇོ་བོ་བོད་སྟོན་རྣམས་བྱོན་དུ་རེ་ཞིང་བྱ་ར་མཛད་པ་ལ་བོད་སྟོན་རྣམས་ཚག་ཞུ་བེར་ཆེན་གྱོན། རྟ་ལ་ཆིབས་ནས་བྱོན་པས། ཇོ་བོའི་ཞལ་ནས་མི་མ་ཡིན་མང་པོ་བྱུང་གསུངས་ནས་དབུ་ན་བཟས་རིལ་གྱིས་གཡོགས་སྐད། དེ་ནས་བོད་ཀྱི་མི་ཆེན་རྣམས་ཀྱིས་ཆོས་གོས་གྱོན་སེར་ཕྲེང་མཛད་ཕྱག་རྟེན་ཕུལ་བས་ཇོ་བོ་དགྱེས་ནས་ཕྱག་མང་པོ་མཛད། ཇོ་བོའི་ཞལ་ནས་རྒྱ་གར་གྱི་རབ་ཏུ་བྱུང་བ་བས་བོད་ཀྱིས་རབ་ཏུ་བྱུང་བ་ན་བཟའ་བཟང་བར་འདུག་གསུངས། དེའི་དུས་སུ་ཁུ་ན་རེ། སྟོན་པ་ལ་ཁྱོད་བོད་ཀྱི་མི་ཆེན་གྱི་ནང་དུ་ང་མི་འཇུག་པ་ཅི་ཡིན་ཟེར་སྟོན་པས།
མཁས་བཙུན་ཆེན་པོར་སྙན་གྲགས་པ། །ལེགས་པའི་ཤེས་རབ་ལ་སོགས་པ། །
ཞེས་པའི་ཁོངས་ན་བདོག་པ་གསུངས་པས། སོགས་ཁོངས་སུ་འཇུག་པའི་མི་དེ་ང་ཡིན་ནམ་གསུངས་ནས་དེ་བས་ཀྱང་མི་མཉེས་པར་ཁོན་དུ་བཟུང་ནས་ཤིན་ཏུ་མི་མཉེས་པ་ཡིན་སྐད། སྟོན་པས་བོད་ཀྱི་སྔགས་པ་མང་དུ་བརྗོད་པས་ཇོ་བོ་ཐུགས་ཀྱི་གོ་ཆ་ཆེར་གསལ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་གྲུ་བཞིར་གཟུགས་དགོས། དེ་ལ་སྡེ་པ་བཞི་ཀ་ཚང་དགོས་པས་ཕལ་ཆེར་པ་ང་ཡིས་བྱེད། ཡོད་སྨྲ་ཁྱེད་རང་ཡིན། གནས་བརྟན་པ་དང་མང་པོས་བཀུར་བའི་མཁན་པོ་རེ་ཡང་སྤྱན་དྲངས་ལ་རྩ་བའི་སྡེ་བཞི་ཚང་བར་བྱ་གསུང་སྐད། དེར་བོད་སྟོན་རྣམས་ཀྱིས་སེམས་བསྐྱེད་ཞུས་པས་མཆོད་པ་ཤོམས་ཤིག་གསུངས། མེ་ཏོག་ཕོར་ཆུང་ཙམ་པ་མང་པོ་ཉོས་ཏེ་ངེད་རང་ངོམས་པའི་མཆོད་པ་བཤམས་པ་ལ་ཇོ་བོས་གཟིགས་པས་མཆོད་པ་ངན་སེམས་མི་སྐྱེ་ཕན་མི་བདོག་གསུངས་ནས་གཞི་ཤོམས་བྱས་ཏེ་ཞུས་སྐད། དེར་ལོ་ཙཱ་བ་མང་དུ་འཚོགས་པས་ལ་ལ་གང་ལ་བྱ་ལ་ལ་གང་ལ་བྱ་ཟེར་བ་ལ། ཁུ་ཆེན་པོ་དེ་དབང་ཆེ་བས་དེ་སྐད་བྱ་བ་ཅི། མགོ་མཇུག་བར་གསུམ་དུ་དཀའ་བ་སྤྱད་པ་ནག་ཚོ་ཡིན་པས་ནག་ཚོ་ལ་བྱ་དགོས་གསུངས་ནས་འགུ་ལིང་གི་ཆོས་གོས་ཤིག་ཕུལ་ནས་ཞུས་ཏེ་ལོ་པཎ་གཉིས་བསྡེབས་སོ།།
༢ གཙང་དུ་ཇི་ལྟར་མཛད་པ།
གཙང་དུ་ཇི་ལྟར་མཛད་པ་ནི། དེ་ནས་ལམ་དུ་བཞུགས་ཏེ་དཔལ་མོ་དཔལ་ཐང་ལ་བྱོན་པའི་དུས་སུ་དགེ་བཤེས་དགོན་པ་བ་ཡུལ་མདོ་ཁམས་སྒང་པ་གདུང་འཛེང་མཚན་དབང་ཕྱུག་རྒྱལ་མཚན་ཞེས་བྱ་བ་དེ་བལ་པོ་ཕམ་མཐིང་བ་ཅན་དུ་འཕངས་ནས་བྱོན་པ་དང་མཇལ། ཕྱག་མཛད་ཕྱག་རྟེན་ཕུལ་ནས་བླ་མ་ཕམ་མཐིང་པ་ཅན་དུ་འགྲོ་བ་ལ་བར་ཆད་མི་འབྱུང་བའི་བྱིན་རླབས་ཞུས་པས། ཇོ་བོའི་ཞལ་ནས་བར་ཆད་འོང་བས་མ་འགྲོ་བར་ལོག །ངས་ཆོས་དང་ཟན་སྦྱར་གྱིས་གསུངས། ཁོ་བོ་རང་གི་འདི་རྣམས་མ་ཟད་བར་དུ་འཚལ་མ་མི་ཞུ་ཆོས་ཞུ་ལགས་ཞུས་པས། ཟན་ཟ་ཆོས་ཡོད་ཟན་མི་ཟ་ཆོས་མེད་གསུངས་ནས་ལོངས་སྤྱོད་རྣམས་ཇོ་བོ་ལ་ཕུལ་ནས་བླ་མཆོད་མཛད། ཚོགས་ཆོས་ཀྱང་མ་གསན་པར་ཆོས་སྒོ་སྐྱེལ་དུ་མཛད་ནས་བསྐྱངས། ལོངས་སྤྱོད་རྣམས་ལ་དགོན་པ་བའི་ས་ཀྲའི་གཞི་མ་མཛད་སྐད།
དེ་ནས་ལ་སྟོད་བྱང་དུ་འཐོན་ཏེ་མདོག་གི་ཚ་སྣར་བྱོན་ནས་གང་ཟག་གཅིག་གིས་ཅིག་ཅར་དུ་འཇུག་པའི་ངོར་དོ་ཧ་ཞུས་ནས་གསུངས་པ་ལ་བོད་དུ་འདི་མི་ལེགས་ཞུས་ནས་བཀའ་བསྡམས། དེར་གོང་སྟོན་གསང་རུང་། མགར་དགེ་བ། རྒྱལ་གྱི་ཀ་བ་ཆེན་པོ། ཀ་བ་ཤཱཀྱ་དབང་ཕྱུག །ཁུ་སྟོན་གཡུང་དྲུང་བརྩོན་འགྲུས། རྔོག་ལེགས་པའི་ཤེས་རབ་དྲུག་གྲོས་བྱས་ནས། ཐབས་ཤེས་རབ་ཡ་བྲལ་གྱིས་སངས་རྒྱའམ་མི་རྒྱ། བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་སོ་སོར་ཐར་པ་དགོས་སམ་མི་དགོས། རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པར་རྒྱུད་བཤད་དུ་རུང་ངམ་མི་རུང་། ཚངས་པར་སྤྱོད་པས་གསང་བ་ཤེས་རབ་ཀྱི་དབང་བླང་དུ་རུང་ངམ་མི་རུང་། དབང་མ་ཐོབ་པར་གསང་སྔགས་ཀྱི་སྤྱོད་པ་བྱང་རུང་ངམ་མི་རུང་ཞེས་པ་ལྔ་པོ་དེ་ཞུས་པས། ཇོ་བོའི་ཞལ་ནས་ཁྱེད་རྣམས་ལ་ཐུགས་ཆོད་མི་མངའ། དེ་བས་མང་པོ་ལྷ་བཙུན་པས་ཞུས་ནས་བྱང་ཆུབ་ལམ་སྒྲོན་གྱི་ནང་ན་དེ་རྣམས་མདོག་གིས་གསུངས། དེར་ལམ་སྒྲོན་བལྟས་ནས་གཏན་ལ་ཕབ་ནས་འདུག་པས་ཁོང་རྣམས་སྤོབས་པ་མེད་པར་གྱུར་སྐད།
དེ་ནས་གཙང་དུ་སྤྱན་དྲངས་ནས་བྱོན་པའི་ཚེ་ས་སེར་བས་བསྙེན་བཀུར་བྱེད་པ་ཙམ་མ་བྱུང་། འཕྲལ་གྱི་རྐྱེན་ཅུང་ཟད་དཀོན་པར་བྱུང་བས། ཇོ་བོའི་ཞལ་ནས་བོད་པྲེ་ཏ་པུ་རི་ཡིན་གསུངས། དེ་ནས་གཟངས་གཞོན་ནུ་འབར་གྱིས་མང་འགར་དུ་སྤྱན་དྲངས་དེ་ན་ཇོ་བོའི་ཁྲི་ཡང་ཡོད། བྱང་ཆུབ་ཕྱོགས་ཀྱི་བཤད་རྒྱུད་སྒྲུབ་བརྒྱུད་གཉིས་ཀ་མངའ་བ་ཡིན་སྐད། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་མུ་གུ་ལུང་དུ་སྤྱན་དྲངས། ལེང་ལོ་ཙཱ་བས་ས་སྙིང་ལྷ་ཁང་ཞེས་པའི་རབ་གནས་ཞུས། དེ་ན་སློབ་དཔོན་ཤནྟི་པའི་སྐུ་འབག་མུ་འགྲམ་སེ་ཙིག་གེ་བ་གཅིག་དང་ཇོ་བོའི་སྐུ་འབག་དཀར་ལ་དམར་མདངས་ཆེ་བ་གཅིག་གདའ་སྐད། སེ་སྟོན་སྒྲ་གཟན་འཛིན་གྱིས་ཉི་མ་བདུན་རྗེས་སུ་འབྲངས་ནས་དབུ་མའི་ལྟ་བ་ལ་དྲི་བ་མཛད། དེར་ཆེར་རྗེ་གཅིག་གི་བུའི་མིང་ཞུས་པས་ཆེ་རྗེ་དཱི་པཾ་ཞེས་པ་ཚེ་རིང་པོ་ཞིག་བྱུང་། བེ་ཅི་ཅིག་གི་སྤྱི་བོར་ཇོ་བོའི་ཕྱག་པདྨའི་རི་མོ་ཅན་བཞག་ནས་བྱིན་གྱིས་བརླབས་མཛད་པས། བུ་བེ་ཅི་པདྨའི་ལྷུན་པོ་ཞེས་པ་བྱུང་། དེ་ནས་ཤབ་སྒོ་ལྔ་ནས་བྱོན་པའི་ཚེ་འཁྲེན་གྱི་བྲག་ལུང་ན་ཟངས་དཀར་མཛོད་ཁུར་བཞུགས་པར་གདའ་སྟེ་བྱང་ཆུབ་སེམས་དཔའ་དྲོད་ཐོབ་པ་ཞིག་བཞུགས་ཤིང་གདའ་གསུངས་ནས་འདུད་ཕྱག་མཛད་སྐད།
དེ་ནས་ཞོགས་ལ་ལ་འཐོན་ནས་ཞལ་ལུ་རི་ཕུག་ཏུ་བྱོན། དེ་ནས་ཀེག་སྟོན་ཆེན་པོས་སྤྱན་དྲངས་ཏེ་ཤངས་ཀྱི་བྱེ་ཕུག་ཏུ་བྱོན་ནས་ཤེས་རབ་འགྲེལ་ཆུང་གསུངས། དེ་ནས་ཉན་ཚོར་སྤྱན་དྲངས་ཏེ་དབྱར་ཟླ་བ་གསུམ་བཞུགས་ཁྲི་ཡང་ཡོད། སྐུ་བསོད་ཤིན་ཏུ་ཆེ་བར་བྱུང་བས་གསོལ་ཟས་ཀྱང་འབྲས་མིན་པ་མ་དྲངས། ཚོགས་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་གསུངས། ལྐོག་ཆོས་སུ་དགེ་བཤེས་ཡོལ་སྐུ་མཆེད་ལ་སོགས་པ་ལ་ཏྲི་ཡའི་སྒྲུབ་ཐབས་མང་དུ་གསུངས། ཁྱད་པར་དུ་ཐུགས་རྗེ་ཆནེ་པོ་ཞི་ཁྲོའི་སྐོར་མང་དུ་གསུངས། ཡོལ་ཆོས་དབང་གིས་ཟླ་བ་དྲུག་ན་ཇོ་བོའི་ཞལ་བཅུ་གཅིག་པ་ཞལ་གཟིགས། དེ་ནས་ཁྲ་དེ་ནས་ཁྲོ་བོ་ཡང་གཟིགས། ཇོ་བོ་ལ་སྲུང་བ་ཟབ་པ་ཞིག་ཞུ་ཞུས་པས་མཎི་པདྨེ་གསུངས། དེས་མི་འོང་ཞུས་པས་མི་གཡོ་བ་གསུངས། དགེ་བཤེས་སྟོན་པས་སླ་ལ་བྱིན་རླབས་ཆེ་བ་ཞིག་ཞུས་པས་ཇོ་བོ་ཞལ་བཅུ་གཅིག་པ་གསུངས། ལོ་ཙཱ་བ་མཐུ་ཆེ་བ་ཞིག་ཞུས་པས་གཤིན་རྗེ་གཤེད་གསུངས། སྒྲུབ་ཐག་ཉེ་བ་ཞིག་ཞུས་པ་སྒྲོལ་མ་གསུངས། དེའི་དུས་སུ་དགེ་བཤེས་རྣལ་འབྱོར་པ་ཆེན་པོ་ཡུལ་མདོ་སྨད་གདུང་ལུང་མཚན་བྱང་ཆུབ་ཅེས་པ་དེའི་ཡུལ་ན་བུ་མེད་པས་བུ་མང་བ་ལ་བསླངས་པས་སྟེར་བ་ཡིན་པས། ཁོང་སྤུན་བདུན་ཡོད་པས་བུ་མེད་པ་ཞིག་ལ་བྱིན། དེར་བུ་གཅིག་སྐྱེས་ནས་གཞན་ཞིག་ལ་བྱིན། དེར་ཡང་བུ་གཅིག་སྐྱེས་ཏེ་ཁོང་བཀྲ་ཤིས་པར་བྱུང་སྐད། དེར་བསྐྱེད་པའི་མི་དེ་བྱུང་ནས་ཁྱོད་རབ་ཏུ་དབྱུང་བའི་དོན་དུ་བསྐྱེད་པ་ཡིན་པས་རབ་ཏུ་བྱུང་ཟེར་ནས་རབ་ཏུ་བྱུང་ངོ་།།
དེར་ཡང་མཁན་པོའི་བྱ་བས་གཡེངས་པ་ལ་མ་དེ་བྱུང་ནས་ད་འདིར་བསྡད་པས་མི་འོང་གིས་དབུས་སུ་སློབ་གཉེར་ལ་སོང་ཟེར་ནས་དར་ཟབ་མོ་བསྐུར་རེ་ཉི་མ་གསུམ་ཙམ་དུ་བསྐྱལ་ནས་འབྲལ་ཁར་སྨོན་ལམ། བུ་ཁྱོད་ཡུལ་དབུས་སུ་ཕྱིན་ནས་ཡང་དག་པའི་དགེ་བའི་བཤེས་གཉེན་དང་མཇལ་བར་གྱུར་ཅིག །མཇལ་ནས་ཀྱང་ཐུགས་འཛིན་པར་གྱུར་ཅིག །བཟུང་ནས་ཟིན་པར་གྱུར་ཅིག །ཟིན་ནས་དགེ་བའི་བཤེས་གཉེན་གྱིས་གདམས་ངག་དབང་རྗེས་སུ་བསྟན་པ་གསུང་བར་གྱུར་ཅིག །གསུངས་ནས་གདམས་ངག་དང་རྗེས་སུ་བསྟན་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པར་གྱུར་ཅིག །སྒྲུབ་པའི་དུས་སུ་ང་ཡང་ཁྱོད་ཀྱི་དྲུང་དུ་སྐྱེས་ནས་མ་སྨད་གཉིས་ལྷན་ཅིག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་པར་གྱུར་ཅིག །ཅེས་བཏབ་པས་གྱེས་ཏེ་ཡང་འོངས་པས་ཇོ་བོ་དང་མཇལ། སྣོད་ལྡན་དུ་མཁྱེན་ནས་མཇལ་མ་ཐག་ཏུ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལུང་གནང་ནས་བཟླས་པ་སྟོང་བརྒྱད་བརྒྱ་སོང་བ་དང་ཞལ་གཟིགས། དེའི་དུས་ནས་ཇོ་བོའི་ཉེ་གནས་མཛད། སྟོན་པ་མགར་འགོས་ལ་སོགས་པ་ལ་གསུངས་པས་དོན་གྲུབ་པ་མང་དུ་བྱུང་གསུངས།
དེ་ནས་གཙང་རོང་ན་མར་བྱོན་པའི་དུས་སུ་ཁང་པ་དོག་པས་འདོད་རིགས་པ་ལ་མ་རྙེད་པ་ལ་དགེ་བཤེས་སྟོན་པས་དེའི་བར་དུ་ཕྱིར་བཞུགས་སུ་གསོལ་ནས་ཁང་པའི་བྱི་དོར་བྱས། ཇོ་བོའི་སྤྱན་སྔར་མ་འདལ་ཞིག་ཀྱང་བྱས་པས་མཉེས་ནས་སློབ་མ་ཁྱོད་འདྲ་བ་ཞིག་རྒྱ་གར་ཡང་ཡོད་གསུངས། དེར་ཉ་མ་དད་པ་རྣམས་ཀྱིས་གསེར་གྱི་རྟ་ལ་གཡུའི་སྒ་དང་ལྡན་པ་ཕུལ་ནས་གདམས་པ་ཞུས་པས། ཇོ་བོ་མཉེས་ནས་རབ་ཏུ་བྱུང་ནས་སྟོང་པ་དང་སྙིང་རྗེ་ཟུང་འཇུག་སྒོམ་པ་ཞིག་ཡིན་ཏེ། དེ་མ་བྱུང་ཡང་ཁྱེད་རྣམས་ཀྱིས་ཕ་མ་རྒས་ཤིང་འཁོགས་པ་དང་ཡུན་རིངས་ཀྱི་ནད་པ་དང་ཤུལ་རིངས་ཀྱི་འགྲོན་པོ་ལ་བསྙེན་བཀུར་བྱས་པ་ལ་བསྒོམ་པ་དང་འདྲ་བའི་བསོད་ནམས་ཐོབ་གསུངས། དེ་ལྟར་གཙང་གི་མུ་ལ་གཅིག་བཞུགས་སྐད་དོ།།
༣ དབུས་སུ་ཇི་ལྟར་མཛད་པ།
དབུས་སུ་འཕྲིན་ལས་ཇི་ལྟར་མཛད་པ་ནི། དེ་ནས་གན་བྱང་ཐང་ན་མར་བྱོན་པའི་དུས་སུ་ཇོ་བོའི་ཞལ་ནས་ལྷ་སའི་རི་ལ་མཚན་མ་བཙུགས་ནས་ཡ་གི་ན་ཅི་ཡོད་གསུངས། བོད་སྟོན་རྣམས་ཀྱིས་ལྷ་སའི་གཏམ་རྒྱུད་རྒྱས་པར་གསུངས་པས། ཇོ་བོའི་ཞལ་ནས་དེ་ཐང་འཇའི་གུར་སུམ་རྩེག་འདུག །ལྷའི་བུ་མང་པོ་མཆོད་པ་རྒྱུན་མ་ཆད་པར་བྱེད་ཅིང་འདུག །རང་ཅག་ཀྱང་ཡ་གིའི་འདེད་གསུངས།
དེ་ནས་འོན་ཁྲ་སྣ་ན་མར་བྱོན་པའི་དུས་སུ་དབུ་རིལ་ན་བཟའ་གཡོག་ཅིང་འདུག །དེ་ཅི་ལགས་ཞུས་པས་རི་འདི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པར་འདུག་པས་བརྣབ་སེམས་སྐྱེ། ལུང་པ་སྐྱ་བོ་འདི་ཀུན་ལ་མ་ཆགས་ན་ལེགས་གསུངས། དེ་ནས་འཕྱིང་རུང་ན་ཕར་བྱོན་པའི་དུས་སུ་བུ་མོ་ཁྱིམ་སར་མོ་ཞིག་གིས་མགོ་རྒྱན་མ་ལུས་པ་ཕུལ། ཁྱིམ་དུ་ཕྱིན་པའི་ཚེ་ཨ་ཙ་ར་འདོད་པ་ཅན་ལ་དེ་ཙམ་འབུལ་བ་ཟེར་ནས་འཐབས་པས་བུ་མོ་གཙང་པོ་ལ་མཆོངས་ནས་ཤི །འཕྱིང་རུར་མར་འབུལ་བ་མང་པོ་བྱུང་བས་རྩི་རྩི་ཀུན་འགེའུ་གསོལ་གསུང་། རྔོག་སྒོམ་ཡོན་ཏན་རྒྱལ་བས་མར་གྲོད་ཅིག་ཕུལ་བས་ཕྱག་ལ་འཁོར་ལོ་ཡོད་པར་གཟིགས་ཏེ་ཐུགས་རྗེ་ཆེན་པོའི་བཟླས་ལུང་གནང་བས་ཞལ་གཟིགས་པ་ཞིག་བྱུང་། དེ་ནས་གཞུང་དུ་བྱོན་པའི་དུས་སུ་བུ་མོ་ཤི་བ་གསན་པས་ཇོ་བོའི་ཞལ་ནས་ངའི་བུ་མོ་སྙིང་རེ་རྗེ་གསུངས། དེ་ནས་ཉ་མོ་གྱུར་དུ་བྱོན་པས་ལོ་པཎ་མི་ཐེག་ཟེར་ཏེ་སྒོ་བསྡམས། ཇོ་བོ་དཔོན་གཡོག་གཞུང་གི་སྟག་ཀར་གྱི་གད་ཕུག་ཏུ་ཞག་ལྔ་བཞུགས་ཏེ་བུ་མོའི་དོན་དུ་ནང་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས་ཙྪ་མང་པོ་བཏབ་ནས་ངའི་བུ་མོ་འཚེངས་གསུངས།
དེ་ནས་དོལ་དུ་བྱོན་ཏེ་སྣེ་བོ་ལ་ཁ་ནས་དུང་བུས་པས་མི་ཐམས་ཅད་བྲོས་ཕྱུགས་ཐམས་ཅད་ཐག་པ་བཅད་ནས་ཤོར་སྐད་དོ། །དེ་གོང་དུ་རག་དུང་མེད་པ་ཡིན་གསུངས། ཡུར་མའི་དུས་ཡིན་པས་ཇོ་བོའི་ཞལ་ནས་བལ་ཡུལ་མཐིལ་འདྲ་གསུངས་ནས་མཉེས་སྐད། ཞག་ས་དཔེ་སྒང་དུ་བྱས། ཇོ་བོའི་ཞལ་ནས་ཡུལ་འདི་ནས་བྱང་ཆུབ་སེམས་དཔའ་རྟགས་མཚན་ཅན་ཞིག་བྱོན་པར་འདུག་གསུངས། ཇོ་བོས་དོལ་གྱི་སེར་མ་དེ་གཞན་ལ་ཕན་ཆེ་བར་དགོངས་ནས་རགས་མཛད་པས་ད་ལྟ་ཡང་ལྷ་རྗེ་རགས་ཟེར་སྐད། དོལ་གྱི་གནས་ཆུང་རྣམས་ལོ་པཎ་རྣམས་ལ་བསྙེན་བཀུར་བྱེད་པར་འདོད་པ་ལ་བསྡུས་ནས་བྱེད་པ་མ་བྱུང་། རེ་རེས་བྱེད་པ་ལ་ཆང་ཆུང་རེ་ལས་མ་ཐེག་པས་པཎ་ཆུང་རྣམས་དང་བོད་སྟོན་རྣམས་སྤྱན་དྲངས་ནས་ཇོ་བོ་ལུས་པ་ལ་དགེ་བཤེས་ཨཱ་རྱ་དེ་ཝའི་ཞལ་ནས། མཐའི་མི་འདོད་མཁན་མེད་པ་འདི་ངས་བྱ་ཡིས་ཟེར་ནས་ཇོ་བོ་སྤྱན་དྲངས། སྣོན་མདར་ཨཱརྱ་དེ་ཝའི་ལྷ་ཁང་ལ་རབ་གནས་མཛད། ཇོ་བོའི་ཞལ་ནས་སྤྱན་རས་གཟིགས་ཞལ་བཅུ་གཅིག་འདི་ལ་རབ་གནས་ལེགས་པར་ཡང་དག་པ་ཞིག་ཡོད་པས་སྒོས་མཆོད་རེ་གྱིས་དེ་མ་ཆག་ན་ལེགས་པར་འོང་གིས་གསུངས།
དེ་ནས་གྲྭ་ཕྱི་ཚོང་འདུས་གནས་པས་སྤྱན་དྲངས་ནས་ལྷ་ཁང་བྲེ་ཙམ་ཞིག་ལ་རབ་གནས་མཛད། དེའི་ཚེ་ཇོ་བོའི་ཞལ་ནས་ཆོས་སྐོར་ཆེན་པོ་གང་ནས་ཡོད་གསུངས། ལྐོག་རི་སྣ་འདི་ནས་མཐོང་ལགས་ཞུས་པས་དགྱེས་ནས་དེར་བྱོན་སྐད། དེ་ནས་པེ་དམར་གྱི་གྲུ་ཚུགས་ལ་བྱོན་ནས་ཆོས་སྐོར་ཆེན་པོ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕག་གི་ལོ་ལ་ཆགས་ཕབ་ཅེས་འབྱུང་སྟེ། དཔེ་ཕྱི་བྱིད་དེ་ལུ་ལོ་ཕག་ཏུ་འཁྲུལ་བ་ལས་འཕེལ་བར་ཟད་ཀྱི། སྤྱིར་བསྟན་པ་གནས་པའི་རྩིས་དང་དགེ་བཤེས་སྟོན་པ་ཇོ་བོ་དང་མཇལ་བའི་དུས་དང་ཇོ་བོས་གཉེ་ཐང་དུ་བཞུགས་པའི་ལོ་གྲངས་དང་སྦྱར་ན་ལུག་གི་ལོར་གསལ་ལོ།།
དེར་ཁྲོམ་མང་པོས་བསྐོར་བས་ཇོ་བོའི་ཆིབས་བསྐྱིལ་བ་རྣལ་འབྱོར་པ་ཆེན་པོས་ཞལ་གྱི་དཀྱིལ་འཁོར་ལས་ཤེས་ཏེ་ཆིབས་ལས་ཕབ་ཞལ་ཆབ་དྲངས་པས། གཞན་ཀུན་ཁམས་པ་གླེན་པ་དྲང་རྒྱུ་མེད་པར་ཞལ་ཆབ་འདྲེན་ཟེར་ཏེ། ཨ་མེས་བྱང་ཆུབ་དེ་གླེན་གླེན་འདྲ་ལ་ཤིན་ཏུ་ཤེས་རབ་ཆེ་བ་ཞིག་བདོག་སྐད། ཇོ་བོ་དེ་ལ་ཤིན་ཏུ་མཉེས་ནས་དེ་འདྲ་ཨ་མེས་ཇི་ལྟར་ཤེས། ཨ་མེས་ནི་རྒྱ་གར་བ་ཞིག་ཁོ་ན་འདྲ་གསུངས། དེའི་དུས་སུ་འོག་ཁང་གི་བྱང་ཆུབ་ཆེན་པོ་དེ་དབུ་རྩེ་ཐང་ནས་གཟིགས་པས་སྤྱན་སྔར་མ་བཏང་བ་ནས་ཇོ་བོ་དེར་བྱོན་ནས་མཧཱ་བོདྷི་དང་ཁྱད་པར་མི་འདུག་གསུངས།
དེ་ནས་བྱང་ཆུབ་གླིང་དུ་བྱོན་པའི་ཚེ་སྒོ་མ་ཕྱེ་བར་ཇོ་བོས་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་ཞལ་གྱི་དཀྱིལ་འཁོར་གྱི་རྡུལ་འཕྱི་ཞིང་འདུག །དེ་ནས་དམར་ཕོབ་གསུངས་ནས་སྤྱན་འདྲེན་པ་ལ་སྐས་རྡང་བུ་བདུན་དགོས་པ་ཡོད་པས་འབད་པ་ཆེན་པོ་དགོས་པར་བྱུང་གསུངས། ཇོ་བོ་བསམ་ཡས་ལ་ཤིན་ཏུ་དགྱེས་ནས་ཆགས་དབབ་པར་ཐུགས་ཀྱི་དགོངས། གཟིམ་ཆུང་ཡང་པེ་དཀར་གླིང་གི་དཀོར་མཛོད་བྱང་ངོས་མར་མཛད། ནུབ་ཅིག་ཇོ་བོའི་ཞལ་ནས་སྐྱེས་རབས་ཀྱི་ཕྲེང་རྒྱུད་དེ་སྤྱན་དྲོངས་དང་གསུངས། ཅི་མཛད་ཞུས་པས། ངའི་དད་པ་དེ་ཉམས་ནས་སོང་། དད་པ་གསོས་གདབ་ཀྱི་གསུངས་ནས་ཁྲི་སྙན་ས་ལེའི་པགས་པ་གཏིང་སྟེ་མར་མེ་ལ་གཟིགས་སོ། །དེའི་དུས་སུ་ལྷ་བཙུན་བོདྷི་ར་ཛས་ཡོན་བདག་མཛད་ནས་རིམ་པའི་ཆོ་ག་མཛད། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་བསྐྱེད་རྫོགས་དང་དེ་གཉིས་ཀྱི་གདམས་ངག་དང་། ཕྱག་ན་རྡོ་རྗེ་གཏུམ་པོ་གོས་སྔོན་ཅན་གྱི་སྒྲུབ་ཐབས་དང་དེའི་ཆོ་ག་དང་གདམས་ངག་རྣམས་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིསས་བསྒྱུར་རོ།།
གཞན་ཡང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། སྨན་དཔྱད་ཡན་ལག་བརྒྱད་པ་དང་། མདོ་སྡེ་ཀུན་ལས་བཏུས་པའི་མན་ངག་དང་། བྱང་ཆུབ་ཀྱི་སེམས་ནོར་བུའི་ཕྲེང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་དུ་བྱས་པ་དང་། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ་རྣམས་མཛད་ནས། ཇོ་བོ་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་ཀྭ་ཆུར་བྱོན་ཏེ་ཁུ་རྔོག་གཉིས་ཀྱིས་ཞུས་ནས་དབུ་མ་རིགས་པའི་ཚོགས་དྲུག་གསུངས། མི་བཅོ་ལྔས་རིམ་པའི་ཆོ་ག་རྒྱས་པར་ཞུས་སོ། །དེའི་དུས་སུ་ཇོ་བོ་ལ་དགེ་སློང་གཞོན་ནུ་གཉིས་ཀྱིས་རྟོགས་པ་འབུལ་དུ་བྱུང་སྟེ་ཇོ་བོའི་སྤྱན་སྔ་ན་དགེ་ཚུལ་གླེན་ནེ་ཞིག་ལས་མེད་གསུངས། གཅིག་ན་རེ་ཟད་པས་ཆུའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་གསུངས། ཇོ་བོས་འཚལ་ལགས་ཞུས་པས། དང་པོ་རང་གི་སྨིན་མཚམས་ཆུར་སོང་། དེ་ནས་མཆེད་དེ་ངམ་ཤོད་ཐམས་ཅད་ཆུར་སོང་། ཡང་གཅིག་ན་རེ་ཟད་པར་དཀར་པོའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་གསུངས། འཚལ་ལགས་ཞུས་པས། ཡང་སྨིན་མཚམས་དཀར་པོ་བྱུང་ནས་ངམ་ཤོད་ཐམས་ཅད་དཀར་ཕྱམ་གྱིས་སོང་། དེ་ནས་ཏིང་ངེ་འཛིན་ལས་ལངས་པ་དང་ཡང་སྨིན་མཚམས་སུ་འདུས། ཇོ་བོའི་ཞལ་ནས་ཕ་ལ་ཕ་ལ་ཏིང་ངེ་འཛིན་བཟང་གསུངས།
དེ་ནས་མཆིམས་ཕུར་བྱོན་པའི་དུས་སུ་ཡང་དེ་གཉིས་བྱུང་ནས་གཅིག་ན་རེ། སྒྱུ་མ་ལྟ་བུའི་ཐང་ཀ་གཅིག་གཟིགས་པར་འཚལ་ལས་གསུངས། འཚལ་ལགས་ཞུས་པས། ཐང་ཀ་ཕ་ཙེ་ཙམ་ཞིག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བཅུ་གཉིས་བཀྲ་ལམ་མེ་བ་ཞིག་གཟིགས་སོ། །ཡང་གཅིག་ན་རེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་གསུངས། འཚལ་ལགས་ཞུས་པས། སྒྲོལ་མའི་ཐང་ཀ་བཀྲ་ལམ་མེ་བ་ཞིག་གཟིགས། དེ་ནས་གནངས་ནངས་པར་དབུ་རྩེར་སྟོན་མོ་ཆེན་པོ་ཞིག་བྱེད་པ་ལ་དགེ་ཚུལ་དེས་བལྟས་པས་མ་མཐོང་ནས་ཇོ་བོ་ལ་དེ་གཉིས་གར་ཐལ་ཞུས་པས། ཁོང་དེར་མི་འོང་། ཁོང་ལ་སའི་ལྷ་མོ་དང་ཤིང་གི་ལྷ་མོ་ལ་སོགས་པ་བཤོས་འདྲེན་པ་ཡིན་གསུངས། ཇོ་བོ་ཉིད་ཀྱང་དབུ་རྩེའི་བྱ་འདབས་ཀྱི་འོག་ན་ཕར་བསྐོར་བ་མཛད་པ་རྣལ་འབྱོར་པ་ཆེན་པོའི་གནས་མོ་བཙུན་རྒན་མོ་ཞིག་གིས་མཐོང་སྟེ་རྣལ་འབྱོར་པ་ལ་བཤད། དེས་རྔོག་ལ་བཤད། དེས་ཇོ་བོ་ལ་ཞུས་པས། བནྡེ་མོ་མིག་འཁྲུལ་བ་ཡིན་ཏེ་འོང་གསུངས་སྐད་དོ།།
ཡང་ཇོ་བོའི་ཞལ་ནས་ང་ལ་ལྷ་རྣམས་ཀྱིས་མཆོད་པ་བྱེད་པ་མཐོང་ངམ་གསུངས། པུ་ཏོ་བ་ནི་ཇོ་བོ་དང་དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་སྟེ་གསུམ་རས་ཡོལ་གྱིས་བཅད་ནས་བཞུགས་པའི་ནུབ་ཅིག་ནམ་ཕྱེད་ཙམ་ན་ཁྱེད་ཀྱིས་ཐོས་སམ་གསུངས། ཅི་གདའ་ལགས་ཞུས་པས། རྒྱ་གར་ནས་ངའི་སློབ་མ་ཞིག་གིས་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གྲགས་གསུངས། དགེ་བཤེས་སྟོན་པས་དབུ་སྐྲ་བཏེག་སྟེ་གསན་ཡང་མ་གསན་གསུང་སྐད། དེར་མི་མང་པོ་འཚོགས་ནས་བསམ་ཡས་པེ་ཀར་གླིང་དུ་སེམས་བསྐྱེད་ཆེན་པོ་ཞིག་མཛད། དེའི་སྲོད་ལ་བོད་སྟོན་རྣམས་ཀྱིས་དེ་རིང་ནི་བྱང་ཆུབ་སེམས་དཔའ་མང་པོ་ཞིག་མཛད་ལགས་སོ་ཞུས་པས། ཇོ་བོའི་ཞལ་ནས་སྐྱེས་པ་ནི་གཅིག་ལ་ཡང་སྐྱེས་ཏེ་མི་འོང་གསུངས། དེ་ཇི་ལྟར་ལགས་པས། དཀོན་མཆོག་གི་མཆོད་པ་མེད་པར་གསུངས། འོ་ན་མི་མཛད་ཐང་ཞུས་པས། མ་བྱས་ན་བོད་རྣམས་ང་ལ་ཟེར་དུ་འོང་གསུངས། དེའི་དུས་སུ་བོད་སྟོན་རྣམས་ཀྱིས་སངས་རྒྱས་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་དུ་ཐལ་ལགས་ཞུས་པས། སངས་རྒྱས་ཤཱཀྱ་ཐུབ་པ་བྱི་བའི་ལོ་དབྱར་ཟླ་འབྲིང་པོའི་ཉ་ལ་ལྷུམས་སུ་གཤེགས་ནས་གླང་གི་དཔྱིད་ཟླ་འབྲིང་པོའི་ཉ་ལ་ལུམྦིའི་ཚལ་དུ་བལྟམས་ཏེ། སྤྲེའུའི་ལོ་ལ་སྐུ་མྱ་ངན་ལས་འདས། ད་ཡན་ཆད་ལ་ལོ་སུམ་སྟོང་བརྒྱ་དགུ་བཅུ་རྩ་གཅིག་སོང་གསུངས་ཞེས་འབྱུང་སྟེ། ཆུ་མོ་ལུག་ལ་བོད་སྟོན་རྣམས་ཀྱིས་ཤིན་ཏུ་བརྗོད་དེ་འཁྲུལ་བར་ཟད་ཀྱི། དོན་སུམ་སྟོང་བརྒྱ་བདུན་ཅུ་རྩ་དགུ་འདས་པར་གསལ་ལོ།།
བོད་སྟོན་རྣམས་ཀྱིས་ཉི་ཁྲི་སྣང་བ་གསུངས་པའི་ཞུ་བ་ཕུལ་ནས་ཡོད་པ་ལ་དགེ་བཤེས་ཁུས་ཇོ་བོ་ལ་ཡར་ལུངས་ཡུལ་བཟང་ཞིང་ས་དྲོ། ཆོས་རྒྱལ་མེས་དབོན་གསུམ་གྱི་ཞབས་ཀྱིས་བཅགས་པའི་ས་ཡིན་པས་གཞན་དོན་ཡང་ཆེ་ནས་མཆི། བཞུགས་ས་ཡང་དབྱར་ལྷ་སྡིངས་སུ་བགྱི། དགུན་ཐང་པོ་ཆེར་བགྱི་ཞེས་ཞུས་པས་ཞལ་གྱིས་བཞེས། ཚོགས་སུ་ཡང་ཨ་ཏི་ཤ་ཡར་ལུངས་སུ་སྤྱན་འདྲེན་པ་ཡིན་པས་ཉི་ཁྲི་ཉན་པ་ཀུན་ཀྱང་ཡར་ལུངས་སུ་ཤོག་འདིར་གསུང་ལོང་མི་འོང་ངོ་ཞེས་སྐད་བཏང་། དགེ་བཤེས་སྟོན་པའི་ཐུགས་དགོངས་ལ་ཁུ་ཐུགས་རྒྱལ་ཆེ་བས་ཞབས་ཐོག་ཐོ་བ་མི་འོང་སྙམ་ནས་བང་སྟོན་ལ་ཁྱོད་ཀྱིས་ཇོ་བོ་གཉེ་ཐང་དུ་སྤྱན་དྲོངས། ལན་ཅིག་ཡར་ལུངས་སུ་གཤེགས་པར་འདུག་སྟེ་ཁུ་སྟོན་ཐུགས་རྒྱལ་ཆེ་བས་ཇོ་བོའི་ཞབས་ཐོག་ཐོ་བ་ཁོ་ན་འོང་ངེས་མེད་པས་ངས་ཐབས་ལེགས་ཀྱིས་བསམ་ཡས་སུ་སྤྱན་དྲང་གིས། དེ་ནས་ཁྱོད་ཀྱིས་རྟ་པས་བསུ་བ་བགྱིས་གསུངས་པས་བང་སྟོན་གྱིས་ཀྱང་ཞལ་གྱིས་བཞེས་སོ།།
དེ་ནས་ཇོ་བོ་དཔོན་གཡོག་ཡར་ལུངས་སུ་བྱོན་ཏེ་དང་པོར་བྱ་སར་ཆགས་ཕབ་རྙིང་མ་དེ་ལ་རབ་གནས་ཀྱང་མཛད། དེ་ནས་ཁྲ་འབྲུག་ཏུ་གནས་གཡར་བས་མ་གཏོང་ནས་ཐང་བྲང་མཛད། དེ་ནས་སོལ་ནག་ཐང་པོ་ཆེར་ཆགས་ཕབ་ནས་ར་རྩིག་ཁང་ཞེས་བྱ་བར་བཞུགས་ཏེ། དེར་ཁུ་སྟོན་གྱིས་ཇོ་བོ་ཉིད་ལ་གསེར་སྲང་འགའ་བསྐྱིས་པ་དང་འདྲེས་པ་གསེར་སྲང་བརྒྱ་ཕུལ། ཆོས་ཀྱང་ཉི་ཁྲི་སྣང་བ་དང་། རྒྱུད་བླ་མ་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལ་སོགས་པ་མང་དུ་གསུངས། དཔལ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏས་མཛད་པ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་རྟོག་པ་ཕྱོགས་གཅིག་པའི་སྒྲུབ་ཐབས་དང་། འཕྲིན་ལས་རྣམ་བཞིའི་འཁྲུལ་འཁོར་དང་། མངོན་སྤྱོད་བརྒྱད་པའི་འཁྲུལ་འཁོར་གྱི་མན་ངག་རྣམས་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།
དེ་ནས་ཁུ་སྟོན་ཁོང་རང་ལྷ་སྡིངས་སུ་བཞུགས་ཏེ་ལྷོ་བལ་གྱི་མི་བྱ་བ་གྲངས་སུ་གཞུག་དགོས་ཡིན་ཟེར་ནས་འདོད་པ་བཞིན་ཁོ་ན་ཞབས་ཐོག་མ་བྱས། དགེ་བཤེས་སྟོན་པ་ལ་ཡང་ཕྲག་དོག་གེ་བྱས། ཨ་མེས་བྱང་ཆུབ་ལ་ཡང་བརྙས་སེ་བྱས་པས། ཇོ་བོ་ལ་ཁུ་སྟོན་འདི་ཡང་བརྙས་སེ་བྱུང་། ཉེ་གནས་རང་མི་བགྱི་བར་ཞུ་ཞེས་ཞུས། ཇོ་བོའི་ཞལ་ནས་གྱིས་ཤིག་གསུངས། དེར་དགེ་བཤེས་སྟོན་པས་ཨ་མེས་མི་སྤྲོ་ན་མི་བྱེད་དུ་ཀ་ཆུག་མཛོད་ཞུས་པས། ཇོ་བོའི་ཞལ་ནས་ངེད་ཀྱི་རྒྱ་གར་ན་གསང་སྔགས་ཀྱི་སྒྲུབ་པ་བྱེད་པ་ལ་གྲོགས་རྣལ་མ་གཅིག་དགོས། དེ་ཕོ་ཉ་མོ་ཞེས་པ་དབང་དུ་བྱེད་པའི་ལས་བསྒྲུབས་ནས་རྒྱལ་པོ་དང་བླུན་པོ་ལ་སོགས་པ་སུའི་བུ་ཡིན་ཡང་བཀུག་ནས་བྱེད་པ་ཡིན། ངས་ཀྱང་འདི་ཕོ་ཉ་མོས་དགུག་དགོས་པའི་ཚོད་ཡིན་གསུངས།
དེ་ནས་ཡང་ཨ་མེས་མི་བགྱིད་པར་ཞུས་པས། ཇོ་བོ་དེ་དུས་ན་དགུང་ལོ་དྲུག་ཅུ་རྩ་འགའ་བཞེས་པའི་དབུ་དཀར་པོ་ཞྭ་ཕུད་དེ་ཨ་མེའི་པང་དུ་བཞག་ནས། ཨ་མེ་ང་རྒྱ་གར་ཤར་ཕྱོགས་སུ་སྐྱེས། ཁྱོད་མདོ་སྨད་དུ་སྐྱེས་པ་དེ་སྐྱེ་བ་སྔ་མའི་ལས་ཀྱིས་འཕྲད་པ་ཡིན། ད་ངའི་མགོ་འདི་ལྟར་སོང་བ་ཞིག་ཁྱོད་ཀྱིས་འཇོག་ཕོད་ན་ཉེ་གནས་ཀ་མ་བྱེད་གསུངས་པས། ཨ་མེ་བྱང་ཆུབ་སྤྱན་ཆབ་ཅིག་ཕྲུལ་མཛད་ནས་ད་འོ་ན་ཇི་སྲིད་བཞུགས་ཀྱི་བར་དུ་ཉེ་གནས་བགྱིད་པར་ཞུ་ལགས་སོ་ཞེས་གསུང་ངོ་།།
ཇོ་བོའི་ཞལ་ནས་ཨུ་པ་སི་ཀ་ཁྱེད་བོད་པ་རེ་དགའ་འདི་འདྲ་བའི་མི་བསམ་པ་བཟང་པོ་ཡོད་པ་གསུངས། ཁུ་ལ་གྲྭ་པ་སྟོང་ཙམ་ཡོད། ཇོ་བོ་དཔོན་གཡོག་སུམ་བརྒྱ་ཙམ་ལས་མེད་པ་དང་། སྲི་ཞུ་ཆུང་ཞིང་བསྙེན་བཀུར་ལ་གཡེལ་བས་འཕྲལ་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་ཆེས་པས་མ་བྱུང་བའི་སྟོབས་ཀྱིས། ཇོ་བོའི་ཞལ་ནས་ཁུ་སྟོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་དང་། ཁོ་བོ་ནི་དམངས་ཕལ་པ་ལྟ་བུ། ཁུ་སྟོན་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་ལྟ་བུ། ཁོ་བོ་ནི་པྲེ་ཏ་པུ་རི་ལྟ་བུ་གསུངས། དགེ་བཤེས་པས་ཇོ་བོ་ལ་ཁུ་སྟོན་མི་དགྱེས་པར་གདའ་བས་བདག་རང་དབུ་རུ་ན་ཕར་མཆི་ལགས་སམ་ཞུས་པས། ཨུ་པ་སི་ཀ་བཞུད། ཁོ་བོ་ཡང་བཞུད། ཨུ་པ་སི་ཀ་བཞུགས། ཁོ་བོ་ཡང་བཞུགས་གསུངས་ནས་མ་གནང་། སྟོན་པས་ཨ་ཏི་ཤ་ཁུ་སྟོན་གྱིས་མི་གཏོང་བས་ཐབས་ལེགས་ཀྱིས་བགྱི་འཚལ། གཏོང་ན་བཞུགས་ས་དབུ་རུ་ན་གཉེ་ཐང་ཞེས་བགྱི་བ་ནགས་ཚལ་དང་ནེའུ་སིང་ཡོད་པ། དགུན་ཡང་མེ་ཏོག་སྐྱེ་བ་ཞིག་བདོག་དེར་སྤྱན་འདྲེན་པར་བདོག་ལགས་ཞུས་པས། དགྱེས་ནས་ཁོ་བོ་ལ་ཁུ་སྟོན་གྱིས་མི་ཚོར་བའི་ཐབས་བཟང་པོ་ཡོད་ད་ལྟ་རང་གཤེགས་གསུངས་ནས། དཔོན་གཡོག་རྣམས་དེའི་ནུབ་མོ་སྡོམས་བྱས་ནས་ནངས་པར་ནམ་ལངས་པ་དང་ལམ་དུ་ཆུད་པར་བྱས་ཏེ་གཤེགས། ཇོ་བོ་མི་གཅིག་ལ་ཁྱོད་ཁུ་སྟོན་ཅན་དུ་སོང་ལ། ཇོ་བོ་ནི་དབུ་རུར་བཞུད་པར་འདུག་གོ་ཞེས་གྱིས་ཤིག་གསུངས་ནས། ས་ལ་རི་མོ་ཞིག་མཛད་དེ་ལ་ཏིང་ངེ་འཛིན་ཅིག་མཛད་ནས་རི་མོ་དེ་བསུབས་པ་དང་། མི་དེས་དགོན་པར་ཕྱིར་ཡང་མར་ལོག །ཡང་ཕྱིན་ཅིང་མར་ལོག་ནས་ཐན་བྱ་བ་མ་བྱུང་། གཞན་ཞིག་གིས་ཐོས་ཏེ་སྐད་བཏང་བར་འདོད་པ་ལ་སྤྱིར་ཁུ་སྟོན་སྐྱོ་སངས་བྱེད་ཅིང་ཕྱིར་བྱོན་པ་ཡིན་ཏེ། དེའི་ཉིན་པར་བྲེལ་བ་ཞིག་ཡོད་ཟེར་ནས་སྒོ་འབྱེད་དུ་མ་འདོད་ནས། ཁྱེད་སྒོ་བསྡོམས་ལ་སྡོད། ཇོ་བོ་འབྲོམ་སྟོན་གྱིས་བརྐུས་ནས་སོང་ངོ་བྱས་པས་ཁུ་སྟོན་དངངས་ནས། ཆིབས་བྱེ་ནག་ཅེས་པ་སྔ་ན་ཁུ་སྟོན་གྱི་སྐད་ཐོས་པ་ཙམ་གྱིས་དྲུང་དུ་འོང་བ་ལ་དེའི་ཉིན་པར་འཕྲ་ཤགས་བྱས་ནས་མ་ཟིན། ཟིན་པ་དང་དཔོན་གཡོག་རྟ་པ་མང་པོས་སྙགས་མ་ལ་བྱོན་ཏེ་ཁུ་སྟོན་ན་རེ་འབྲོམ་སྟོན་པ་འདི་གར་ཟིན་པར་རྒྱོབ་ཅིག་ཟེར། ཇོ་བོ་དཔོན་གཡོག་འོན་གྱི་གྲུ་ཚུགས་ལ་བྱོན། སྤྱིར་བླ་མ་སྔོན་ལ་བྱོན་པ་ཡིན་པ་ལ་ཁུ་སྟོན་གྱིས་གནོད་པ་བྱུང་དུ་དོགས་ནས་དགེ་བཤེས་སྟོན་པ་དཔོན་གཡོག་སྔོན་ལ་བསྒྲལ།
དེ་ནས་ཇོ་བོ་འདོམ་གང་དུ་འཕགས་པ་དང་། ཁུ་སྟོན་དཔོན་གཡོག་བྱེ་ལྟོངས་ན་ཚུར་ཚུབ་མ་རིང་དེ་བྱུང་། ཆིབས་བཟང་བས་ཁུ་སྟོན་སྔོན་ལ་བྱུང་སྟེ་ནང་འཁོར་བ་ལས་ཡང་གསུང་མི་གཏོང་བར་ཨ་ཏི་ཤ་དེར་བཞུགས་ང་ལ་ཐུགས་ལ་མི་འདོགས་སམ་ཟེར་བ་ལ། ཇོ་བོའི་ཞལ་ནས་ང་ལ་ཡང་ཐུགས་ལ་མི་འདོགས་སམ་གསུངས་ནས། བོད་ཀྱི་མཁས་པ་ཆེན་པོ་ཕྱིར་ལོག་གསུངས་ནས་ཅུང་ཟད་ལྡོག་པར་བརྩམས་ཀྱང་མ་ཡར་རྔམས་དྲགས་པས་རྟ་ཆུར་མཆོངས་ཏེ་ཁུ་སྟོན་དེའུ་ཤི་སྐད། ཇོ་བོ་ལ་ཁྱེད་ལྷོ་བལ་གྱི་མི་འདི་ཨོག་ངན་ང་ལ་གྲོས་མེད་པར་ཟེར། རྣལ་འབྱོར་པ་ལ་འགྲོན་བོས་ཀྱང་འགྲོན་པོ་ཤེས་པར་མཛོད་ཟེར། གསང་ཕུ་བའི་ཞལ་ནས་ང་ནི་མི་གཏོགས་སོ་ཞེས་ཟེར་བ་ལ། རྣལ་འབྱོར་པའི་ཞལ་ནས་དེ་ལས་ང་ཡི་མུག་པ་མ་བྱུང་། མ་སོ་ཡང་ཁ་རོག་མི་བཞུགས་པར་གསུངས། དེ་ནས་ཁུ་སྟོན་གྱིས་ལྡོག་པར་ཞུ་ཕུལ་བ་ལ། ཇོ་བོའི་ཞལ་ནས་མཁས་པ་ཆེན་པོ་དེ་སྐད་མི་གསུང་བར་ཞུ་གསུངས་ནས་ཞུ་བ་ཕར་ཕུལ་བས། འོ་ན་མཆོད་གནས་ཤིག་ཞུ་ཟེར་ནས་དབུ་ཞྭ་རྒྱངས་ཀྱིས་བསྐྱུར་རོ། །དེ་ནས་ཁུ་སྟོན་གྱི་འཁོར་རྣམས་སྡོད་བྱེ་ལྟོངས་ན་ཡར་བྱུང་བ་ཁོང་རང་གིས་བཟློག་ནས་སོང་ངོ་།།
རྣལ་འབྱོར་པས་ཇོ་བོ་ལ་གྲུ་གླ་ཇི་ལྟ་བུ་ཞིག་སྦྱིན་ཞུས་པས། ཇོ་བོས་ཕྱག་རྒྱ་ཞིག་མཛད། ཇ་དེ་ཀོང་ནས་ཀ་ར་བམ་པོ་ལྔ་བྱིན་པས་ཇོ་བོ་དགྱེས་ནས་ངས་རྐང་མགྱོགས་བསྒྲུབས་ནས་འཛམ་བུ་གླིང་དུ་ལན་གསུམ་བཙལ་ཡང་འཁོར་ཁྱོད་འདྲ་མི་རྙེད་གསུངས། དེའི་དགོང་མོ་སྟོན་པ་དཔོན་གཡོག་གིས་འོན་དུ་སྡོད་མ་ནུས་པར་ཡར་བྱོན་པས་ཀྭ་ཆུར་སླེབས། ཇོ་བོ་དཔོན་གཡོག་གིས་འོན་གྱི་ཁྲི་སྣ་ཀེ་རུར་བཞུགས། དེར་མོ་རེང་མོ་རྒན་མོ་ཞིག་གིས་ནས་ས་གཅིག་རྡུལ་གཅིག་མེད་པ་ཁལ་བཅོ་ལྔ་ཕུལ་ནས་ཟླ་བ་གཅིག་ཆོས་མཛད། དེའི་ཆོས་ཀྱི་སྲོལ་ཡུན་རིང་པོའི་བར་དུ་གདའ་སྐད།
དེ་ནས་བསམ་ཡས་སུ་བྱོན་ནས་རྒྱ་དཔེ་གཟིགས་ཤིང་སྐོར་བ་མཛད། ཇོ་བོའི་ཞལ་ནས་རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་དབུ་མ་སྣང་བ་དང་། ཕལ་པོ་ཆེ་ལ་སོགས་པ་བཞེངས་ཏེ་རྒྱ་གར་དུ་བསྐུར། དབུ་རུར་གཤེགས་པར་ཞུ་བ་ཕུལ་བས་ཀྱང་རྟེན་འདི་ན་བཟང་གསུངས་ནས་གཤེགས་སུ་མ་གནང་། དེའི་དུས་སུ་ཇོ་བོའི་ཞལ་ནས་བོད་ཀྱི་ར་ཛ་བོདྷི་སཏྭ་གསུང་ཞིང་རྗེས་སུ་ཡི་རང་བ་མཛད། ཕྱག་ལེན་ལ་བོད་ཀྱི་རྒྱལ་པོ་ཡིན་ཟེར་བ་ཀུན་ལ་ཤིན་ཏུ་གུས་པར་མཛད་པས་རྒྱལ་པོའི་མངའ་ཐང་ལ་ཤིན་ཏུ་ཕན་པར་བྱུང་ངོ་།།
བོད་འབངས་རྣམས་ན་རེ་ཇོ་བོ་ཙམ་པ་ཡང་གུས་པས་མཛད་ན་ངེད་འབངས་རྣམས་ཅིའི་ཕྱིར་གུས་པ་མི་བྱེད་ཟེར་ནས་ཤིན་ཏུ་གུས་པར་བྱུང་སྐད། དེའི་དུས་སུ་ལྷ་བཙུན་བོདྷི་ར་ཛ་དེ་ལྷ་བཙུན་པ་བྱང་ཆུབ་འོད་པས་ཀྱང་ཁོང་རང་ཆེ་ཞེས་གསུངས་པ་ཞིག་རེ་ནས། ཇོ་བོ་ལྷ་བཙུན་པས་ཕྱག་མཛད་པའི་དུས་སུ་མི་བཞེངས་ལ། ཁོ་བོས་ཕྱག་བགྱིས་པའི་དུས་སུ་རྡོ་རྗེ་སྐྱིལ་ཀྲུང་མཛད་ཀྱང་བཞེངས་པ་ཇི་ལྟར་ལགས་ཞུས་པས། ལྷ་བཙུན་པ་ངའི་སློབ་མ་ཡིན་ཁྱོད་བོད་ཀྱི་རྒྱལ་པོ་ཡིན་གསུངས། འོ་ན་ཁོ་བོ་སློབ་མ་མ་ལགས་སམ་ཞུས་པས། ཇོ་བོ་སམ་མེ་མཛད་ནས་ལགས་བོདྷི་ར་ཛ་དང་པོ་མཁས་བཙུན་ཡིན་པ་ལ། ཇོ་མོ་མཚམས་མོ་བྱ་བས་བསླུས་ནས་བསླབ་པ་ལགས་བཟོད་པ་མཛོད་གསུངས། འོལ་ཁའི་དགེ་བཤེས་གར་མི་ཡོན་ཏན་གཡུང་དྲུང་གིས་ཡོན་བདག་མཛད་ནས་དབྱར་དེ་འཕགས་པ་བརྒྱད་སྟོང་པ་ཞིག་གསུངས། ལྷ་བཙུན་བོདྷི་ར་ཛ་དང་པོ་མཁས་བཙུན་ཡིན་པ་ལ། ཇོ་མོ་མཚམས་མོ་བྱས་བས་བསླུས་ནས་བསླབ་པ་འཆལ་བས་ཇོ་བོའི་གཟི་བརྗིད་མི་བཟོད་ཅིང་ངོ་གནོང་པས་བཞུགས་པར་ཞུ་བ་མ་ཕུལ། དེའི་སྟེང་དུ་ཇོ་མོ་དེས་བྱིས་པ་ཚན་གཅིག་ལ། པཎྜི་ཏས་ཀྱང་ཆོས་མ་བཤད། ལོ་ཙཱ་བས་ཀྱང་ལོ་མ་ཙཱ། ཨ་ཏི་ཤ་ལ་བཞུད་དུས་མེད་ཅེས་པ་བསླབས། བྱིས་པ་ཚན་གཅིག་ལ། རྒྱལ་པོ་སའི་སང་ག་ལ། །མཉེས་པའི་དུས་ཀྱང་མི་གདའ་ན། །ལྷ་བཙུན་བོ་དྷི་ར་ཛ་ལ། །འབབས་པའི་དུས་ཀྱང་མི་གདའ་ན། །ཇོ་བོ་རྗེའི་ལྷ་གཅིག་ལ། །གཤེགས་པའི་དུས་ཀྱང་མི་གདའ་ན། །ཞེས་པ་བསླབས་ནས་ཟེར་དུ་བཅུག་པས་ཇོ་བོ་སྐྱོ་སངས་ལ་བྱོན་པའི་དུས་སུ་གསན་ནས། གང་ན་སྤྲོས་པའི་རྩོད་པ་ཡོད་པ་ལས། དཔག་ཚད་བརྒྱའི་ཕ་རོལ་འགྲོ་བ་མཆོག་བྱ་བ་ཡིན་པས་ད་ལྟ་རང་གཤེགས་གསུངས་ནས་གཤེགས་པར་ཐུགས་ཐག་བཅད་ནས་བང་སྟོན་ལ་སྐད་བཏང་། བང་སྟོན་གྱིས་སུན་མ་རེ་ཞིང་ཞག་འགའ་ཐོགས། རྒྱལ་པོ་སའི་སང་ག་བྱ་བ་དེས་ཀྱང་རྟག་ཏུ་གཙེར་ཏེ། རེས་ངའི་ཆོད་མར་ཕ་བོང་བྱུང་ཟེར། རེས་རྒྱ་གར་དུ་འདེས་ཟེར། འཁོར་ཕལ་ཆེར་དང་ཡང་འཐབས་པས་ཇོ་བོས་དྲག་ཏུ་བཀྱོན། དེ་ནས་ཡང་ཇོ་བོའི་ཞལ་ནས།
བྱང་ཆུབ་སེམས་ནི་རིན་པོ་ཆེ། །གང་གི་ཐུགས་ལ་གནས་གྱུར་པ། །
དེ་ཡི་སྐུ་ལ་ཕྱག་འཚལ་ནས། །བསོད་ནམས་དཔག་ཏུ་མེད་པ་འབྱུང་། །
འགྱུར་ལེགས་པར་གདའ་འམ་གསུངས། ཡང་ལོ་ཙཱ་བ་དང་གཉིས་འགྱུར་ཆུང་ཞིག་མཛད་པའི་ཚེ་ལོ་ཙཱ་བས་སྣག་ཚ་བོ་བས་ཇོ་བོས་ལོ་ཙཱ་བ་སྒོར་ཕྱུང་། ལོ་ཙཱ་བས་བླ་མས་ན་ནིང་ཡང་མངའ་རིས་སུ་སྒོར་ཕྱུང་བྱས་པས། ཇོ་བོའི་ཞལ་ནས་ལོ་ཙཱ་བ་ངན་པར་ཐལ། ཁྱེད་ལ་འཁོན་དུ་འཛིན་པ་འདུག །ང་ལ་ཁྲོ་བ་ཡོད། འཁོན་དུ་འཛིན་པ་མེད་གསུངས། དེ་དུས་སུ་ཡང་བོད་ཀྱི་མི་ཆེན་ཕལ་ཆེར་འཚོགས་པས་རབ་ཏུ་བྱུང་བ་རྣམས་ཚུལ་ཁྲིམས་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད། ཆོས་ཐམས་ཅད་ལག་ལེན་ལ་གདབ་ཏུ་རུང་བར་མཛད་ནས་བོད་ལ་ཕན་བཏགས་སོ།།
དེ་ནས་བང་སྟོན་རྟ་ཉིས་བརྒྱས་སུར་བྱོན་པ་ལ་ཇོ་བོ་དགྱེས་ནས་གཤེགས་པའི་སྦྱོར་བ་མཛད་དེ་བསམ་ཡས་ཕུའི་ལམ་ལ་བྱོན། དེའི་དུས་ན་ཇོ་བོ་ལ་གྲྭ་ཁལ་མང་པོ་དང་རྟ་ཕྱུགས་མང་པོ་ཡོད་པ་རྣམས་ལའོ་ཆེ་ལ་བྱོན་པས་འདོད་པ་ཆེ་བར་ཡང་གྲགས། འཁོར་ཀུན་གྱིས་ཕྱུགས་འདི་ཙམ་མི་འཚོང་བར་བྱས་པས། ཁྱེད་རྣམས་ཀྱིས་མི་ཤེས། ཕ་རྒན་མ་རྒན་ཡང་འཚོང་ངམ་གསུངས། དེ་ནས་བསམ་ཡས་ལ་བར་ལ་ཞག་གཅིག་བཞུགས་པའི་ཚེ་ཇོ་བོའི་ཞལ་ལས་རྟ་རྒན་སྙིང་རེ་རྗེ་ཞེས་གསུངས། དེ་ནས་བལྟར་ཕྱིན་པ་དང་ལ་རྒྱབ་ན་རྟ་གཅིག་ལག་པ་རྫ་བར་དུ་ཆུད་ནས་འདུག་པ་ཇོ་བོས་མཁྱེན། དེ་ནས་སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་བཞུགས།
དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་འཕྲུལ་སྣང་དུ་སྤྱན་དྲངས་ནས་བསུ་བ་བྱས་པའི་དུས་སུ་ཇོ་བོ་ཐུགས་རྗེ་ཆེན་པོས་ཀྱང་བསུ་བ་བྱས་ཏེ། མི་རེང་སྐྱ་བོ་ཞིག་བྱུང་ནས་མཧཱ་པཎྜི་ཏ་བྱོན་པ་ལེགས་སོ་རྒྱལ་བར་གྱུར་ཅིག་གསུངས་ནས་བྱོན་པས་ཇོ་བོས་ཆིབས་རྟ་ལས་མྱུར་དུ་བབས་ཏེ་མགྱོགས་པར་བྱོན་ཡང་མ་ཟིན་གསུངས། དེ་ནས་ཇོ་བོ་ཤཱཀྱ་གཟིགས་པས་སྤྲུལ་པའི་སྐུ་དངོས་ཡིན་རྒྱ་གར་ལྷ་བཟོ་མཁས་པ་ཞིག་ལ་འདི་ཁོ་ན་འདྲ་བ་ཞིག་བཞེངས་ཤིག་གསུངས་ནས། རས་གཞི་གཅིག་ལ་ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ་པ་བཞེངས་པས་ཇོ་བོ་མི་འདྲ་བ་གསུངས་ནས་བཤིག་སྟེ་བྲིས། ཡང་མི་འདྲ་གསུངས་ནས་ལན་བདུན་བཤིག་པའི་ཐ་མ་ལ་འདྲ་གསུངས་ནས་ཐུགས་དམ་དུ་བཞེངས། ཇོ་བོའི་གཟིམ་ཆུང་དགའ་འོད་ཅེས་པའི་གླིང་ཞིག་ཏུ་བཞུགས།
དེའི་དུས་སུ་ཡང་བོད་དབུས་གཙང་གི་མི་ཆེན་མང་པོ་འདུས་ནས་ཆོས་མང་དུ་གསུངས། ཐེ་ཚོམ་གྱི་དྲ་བ་མ་ལུས་པར་བཅད། རྔོག་གིས་དབུ་མཛད་པའི་བོད་སྟོན་ཁག་གཅིག་ལ་རིམ་པའི་ཆོ་ག་རྒྱས་པར་གསུངས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ་དང་། སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་སོགས་པའི་ཀྲི་ཡའི་ཆོས་མང་དུ་བསྒྱུར། དབུ་མའི་ཆོས་ཞུས་པས་དབུ་མ་རྟོག་གེ་འབར་བ་གསུངས། དེའི་མན་ངག་ཆེ་ཆུང་གཉིས་མཛད་ནས་རྣལ་འབྱོར་པ་ལ་གཟིགས་སུ་ཕུལ་བས་ངེད་ལ་ལྐོག་ཏུ་ཁྲིད་པ་བཞིན་དུ་བྲིས་འདུག །ཅུང་ཡང་ཐོབ་དྲགས་འདུག །དེ་ལོ་ཙཱ་བས་བསྒྱུར་བའི་ཞབས་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །བོད་ཀྱི་རྔོག་བཙུན་ལེགས་པའི་ཤེས་རབ་ཀྱིས། །གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ཡིན། །ཞེས་པ་ཇོ་བོའི་གསུང་ཡིན། གནས་བརྟན་མར་མེ་མཛད་དཔལ་གྱིས། །གཞུང་ལུགས་སྐྱེས་བུ་གསུམ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སྨྲས། །ཞེས་པ་དེ་ལོ་ཙཱ་བའི་ཡིན་གསུངས།
ཕ་རོལ་ཏུ་ཕྱིན་པ་ཞུས་པས་སློབ་དཔོན་ལེགས་ལྡན་འབྱེད་རྣམ་སྣང་གིས་མཛད་པའི་པ་ནི་དྷར་ཐ་གསུངས་ནས་ལོ་ཙཱ་བས་བསྒྱུར། འདུལ་བ་ཞུས་པས་དགེ་སློང་དང་པོའི་ལོ་དྲི་བ་དང་། དགེ་ཚུལ་དང་པོའི་ལོ་དྲི་བ་གཉིས་བསྒྱུར། དགེ་བཤེས་རྣལ་འབྱོར་པས་ངེད་ཀྱི་སྡེ་པ་ཐམས་ཅད་ཡོད་པར་སྨྲ་བ་འདི་ལ་སྤྱི་བཤགས་བདོག་ལགས་སམ་ཞུས། ཇོ་བོའི་ཞལ་ནས་ཁྱེད་རང་གི་སྡེ་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་སྡེ་པ་ཤནྟིས་མཛད་པའི་བཤགས་པ་ཡོད་ཀྱིས་གསུངས་ནས་སྤྱི་བཤགས་བསྒྱུར། འདིས་མ་ལུས་པར་འདུག་ལགས་སམ་ཞུས་པས། ལྟུང་བའི་རིགས་ངོས་ཟིན་པ་རྣམས་འདུལ་བ་ནས་འབྱུང་བ་བཞིན་དུ་སོ་སོར་བཤགས་དགོས། མི་ཤེས་པས་བྱས་པ་དང་བརྗེད་པས་བྱས་པའི་ལྟུང་བའི་རིགས་ཐམས་ཅད་འདིས་འདག་གསུངས།
ཇོ་བོའི་ཞལ་ནས་ངས་ཕལ་ཆེན་པའི་སྡེ་ཞིག་གཟུགས་སམ་གསུང་བ་ལ། དགེ་བཤེས་སྟོན་པས་བླ་མ་དེ་མི་མཛད་པར་ཞུ། བོད་དུ་འདི་མི་ལེགས་ལགས་ཞུས་པས། ཇོ་བོའི་ཞལ་ནས། གསང་སྔགས་ཀྱི་སྡོམ་པ་དང་དོ་ཧ་རྡོ་རྗེའི་གླུ་ལ་སོགས་པ་ཡང་བཤད་དབང་མེད། སྡེ་གཟུགས་དབང་ཡང་མེད་ན་ཁོ་བོ་བོད་དུ་འོངས་པ་དོན་མ་མཆིས་གསུངས། དེའི་དུས་སུ་ཆང་གི་ཉེས་པ་སུམ་ཅུ་རྩ་བཞི་ལ་སོགས་པ་ཆང་གི་ཉེས་པ་མང་པོ་ཡོད་གསུངས། ཇོ་བོས་མཚན་མ་ཅན་གྱི་རྟགས་མང་པོ་ཡང་གཟིགས་ནས་རང་བཞིན་གྱི་རྣལ་འབྱོར་མ་དང་ཡང་མཇལ། དགྲ་བཅོམ་པ་ཞིག་ཀྱང་འདུག་གསུངས། བོད་ན་དུར་ཁྲོད་ཀྱི་གནས་ཤིག་ཡོད་པར་འདུག་གསུངས་ནས་གནས་ཆེན་པོ་བརྒྱད་ཀྱི་བཤད་པ་མཛད་ནས་ཁྱད་པར་དུ་གསང་སྔགས་སྒྲུབ་པའི་གནས་མཆོག་ཏུ་གྱུར་པ་ཡིན་གསུངས།
ཇོ་བོ་ཐུགས་ཚིམ་པ་མེད་པར་འཕྲུལ་སྣང་དུ་སྐོར་བ་དང་སྒྲུབ་པ་མཛད་པ་ལ། དགེ་བཤེས་གསང་ཕུ་བས་སྔར་བསམ་ཡས་སུ་ཇོ་བོ་ནམ་མཁའ་ལ་སྐོར་བ་མཛད་ཟེར་བ་ཐུགས་ལ་བཞག་ནས། ནམ་ཞིག་ཇོ་བོ་སྐོར་བ་མཛད་པ་ལ་གཟིགས་པས་ནམ་མཁའ་ལ་སྐོར་བ་མཛད་ཅིང་འདུག །དེར་དགེ་བཤེས་ཀྱིས་ཇོ་བོ་ལ་བསམ་ཡས་ཀྱི་རྒན་པོ་དེ་སྣང་བ་དག་པར་གདའ། ཇོ་བོ་ནམ་མཁའ་ལ་སྐོར་བ་མཛད་ཅིང་གདའ་ཞུས་པས། ཁོ་བོ་ལ་རྒྱ་གར་ན་ཡང་དེ་ལྟར་གྲགས་གསུངས།
དེའི་དུས་སུ་བོད་སྟོན་རྣམས་ཀྱིས་སྐོར་བའི་གདམས་པ་ཞུས་པས། ཇོ་བོའི་ཞལ་ནས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་སྐོར་བ་བས་ཆེ་བ་མེད། ལུས་ངག་ཡིད་གསུམ་གྱི་ལས་གསུམ་ལས་བསྐོར་བ་ཡིན་གསུངས། རྒྱ་གར་ན་གྲོང་ཁྱེར་ཆེན་པོ་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། གཙུག་ལག་ཁང་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། ཁར་ས་པ་ཎིའི་ལྷ་ཁང་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་། རྐང་བམ་གྱི་ནད་སོས་པ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུངས་ནས་སྐོར་བའི་གདམས་པ་རིགས་མང་དུ་གནང་ངོ་།།
ཡང་ཇོ་བོ་རྗེ་སྐོར་བ་མཛད་ཅིང་ར་ཛ་བོདྷི་སཏྭ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་གཏམ་རྒྱུད་ཅིག་འོང་ཐང་སྙམ་དུ་ཐུགས་ལ་འཁྲུངས་པ་དང་། སྤྲང་མོ་སྨྱོན་མ་ཞེས་ལྟོ་བལ་ཐགས་ལ་རེ་བ་རེས་འགའ་འདོད་པ་ཆེ་ཆེ་ལྟར་བྱེད རེས་འགའ་བསུ་འདོད་པ་ལ་སྟེར་བ་གོས་ཧྲུལ་པོ་གྱོན་པ་ཞིག་ན་རེ་ལྐོག་ཕ་ཀར་གཤེགས་འཚལ་ཟེར། དེར་བྱོན་པས་ར་ཛ་བོདྷི་སཏྭ་དེས་གཙུག་ལག་ཁང་ཆེན་པོ་འདི་བཞེངས་པའི་གཏམ་རྒྱུད་ཅིག་འཚལ་ལམ་ཟེར། དེ་རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ནས་ཡིད་ཀྱིས་ཕྱག་དང་མཆོད་པ་མཛད་ནས་ཅི་ནས་ཀྱང་འཚལ་ལགས་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་དང་གསུམ་གཞལ་བ་ན་ཡོད། དེ་གཞན་ལ་མ་སྨྲ་ཞིག་གསུངས། དེར་གདོན་པར་བརྩམས་པས་གཏེར་སྲུང་གཉན་པོ་ཞིག་འདུག་པས་དེ་རིང་ཇི་ཙམ་ཟིན་པ་ཞིག་འབྲིར་བཏང་དེ་མིན་མི་སྟེར་ཟེར་ནས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་ཀས་བྲིས་པས་ཕལ་ཆེར་ཟིན་ལྷག་ཅུང་ཟད་ལུས། སྣག་སྨྱུག་མ་འཛོམས་ཏེ་ཅི་རྙེད་ཀྱིས་བྲིས་པས་ཡི་གེ་མི་གསལ་ཙམ་ཡོད། འདི་སུ་ལ་ཡང་མ་བསྟན་ཞིག་ལྷ་སྲུང་བཟང་པོ་ཞིག་འདུག་གོ་གསུངས་ནས་རྣལ་འབྱོར་པ་ལ་གཏད། རྣལ་འབྱོར་པས་སྤྱན་སྔར་བ་ལ། དེས་བྱ་ཡུལ་བ་ལ། དེས་ཐུགས་རྗེ་ཆེན་པོའི་ཆེ་བའི་ཡོན་ཏན་ཞིག་ལྷ་སའི་དཀོན་གཉེར་ལ་གཏད་ནས་གཞན་གདུང་རྟེན་དུ་བཞུགས་སོ།།
ཡང་ཐོ་རངས་ཤིག་ཇོ་བོའི་ཞལ་ནས་རྣལ་འབྱོར་པ་རང་བཞིན་གྱི་རྣལ་འབྱོར་མ་གཤེགས་གསུངས། དེ་ཇི་ལྟར་གདའ་ལགས་ཞུས་པས། ལྷ་རྣམས་ཀྱིས་ནམ་མཁའ་ལ་བསུ་བ་བྱས་ནས་སོང་གསུངས། རྣལ་འབྱོར་མ་དེ་གང་ལགས་ཞུས་པས། གྲང་ཐང་མ་གི་ན་འདུག་པའི་སྤྲང་མོ་རེས་ངུ་རེས་དགོད་པ་དེ་ཡིན་གསུངས་ནས་རྣལ་འབྱོར་པས་གཟིགས་སུ་བྱོན་པའི་དུས་ན་གཤེགས་མ་ཐག་ཏུ་འདུག་གསུངས། ཇོ་བོའི་ཞལ་ནས་གྲིབ་ཀྱི་རི་དེ་དང་ལྷ་ས་གཉིས་ཕར་བཞུད་ཚུར་བཞུད་བྱེད་པའི་རང་བཞིན་གྱི་རྣལ་འབྱོར་མ་ཞིག་འདུག་གསུངས། ལྷ་སར་དགུན་གཅིག་བཞུགས་པ་དེའི་དུས་སུ་ཆོས་གསུངས་པ་རྣམས་ཀྱང་ཟབ། རྟགས་ཁྱད་པར་ཅན་མང་པོ་ཡང་གཟིགས། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེར་བཏགས་པ་ཡིན་ཞེས་གསུང་ངོ་།།
དེའི་དབྱར་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་ཡེར་པ་རང་དུ་བཞུགས། གནས་བརྟན་དད་པ་བླ་མས་ཁོ་བོས་གཟིམ་ཁང་བྱེད་ཟེར་ནས་གནས་ཤིག་བརྩིགས། དེར་ཇོ་བོས་ཞག་ཅིག་བཞུགས་ཏེ་ད་ལྟ་གཟིམ་ཁང་ཟེར་བའི་གནས་ཆུང་ཞིག་ཡོད། དེ་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་དབུ་མཛད་བོད་སྟོན་བདུན་གྱིས་རིམ་པ་ཞུས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་དང་། དེའི་བསྲུང་བའི་འཁོར་ལོ་དང་། རིག་སྔགས་གཅད་པའི་ཆོ་ག་དང་། སེར་བ་བཟློག་པའི་ཆོ་ག་དང་། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལེའུ་དང་པོ་རྣམས་ཞུས་ནས་ཇོ་བོ་ཉིད་དང་ལོ་ཙཱ་བས་བསྒྱུར་རོ།།
དེ་ནས་ཡེར་པའི་ཞང་བཙུན་འོལ་རྒོད་འབར་གྱིས་ཇོ་བོ་ལ་བསྙེན་བཀུར་མཛད་ནས་གདམས་པ་ཞུས་པས། རིགས་ཀྱི་བུ་ཁྱོད་ཀྱི་ཚེ་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེའི་ཚད་ནི་མི་ཤེས་པས་ཁྱོད་ཀྱིས་སྒོམས་ཤིག་གསུངས། དེ་ལ་སོགས་པ་གདམས་པ་གཞན་ཡང་མང་དུ་གསུངས་སོ། །དེའི་དུས་ན་གྲུབ་ཐོབ་དབེན་གནས་རྙིང་པ་གཅིག་ལ་ཕྱག་མཛད། དགེ་ཚུལ་བཞི་ལ་ཡང་ཕྱག་མཛད། ཇི་ལྟར་ལགས་ཞུས་པས། བཞི་གདའ་བ་གསུང་། ཇོ་བོ་ལ་བནྡེ་མོ་ནད་པ་ཞིག་གིས་བསྙེན་བཀུར་བྱས་པས་དེ་ཤི་བ་ཇོ་བོས་མཁྱེན་ནས་རྣལ་འབྱོར་པ་ལ་ཡོན་བདག་མོ་དེ་ཤིའམ་གསུངས། ཅང་ཤིའམ་ཁར་སང་བསྙེན་བཀུར་བྱས་པ་ཞུས་པས། དེ་རང་གིས་ཤི་བ་ཡིན། མོ་ལྷར་སྐྱེས་ནས་བཀའ་དྲིན་གྱི་མཆོད་པ་བྱེད་ཅིང་འདུག་གསུངས། དེའི་ཚེ་ལྷ་སར་མཆོད་པ་ཆེན་པོ་ཞིག་བྱེད་པ་ཇོ་བོས་གསན་ནས། སྟོན་པ་ལ་རང་ཅག་ཀྱང་མཆོད་པ་ལ་འདེང་ངམ་མེ་ཏོག་ཁྱེར་གསུངས། སྟོན་པས་དེ་མི་མཆི་དེ་བོད་ན་དེ་ལ་སྐྲུ་བར་བྱེད་ཞུས་པས། ཨ་ལེ་རྒྱ་གར་ན་མེད་པའི་གཏམ་བཟང་པོ་བོད་དུ་འདུག་གསུངས་ནས་མ་མཉེས། གནས་བརྟན་རྒྱལ་བ་དད་པས་དེ་ལ་ཐུགས་ལ་བཞག་ནས་མཆོད་པའི་ཡོ་བྱད་བསགས་ཏེ་ཇོ་བོ་ལ་ལྷ་སར་མཆོད་པ་ལ་གཤེགས་ཞུས་པས། ཁྱོད་བོད་ཁ་ཟེར་དུ་འོང་མི་འགྲོ་གསུངས། གནས་བརྟན་གྱིས་བླ་མ་རྗེ་བཙུན་ལ་དད་པ་མི་འདུག་པར་ཞུས་པས། ཇོ་བོའི་ཞལ་ནས་དད་ལ་དད་པ་མེད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་སྔོན་ལ་ཤོར་ཁྱེད་ལྟ་བུའི་ཟླ་ལ་ལུས་པ་ཡིན་མོད་གསུངས། གནས་བརྟན་ན་རེ་ང་དེ་ལས་ཡི་མུག་པ་བྱེད་མ་མྱོང་ཟེར་སྐད། དེའི་དུས་སུ་དགེ་བཤེས་སྟོན་པས་མི་ཆོས་ལ་གསེར་སློང་དུ་བྱོན། མི་ཆོས་རྣམས་དགེ་བཤེས་སྟོན་པ་ལ་མཇལ་དུ་འོང་བར་ཆས་པ་དང་འཕྲད། དེའི་དུས་ན་ཡབ་གུམ་ནས་འདུག་པས་དགེ་བཤེས་ལ་མ་ལེགས་བྱ་སྙམ་པ་ལ་དགེ་བཤེས་ཀྱིས་སྟོན་ལ་ཚུར་མཛད། དེ་ཀུན་ཡང་ཕྱི་རབས་སུ་དགོས་པ་ཡིན་གསུངས། དེའི་ཚེ་དགེ་བཤེས་ནམ་མཁའ་བླ་མའི་ཕ་ཤི་བའི་བྱིས་པ་ནོར་དང་བཅས་པ་དགེ་བཤེས་སྟོན་པ་ལ་སྩལ། མི་ཆོས་རྣམས་ཀྱིས་གསེར་ལ་སོགས་པ་མང་དུ་ཕུལ་ནས་ཚུར་བྱོན་ཏེ་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་བླ་མ་རྗེ་བཙུན་ཆེན་པོ་ཟང་ཟིང་ལ་མཉེས་པ་མི་མངའ་ཡང་། ཁོ་བོ་ཟང་ཟིང་གི་མཆོད་པ་ཅུང་ཟད་བགྱིད་གསུངས་ནས་འབུལ་བ་མཛད་པ་ནི། གསེར་ཞོ་དགུ་དགུ་ལ་སྲང་རེར་བརྩིས་པའི་གསེར་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག །རྒོད་བཅུ་གཅིག །བེར་གཉིས། དབྱི་སྤྱང་བཞི། ཁྲབ་བཞི། དངུལ་སྐྱོགས་གཉིས་ལ་སོགས་པ་བླ་གོར་གྱི་གཞོང་པ་ཞིག་གིས་མཐའ་བརྟེན་པའི་ནོར་སྣ་བརྒྱ་རྩ་བརྒྱད་ཕུལ་ཏེ། བོད་ཡུལ་ཉི་མ་གཅིག་ལ་དེ་ལས་ཞབས་ཐོག་ཆེ་བ་བྱས་པ་མེད་གསུངས།
དེའི་དུས་སུ་དགེ་བཤེས་སྟོན་པས་ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་ཇོ་བོ་ཉིད་ལ་ཞུས་ཤིང་། ཡི་གེར་བསྡེབས་པ་དེ་ཡང་ཚོགས་སུ་བཀླགས། གང་ཞིག་ལ་ནི་བསྟོད་པ་ཡི། །ཞེས་པའི་བསྟོད་པ་དེ་ཡང་མཛད་པས། ཇོ་བོའི་ཞལ་ནས་འོ་ན་ང་ལ་ཡོན་ཏན་དེ་ལས་མེད་དམ་གསུངས་ནས་ཇོ་བོ་ཉིད་ཀྱིས་ཆོས་ལ་དཀའ་སྤྱད་མཛད་ལུགས་དང་། སྒྲུབ་པ་ཉམས་སུ་བླངས་ཚུལ་ཅུང་ཟད་གསུངས་ཏེ། ཁྱེད་ཀྱིས་དཀའ་སྤྱད་མ་བྱས་པར་ཆོས་ཟབ་མོ་རྙེད་པ་དོན་ཆེ་ཡིས་ལེགས་པར་སྤྱོད་ཅིག་གསུངས། དགེ་བཤེས་སྟོན་པས་བསྟོད་པ་མཛད་པ་དེ་ཀུན་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འདུག་སྟེ། ཇོ་བོའི་ཐུགས་མ་ཚིམ་པས་ཇོ་བོ་འདི་རང་རྒྱུད་པ་མ་ཡིན་པར་ཐག་ཆོད་གསུངས། གཞན་ཡང་རྟག་ཏུ་ངུ་དང་ཆོས་འཕགས་དང་ནོར་བཟང་གི་གཏམ་རྒྱུད་ཟུར་ཙམ་གསུངས་ནས་བླ་མའི་ཞབས་ཏོག་བྱེད་པ་ལ་བླ་མ་དེ་ལ་འདོད་པ་མི་མངའ་ཡང་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་དགོས་པ་ཡོད་པ་ཡིན་གསུངས། དེའི་ཚེ་དར་ཡུལ་མངོན། ཤེས་ཞེས་པ་དེ་བྱུང་ནས་རྔོག་བྱང་ཆུབ་འབྱུང་གནས་ལ་གཡུ་རྡོག་ཅིག་བྱིན་ཏེ་ངའི་དཔུང་གྱིས་ཤིག་ཟེར་བ་ལ། ཁུ་སྟོན་གྱིས་ཇོ་བོ་ལ་འདི་བསོད་ནམས་ཆེ་བ་ཡིན་པ་ལ་ལྷའི་བུ་བདུད་ཀྱིས་ཁྱེར་བ་ཡིན་པས་འདི་ཚར་བཅད་པར་ཞུ། ཁོ་བསོད་ནམས་ཆེ་བས་ཤིན་ཏུ་གནོད་པ་ཆེ་བར་བདོག་ལགས་ཞུས་པས། ཇོ་བོའི་ཞལ་ནས་ངས་དཔུང་བྱ་ཡིས་ཁྱོད་ཀྱིས་ཚར་ཆོད་ཅིག་གསུངས། དེར་ཁུ་སྟོན་གྱིས་ཁྲི་ཆེན་པོ་གསུམ་བཤམས་དབུས་མ་ལ་ཇོ་བོ་བཞུགས། གཡས་གཡོན་གཉིས་ལ་དར་ཡུལ་བ་དང་ཁོང་རང་བཞུགས་ཏེ། ཁུ་སྟོན་གྱིས་འགྲམ་པ་གཡས་གཡོན་གཉིས་སུ་འཁར་སྒོང་དང་སྲན་མ་བཅུག་ནས། གུ་རུ་དར་ཡུལ་བ་མངོན་ཤེས་ལགས་ཁྱེད་མངོན་ཤེས་དང་ལྡན་པ་ཡིན་པས་ཇོ་བོའི་སྐུ་ཚེ་སྔ་མ་གང་དུ་འཁྲུངས་ད་གང་དུ་འཁྲུངས། ངའི་སྐྱེ་བ་སྔ་མ་གང་དུ་སྐྱེས་ཕྱི་མ་གང་དུ་སྐྱེ་བྱས་པས་ཐོགས་པ་མ་བྱུང་། འོ་ན་ངའི་འགྲམ་པ་གཡས་གཡོན་ན་ཅི་ཡོད་བྱས་པས་མ་ཤེས་པར་རྔུལ་ཞམ་གྱིས་བྱུང་ནས་རྔོག་ལ་ཟས་ངོ་ཅུང་ཟད་ཙམ་ཡང་མེད་དམ་ཟེར་སྐད། དེའི་དུས་ན་སྒྲུབ་པ་པོ་ཐམས་ཅད་ལ་འདྲེ་ངན་གྱིས་ཡི་དམ་གྱི་ལྷར་བརྫུས་ནས་བར་ཆད་བྱས་ཏེ་འདྲེས་ཁྱེར་བ་མང་དུ་བྱུང་། དེ་ནས་འཕྲིག་ཆུད་པས་དེ་འདྲ་མ་བྱུང་། ད་དུང་ཇོ་བོའི་བཀའ་བརྒྱུད་མེད་ས་ན་ཡོད་པར་འདུག་གསུངས།
དེ་ནས་ཀ་བ་ཤཱཀྱ་དབང་ཕྱུག་གིས་སྤྱན་དྲངས་ནས་ལན་པར་བྱོན་པའི་ལམ་དུ་བུ་མོ་ཞིག་གིས་ཇོ་བོ་ལ་དད་ནས་མོ་རང་གི་རལ་གུ་ཟུལ་ཕུད་ནས་ཕུལ། དེ་ཕྱིས་ཞང་ཀམ་པའི་མར་སྣང་གསུངས། ཡང་སྤྱང་ཁུ་ལ་ཁ་ན་ཕར་བྱོན་པའི་ལམ་དུ་བུ་མོ་ཞིག་གི་གནས་གཞི་ཆེ་ཕྲ་ཐམས་ཅད་ཇོ་བོ་ལ་བསྟེན་ནས་འདི་ཡང་ཁོ་བོའི་ལགས་འདི་ཡང་ཁོ་བོའི་ལགས་བྱས་པས་སྟོན་པ་གནས་མང་ཨང་གསུངས། ཇོ་བོའི་ཞལ་ནས་སྟོན་པ་ཁམས་གསུམ་རིལ་པོ་ཁོ་བོའི་ལགས་གསུངས། དེ་ནས་ལན་པ་སྤྱིར་བུར་ཟླ་བ་གཅིག་བཞུགས། དེར་ལྕང་ཕྱིའི་ཉང་མི་ཆེན་པོ་དེ་བྱིས་པ་ཞིག་བྱུང་བ་ལ་ཇོ་བོས་བྱིན་རླབས་མཛད་ནས་གཞན་ལ་ཕན་པ་ཞིག་འོང་གིས་གསུངས། དེར་ཇོ་བོ་ཁྲ་ཁི་ན་ཆོས་གསུང་འཕྲོ་ལ་ལིངས་ཀྱིས་བོགས། དགེ་བཤེས་སྟོན་པས་དེ་ཇི་ལྟར་ལགས་ཞུས་པས། ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་ཡ་གསུངས་ནས་ཨུ་པ་སི་ཀ་མི་མ་ཡིན་པ་ཆེན་པོ་ཞིག་འདུག་པ་ལ་ང་ལ་མི་སྦྲོན་པར་འདུག་གསུངས། བྲན་ཀས་ཇོ་བོ་ལ་བར་ཆད་བརྩམས་པས་མ་ཚུགས་པར་གདའ། དེའི་དུས་སུ་ཇོ་བོའི་ཞལ་ནས་འདི་ཚར་གཅད་དགོས་པར་འདུག །ཁྱོད་ཡིན་གཅིག་གསུངས་ནས་རྟ་མགྲིན་ཤོ་ན་མི་བཞིས་བསྐོར་བའི་སྒྲུབ་ཐབས་མཛད་ནས་བྲན་ཀ་བཏུལ་ལོ།།
དེ་ནས་སྒྲུབ་ཐབས་དེ་ཞུས་པས་སུ་ལ་ཡང་མ་གནང་། ཇོ་མོས་ལུང་བསྟན་པའི་སློབ་མ་དགེ་བཤེས་སྟོན་པས་ཞུས་ཀྱང་མ་གནང་། སྨོན་ལམ་གྱི་འབྲེལ་བ་ཡོད་པའི་སློབ་ལྷ་བཙུན་པས་ཞུས་ཀྱང་མ་གནང་སྟེ། ཁོང་རྣམ་པས་ཞལ་མཁས་ཀྱང་མ་མཛད། དེ་ནས་དགེ་བཤེས་ཡོལ་གྱིས་ཞུས་པས་ཁྱོད་སྙིང་རྗེ་ཆེ་བ་ཡིན་པས་འདི་སྦྱིན། ཁྱོད་སྙིང་རྗེའི་ལྷ་ཡིན་གསུང་གནང་ངོ་། །དེ་གོང་དུ་ཉན་ཚོར་ཡང་སྤྱན་རས་གཟིགས་ཞི་ཁྲོའི་གདམས་པ་མང་དུ་གསུངས་པས་ཇོ་བོའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཡོལ་ལས་མཁས་པ་མེད་གསུངས།
དེ་ནས་འཕན་ཡུལ་སྟོད་སྨད་དུ་སྤྱན་དྲངས་པས་ལུང་པ་དམར་པོ་རྟ་རོ་ཁ་ཕྱེ་བ་འདྲ་བ་འདིར་མི་འགྲོ་གསུངས་ནས་མ་བྱོན། དེ་ནས་ཡེར་པར་བྱོན་པའི་དུས་སུ་བང་སྟོན་གྱི་སྤྱན་འདྲེན་པ་བྱུང་སྟེ། གྲྭ་ཁ་པ་རྣམས་དང་རྟ་ཕྱུགས་རྣམས་འབྲོག་བཟང་བས་ཡེར་པར་བཞག་ནས་ཡན་དུ་བཅུག །དེར་དབྱར་བཞུགས་ནས་གཉེ་ཐང་དུ་བྱོན་པའི་ལམ་ཁར་སྟོད་ལུངས་རམ་པ་གཡུལ་པོ་ཆེར་བྱོན་དེ་ཡན་ཆད་དུ་མ་བྱོན། བང་སྟོན་གྱི་སྲིང་མོ་བནྡེ་མོ་ཕྱུག་མོ་ཞིག་ན་རེ་ཁྱོད་ལོ་པཎ་ཙམ་སྤྱན་འདྲེན་པ་ལ་ཡོ་བྱད་ཅི་ཡོད་ཟེར། བྱོན་པའི་སྣེ་ལེན་ལྡང་ཙམ་ཡོད། དེ་ནས་ཨ་ཏི་ཤ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པས་ཁོང་རང་ལས་འོང་བ་ཡིན། ཁྱོད་རང་ཡང་ཡོ་བྱད་ཅི་ཡོད་ཕུལ་ཞིག །རང་རེ་གཉིས་ཀ་ཇོ་བོའི་ཐབ་ཁ་ལ་ཟོས་པས་ཆོག་གིས་བྱས་པས་མོས་ཀྱང་གྲོགས་བྱས་ཏེ། གཉེ་ཐང་དུ་བྱོན་པའི་དུས་སུ་ཇོ་བོ་དཔོན་གཡོག་ལ་སྣ་ལེན་བཟང་པོ་དཔེ་མེད་གྲུབ་པ་ལ་འགོར་བཞི་དད་ནས་སྲན་ཁལ་བརྒྱད་ཕུལ། དེ་དུས་སུ་བང་སྟོན་གྱི་མི་ཆོས་ལྗང་པ་རྣམས་ཀྱིས་ཇོ་བོ་ལ་ཕྱག་རྟེན་བྱེད་པའི་ནས་བོད་རྒྱབ་ལྗང་ནས་གཉེ་ཐང་དུ་མ་རྫོགས་པར་ཕུལ་སྐད། དེ་ནས་བནྡེ་མོས་ཇོ་བོའི་ཐབ་ཁ་ལ་ཟོས་པས་བང་སྟོན་ན་རེ་ཇོ་བོའི་དད་རྫས་ཁྱོད་ཀྱིས་མི་འཇུ་ཁྱོད་རང་ཚོལ་ལ་ཟོ་ཟེར། ཇོ་བོ་གཉེ་ཐང་དུ་བཞུགས་རིང་ལ་གསོལ་ཞོ་བསྐུལ་གྱི་ཕུ་ནས་སྦྲེངས་པས་དེའི་བྱིན་རླབས་ཀྱིས་ད་དུང་ཁོང་གི་ཕྱུགས་ལ་གོར་དང་གཅན་གཟན་མི་འོང་སྐད། ཇོ་བོ་གཉེ་ཐང་ན་བཞུགས་པའི་དུས་སུ་བོད་ཁམས་གསུམ་གླིང་དགུའི་མི་ཆེན་མས་ཆད་འཚེགས་ནས་ཇོ་བོ་ལ་ཆོས་མང་པོ་ཞུས། ཐེ་ཚོམ་གྱི་དྲ་བ་ཐམས་ཅད་ཅད། ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། སྤྱིར་བན་སྐྱ་ཐམས་ཅད་སྐྱབས་འགྲོ་ལ་གཉེ་ཐང་དུ་སྐྱབས་འགྲོ་བ་ཞེས་གྲགས། བཀའ་གདམས་པར་ཕྱི་ནས་གྲགས་པ་ཡིན་གསུངས། དེའི་དུས་སུ་ལྷ་བཙུན་པས་བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་ལ་མཁན་བརྒྱུད་རེ་ནས་ཤམ་ཐབས་ཁྲལ་བསྡུས་ནས་གཉེའི་ན་མོ་ཆེའི་ལར་འབུལ་བའི་དུས་སུ་འབྲོམ་སྟོང་བཙན་ནམ་མཁ་ཞེས་བྱ་བ་སྐུ་གཟུགས་མཛེས་པ་ཞིག་ཡོད་པ་དེ་ཕྱག་ཏུ་འབུལ་དུ་བཅུག །རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་མཆོད་པའི་ཚུལ་དུ་བྱས་པ་ཞིག་ལ་མགོ་བོ་ལ་བཙུན་མོ་ཪིན་པོ་ཆེའི་རྒྱན་གྱིས་བརྒྱན་ནས་ཇོ་བོ་ལ་ཕུལ་བ་ཡིན་གསུངས།
གཉེ་ཐང་དུ་ཁུ་སྟོན་བྱུང་བའི་དུས་སུ་ཇོ་བོའི་གཟིམ་ཁང་སྒོ་བསྡམས་པ་ཞིག་དང་ཐུག་པས། འབྲོམ་སྟོན་འདིས་ང་འོང་བ་ལ་བསྡམས་པ་ཡིན་གསུངས་ནས་ལྕགས་མདའ་ཕྱག་གིས་གཅུས་པས་སྦུད་ཀྱིས་ཆག་སྐད། བོད་སྟོན་རྣམས་ཀྱིས་འཕགས་པ་བརྒྱད་སྟོང་པ་ཞུས་པས་ངས་ཤེས་ཚད་ཅིག་བྱའམ་གཞུང་གིས་ཐོབ་ཚོད་ཅིག་བྱ་གསུང་བ་ལ། གཞུང་གིས་ཐོབ་ཚོད་ཅིག་ཞུ་བྱས་ཏེ་ཞུ་བ་ནོར་བ་ཡིན་སྐད། པཎྜི་ཏའི་བཤད་ལུགས་ཐོ་རེ་བ་ཞིག་གསུངས་པས་བོད་སྟོན་ཁ་ཅིག་མ་མགུ་ནས་གྱེས་སྐད། དེའི་དུས་སུ་ལོ་ཙཱ་བས་ཁུ་སྟོན་ལ་ཕྱེ་གཏོར་ཏེ་ཇོ་བོ་ཡང་ལས་ཁ་ཚར་བ་དང་སྐྱབས་འགྲོ་སེམས་བསྐྱེད་ཞིབ་གཞུང་ཁྱེད་རང་མཁས་བྱས་པས། ཁུ་སྟོན་ན་རེ་དེ་ཁོ་ན་ཡིན། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཨ་པོ་རང་ཁོ་ན་ཡིན་གསུང་སྐད་དོ།།
དགེ་བཤེས་སྟོན་པའི་ཐུགས་དགོངས་ལ་ཇོ་བོའི་ཐུགས་དགོངས་ལ་ལྟོམས་པའི་གཉེར་ཞིག་ཁོ་བོ་ལ་ཡོད་སྙམ་ནས་བོད་སྟོན་ཁ་ཅིག་དང་གྲོས་བྱས་ཏེ་ཇོ་བོས་མཁྱེན་ཚད་ཅིག་ཞུས་པས། ཤིན་ཏུ་ལེགས་པ་ཞིག་བྱུང་། དེ་ལ་དགེ་བཤེས་ཕྱ་དར་གྱིས་ཟིན་བྲིས་མཛད་པས་ཕ་རོལ་ཏུ་ཕྱིན་པ་ཁམས་གསུམ་ལུགས་ཞེས་པ་རྩིས་ཆེ་བར་གྲགས་པ་ཡིན་སྐད། དེའི་དུས་ན་ཞང་སྣ་ཆུང་སྟོན་པ་དང་། ལྡང་རྗང་སྟོན་པ་དང་། སྐྱོར་སྟོན་པ་དང་། ཕྱ་དར་སྟོན་པ་སྟེ་བཞིས་ཇོ་བོ་ལ་གྲུབ་མཐའ་ཞིག་ཞུ་བར་བྱས་ནས། ཇོ་བོའི་གཟིམ་ཁང་དུ་བྱོན་པས་ཆོས་སྤྱོད་མཛད་ཅིང་གདའ་དེ་ཐོན་པ་དང་ཇོ་བོའི་ཞལ་ནས་པཎྜི་ཏ་ཀུན་ཅི་བཞེད་པ་ལགས་གསུངས། གྲུབ་མཐའི་གདམས་པ་ཞིག་ཞུ་བ་ལགས་ཞུས་པས། ཕྱི་རོལ་པའི་འཇུག་པ་ལྔ་ནང་པའི་འཇུག་པ་གཅིག་ཅེས་པ་ལ་བརྟེན་ནས་གྲུབ་མཐའ་ཁ་ཅིག་གསུངས་ནས། སློབ་དཔོན་རྣམས་ཀྱི་བཞེད་གཞུང་མང་པོ་ཞིག་ཡོད་དེ་དེ་ཐམས་ཅད་རྣམ་པར་རྟོག་པ་ལགས། ཚེ་ཐུང་འདི་ལ་རྣམ་པར་རྟོག་པ་བགྲང་གིས་མི་ལངས་པར་སྙིང་པོ་བསྡུས་མཛོད་གསུངས། ཞང་སྣ་ཆུང་སྟོན་པས་སྙིང་པོ་ཇི་ལྟར་བསྡུ་ལགས་ཞུས་པས། འགྲོ་བ་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་མཛོད། དེ་འགྲུབ་པའི་ཆེད་དུ་ཚོགས་གཉིས་རྫོགས་པར་མཛོད། དེ་ལས་བྱུང་བའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོས་མཛོད། ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོམས་པར་མཛོད། དེ་ལྟར་གྱིས་ལ་སྙིང་པོ་བསྡུས་མཛོད་གསུངས།
ཇོ་བོ་ལ་རིན་ཆེན་བླ་མས་ཅང་བྱི་མི་དགོས་པར་སངས་རྒྱས་པའི་ཐབས་ཞུས་པས། ཇོ་བོ་ཡང་འདོད་དེ་ཚོགས་གཉིས་མ་རྫོགས་པའི་སངས་རྒྱས་ཁོ་བོས་མི་མཁྱེན་གསུངས། ཡང་བོད་སྟོན་ཁ་ཅིག་གིས་ཆོས་ཞུ་བར་བྱས་པ་ལ། ཞང་སྣ་ཆུང་སྟོན་པ་ན་རེ། ཇོ་བོ་ལ་ཞུས་ཚད་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་བྱ་བ་ལས་མི་འོང་ཟེར། དེ་ཇོ་བོས་གསན་ནས་ཞང་སྣ་ཚུང་སྟོན་པ་རེ་བདེན། ང་ལ་ཡང་རྒྱ་གར་ན་ཡང་ཁྱེད་འདྲ་བ་མན་ངག་ལ་དགའ་བ་སྒྲུབ་པ་ལ་མི་དགའ་བ་ཞིག་ཡོད། ཁོ་ཡང་བྱང་ཆུབ་ཀྱི་སེམས་ལ་ཡིད་མ་ཆེས་གསུངས་ནས་གྲགས་པའི་ཆའི་གཏམ་རྒྱུད་གསུངས།
དགེ་བཤེས་སྟོན་པས་ཇོ་བོ་ལ་ཟླ་གྲགས་ལུགས་ཀྱིས་རྟོགས་པ་ཕུལ་བས་ཇོ་བོ་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ནས། རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན། ཁྱོད་ལྟ་བུའི་སེམས་ཅན་ཆེན་པོ་བོད་ན་ཡོད་པ་བོད་བསོད་ནམས་མི་ཆུང་། ཁོ་བོ་མི་དགོས་པར་འདུག་པ་ལ་གསུངས་ནས་གདམས་པ་ཤས་གཅིག་གནང་། ཇོ་བོས་ཀྱང་བོད་སྟོན་རྣམས་ལ་རྨེད་པ་མཛད་དེ། བོད་ཀུན་གཞི་ཇི་ལྟར་དུ་འདོད་གསུངས། ནམ་མཁས་གར་ཁྱབ་ཀུན་གཞིས་ཁྱབ་པར་འདོད་ཞུས་པས། ཇོ་བོའི་ཞལ་ནས་ཀུན་གཞི་ཐམས་ཅད་མཁྱེན་པས་ཁས་ལེན་པའི་གྲུབ་མཐའ་རགས་པ་དེ་ཙམ་ཕྱི་རོལ་མུ་སྟེགས་པ་ལ་ཡང་མེད་གསུངས། ཇོ་བོའི་ཞལ་ནས་བོད་སྔགས་མཚན་ཉིད་གཉིས་ལ་ཇི་ལྟར་འདོད་གསུངས། གཞན་གྱིས་མ་སྤོབས་ཞང་སྣ་ཆུང་སྟོན་པ་ན་རེ་ཁོ་བོའི་བླ་མ་ཞིག་ལམ་གྱི་དུས་ན་ཉེ་རིང་ཡོད། འབྲས་བུའི་དུས་ན་བཟང་ངན་མེད་གསུངས་བྱས་པས། ཁྱོད་ཀྱི་བླ་མ་དེ་ཡང་ཐོས་པ་ཆུང་། ཡང་ན་ཟས་ངོར་བརྫུན་སྨྲ་བ་ཞིག་ཡོད་པར་འདུག །བོད་ན་ཆོས་འཚེང་བའི་ཚོང་པ་མང་པོ་སྣང་། རྒྱ་གར་ན་ཟོ་འཚོང་བའི་ཚོང་པ་མང་པོ་ཡོད་གསུངས། དེ་གཉིས་ལས་གང་དགའ་ཞུས་པས། ཆོས་འཚོང་བའི་ཚོང་པ་ནི་འབིར་བ་ཀུན་ཏི་ལ་ལི། ཟོ་འཚོང་བའི་ཚོང་པ་ནི་ཕ་ལ་ཕ་ལ་གསུངས། ཇོ་བོ་གཉེ་ཐང་ན་བཞུགས་པའི་དུས་སུ་རྔོག་ལ་སོགས་པས་བསྙུན་རྨེད་མཛད་པའི་འབྲིང་ངེ་ཙམ་གསུངས། འབྲིང་ཚོ་ལགས་སམ་ཞུས་པས། གང་ན་ལགས་གང་ན་ལགས། ཁོ་བོ་ནང་པ་སངས་རྒྱས་པ་ལགས་གསུངས། ཇོ་བོའི་ཞལ་ནས་བོད་ན་མུ་སྟེགས་པ་དངོས་མི་འདུག་སྟེ་ཆ་མཐུན་འདུག །གནས་བརྟན་གནས་གཞི་འཇིག་པ་འདི་རྣམས་ཡིན་གསུངས། ཇོ་བོའི་ཞལ་ནས་བོད་སྡོམ་པ་གསུམ་ཇི་ལྟར་འདོད་གསུངས། སུས་ཀྱང་མ་སྤོབས་པ་ལ་ཇོ་བོ་ཉིད་ཀྱི་ཞལ་ནས་ངའི་སློབ་མ་ཞིག་གནས་གྱུར་དུ་འདོད་པ་ལ་པཎྜི་ཏ་ཀུན་འགེགས་གསུངས། ཇི་ལྟར་འགེགས་ཞུས་པས། འགོག་ཚུལ་དང་ཇོ་བོ་ཉིད་ཀྱི་བཞེད་པ་རྒྱས་པར་གསུང་ངོ་།།
ཡང་བོད་ན་སོ་སོར་ཐར་པ་ལ་སྒྲ་དོན་ཇི་ལྟར་འདོད་ཅེས་པ་ལ་སོགས་པ་བཀའ་རྨེད་མང་དུ་མཛད་དོ། །ནང་གཅིག་ཇོ་བོའི་ཞལ་ནས་ཨུ་པ་སི་ཀ་ཁྱེད་ན་རེ་དགུན་ཡང་མེ་ཏོག་འཆར་བ་ཞིག་ཡོད་ཟེར་ན་མེ་ཏོག་ག་རེ་གསུངས་ནས། དགེ་བཤེས་སྟོན་པས་གཉེའི་ན་མོ་ཆེའི་ཁར་ཇོ་བོ་སྤྱན་དྲངས་ནས་བསིང་མའི་མེ་ཏོག་བསྟན་པས་བརྫུན་མ་བཏང་ཙམ་འདུག་གསུངས་ནས་མཉེས། དེའི་དུས་སུ་མེ་ཏོག་ཕུལ་ན་བསོད་ནམས་ཆེ་བའི་ཆོས་ཤིག་གསུངས་ནས། འོན་ཀྱང་དུག་གི་མེ་ཏོག་དཀོན་མཆོག་ལ་དབུལ་དུ་མིང་རུང་། སྤང་རྒྱན་མེ་ཏོག་ཨུཏྤལ་རྒྱུར་འདུག་པ་ལ་བོད་རླུང་པོ་ཆེ་བས་ཁ་མ་ཕྱེ་བར་འདུག་གསུངས། མེ་ཏོག་ཤང་ཤང་འདི་རྒྱ་གར་ན་མེད། ཡོད་ན་ངས་གསེར་འཇལ་ནུས་གསུངས་ནས། ཁྱེད་མེ་ཏོག་ཡོད་ཟེར་བར་འདུག །ཁྱེད་མེ་ཏོག་དེ་ཙམ་དུ་དགའ་ན་ངས་ས་ཕྱོགས་འདིར་མེ་ཏོག་འཆར་བར་བྱིན་གྱིས་བརླབ་ཀྱིས་གསུངས། དེའི་བྱིན་རླབས་ཀྱིས་གཉེ་ཐང་གི་སྐོར་ན་མེ་ཏོག་གི་རིགས་གཞན་ན་མེད་པ་མང་དུ་ཡོད་གསུངས།
གཉེའི་ན་མོ་ཆེར་ཇོ་བོ་སྐྱོ་སངས་མཛད་ཅིང་ལྡོ་ལྡོ་བཞུགས་ནས་ར་ལུག་དང་རྡེའུ་ཀུན་ལ་རའི་བུ་ཆུང་ཁམས་བདེའམ་རའི་བུ་ཆུང་ཁམས་བདེའམ་གསུངས། རེས་མཛེ་སྤྲང་ཀུན་ལ་བག་ཆགས་ངན་གསུངས་ནས་ཤས་སྐྱོར་བ་ལྟར་མཛད། རེས་མཛེ་སྤྲང་གི་ནང་དུ་བཞུགས་ནས་བཀའ་ཕམས་གནང་ཞིང་བྱམས་སྙིང་རྗེ་བསྒོམས། ཁྱད་པར་དུ་ཁྱི་ཁོ་ན་ལ་བྱམས་པས་ཁྱི་ཁུ་ཀུན་ཕྱག་ཏུ་བླངས་ཤིང་། ཁྱིའི་བུ་ཆུང་སྐུ་ཁམས་བདེའམ་ལུས་ངན་འདི་ལྟ་བུ་ལེན་པ་ཁྱེད་རང་གིས་ནོངས་ཁྱེད་རང་གིས་ནོངས་གསུངས། དགེ་བཤེས་ཁུ་ཡིས་བླ་མས་ཀྱང་མི་ཆེན་པོ་མི་མཁྱེན་པར་གདའ། དེ་ལྟར་མཛད་པ་མ་ལགས་གསོལ་པས། ཇོ་བོའི་ཞལ་ནས་བོད་ཀྱི་མི་ཆེན་པོ་དགོས་པ་མེད། ངའི་བྱམས་སྙིང་རྗེ་ལ་གནོད་གསུངས།
ནངས་གཅིག་ཇོ་བོའི་ཞལ་ནས་དེ་རིང་སུ་དང་ཡང་མི་འཕྲད་པས་དྲུང་དུ་མི་མང་གཏང་ཞིག་གསུངས། དེའི་ཉིན་པར་ཁྲིས་ཆུང་ཅན་ཞིག་བྱུང་སྟེ། རྒྱ་གར་ནག་ཆུང་གིས་བཏང་བ་ཡིན། ཇོ་བོ་ལ་འབུལ་བ་བྱེད་ཟེར་ནས། འབུལ་བ་བཞེས་དེ་བཏང་བས་ཁྲེས་པོ་དེའི་ནང་ནས་ལྕགས་ཀྱི་སྦར་མ་ཞིག་འུར་གྱིས་ཇོ་བོའི་ཕྱོགས་སུ་སོང་བས། ཇོ་བོའི་སྐུ་རྒྱབ་ཀྱི་རྩིག་ངོས་ལ་ཐམས་ཀྱིས་སོང་ནས་ཕྲ་ལི་ལི་འདུག་སྐད། དེ་རྒྱ་གར་ནས་མུ་སྟེགས་ཀྱིས་བོད་དུ་ནང་པའི་བསྟན་པ་འཕེལ་གྱིས་དོགས་ནས་གྲོས་བྱས་ཏེ་བར་ཆད་བཏང་བས་མ་ཚུགས་པ་ཡིན་གསུངས།
ཡང་ཉིན་གཅིག་རྒྱ་གར་གྱི་དགེ་སློང་ཤིན་ཏུ་བཙུན་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་གཉིས་བྱུང་ནས་ཇོ་བོ་ལ་ཆོས་ཞུས། ཇོ་བོས་གང་ཟག་གི་བདག་མེད་གསུངས་པའི་དུས་སུ་ཁོང་གཉིས་དད། ཆོས་ཀྱི་བདག་མེད་གསུངས་པའི་དུས་སུ་ཨ་ཏི་ཤ་འཇིགས་འཇིགས་མི་གསུང་བར་ཞུ་ཟེར་ནས་སྣ་འགེབས། ཡུམ་གྱི་སྙིང་པོ་བཏོན་པའི་དུས་སུ་ཡང་སྣ་འགེབས་པས། ཇོ་བོ་ཐུགས་ཆད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་ཚོགས་ཁྱད་པར་ཅན་ལ་འབད་པ་མ་བྱས་ན་སྲུང་སྡོམ་དག་པ་གཅིག་པུས་གར་ཡང་མི་ཕྱིན་པར་སྣང་གསུངས།
ཡང་ཇོ་བཙུན་ནམ་མཁའ་དབང་ཕྱུག་གིས་ཇོ་བོའི་བསྙུན་རྒྱགས་ཟླ་བ་གཅིག་སྦྱར་བའི་དུས་སུ་ཇོ་བོའི་ཞལ་ནས་བོད་ན་ནོར་གྱི་བདག་པོ་ཇི་ལྟ་བུ་ཡོད་ཅེས་བཀའ་རྨེད་པ་ལ། ཨ་མེ་གཡས་བཙུན་དང་ཙོང་ཁའི་རྒྱལ་པོ་ལ་ནོར་འདི་ཙམ་བདོག་ཞུས་པས། ཁྱེད་བོད་ན་དགེ་སློང་བཞི་སྡེ་གཅིག་ལ་བསྙེན་བཀུར་བྱས་པའི་རྣམ་སྨིན་ལ་ལོངས་སྤྱོད་པ་མི་འདུག་གསུངས།
ཡང་ཇོ་བོ་ལོ་རྒྱ་གར་གྱི་སློབ་མ་རྣམས་ཀྱིས་འབུལ་བ་སྐྱེལ་བའི་ཕོ་ཉ་བྱུང་བ་ལ། ཇོ་བོའི་ཞལ་ནས་རྒྱ་གར་ན་ངོ་མཚར་ཅན་གྱི་གཏམ་ཇི་ལྟ་བུ་འདུག་དྲིས་པ་ལ། དེ་ན་རེ་གཞན་མི་གདའ་རྣལ་འབྱོར་མ་གཅིག་གིས་གྲོང་ཁྱེར་ཆེན་པོ་ཞིག་གི་དབུས་སུ་འཆག་སའི་ཁུང་བུ་བྱས་ནས་སྒྲུབ་པ་བྱས་པས། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ་ད་ལྟ་སྐུ་ལུས་ཀྱིས་བཀོད་པ་མང་པོར་སྤྲུལ་ནས་བྱམས་སྙིང་རྗེའི་ལས་བརྩམས་པའི་ཆོས་གསུང་ཞིང་གདའ། ཡང་རྣལ་འབྱོར་མ་གཅིག་གིས་མཎྜལ་ཕུལ་བས་དེ་ལས་པདྨའི་སྡོང་པོ་སྐྱེས་དེ་ལས་མེ་ཏོག་ཤར་ནས་ཞག་བདུན་དུ་སོལ་ལོ་སྡོད་པ་ཞིག་ད་ལྟ་ཡོད་ཟེར་བས། དགེ་བཤེས་སྟོན་པ་ཚེམས་རྩ་རེ་མ་མཆུ་ལ་བཏབ་ནས་ན་ཤི་རྒྱ་གར་ན་ད་དུང་ངོ་མཚར་ཅན་གྱི་གཏམ་ཡོད་པར་འདུག་གསུངས། དེའི་དུས་ན་ཇོ་བོའི་བླ་མཆོད་དགེ་བཤེས་དགོན་པ་བས་དབུ་མཛད་བུར་གྱི་ཉམས་དགའ་མོར་བཞུགས་ཏེ་ཇོ་བོ་སྐབས་སུ་བླ་མཆོད་རྣམས་ཞལ་ལྟ་ཟེར་གསུངས་ནས་དེར་ཡང་ཡང་བྱོན།
ནུབ་ཅིག་འུར་སྒྲ་ཆེན་པོ་ཞིག་བྱུང་བའི་རྗེས་ལ་ས་འོག་ནས་སྡིག་པ་ཆེན་པོ་ཞིག་བྱུང་། ཤིག་ཤིག་བྱུང་དགེ་བཤེས་དགོན་པ་བས་ཇོ་བོ་ལ་གསོལ་བ་བཏབ་པས་མེད་དེ་སོང་། དེའི་ནངས་པར་སྔ་མོར་ཇོ་བོ་བྱོན་ནས་ཁྱོད་ང་སྦྲོན་ཞིང་འདུག་པ་ཅི་བྱེད་གསུངས། བྱུང་ཚུལ་གསོལ་བས་ཇོ་བོས་རྣལ་འབྱོར་སྲུང་བའི་སྐོར་ཞེས་པ་མི་གཡོ་བའི་གདམས་པ་མ་ལུས་པ་དགོན་པ་བ་ལ་གནང་བས་ལོ་ཙཱ་བ་དང་དགེ་བཤེས་སྟོན་པ་གཉིས་ཞལ་འཁང་ཡང་དེ་ལ་མཛད། ཇོ་བོ་དགོན་པ་སྟོང་པ་ཐམས་ཅད་ལ་ཕྱག་འཚལ། སྟོང་པ་ལགས་ཞུས་པས་ཡོད་དེ་འོང་། ཁོ་བོ་སྒོམ་པ་ལ་དགའ། མ་འོངས་པ་ན་སྒོམ་སྟེ་མཆི་གསུངས། སྒོམ་ཕྲུག་མ་བྱུང་ཁོ་བོ་འོངས་པ་ལ་དོན་མ་མཆིས་གསུངས། དེ་འདྲ་འོང་ལགས་ཞུས་པས། ཁྱེད་རང་ཚུལ་ཁྲིམས་ཅ་ལེ་ལོ་ཅོ་ལེར་སོང་བ་མིན་ནམ། ངེད་རྒྱ་གར་ན་འདྲེའི་གསེབ་ཏུ་སྒོམ་པ་ཡིན་གསུངས། ངའི་སློབ་མ་སུ་ནྱ་ཏ་མ་ཏི་ཞེས་པ་སྒོམ་པ་ལ་བར་ཆད་བྱུང་བ་ལ་སྟོང་པ་ཉིད་དུ་བསྒོམས་པས་ཞི་ནས་སོང་བའི་གཏམ་རྒྱུད་གསུངས། རེས་འགའ་གཅིག་པུར་བསྡད་པ་ལ་འདྲེས་ཁྱེར་བ་མང་གསུངས་ནས་མི་མཉེས་པ་ཡང་མཛད།
དེའི་དུས་སུ་དགེ་བཤེས་གསང་ཕུ་བ་ལ་སྒོམ་པ་རྒྱ་མོན་གྱིས་པུས་འདོད་གསང་སྔགས་ཀྱི་རྒྱུད་ཆང་ཆུང་ལྔ་ཞུས་པས། རིམ་པ་བྱས་སམ་གསུངས། མ་བགྱིས་བྱས་པས། འོ་ན་ཁོ་བོས་ཧེ་རུ་ཀ་དངོས་སུ་བཞུགས་པ་ལ་ཞུས་ལ་འོང་གིས་གསུངས་ནས་ཇོ་བོ་ལ་ཞུས་པས་རིམ་པ་བྱས་སམ་གསུངས། མ་བགྱིས་ཞུས་པས། རིམ་པ་བྱས་ཀྱང་བོད་ཀྱི་རིམ་པས་གོ་མི་ཆོད། བོད་དད་པ་ཆེ་བས་གསང་སྔགས་ཀྱི་སློབ་མ་རུང་བ་ཡོད་སྲིད་དེ་སློབ་དཔོན་དབང་བསྐུར་ནུས་པ་མི་སྣང་། རིམ་པ་མ་བྱས་ཀྱང་བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་དེ་ཀུན་ཙམ་མཉན་དུ་རུང་གསུངས། ཕྱི་དེ་ཉིན་པར་ཁྲི་ཁར་བྱོན་ནས་ངས་བླ་མ་ལ་ཞུས་པས་འདི་སྐད་གསུངས་ནས་བཤད་པ་མཛད། གསང་ཕུ་བ་ཕྱིས་གསང་སྔགས་གཟིགས་ཤིང་ཨ་ཏི་ཤའི་གནང་བ་འདི་ཆེས་སོ་ཞེས་ཆིག་སྨྲས་སུ་ཡང་མཛད་དོ།།
དུས་དེར་དབུས་གཙང་པ་དང་ཁམས་པ་མང་པོས་སྐྱབས་འགྲོ་སེམས་བསྐྱེད་ཞུས། ལ་ལས་རིམ་པ་ཞུས། ལ་ལས་རབ་གནས་ཞུས། སེམས་བསྐྱེད་ཞུ་བ་ཚན་གཅིག་ལ་སྟོན་པ་འདི་ཀུན་ཆོས་ཞུ་བའི་རྒྱགས་འདུག་པ་ལ་མཆོད་པའི་ཡོ་བྱད་མི་འདུག་གསུངས། ཡང་ཁམས་པ་ཚན་གཅིག་གིས་རབ་གནས་ཞུས་པ་ལ་དགེ་བཤེས་སྟོན་པ་ཞལ་འཛུམ་འཛུམ་མཛད་ནས་ཇོ་བོ་ལ་གཟིགས་ཡང་ཁམས་པ་དེ་རྣམས་ལ་གཟིགས་ནས། བླ་མ་འདི་བཞིན་དུ་གསུང་ཞིང་གདའ་གསུངས་ནས་སྒྲ་བསྒྱུར་བ་ལ། ནན་ཏར་རབ་གནས་ཡང་དག་པ་ཅིག་བྱེད་ན། དང་པོ་རྒྱུ་འདི་ལྟར་དགོས། དེ་ནས་ལྷ་བཟོ་འདི་ལྟ་བུ་དགོས། དེ་ནས་སྐྱ་རིས་འདི་ལྟ་བུ་དགོས། དེ་ནས་སྤྱན་འབྱེད། དེ་ནས་རབ་གནས་འདི་ལྟར་བྱེད་དགོས་ཞེས་པ་ལ་སོགས་པ་རབ་གནས་ཀྱི་གདམས་པ་གསུངས་སོ། །དེའི་ཚེ་བྱམས་པ་ལྷ་ཡུལ་མའི་སྒྲུབ་ཐབས་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་སོགས་པ་དགེ་བཤེས་སྟོན་པས་བསྒྱུར་རོ།།
དེའི་དུས་སུ་ལོ་ཙཱ་བས་ཀྱང་བང་སྟོན་དང་། ཨ་མེ་བྱང་ཆུབ་དང་། ཕྱག་ཁྲི་མཆོག་གིས་ཞུས་ནས་ཁྲོ་བོ་མི་གཡོ་བ་དང་། སྔོན་པུ་རངས་སུ་བསྒྱུར་བའི་ཡིད་བཞིན་གྱི་ནོར་བུའི་ཆོ་ག་དང་། སྨན་བླའི་ཆོ་ག་ཇོ་བོ་ཉིད་ཀྱིས་མཛད་པ་རྣམས་དང་། ཀ་བ་ཤཱཀྱ་དབང་ཕྱུག་དང་གར་མི་ཡོན་ཏན་གཡུང་དྲུང་དང་དར་བྱང་ཆུབ་གསལ་དང་གནས་བརྟན་རྒྱལ་བ་ལ་སོགས་པས་ཞུས་ནས། བླ་མ་གསེར་གླིང་པས་མཛད་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྒྲུབ་ཐབས་དང་། དགེ་བཤེས་སྟོན་པ་ཞུས་ནས་ཇོ་བོ་ཉིད་ཀྱིས་རྒྱ་གར་གྱི་ནགས་ཀྱི་ནང་དུ་རྨི་ལམ་དུ་ཞལ་གཟིགས་པའི་སྤྱན་རས་གཟིགས་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་དང་། ལས་ཀྱི་སྒྲིབ་པ་སྦྱོང་བའི་ཆོ་ག་དང་། སྨན་བླའི་ཆོ་ག་དང་། དེའི་སྒྲུབ་ཐབས་དང་། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་ཆོ་ག་དང་། གཙུག་ཏོར་དྲི་མེད་ཀྱི་ཆོ་ག་དང་། དེའི་བུམ་པའི་ཆོ་ག་དང་། རྟེན་འབྲེལ་གྱི་གདམས་ངག་དང་། རབ་གནས་ཀྱི་ཆོ་ག་དང་གདམས་ངག་དང་། ཨ་མོ་གྷ་བ་ཤའི་ཆོ་ག་རྣམས་དང་། འབྲོམ་སྟོན་དང་བང་སྟོན་ཨ་མེ་བྱང་ཆུབ་དང་ཕྱག་ཁྲི་མཆོག་དང་རྔོག་སྟོན་དང་གནས་བརྟན་དད་པ་བརྩོན་འགྲུས་ལ་སོགས་པས་ཞུས་ནས་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་མདོ་དང་། སེམས་ཅན་མགུ་བར་བྱ་བ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་ག་དང་། ཚུལ་ཁྲིམས་ཀྱི་ལེའུའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་རྣམས་དང་། འབྲོམ་སྟོན་དང་ཕྱག་ཁྲི་མཆོག་དང་། བཙུན་པ་དགེ་སྐྱོང་རྣམས་ཀྱིས་ཞུས་ནས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཁར་ས་པ་ཎི་དང་། ཡི་གེ་དྲུག་པ་དང་། སེངྒེ་སྒྲའི་སྒྲུབ་ཐབས་དང་། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྣམས་དང་། ཨ་མེ་བྱང་ཆུབ་དང་ཕྱག་ཁྲི་མཆོག་གིས་ཞུས་ནས་སློབ་དཔོན་ཨརྱ་དེ་བས་མཛད་པའི་འཇིག་རྟེན་དབང་ཕྱུག་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་བསྒྱུར་རོ།།
དེའི་དུས་སུ་ཇོ་བོ་ལ་ལོ་ཙཱ་བས་བདག་དགེ་སྦྱོང་ཞིག་བགྱིད་པས་མཆིམས་ཕུར་གཅིག་མཆི་བར་ཞུ་ཞུས་པས། ཇོ་བོའི་ཞལ་ནས་ལོ་ཙཱ་དགོས་གསུངས་ནས་མ་གནང་། ཡང་ཡང་ཞུས་པས་གནང་ནས་དེའི་བར་གྱི་ལོ་ཙཱ་བ་དགེ་བཤེས་སྟོན་པ་གཏད་ནས་ཟླ་བ་གསུམ་བཞུགས། དེའི་དུས་སུ་རོང་པའི་སྟོན་པ་དགེ་བ་དང་ཉང་རོའི་སྟོན་པ་ཐོག་འབེབས་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་སྟོན་ཆེན་མང་དུ་ཕེབས་ནས། དགེ་བཤེས་སྟོན་པས་ལོ་ཙཱ་བ་ལ་སློབ་དཔོན་མྱུར་དུ་བྱོན་ཞེས་པའི་སྤྱན་འདྲེན་བྱུང་ནས་ལོ་ཙཱ་བ་བྱོན་ཏེ། སྟོན་པ་དགེ་བས་ཞུས་ནས་དཔལ་དགྱེས་པ་རྡོ་རྗེའི་སློབ་དཔོན་ཤནྟི་པས་མཛད་པའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དང་། ཌོཾ་བྷི་ཧེ་རུ་ཀའི་བདུད་རྩི་འོད་ཀྱི་འགྲེལ་པ་ཇོ་བོ་ཉིད་ཀྱིས་མཛད་པ་དང་། དཔལ་འཁོར་ལོ་སྡོམ་པའི་གཞུང་མང་པོ་དང་། དཔལ་མ་ཧཱ་མ་ཡའི་སྒྲུབ་ཐབས་དང་། སློབ་དཔོན་ཀུ་ཀུ་རི་པ་དང་། རྒྱན་པ་མ་དང་། ཤནྟི་པས་མཛད་པ་ལ་སོགས་པ་བསྒྱུར་རོ།།
དབུ་གཡོར་གཙང་གསུམ་གྱིས་ཞུས་ནས་བྱང་ཆུབ་སེམས་དཔའི་ས་དང་། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་དང་། ལམ་སྒྲོན་རྣམས་གསུངས་སོ། །དེའི་དབྱར་བསླབ་པ་ཀུན་ལས་བཏུས་པ་དང་། ལམ་སྒྲོན་རྣམས་གསུངས། དེའི་དུས་སུ་ཇོ་བོའི་ཞལ་ནས་དགེ་བཤེས་སྟོན་པ་ལ་བླ་མ་གསེར་གླིང་པའི་ལུགས་ཀྱི་བསླབ་བཏུས་སྤྱོད་འཇུག་ཅིག་བསླབ་ཀྱིས་གསུངས་པ་ལ། སེ་བཙུན་ལ་བསླབས་པ་ཞིག་ཡོད་པས་དེ་ཤེས་ཟིན་ལགས་བྱས་ནས་མ་ཞུས། དེ་ནས་ལོ་ཙཱ་བ་ཁུངས་ཕྱུང་ནས་དབང་པོ་རབ་འབྲིང་གསུམ་ལ་སོ་སོར་ཕྱེ་ནས་ཆུ་བོའི་གཞུང་ལྟར་བཤད་པ་དང་། ལྗོན་ཤིང་ལོ་འདབ་ལྟར་བཤད་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟར་བཤད་པ་ལ་སོགས་པ་གསུངས་པས། དགེ་བཤེས་སྟོན་པའི་སྙན་ལ་འཁྲུངས་ནས་ཇོ་བོ་ལ་ཞུས་པས་ཁྱེད་རང་མཁས་གསུངས་ནས་མ་གནང་ངོ་། །སྤྱིར་ཇོ་བོའི་ཆོས་ཐམས་ཅད་ལ་ལོ་ཙཱ་བས་ཁུངས་ཕྱུང་ནས་ཞུས་པས་ལོ་ཙཱ་བའི་ཞལ་ནས་བོད་ལ་ང་བཀའ་དྲིན་ཆེའམ་སྙམ་པ་ཡིན་ནོ་ཞེས་ཀྱང་གསུངས།
དེའི་དུས་སུ་བོད་སྟོན་རྣམས་ཀྱིས་བོད་དུ་བྱས་པའི་བསྟན་བཅོས་འགའ་ཟུང་གཟིགས་སུ་ཕུལ་བས་གཞན་ན་མ་མཉེས། ཨ་རོས་མཛད་པའི་ཐེག་ཆེན་རྣལ་འབྱོར་ལ་མཉེས་ཏེ་ཚིག་སྙན་དངགས་ཆེ། ལས་རྒྱུ་འབྲས་ཞིབ། དོན་ཟབ་ལ་རྒྱ་ཆེ་བར་གསུངས། མདོ་བསྐུལ་ཆེན་མོ་དང་། དུས་མཆོད་ཀྱི་སྤྱན་འདྲེན་དང་། དཔང་མཆོད་ལ་སོགས་པ་ལ་དེ་དག་གིས་བྱར་རུང་བར་སྣང་ངམ་ཞུས་པས་སྣང་གསུངས། དེ་ཕན་ཆད་བོད་ཡུལ་དབུས་ཀྱི་ཆ་ལ་ལོ་བདུན་དང་ཟླ་བ་ལྔ་བཞུགས་ནས་ཆོས་ཙམ་ཡང་མི་གསུངས། བརྒྱ་ལམ་གསུངས་ན་ཆོས་གླུ་མགུར་དུ་བཞེས་ནས་གསུང་སྟེ། ཆོས་ཀྱི་དབྱིངས་ཀྱི་གླུ་དང་། འཁོར་བ་ལས་ངེས་པར་འབྱུང་བའི་གླུ་དང་། བདེ་བ་དྲུག་གི་གླུ་དང་། བྱང་ཆུབ་སེམས་ཀྱི་གླུ་ལ་སོགས་པ་མགུར་དུ་བཞེས། མཚན་མོ་ཕལ་ཆེར་མཁའ་འགྲོ་མའི་ཚོགས་སུ་གསང་སྔགས་ཟབ་མོའི་དོན་མགུར་དུ་བཞེས་ཏེ། ལྟ་བ་རྡོ་རྗེའི་གླུ་དང་། སྒོམ་པ་རྡོ་རྗེའི་གླུ་དང་། སྤྱོད་པ་རྡོ་རྗེའི་གླུ། བསྒོམ་པ་རྡོ་རྗེའི་གླུ་དང་། རྡོ་རྗེ་ཆོས་ཀྱི་གླུ་ལ་སོགས་པ་མགུར་དུ་བཞེས་པ་བླ་མ་ལ་ཞུས་པས་གནང་ནས་ལོ་ཙཱ་བས་བསྒྱུར་རོ།།
དགེ་བཤེས་ལོ་ཙཱ་བས་ཇོ་བོ་ལ་མཎྜལ་སྔོན་དུ་སོང་བའི་ཕྱག་ཕུལ་ནས་ཞུས་པ། བདག་མཆིམས་ཕུར་སོ་བསོད་ཅིག་བགྱིད། འདི་ན་ཤར་ནུབ་ལྷོ་བྱང་ཐམས་ཅད་འཚོགས་པས་སོ་མི་བསོད། གཞུང་ཆེན་པོ་བླ་མས་ཀྱང་གསུང་མི་སྤྱོད་བདག་གིས་ཀྱང་མི་ནུས། གདམས་པ་ཆུང་ཆུང་གི་ལོ་ཙཱ་སྟོན་པ་རྒྱལ་འབྱུང་གིས་འོང་བས་བདག་མཆི་བར་ཞུ་ཞུས་པས་མ་གནང་། ཡང་ཞུས་པས་གནང་། དེ་ནས་ཇོ་བོ་ལ་བསྙུང་བ་ཞིག་ཀྱང་བྱུང་། དེ་ལ་མཆོད་པ་དང་རིམ་གྲོ་ལ་སོགས་པ་བྱས་པ་དང་། ཡི་དམ་གྱི་ལྷ་རེ་ཞལ་གཟིགས་པས་གདངས། ཡང་བྱུང་ལྷ་རེ་ཞལ་གཟིགས་པ་དང་གདངས། དེ་ལྟ་བུ་ཡང་ཡང་བྱུང་གསུངས།
སྤྱིར་གཉེ་ཐང་དུ་བཞུགས་པའི་རིང་ལ་ཡི་དམ་གྱི་ལྷ་ཞལ་གཟིགས་པ་མང་སྟེ་ཟླ་བ་ཉ་བའི་ནུབ་ཅིག་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞལ་གཟིགས། དེ་ནས་སྲོད་ཀྱི་ཐུན་ལ་ནུབ་རེ་བཞིན་ཞལ་གཟིགས་གསུངས། ཉིན་གཅིག་དགུན་རླུང་ཆེན་པོ་ཞིག་ལ་ཇོ་བོ་མཎྜལ་མཛད་ཅིང་ཕྱག་སེར་ཀ་བཀྲ་ཧྲིག་གེ་ཡོད་པ་ལ། ཇོ་བོ་སྒྲོལ་མ་བྱོན་ནས་ད་དེ་ཙམ་དུ་དཀའ་སྤྱད་བགྱི་གནང་འཚལ་གསུངས།
ཡང་ནུབ་ཅིག་རྨི་ལམ་དུ་བུད་མེད་ཀྱི་རྒྱན་གྱི་སིལ་ཁྲོལ་གསན་པས་བལྟར་མི་རུང་སྙམ་ནས་མ་གཟིགས་པས། ཁྱོད་མ་ལ་ཡང་མི་གཟིགས་སམ་ཟེར་བའི་སྒྲ་ལྷང་གིས་བྱུང་། ངའི་མ་ནི་འདི་ན་མེད་ན་གསུངས་པས། མ་སྒྲོལ་མ་ལ་ཡང་མི་གཟིགས་སམ་ཟེར་བ་ཞིག་རྨིས་ནས་མནལ་སད་པ་དང་མདུན་གྱི་ནམ་མཁའ་ལ་རྗེ་བཙུན་སྒྲོལ་མ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞལ་གཟིགས། དེ་ནས་དུས་ཕྱིས་ཤིག་ཇོ་བོའི་ཞལ་ནས་ང་སྒྲོལ་མ་ལ་རྨི་ལམ་དུ་ཡང་མའི་འདུ་ཤེས་སྒོམ་པ་ཡིན་ཏེ་ཇོ་མོ་རང་འདི་ན་འདུག་སྟེ་དཔང་པོ་ཡིན་ནོ་གསུངས། ཇོ་མོ་གང་ན་གདའ་ཞུས་པས་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མའི་ཐང་སྐུ་ཞིག་ལ་འདི་ཡིན་ནོ་གསུངས། དེ་ད་ལྟ་རྭ་སྒྲེང་ན་བཞུགས་སྐད།
ཡང་ཉིན་གཅིག་གཟིམ་ཆུང་ན་བཞུགས་པ་ལ་བཤོས་འདྲེན་དུ་བྱོན་པའི་དུས་སུ་སྤྱན་ནམ་མཁའ་ལ་རིག་རིག་མཛད་ནས་མཻ་ཏྲི་མཻ་ཏྲི་གསུངས་ཤིང་འདུག་པས་འདྲེན་མ་ནུས་པར་ལོག །ཡང་ཕྱིན་པའི་ཚེ་ཡང་དེ་བཞིན་དུ་འདུག་ནས་ལོག །དགེ་བཤེས་སྟོན་པའི་ཞལ་ནས་ཨ་མེ་ཇོ་བོའི་ཆབ་དེ་གྲངས་སུ་མ་གཞུག་པར་སྲོས་ཤིག །ཇོ་བོས་མགོན་པོ་བྱམས་པའི་ཞལ་གཟིགས་ཚོད་དུ་འདུག་གིས་འུ་ཅག་གཉིས་ཀྱིས་མཐོང་དུས་ནི་མེད་གསུངས། དེ་ནས་བཤོས་གྲང་མོར་སོང་དྲོད་ཡོལ་དུ་ཉེ་བ་ན་ངའི་ཆོས་སྟོན་ཁྱེར་ལ་ཤོག་གསུངས། ད་ཅི་མི་གསོལ་བ་ཇི་ལྟར་ལགས་ཞུས་པས་མཻ་ཏྲི་བྷི་ཁོ་ལི་གསུངས། དེ་ནས་དྲོ་ཐོན་པ་དང་ཇོ་བོའི་ཞལ་ནས་ད་ནངས་བར་ལ་རྗེ་བཙུན་འཇམ་དཔལ་དང་རྗེ་བཙུན་བྱམས་པ་གཉིས་མདུན་གྱི་ནམ་མཁའ་འདི་ན་བྱོན་ནས་ཐེག་པ་ཆེན་པོའི་ཆོས་ལ་བགྲོ་བ་མཛད། དཔལ་ཕྱག་ན་རྡོ་རྗེ་བར་ཆད་སྲུང་ལྷའི་བུ་རྣམས་ཀྱིས་ཟིན་བྲིས་བྱས། ད་དེ་བྲི་དགོས་གསུངས། བྱམས་པ་བགྲོ་བ་མཛད་པའི་སྐྱ་རིས་ཇོ་བོ་ཉིད་ཀྱིས་མཛད་ནས་ངས་འདྲི་འདྲ་ཞིག་མཐོང་བས་འདི་འདྲ་བའི་ཐང་སྐུ་དང་བསྟན་པའི་བདག་པོ་པུ་རིམ་དང་ཡི་གེ་དྲུག་པ་བྲག་རིས་མ་གསུམ་བྲིས་ལ་བསྐུར་ཞེས་འབི་ཀྲ་མ་ཤཱི་ལར་གསེར་བསྐུར་ནས་བཏང་ངོ་། །ཇོ་བོ་ལྷ་རིས་མཁས་པས་མ་མཉེས་སུ་དོགས་ནས་རྒྱ་གར་ཤར་ཕྱོགས་ནས་པཎྜི་ཏ་བཀུག་ནས་བྲིས་ཏེ་བསྐུར་བྱུང་བ་དེ་གསུམ་ད་ལྟ་གཉེ་ཐང་ན་བཞུགས་སོ།།
ཡང་ཇོ་བོའི་ཞལ་ནས་སངས་རྒྱས་ཐམས་ཅད་ཀྱི་རང་མདོག་གསེར་གྱི་མདོག་ཏུ་འདུག་གསུངས་ནས་རིགས་ལྔ་གསེར་འབྱམས་མཛད། འོ་ན་སོ་སོར་བསྟན་ནས་གདའ་ཞུས་པས། གདུལ་བྱ་གང་ལ་གང་འདུལ་དུ་བསྟན་པ་ཡིན་གསུངས། དེ་དུས་ཁམས་སྟོན་རྒ་ཆེན་རྒ་ཆུང་གཉིས་དང་བ་རི་ལ་སོགས་པ་རྒྱ་གར་དུ་ཆོས་སློབ་ཏུ་འགྲོ་བའི་ལམ་རྒྱུས་དང་འཕྲལ་སྐད་དང་བར་ཆད་སེལ་བའི་བྱིན་རླབས་ཞུར་བྱུང་བ་ལ་ཇོ་བོས་བྱིན་རླབས་མཛད་ནས་ཁྱེད་རང་ལ་བར་ཆད་མེད་གཞན་ལ་ཕན་ཐོགས་པར་འོང་བར་འདུག་གིས་གསུངས། ཁྱེད་རྣམས་བླ་མ་རྡོ་རྗེ་གདན་པའི་སྤྱན་སྔར་སོང་ཞིག་གསུངས་ནས་ལུང་བསྟན་ནོ།།
དེ་དུས་ན་ཇོ་བོ་ཆོས་ཐམས་ཅད་ཞལ་ཆེམས་སུ་གསུང་སྟེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་འདི་སྦྲུལ་སྨྱུག་དོང་དུ་བཅུག་པ་དང་འདྲ། གླང་པོ་ཆེའི་སྣ་ལར་གྲི་བཏགས་པ་དང་འདྲ་བར་མཐོ་དམན་བྱེད་པས་ལམ་མི་བདེ་བ་ཡིན་གསུངས། བོད་ཀྱིས་རྒྱུད་སྡེ་བཞི་ལ་ལོངས་སྤྱད་པར་མི་ནུས་པས་ཁྱེད་བོད་ལ་རྣལ་འབྱོར་གྱི་རྒྱུད་ཉམས་སུ་བླང་བདེ་བ་ཡིན་གསུངས། དགེ་བཤེས་སྟོན་པ་ལ་ཇོ་བོའི་ཞལ་ནས་ཐེག་ཆེན་པོའི་མདོ་སྡེ་མ་ལུས་པའི་དོན་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པའི་སྐྱེས་བུ་ཆེན་པོའི་ཆོས་ལུགས། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིང་རྟ་ཆེན་པོའི་ལམ་འདི་ཁྱོད་ལ་གཏོད་གསུངས། ཁོང་གཞན་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདམས་པ་གནང་ནས་དངོས་ལ་འདི་གནང་བ་ཇི་ལྟར་ལགས་ཞུས་པས། ཁྱོད་མིན་པ་གཏད་ས་མ་རྙེད་པ་ཡིན་གསུངས། ཇོ་བོ་ལ་རྫུ་འཕྲུལ་མངའ་བར་བྱེད་པས་དགེ་བཤེས་སྟོན་པས་ཇོ་བོ་བཞུགས་པའི་ཁང་པའི་སྒོ་བསྡམས་ནས་ཕྱིར་བྱོན་པའི་རྗེས་ལ་ཇོ་བོ་ཕྱིར་བྱོན་ནས་འདུག་ལ་གདའ་སྐད། དེར་སྟོན་པས་ཨ་ཏི་ཤ་རྩིག་པ་ལ་ཐོགས་ཆགས་མེད་མཆི་ན་མེད་དམ་ཞུས་པས་ང་ལ་རྒྱ་གར་ན་ཡང་དེ་སྐད་གྲགས་གསུངས། ཇོ་བོ་འདའ་ཁའི་དུས་ནས་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་བཞུད་པ་ཀུན་གྱིས་མཐོང་།
ཡང་ཇོ་བོའི་ཞལ་ནས་ང་ལ་ལྷ་རྣམས་ཀྱིས་མཆོད་པ་བྱས་པའི་རོལ་མོའི་སྒྲ་ད་དུང་གྲགས་པ་ཐོས་སམ་གསུངས། དགེ་བཤེས་སྟོན་པའི་ཞལ་ནས་སྐྲ་ཡར་བསལ་ནས་མཉན་ཡང་མ་ཐོས་གསུངས། ཡང་ཇོ་བོའི་ཞལ་འཛུམ་པ་ཞིག་མཛད། དེ་ཇི་ལྟར་ལགས་ཞུས་པས། ངའི་སློབ་མ་ཞིག་ང་ལ་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གྲགས་གསུངས། ཡང་མཁའ་འགྲོ་མ་རྣམས་ཀྱིས་ང་ལ་སྐོར་བ་བྱས་གསུངས། ཡང་ངའི་བླ་མ་རྣམས་དགའ་ལྡན་ན་བཞུགས་པ་ང་ཡང་དགའ་ལྡན་དུ་འགྲོ་གསུངས།
གཞན་ཡང་དེ་ལྟ་བུ་མང་དུ་གསུངས་པས་དགེ་བཤེས་སྟོན་པ་ཐུགས་མ་བདེ་ནས་ལོ་ཙཱ་བ་མཆིམས་ཕུ་ན་བཞུགས་པ་ལ་འཕྲིན་བསྐུར་ཏེ། སློབ་དཔོན་མྱུར་དུ་བྱོན། འདི་ན་ངོ་མཚར་ཆེ་བའི་གཏམ་ཡོད་ཅེས་སྤྲིངས་པས་ལོ་ཙཱ་བས་ཟླ་བ་དྲུག་བཞུགས་ནས་བྱོན། དེའི་དུས་ན་བལ་ཡུལ་དུ་ནཱ་རོ་པའི་སློབ་མ་པཎྜི་ཏ་ཛྙཱ་ན་ཀ་ར་ཞེས་པ་དྷོ་གྷ་བྷ་རོས་སྤྱན་དྲངས་ནས་བཞུགས། དེ་སླར་ཡང་རྒྱ་གར་དུ་བཞུད་པར་འདུག་ཅེས་པ་ལོ་ཙཱ་བས་གསན་ནས་ཇོ་བོའི་སྤྱན་སྔར་བྱོན་ཏེ། སྔོན་བལ་ཡུལ་དུ་ནཱ་རོ་པའི་སློབ་མ་ཛྙཱ་ན་ཀ་ར་ཞེས་པ་ལ་འཕགས་པའི་ལུགས་ཀྱི་གདམས་པ་ཡོད་པ་དེ་ཞུ་མ་གྲུབ་གསུངས་པ་དེ་མ་བསྙེལ་ལམ་ཞུས་པས། ཇོ་བོའི་ཞལ་ནས་དེ་དྲན་གསུངས། ལོ་ན་པཎྜི་ཏ་དེ་ད་ལྟ་བལ་ཡུལ་ན་བྱོན་མཆི་ཞུས་པས། ཇོ་བོའི་ཞལ་ནས་དེ་ལྟར་ཡིན་མོད་ཀྱི་ཁོ་བོ་ནི་རྒས་པས་ཉན་པའི་མཐུ་མེད། འབོད་པ་ཞིག་འོང་གིས་དུས་ན་སོང་། འོ་ཅག་དེའི་བར་འགྲོགས་ནས་ང་ཡང་ད་སྟེ་ཟླ་བ་བཅུ་ཙམ་ན་དགའ་ལྡན་དུ་མགོན་པོ་བྱམས་པ་ལ་གདམས་པ་དང་རྗེས་སུ་བསྟན་པ་ཉན་དུ་འགྲོ། སྐྱེ་བ་ཐོག་མ་མེད་པ་ནས་གཅིག་པུ་གྲོགས་མེད་པར་འགྲོ་བ་ཡིན་པས་འོ་ཅག་ཀྱང་རྟག་ཏུ་འགྲོགས་པ་མ་ཡིན་གྱིས་ཅི་ནས་ཀྱང་སོང་ཞིག་གསུངས་པས་ལོ་ཙཱ་བས་བཤུམས་སོ།།
དེ་ནས་ཡང་བླ་མ་བདག་གིས་འདིར་སྤྱན་དྲངས་ནས་རིག་པའི་ཆོས་ཐམས་ཅད་ཀྱང་ཉིད་ཀྱིས་ཁོང་དུ་ཆུད་པར་བྱས་ནས་འགྲོ་བ་འདི་མི་རིགས་སྙམ་པར་གདའ་བས་ད་མི་མཆི་བར་ཞུ་ཞུས་པས། ཇོ་བོའི་ཞལ་ནས་ང་འདིར་ཁྱོད་ཀྱིས་བསྐྱལ། ངའི་ནང་རིག་པའི་ཆོས་ཐམས་ཅད་ཀྱང་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱས་ནས། ཁྱོད་འགྲོ་བར་མི་རིགས་མོད་ཀྱི་འོན་ཀྱང་ཐེག་པ་ཆེན་པོའི་ཆོས་ལ་བར་ཆད་མང་བས་ཁྱོད་འགྲོ་དགོས། དེའི་བར་དུ་མཆོད་པ་རྒྱུན་མ་ཆད་པར་ཕུལ་ལ་ང་ལ་གསོལ་བ་ཐོབ་གསུངས། དེ་ནས་ལོ་ཙཱ་བས་མཆོད་པ་བཤམས་ཤིང་གསོལ་བ་བཏབ་པས་ཟླ་བ་གཅིག་ཙམ་ནང་ལྗང་བཙུན་དར་མ་བྱང་ཆུབ་དང་། ཧྲིཀྲ་ཤཱཀྱ་བློ་གྲོས་གཉིས་འོངས་ནས་དེ་གཉིས་སློབ་དཔོན་རྒྱལ་རིན་གྱིས་བཏང་བ་ཡིན་སྔོན་གསུངས་པའི་པཎྜི་ཏ་དེ་ད་ལྟ་བལ་ཡུལ་ན་བཞུགས་པས་མྱུར་དུ་བྱོན། ཁོང་སླར་རྒྱ་གར་དུ་བྱོན་པར་འདུག་ཟེར་ཏེ་ལོ་ཙཱ་བས་ཇོ་བོ་ལ་ཞུས་པས། ཇོ་བོའི་ཞལ་ནས་ང་ཡང་དགའ་ལྡན་དུ་སོང་ནས་ལྷའི་བུ་དྲི་མ་མེད་པ་ཞེས་བྱ་བར་འགྱུར། ད་ཁྱོད་ཀྱིས་ངའི་གཟུགས་ཤིག་ལེགས་པར་ཚད་དུ་བྲིས་ལ་ང་དགའ་ལྡན་ནས་ཁུག་ལ་རབ་གནས་ལེགས་པར་གྱིས། ང་ལ་རྟག་ཏུ་མཆོད་པ་ཕུལ་ཞིང་གསོལ་བ་ཐོབ། ང་དགའ་ལྡན་ནས་འོང་བ་ཡིན་ནོ། །ད་དུང་ཟླ་བ་གཅིག་གི་བར་དུ་དངོས་སུ་མཆོད་པ་གྱིས་གསུངས། དེ་ནས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཉིན་མཚན་དུ་མཆོད་པ་རྒྱུན་མ་ཆད་པར་བཤམས་ནས་བླ་མ་ལ་གསོལ་བ་བཏབ་བོ།།
དེའི་དུས་ན་ཇོ་བོའི་སློབ་མ་བོད་སྟོན་ཕལ་ཆེར་འདུས་ནས་བླ་མ་རྗེ་བཙུན་ཆེན་པོ་ནི་མི་བཞུགས་པ་ལ་ཉེ་བར་སྣང་། བླ་མའི་སྲོལ་འདི་འཛིན་པ་ངེད་རྣམས་ལ་སུས་འོང་ཞེས་གླེངས་པའི་དུས་ན་གཞན་སུས་ཀྱང་མ་སྤོབས་ལོ་ཙཱ་བའི་ཞལ་ནས་ངས་དང་མི་ཤེས་ཏེ། ཆོས་ཐམས་ཅད་ཀྱི་ནང་ན་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་བླ་མ་ལས་སྐྱེ་བར་བཤད་འདུག་པས། བླ་མའི་ཞབས་ཏོག་འབྲོམ་སྟོན་པའི་འདྲ་བ་སུས་ཀྱང་མ་གྲུབ། ཇོ་བོའི་སྲོལ་འདི་འཛིན་པ་འོང་ན་ཁོང་ལ་ཡོང་གསུང་བ་ལ། ལོ་ཙཱ་བའི་གསུང་དེ་ལ་ཐམས་ཅད་མཉེས། ཁུ་སྟོན་ན་རེ་འབྲོམ་སྟོན་པས་ཨ་ཏི་ཤའི་སྲོལ་ག་ལ་ཟིན། ཨ་ཏི་ཤའི་སྲོལ་ཨ་པོ་ཁུ་སྟོན་རང་གིས་འཛིན་གསུང་སྐད། དོན་ལ་ལོ་ཙཱ་བའི་གསུང་དེ་ཁོ་ན་ཡིན་པར་འདུག་གསུངས། རྣལ་འབྱོར་པ་ཆེན་པོའི་ཐུགས་དགོངས་ལ་བསོད་ནམས་ཆུང་ནས་བླ་མའི་ཞབས་ཏོག་བྱེད་བྱེད་ནས་བསྒོམ་དུ་མ་བྱུང་སྙམ་པའི་རྟོག་པ་ཞིག་བྱུང་བ་ལ། ཇོ་བོའི་ཞལ་ནས་ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ནས་བསྒོམ་གྱི་དམིགས་པ་གཞན་མི་དགོས་གསུངས། དགེ་བཤེས་རྣལ་འབྱོར་པ་ལས་སྒོམ་བཟང་བ་དང་རྟོགས་པ་མཐོ་བ་མེད་སྐད། ཕྱིས་དགེ་བཤེས་དགོན་པ་བའི་ཞལ་ནས་སློབ་དཔོན་སྟོན་པས་ལོ་ཙཱ་བྱས་སློབ་དཔོན་རྣལ་འབྱོར་པས་གཡོག་པོ་བྱས་ངས་བསྒོམས་པ་ཡིན་པ་ལ་རྟོགས་པ་དེ་ཁོང་གཉིས་མཐོ་བར་འདུག་གསུངས། ལན་ཅིག་ཞལ་ཀྱལ་དུ་མཛད་དེ་སློབ་དཔོན་སྟོན་པས་ལོ་ཙཱ་མཛད་སློབ་དཔོན་རྣལ་འབྱོར་པས་གཡོག་པོས་མཛད་པས་བསྒོམ་ཞུ་བ་ཐམས་ཅད་ངའི་དྲུང་དུ་ཤོག་གསུང་སྐད། དེའི་དུས་དགེ་བཤེས་ལོ་ཙཱ་བ་དེ་པཎྜི་ཏ་དེ་སླར་རྒྱ་གར་དུ་བཞུད་ཀྱིས་དོགས་པའི་སྡུག་བསྔལ་དང་། འདིར་ཇོ་བོ་སྐུ་གཤེགས་སུ་དོགས་པའི་སྡུག་བསྔལ་གྱིས་རིད་པར་གྱུར་པས་ཇོ་བོའི་ཞལ་ནས་ད་སོངས་གསུངས། དེར་ལོ་ཙཱ་བས་ཇོ་བོ་ལ་བླ་མ་དགའ་ལྡན་གྱི་གནས་ནས་བདག་ལ་གཟིགས་སུ་གསོལ། བླ་མ་དགའ་ལྡན་གྱི་གནས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། དགེ་བའི་བཤེས་གཉེན་གྱི་སྤྱན་རས་ཀྱིས་འཚོ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་ཉིད་སྐུའི་གཟུགས་བརྙན་དུ་བྱོན་པར་ཞུ་འཚལ་ཞེས་གསོལ་བ་བཏབ་པས་ཇོ་བོའི་ཞལ་ནས་དེ་ལྟར་བྱའོ་གསུངས། ཇོ་བོས་གཉེ་ཐང་དུ་ལོ་དགུ་བཞུགས་པ་ལ་ལོ་ཙཱ་བས་བརྒྱད་བསྟེན། སྤྱིར་ལོ་བཅུ་དགུ་བརྟེན་ནས་ཡར་བྱོན། ལོ་ཙཱ་བའི་བསྟོད་པ་ལས།
བླ་མ་བཤེས་གཉེན་དམ་པ་ཁྱོད། །ལོ་ནི་བཅུ་དགུ་བསྟེན་ན་ཡང་། །
སྐུ་གསུང་ཐུགས་ཀྱི་འཁྲུལ་པ་ཡི། །ཉེས་པའི་དྲི་མ་མཐོང་རེ་སྐན། །
ཞེས་སོ། །དེའི་རྗེས་ལ་བོད་སྟོན་རྣམས་ཇོ་བོའི་འཁོས་འདི་འདྲ་བ་ལ་བཞུད་ཀྱང་ཕོད་པ་ཟེར་ནས་ལོ་ཙཱ་བ་ལ་འཕྱ་སྨད། ཇོ་བོ་འདའ་ཁའི་དུས་སུ་མི་རེ་ལ་ཞལ་ཆེམས་རེ་བཞག །རྣལ་འབྱོར་པ་དང་དགོན་པ་བའི་ཐུགས་དགོངས་ལ་ཁོང་རང་ལ་དཔོན་ས་ཟུངས་གསུངས་པར་རེ་ནས་དམན་ཆད་ཇི་ལྟར་བགྱི་ཞུས་པས། འཇིག་རྟེན་བློས་ཐོངས་ཚེ་མཇུག་འདི་ལ་སྟོན་པོ་ཆེན་པོ་དང་མ་བྲལ་བར་གྱིས་གསུངས། དེར་ཁོང་རྣམ་པ་ཐུགས་མ་བདེ་ནས་བླ་མ་ལ་ཆོས་མཉམ་དུ་ཞུས་པ་ལ་ཁོང་ལ་རྟེན་པ་ཇི་ལྟར་ལགས་ཞུས་པས་ངས་བྱིན་གྱིས་བརླབས་པ་ཡིན་གསུངས། དགེ་བཤེས་སྟོན་པ་ལ་ང་འཆི་བའི་ཚད་དུ་འདུག་གསུངས། ཇི་ལྟར་གདའ་ཞུས་པས། ལྷན་ཅིག་སྐྱེས་པའི་ལྷ་ངུ་ཞིང་འདུག་གསུངས། དེར་དགེ་བཤེས་སྟོན་པས་བཤུམས་ནས་འོ་ན་འགྲོ་བ་མང་པོ་ལ་སྨན་པའི་སླད་དུ་སྒྲལ་བགྱི་བ་ན་དུག་ཆུ་བདོག་པས་དུག་ཆུའི་བཅུད་ལེན་བགྱིའམ་ཞུས་པས་ཁོ་བོ་དུག་ཆུའི་བཅུད་ལེན་མི་བགྱིད། ཁོ་བོ་བྱང་ཆུབ་སེམས་ཀྱི་བཅུད་ལེན་བགྱིད་གསུངས། ཇོ་བོ་ཨ་ར་ཞིག་གི་དྲུང་ནས་གསེར་ལྷག་མ་ཅུང་ཟད་ཡོད་པ་འདི་སྐྱེལ་དུ་རྣལ་འབྱོར་པ་ཁོ་གཏོང་བ་ཡིན་གསུངས། དེ་ནས་ཚིགས་སུ་བཅད་པ།
ནད་མེད་པ་ནི་བདེ་བའི་མཆོག །དགའ་བ་སྦྱིན་པ་སྦྱིན་པའི་མཆོག །
མྱ་ངན་འདས་པ་བདེ་བའི་མཆོག །བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག །
གསུངས་ཤིང་འདུག་པ་ཨ་མེས་ཀྱིས་འཕྲལ་སྐད་ཤེས་པས་གོ་ནས། དགེ་བཤེས་སྟོན་པ་ལ་ཇོ་བོ་ད་རེས་ཀྱང་བདག་རྒྱ་གར་དུ་གསེར་སྐྱེལ་དུ་གཏོང་བར་གདའ་བས་ཇོ་བོ་སྐུ་གཤེགས་ན་མི་མཇལ་བས་མི་གཏོང་བར་ཞུས་མཛོད་དང་བྱས་པས། སྟོན་པའི་ཞལ་ནས་ཇོ་བོ་ཐུགས་བསྒམ་པ་ཡིན་པས་གླེང་ལངས་པ་ཞིག་ལ་ཞུ་ཡིས་གསུངས། དེར་གླེང་ལངས་པ་ཞིག་ལ་རྣལ་འབྱོར་པ་འདི་འོ་སྐོལ་ལ་བྱ་བ་བྱེད་པ་ལ་ཡང་དགོས་པར་གདའ་བས་ད་རེས་རྒྱ་གར་དུ་མི་གཏོང་བར་ཞུ་བྱས་པས། ཇོ་བོའི་ཞལ་ནས་ཁོ་ལ་བསམ་པ་བཟང་པོ་ཡོད་པས་དོན་འགྲུབ་པར་ཁོ་འགྲོ་དགོས་གསུངས། དེར་དགེ་བཤེས་སྟོན་པས་རྣལ་འབྱོར་པ་ལ་ཇོ་བོ་ཅི་ནས་ཀྱང་གཏོང་བར་འདུག་གིས། དགའ་དགའ་ལྟར་གྱིས་ཤིག་ཅེས་གསུངས། དེར་གཟའ་དང་ཚེས་གྲངས་དང་དུས་བརྩིས་ནས་བཞུད་པའི་ཚེ་ཇོ་བོས་གསེར་སྲང་སུམ་ཅུའི་ཀོ་ཐུམ་གཅིག་དང་། གཞན་ཤས་གཅིག་ལ་བྱིན་རླབས་གཅིག་བྱ་ཡིས་མ་རེག་ཅིག་གསུངས་པ་དང་། གཅིག་གིས་རེག་ཇོ་བོའི་ཞལ་ནས་བར་ཆད་ཅིག་འོང་བར་འདུག་སྟེ་མི་ཚུགས་པར་འདུག་གིས་གསུངས། དེ་ནས་རྣལ་འབྱོར་པ་ན་མོ་ཆེར་ཕྱིར་སྤགས་པ་ལ་ཇོ་བོ་མི་མཇལ་སྙམ་ནས་མཚན་རིལ་པོ་བཤུམས་པས་སྤྱན་ཀུན་ཐོ་བ་ཙམ་དུ་ཐལ་སྐད། གྲོགས་ཁམས་པ་དགེ་ཚུལ་གཅིག་དང་ཁམས་པ་མང་པོ་དང་འགྲོགས་ཏེ་བྱོན་པའི་ཚེ་མི་གཅིག་གིས་གསེར་གྱི་ཀོ་ཐུམ་བརྐུས་ནས་ཕྱི་ཁུང་དུ་སྦས། རྣལ་འབྱོར་པས་མ་ཚོར་བ་ལ་དྲོ་གསོལ་བའི་དྲུང་དུ་ཁྱི་མོ་དམར་མོ་གཅིག་གིས་ཀོ་ཐུམ་ཁྱེར་ནས་བྱུང་ནས་ཁོང་གིས་བླངས་པ་དང་། དགེ་ཚུལ་དེ་ན་རེ་ཨ་མེ་ལ་ནི་ཇི་ཞིག་ཡོད་པར་མི་འདུག་གི་ཟེར་རོ། །དེར་གསེར་མང་པོ་འདུག་ལོ་ཞེས་པའི་སྒྲ་བྱུང་སྟེ་ཆོམ་རྐུན་གྱིས་གསེར་དབྲོག་འདོད་ནས་ས་ཀར་གྲུ་སོའི་གྲོག་པོར་ཡིབ་སྟེ་བསྡད་པ་དང་། སྨུག་པ་ཐམ་སོང་ནས་མ་མཐོང་ཆུ་ཕ་ཀར་ཕྱིན་པ་དང་སྨུག་པ་སངས་པས་དགེ་ཚུལ་ན་རེ་ཨ་མེ་ལ་ནི་ཇི་ཞིག་ཡོད་པར་འདུག་གོ་ཟེར་རོ།།
རྣལ་འབྱོར་པ་ཕྱག་ཁྲི་མཆོག་གིས་ཇོ་བོ་ལ་བདག་གིས་བཤད་ལགས་སམ་ཞུས་པས་ཀྱང་བྱ་བ་ངན་པ་འཕྲོ་ཆོད་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས་དབེན་པ་གྱིས་གསུངས། ཤེས་རབ་རྡོ་རྗེ་དང་བློ་གྲོས་འབར་གཉིས་ལ་ཇོ་བོའི་ཞལ་ནས་སེམས་བཟང་པོ་གྱིས། དེ་མེད་ན་ཐོས་བསམ་སྒོམ་སྒྲུབ་ཅི་བྱས་ཀྱང་གོར་མེད་པས་སེམས་བཟང་པོ་གྱིས་གསུངས། དེ་ལ་སོགས་པ་ཞལ་ཆེམས་མང་དུ་གསུངས།
ཇོ་བོ་རྒྱ་གར་ན་ཉིད་ཀྱི་བཤོས་ལས་དགེ་སློང་བཞི་སྡེ་རེ་མཛད་པ་ལ་བོད་དུ་བཤོས་ཆུང་བྱུང་བས། ཇོ་བོ་ཐུགས་མི་བདེའི་དུས་སུ་ཕུ་ཕུ་གསུངས་ཅི་ནོངས་ཞུས་པས། ཁོ་བོའི་བསོད་ནམས་འདི་ལྟར་ཐལ་ན་རྒྱ་གར་དུ་ཁོ་བོའི་བཤོས་ལ་དགེ་སློང་བཞི་སྡེ་གསོལ་བ་ལ་ད་ལྟ་འདི་ལྟར་ཐལ་ན་གསུངས། དེར་ཇོ་བོ་ལ་བཤོས་ཆུ་འཚོས་མ་ཆུང་ངེ་བ་རེ་དང་། དགེ་སློང་བཞི་གསོལ་དུ་འདོད་པའི་བཤོས་ཆེ་བ་རེ་འདྲེན་ལགས་སོ།།
དེ་དགེ་སློང་བཞི་ལ་དྲངས་ནས་ཡོན་མེད་དུས་སུ་ཡང་ཨ་རུ་ར་བཞི་ཚུལ་ཙམ་འབུལ་སྐད། དགེ་བཤེས་སྟོན་པས་བདག་གིས་སུ་ལ་བསྟེན་ལགས་ཞུས་པས། ཁྱོད་ཀྱི་དགེ་བའི་བཤེས་གཉེན་མ་མཐོང་གིས་དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། ཁྱོད་མངོན་པར་ཤེས་པ་མ་ཐོབ་རིང་ལ་དམུས་ལོང་མདའ་འཕེན་པ་དང་འདྲ་བས་གཞན་དོན་བྱེད། སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན་བྱ། བསྟན་པ་དགེ་འདུན་གྱི་སྡེ་ལ་རག་པས། སྡེ་འདུལ་བ་འཛིན་པ་ལ་རག་ལས་པས་འདུལ་བ་འཛིན་ལ་ཅི་ཡོད་བྱ་གསུངས། གསེར་ཤས་གཅིག་ཀྱང་གཏད་ནས་ཨ་མེ་བྱང་ཆུབ་ཀྱིས་དཔོན་བྱས་པ་ཡུལ་དང་རུས་ཡིད་ལ་མི་བྱེད་པ། ཚེ་འདི་དོན་དུ་མི་གཉེར་བ། བྱམས་པ་དང་སྙིང་རྗེ་བསྒོམ་པ། ཐ་མལ་པའི་རྣམ་རྟོག་མི་རྒྱུ་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་དགེ་སློང་བཞི་ལ་འཚོ་བ་དྲོངས། དེ་ལ་རྒྱབ་རྟེན་དུ་ཁྱོད་ཀྱིས་དགེ་འདུན་གྱི་སྡེ་ཞིག་ཚུགས་གསུངས། དེར་དགེ་བཤེས་སྟོན་པའི་ཐུགས་ལ་ལྗིད་ཏིང་གིས་སོང་ནས་ཇོ་བོ་ལ་སླར་ཞུས་པ། བླ་མ་དེ་སྐད་མི་གསུང་བར་ཞུ། ཁོ་བོ་གཅིག་ཏུ་འཇིག་རྟེན་གྱི་ཤེས་ཆུང་། གཉིས་སུ་རྟེན་དམན། གསུམ་དུ་སྦྱིན་ཤུགས་ཆུང་ཞིང་མི་ཆོས་རྙད་རྙོད་འགའ་མཆིས་པ་ཡང་བྱང་དུ་ལུས་པས་རྔོ་མི་ཐོགས་ལགས་ཞུས་པས། ཇོ་བོའི་ཞལ་ནས་ངན་རེ་ཟེར་བ་ཡིན་གྱིས་ལ་ཁྱོད་རང་གཉེར་ཀ་བྱེད་ལོ་གྱིས་དང་འདི་ལ་བྱེད་པ་པོ་ཞིག་འོང་གིས་གསུངས་པས་དགེ་བཤེས་སྟོན་པས་ངོ་མ་ཟློག་པར་ཞལ་གྱིས་བཞེས་ནས། སྐྱེ་བ་འདིའི་འོག་རོལ་ཏུ་མཇལ་བར་ཞུས་འདིའི་འོག་རོལ་ཏུ་ནི་ངེས་པར་མཇལ་བ་ཡིན་གྱིས་གསུངས། དེ་གོང་དུ་བསྙུངས་པ་ཐམས་ཅད་མགོན་པོ་བྱམས་པ་ལ་གསོལ་བ་བཏབ་པས་གདངས་ཤིང་འགྲོ་བ་ལ་དེའི་རེས་མ་གདངས། ཇོ་བོའི་ཞལ་ནས་བྱམས་པས་བསུ་བ་ཡིན་ཚོད་དུ་འདུག་གསུངས་ནས་རྗེ་བཙུན་ཆེན་པོ་དེ་ལ་འདས་པ་མི་མངའ་ཡང་མ་དག་པའི་འཁོར་རྣམས་ཀྱི་འཁྲུལ་སྣང་ལ། དགུང་ལོ་བདུན་ཅུ་རྩ་གསུམ་བཞེས་པའི་དུས་སུ་གཉེ་ཐང་དུ་ཤིང་ཕོ་རྟའི་དབྱུ་གུའི་ཚེས་བཅོ་བརྒྱད་ལ་དགའ་ལྡན་དུ་གཤེགས་སོ། །སྔར་ཇོ་བོ་ལ་དགེ་བཤེས་སྟོན་པས་དགེ་བའི་བཤེས་གཉེན་གྲོངས་པའི་གདུང་ལ་ཇི་ལྟར་བགྱིད་ཞུས་པས། འཕགས་པ་མྱ་ངན་ལས་འདས་པའི་བཞིན་བྱེད་པ་ཡིན་གསུངས་པས་གཉེ་ཐང་ན་མོ་ཆེར་པུར་སྦྱངས་སོ།།
དེའི་དུས་སུ་དགེ་བཤེས་དགོན་པ་བས་བུད་མེད་ཅིག་སྔར་མ་མཐོང་བའི་མེ་ཏོག་ཅིག་ཐོགས་ནས་སངས་རྒྱས་མྱ་ངན་ལས་འདས་སོ། །འཇིག་རྟེན་སྟོངས་སོ་ཟེར་ཞིང་སྐོར་བ་བྱེད་པ་ཞིག་གཟིགས་ཏེ། འདི་རང་བཞིན་གྱི་རྣལ་འབྱོར་མ་ཞིག་འདུག་སྙམ་ནས་ཕྱག་བྱས་ཏེ་གདམས་ངག་ཞུས་པས། ངའི་བླ་མའི་གདམས་ངག་ཁྱོད་ལ་སྦྱིན་གྱིས་ཟེར་ནས་མེད་དེ་སོང་། རང་བཞིན་གྱི་རྣལ་འབྱོར་མར་འདུག་གསུངས། དེ་ལ་སོགས་པ་རྟགས་ཁྱད་པར་ཅན་མང་དུ་བྱུང་སྟེ། བཀའ་གདམས་པ་ཆེན་པོ་རྣམས་ཀྱི་བཞེད་པས་ཡོན་ཏན་མི་སྒྲོགས་པ་ལ་མན་ངག་དུ་མཛད་པས་དེ་ཙམ་ལས་མི་གསུངས། ཁུ་སྟོན་གྱིས་གཞན་དྲོ་གསོལ་བའི་བར་དུ་ལྕགས་ཀྱི་སྐམ་པ་ཞིག་ཐོགས་ཏེ་ད་ལྟ་རེ་འབྲོམ་སྟོན་གྱིས་ཁྱེར་ནས་ང་དབང་མི་འོང་ཟེར་ནས་གདུང་ཐོམ་བུ་གང་ཁྱེར། དེ་ལ་ཁོང་གིས་ཙྪ་འགའ་བཏབ་སྟེ་གང་དགར་བཞག་པ་ལས་བཅག་ནས་གདུང་ཁྱེར་བས་ཇོ་བོའི་གདུང་འཕེལ་བ་ཡིན་གསུངས།
གཞན་དགེ་བཤེས་སྟོན་པས་འོ་མའི་ནང་དུ་དྲི་སྤོས་མང་པོ་བླུགས་ཏེ་གདུང་རྣམས་དེར་ཅུང་ཟད་རེ་བཅུག་ཅིང་གདན་དྲངས་སྐད། དུམ་བུ་གཅིག་མི་ཞིག་གིས་ཁྱེར་བ་སྟོན་པས་གཟིགས་ནས་ཚུར་ཤོག་དང་གསུངས། ཚུར་འོངས་པ་དང་ཐུ་ཁུད་དུ་བཏུམས་པ་དང་བྲེགས་ནས་ཁྱོད་ད་ངའི་བླ་མའི་གདུང་གིས་ཞོ་ཉེས་ཆང་ཉེས་སྲུང་བར་འདོད་ཏེ་ང་མི་ཉན་གྱིས་གསུངས། དགེ་བཤེས་སྟོན་པའི་ཐུགས་དགོངས་ལ་ཇོ་བོའི་གདུང་དང་ཕྱག་དཔེ་དང་རྟེན་ཁྱད་པར་ཅན་ཤས་གཅིག་བྱུང་ན་ཡོ་བྱད་ཅི་ཡང་མི་འདོད་དགོས་སྙམ་དུ་དགོངས་པ་ལ། དགེ་འདུན་རྨ་ཚོ་ཀུན་གཞི་འདི་ངེད་ཀྱི་ཡིན་པས་ཇོ་བོའི་ཡོ་བྱད་ལ་ཕད་མར་བྱར་མི་འོང་ཟེར་བས་ཐུགས་མ་བདེ་ཡང་ཐུགས་ཟབ་ལ་དཀྱེལ་ཆེ་བས་མ་བདེ་བར་མངོན་པ་མེད་པའི་སྐབས་སུ། རྗེ་བཙུན་སྒྲོལ་མ་མནལ་ལམ་དུ་བྱོན་ནས་ཁྱོད་ཀྱི་གཉེར་ཀ་ཐམས་ཅད་ངས་བྱེད་པ་ཡིན་གྱིས་གསུངས་པ་ཞིག་རྨིས།
དེ་ནས་ཞག་གསུམ་དྲོ་དང་བཞིའི་ནངས་པར་ཀ་བ་ཤཱཀྱ་དབང་ཕྱུག་དྲེའུ་དཀར་མོ་ཞིག་ལ་ཆིབས་ཏེ་གཉེའི་ན་མོ་ཆེའི་མགོ་ན་མར་ལ་ཨ་ཏི་ཤ་ཟེར་ནས་བཤུམས་ཤིང་བྱོན། ད་ཀ་རྒན་ཁོ་རང་གཉེར་ཆེ་དགོངས་ནས་ཐུགས་འབལ་གྱིས་སོང་སྟེ་ལྡེ་མིག་རྣམས་ཀ་བའི་ཕྱག་ཏུ་ཕུལ། ཀ་བ་ཁུ་རྔོག་འབྲོམ་གསུམ་གྱི་ཐུགས་ཀྱི་གཏོད་ས་ཡིན་སྐད། ཀ་བས་དགེ་བཤེས་སྟོན་པ་ཇི་ལྟར་བཞེད་པ་དུ་མཛད་དེ། ཕའི་རུས་པ་བུ་ལ་དགོས་པ་ཡིན་པས་ཇོ་བོའི་གདུང་འདི་རྣམས་ཁྱོད་ཀྱིས་ཚགས་གྱིས། རྒྱ་དཔེ་ལོ་ཙཱ་བ་ལ་དགོས་པ་ཡིན་པས་ཁྱོད་ཀྱིས་ཚགས་གྱིས། རྟེན་རྩིས་ཆེ་ཤོས་བླ་མ་གསེར་གླིང་པའི་དངུལ་གདུགས་ཅན་ཅན་ཡང་ཁྱོད་ཀྱིས་ཟབ་ལེགས་པར་བྱས་གསེར་སྐུའི་འབུལ་ས་ཨ་པོ་ཁུ་སྟོན་རང་ཡིན་གསུངས་ནས་མཉེས་སྐད། ཁུ་སྟོན་ལ་བླ་མ་གསེར་གླིང་པས་གནང་བའི་གསེར་སྐུ་ཐུབ་པ་ཆེན་པོ་དེ་ཕུལ་བས་འབུལ་མཁན་འབྲོམ་སྟོན་ཡིན་སྙམ་ནས། ཁུའི་ཞལ་ནས་ད་དེས་འབྲོམ་སྟོན་གྱིས། རྣལ་འབྱོར་པ་ཆེན་པོ་ལ་རྣལ་འབྱོར་པ་གསུམ་གྱིས་རབ་གནས་མཛད་པའི་ཡི་གེ་དྲུག་པ་ཞིག་ཕུལ། དགོན་པ་བ་ལ་ཇོ་བོའི་ཐུགས་དམ་མི་གཡོ་བ་ཞིག་ཕུལ་ཏེ་ད་ལྟ་རྭ་སྒྲེང་ན་ཡོད། གསང་ཕུ་བ་ལ་མཆོད་རྟེན་བརྒྱད་པ་དང་དངུལ་གདུགས་ཅན་ཞིག་དང་། ཇོ་བོ་ཉིད་ལ་ཆོས་གསུངས་པའི་རྗེ་བཙུན་མ་སྒྲོལ་མའི་གསེར་སྐུ་ཞིག་ཕུལ། འོར་དུ་ཡང་མཆོད་རྟེན་བརྒྱད་པ་དང་ཐུབ་པ་ཆེན་པོ་གཙོ་འཁོར་ལྔ་པ་དང་སྨན་གྱི་བླ་དང་མཆོད་སྡོང་བསིལ་བྱེད་དང་ལུགས་སྐུ་ཆང་ཆུང་མང་དུ་བཞུགས།
དེ་ནས་ལུག་གི་ལོ་ལ་ཇོ་བོའི་འདས་ཆེན་པོ་མཛད་དེ་དགེ་བཤེས་སྟོན་པས་འཕགས་པ་བརྒྱད་སྟོང་པ་གསུངས། རྣལ་འབྱོར་པ་ཁྲི་མཆོག་གིས་སྤྱོད་འཇུག་གསུངས། གཞན་རྣམས་ཀྱིས་ཀྱང་སོ་སོའི་ཆོས་རེ་གསུངས། བསྙེན་བཀུར་དུས་སུ་ཀ་བ་ཤཱཀྱ་དབང་ཕྱུག་གིས་གཏམ་བཏང་ནས་གཞན་རྣམས་ཇི་ལྟར་བྱེད་པ་གྱིས། ང་རྦ་རག་གི་བུ་ཚོ་རྣམས་ཀྱི་འབུལ་བ་འདིར་ཞོགས། ཇོ་བོའི་གདན་སར་ལྷ་ཁང་བྲེ་ཙམ་ཞིག་རྩིག་དགོས་བྱས་པས་ཀུན་གྱིས་བཞག་སྟེ། རྦ་རག་རྣམས་ངེད་ཀྱི་གནས་ཡིན་ཟེར། གཞན་རྣམས་ནི་སྤྱི་མཆོད་ཡིན་ཟེར་བ་ལགས་སྐད།
ག༽ འཕྲིན་ལས་ཀྱི་རྒྱུན་བསྟན་པ་ཇི་ལྟར་དར་བ།
འཕྲིན་ལས་ཀྱི་རྒྱུན་བསྟན་པ་ཇི་ལྟར་དར་བ་ནི། ཇོ་བོ་ལ་སློབ་མ་སྤྱིར་རྒྱ་གར་དང་ཨུ་རྒྱན་དང་ཁ་ཆེ་དང་བལ་ཡུལ་དང་བོད་ཡུལ་ན་མང་པོ་བཞུགས་ཀྱང་། ཐུང་མོང་མ་ཡིན་པའི་སློབ་མ་ལྔ་སྟེ། དབུ་ལྟ་བུ་རཏྣ་ཨ་ཀ་ར། སྤྱན་ལྟ་བུ་བོདྷི་པ། ཕྱག་གཡས་པ་ལྟ་བུ་བཤེས་གཉེན་གསང་བ། ཕྱག་གཡོན་ལྟ་བུ་དབུ་མའི་སེངྒེ་། ཐུགས་ལྟ་བུའི་སའི་སྙིང་པོ་རྣམས་ཇོ་བོ་ཉིད་དང་བྱིན་རླབས་མི་མཉམ་མཁྱེན་པ་མཉམ་པར་གྲགས་པ་ཡིན་ནོ།།
གྲུབ་པ་ཐོབ་པའི་སློབ་མ་མང་པོ་བྱོན་ཏེ་རྒྱ་གར་ཚུན་ཆད་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ཡིན། བོད་ཡུལ་དུ་སྤྱིར་རབ་ཏུ་བྱུང་བ་དང་སྔགས་པ་དང་སྐྱེ་བོ་ཁྱིམ་པ་ཐམས་ཅད་ཀྱིས་ཆོས་འབྲེལ་བྱས་ཤིང་བཀའ་དྲིན་གྱིས་ཁྱབ་པ། ཁྱད་པར་དུ་སློབ་མ་ཆེན་པོ་མངའ་རིས་པ་ལྷ་བཙུན་བྱང་ཆུབ་འོད། ལོ་ཙཱ་བ་གསུམ། གཙང་པ་མགར་འགོས། ཡེང་འབྲོག །སེ་གཟངས། ཡོལ་མཆེད་གཉིས། ལྷོ་བྲག་ཕྱག་ཁྲི་མཆོག །བཙུན་པ་དགེ་སྐྱོང་། དབུས་པ་ཁུ་རྔོག་འབྲོམ་གསུམ། ཁམས་པ་ཕྱ་དར་སྟོན་པ། རྣལ་འབྱོར་པ་རྣམ་པ་གསུམ་ལ་སོགས་པ་མང་པོ་བྱོན་ནས་བསྟན་པ་རྒྱས་པ་མཛད་དེ་ལོ་ཙཱ་བའི་བསྟོད་པ་ལས།
བླ་མ་བོད་དུ་མ་བྱོན་ན། །ཐམས་ཅད་ལོང་བ་བཞིན་དུ་འགྱུར། །
མཁྱེན་པ་རྒྱས་པ་ཁྱོད་བྱོན་པས། །བོད་དུ་ཡེ་ཤེས་ཉི་མ་ཤར། །
ཞེས་སོ། །དེ་ལ་དགེ་བཤེས་ལོ་ཙཱ་བ་ནི་ཇོ་བོ་དང་བཀའ་དྲིན་མཉམ་པར་ཡང་བྱེད། བོད་སྟོན་ཐམས་ཅད་ཀྱིས་སློབ་དཔོན་ཞེས་ཟེར་བ་ཡིན། འཇམ་པའི་རྡོ་རྗེ་དང་སྒྲོལ་མ་དང་ཡི་གེ་དྲུག་པའི་ཞལ་གཟིགས། ཇོ་བོའི་ཆོས་རྣམས་ལ་ཁོང་གིས་མི་མཁྱེན་པ་གཅིག་ཀྱང་མེད་པ་བྱས་ཀྱང་མི་འགལ་བ་ལྟ་བུ་ཡིན་ཏེ། ཁོང་ཉིད་ཀྱི་ཡི་གེ་ལས་ཀྱང་།
ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། །
ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་སྐན། །
ཞེས་འབྱུང་ངོ་།།
ཁུ་སྟོན་གཡུང་དྲུང་བརྩོན་འགྲུས་ལ་སྤྱིར་ཇོ་བོའི་ཆོས་མང་དུ་མངའ་ཡང་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་དང་། གཤིན་རྗེ་གཤེད་ཀྱི་མན་ངག་ལ་རྩལ་ཐོན། རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོའི་ཆོས་མང་དུ་མཁྱེན་ཡང་དབུ་མའི་ལྟ་བ་ལ་རྩལ་ཐོན་ཞིང་སྒྲོལ་མའི་ཞལ་གཟིགས། འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་ཇོ་བོའི་ཆོས་མང་དུ་མཁྱེན་ཡང་སྐྱེས་བུ་གསུམ་གྱི་གདམས་པ་འཁོར་བ་ལ་སྐྱོ་བ་བསྐྱེད་ཅིང་བློ་བཟློག་ནས། སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་པ་ལ་རིམ་གྱིས་སྦྱོར་བ་མངོན་པར་རྟོགས་པ་ལམ་གྱི་རིམ་པ་ལ་རྩལ་ཐོན། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཁྱད་པར་དུ་བླ་མ་ལ་གསོལ་བ་ཐེབས་པ་ཡིན་ཏེ། རྭ་སྒྲེང་ན་བཞུགས་པའི་དུས་སུ་ཇོ་བོ་ལ་གསོལ་བ་བཏབ་པས་དངོས་སུ་བྱོན། དེ་ལ་ཉམས་དགའ་ནས་ཡང་ཡང་གསོལ་བ་ཏབ་པས་དངོས་སུ་བྱོན། དེ་ལ་ཉམས་དགའ་ནས་ཡང་ཡང་གསོལ་བ་བཏབ་པས་བཅོམ་ལྡན་ཤཱཀྱ་ཐུབ་པ་བྱོན་པས་དགེ་བཤེས་སྟོན་པའི་ཞལ་ནས་བླ་མ་དང་ཡི་དམ་ངོ་བོ་གཅིག་པ་ཨང་གསུངས།
རྣལ་འབྱོར་པ་ཁྲི་མཆོག་གིས་མངོན་པ་ལ་རྩལ་ཐོན་ཞིང་། འཇིག་རྟེན་དབང་ཕྱུག་གི་ཞལ་གཟིགས། བཙུན་པ་དགེ་སྐྱོང་གིས་སྒྲོལ་མའི་ཞལ་གཟིགས། མགར་འགོས་ལ་གསང་སྔགས་ཀྱི་གདམས་པ་མ་ལུས་པ་གནང་སྟེ་སྔགས་པ་སེངྒེ་འདྲ་བ་བྱུང་། ཁྱད་པར་དུ་མགར་གྱིས་འཕགས་སྐོར་དང་བདེ་མཆོག་ལ་རྩལ་ཐོན། རྣལ་འབྱོར་པ་ཆེན་པོས་ཇོ་བོའི་ཆོས་མ་ལུས་པ་མཁྱེན་ཅིང་བདེན་གཉིས་དང་ལས་ཁ་ཚར་བ་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་དང་། འཇམ་དཔལ་འགྲོ་བའི་ཞལ་གཟིགས། དགོན་པ་བས་སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང་། ཁྱད་པར་དུ་སྒོམ་གྱི་གདམས་པ་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་པའི་ཞལ་གཟིགས། རྣལ་འབྱོར་པ་ཤེས་རབ་རྡོ་རྗེས་སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང་ཁྱད་པར་དུ་གྲུབ་མཐའ་ལ་རྩལ་ཐོན། ཡི་གེ་དྲུག་པའི་ཞལ་གཟིགས་རྫུ་འཕྲུལ་ཡང་ཐོབ་སྐད། ཕྱ་དར་གྱིས་སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང་ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྩལ་ཐོན། རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན་གྱིས་ཉན་ཐོས་ཀྱི་སའི་ཡོན་ཏན་ཐོབ་ཅིང་། གཞན་གྱི་སེམས་ཤེས། རྔོག་སྒོམ་ཡོན་ཏན་རྒྱལ་པོས་ཐུགས་རྗེ་ཆེན་པོའི་ཞལ་གཟིགས། བང་སྟོན་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ཇོ་བོའི་བཀའ་དྲིན་གྱིས་ཐུགས་རྒྱུད་ཁྱད་པར་ཅན་དུ་འཁྲུངས་པ་དང་དངོས་གྲུབ་བརྙེས་པའི་གང་ཟག་བསམ་གྱིས་མི་ཁྱབ་པ་བྱོན་ནོ།།
དེ་རྣམས་ལས་ཀྱང་ཁུ་རྔོག་འབྲོམ་སྟོན་གསུམ་སྲས་ཀྱི་གཙོ་བོ་ཡིན། དེ་ལ་ཁུ་ནི་བོད་འདི་ལྟར་འདོད་ཨ་ཏི་ཤ་འདི་ལྟར་འདོད་དོ། །སྐབས་འདིར་བོད་ཀྱི་རང་བདེ་གསུངས་ནས་སུན་འདོན་པར་ཡང་མཛད། རྔོག་ནི་བོད་འདི་ལྟར་འདོད། ཨ་ཏི་ཤ་འདི་ལྟར་འདོད་ཅེས་གཉིས་སུ་བྱེད་ཀྱང་སུན་མི་འདོན། འབྲོམ་ནི་སྔར་སེ་བཙུན་གྱི་ཆོས་རྣམས་ཇོ་བོའི་ཆོས་དང་མཐུན་པ་རྣམས་མཐུན་ཞེས་བྱ། མི་མཐུན་པ་རྣམས་མཚམས་བཞག་ནས་ཇོ་བོའི་གསུང་ཇི་ལྟ་བ་བཞིན་དུ་མཛད་པས་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བཤེས་སྟོན་པ་ཁོ་ན་ཕན་ཆེ་བར་བྱུང་བ་ཡིན།
དེས་ན་སྲས་ཀྱི་གཙོ་བོ་འགྲན་ཟླ་བྲལ་བ་ཐུགས་ཀྱི་དཀྱེལ་ཆེ་ཞིང་། མཁྱེན་པ་རྒྱ་མཚོ་ལྟ་བུ་མངའ་བ་བླ་མ་མཉེས་པའི་སློབ་མ་དགེ་བཤེས་སྟོན་པ་ཡིན་ནོ། །དགེ་བཤེས་སྟོན་པས་ཇོ་བོ་འདས་ནས་ལོ་གཅིག་གཉེ་ཐང་དུ་བཞུགས་ནས་ཇོ་བོའི་ཐུགས་དགོངས་རྫོགས་པར་བྱ་བ་དང་། གདུང་བཞུགས་པའི་ལྷ་ཁང་བྲེ་ཙམ་ཞིག་གཉེ་ཐང་ཉིད་དུ་བཞེངས་པར་དགོངས་པ་ལ། གཞན་དག་གིས་བང་སྟོན་ལ་དགེ་བཤེས་སྟོན་པ་དང་། རྣལ་འབྱོར་ལ་གོང་འོག་ཀུན་ལ་ཤོལ་ཐོབ་བྱས་པས། བང་སྟོན་ན་རེ། འབྲོམ་སྟོན་པས་ཀྱང་གོ་མ་ཆོད་ཆོས་ཟབ་མང་པོའི་ཡང་གགས་བྱས། རྣལ་འབྱོར་པ་གོང་འོག་འདི་ཀུན་རྟ་རྫི་དང་ཡོས་འཐག་ཡིན། ཁོ་རང་གར་དགའ་བར་ཐོངས། ཨ་ཏི་ཤ་ཡིད་བཞིན་གྱི་ནོར་བུ་དེ་ནི་འདས་ཟེར་སྐད།
དེ་ནས་དགེ་བཤེས་སྟོན་པའི་ཐུགས་དགོངས་ལ་གནམ་གྱི་བྱེ་མ་ལུང་དུ་བཞེངས་པར་དགོངས་ནས་ཉམས་དགའ་མོ་ན་དགེ་བཤེས་དགོན་པ་བ་ལ་སོགས་པ་བཞུགས་པ་ལ་གཤེགས་པར་ཞུས་པས། དགོན་པ་བ་ན་རེ། ང་ལ་ཡུལ་འདི་པ་ཀུན་ཕན་ཡང་མི་འདོགས་གནོད་པ་ཡང་མི་བྱེད་ངའི་དགེ་སྦྱོར་འདི་ན་འཕེལ་བས་མི་འགྲོ་ཟེར། འོ་ན་ཇོ་བོའི་ས་ཀྲ་འདེགས་སོ་བྱས་པས་འོ་ན་ང་ཅི་ཟ་གསུངས་ནས་བྱོན། དགེ་བཤེས་གསང་ཕུ་བའི་ཞལ་ནས་ང་ལ་ཡང་ཇོ་བོའི་གདུང་ཞིག་ཞུ་གསུངས་པ་ལ། སྟོན་པའི་ཞལ་ནས་ཇོ་བོའི་གདུང་བཞུགས་པ་ལ་འོ་ཅག་གཉིས་པ་དངུལ་གྱི་མཆོད་རྟེན་རེ་རེ་བྱེད། དེའི་བར་དུ་ངས་ཚགས་བྱ། དེ་ཚར་བའི་དུས་སུ་དགེ་སློང་ཚུལ་ཁྲིམས་དག་པ་གཉིས་སྤྱན་འདྲེན་དུ་ཐོངས། གདུང་དཀར་ཡོལ་གང་བརྫང་བར་བགྱི་གསུངས།
དེ་ནས་ཇོ་བོའི་ཁྱི་གསུམ་ཁྲིད་སྦྲ་དཀར་ནག་གཉིས་ཁྱེར་ཏེ་ལྷག་རུལ་དེ་རྣམས་ནམས་མ་དགའ་སེ་འབྲོག་པ་སྐྱེད་པ་བཞིན་དུ་ཐོ་རེ་ལང་ངེ་བྱོན། ཇོ་བོའི་དམ་ཅན་ཤ་ཟ་མ་མཆེད་བཞི་ཡོད་པ་ཡང་གཞི་ལ་མི་སྡོད་པར་གཅིག་གསང་ཕུ་བའི་ཕྱིར་བྱོན། གསུམ་དགེ་བཤེས་སྟོན་པ་དཔོན་གཡོག་གི་ཕྱིར་བྱོན་ནས་གཉིས་ད་ལྟ་རྭ་སྒྲེང་ན་བཞུགས། གཅིག་སྤྱན་སྔའི་ཕྱིར་བྱོན་ནས་ལོ་ན་བཞུགས་གསུངས། དེའི་དུས་སུ་དགེ་བཤེས་སྟོན་པའི་ཞལ་ནས་ཇོ་བོའི་གདུང་འདི་རྣམས་དགེ་བསྙེན་དང་དགེ་ཚུལ་ལ་ཡང་མི་བསྐུར། ཁང་ནག་དུ་བ་ཅན་དུ་ཡང་མི་བཞུགས་གསུངས་ནས། དགེ་སློང་ཚུལ་ཁྲིམས་དག་པ་གཉིས་ཀྱིས་སྤྱན་དྲངས་ནས་བྱོན། སྟོད་ལུང་གཞོང་པའི་ནང་དུ་སྦྲ་གཉིས་ཕུབ་སྟེ་དཀར་པོར་གདུང་བཞུགས། ནག་པོར་གཡོས་མཛད་ནས་དགུང་གཅིག་བཞུགས། དེ་ནས་ཡར་ལྷབ་ཀྱི་ནང་དུ་དགུང་གཅིག །ཡལ་བ་སྣུབས་ཀྱི་ནང་དུ་དགུང་གཅིག །ལམ་པ་གསེར་ཕུག་གི་ནང་དུ་དགུང་གཅིག་མཛད་ནས་གནམ་གྱི་བྱེ་མ་ལུང་དུ་བྱོན། ཨ་མེ་བྱང་ཆུབ་ཀྱིས་ཇོ་བོ་འདས་པ་བལ་ཡུལ་དུ་ཐོས། དེར་དེ་ན་བཞུགས་པའི་དགེ་འདུན་རྣམས་ངེད་ཀྱི་བྱིན་གྱིས་རློབས་ཟེར། གནས་པོ་ང་དབང་ཟེར་ཏེ་རྣལ་འབྱོར་པ་བྲོས་སུ་དོགས་ནས་སྒོར་སྟ་རེ་ཐོགས་པའི་མི་མང་པོས་བསྲུངས་པ་དང་། ཁོང་གི་ཐུགས་ལ་ཇོ་བོས་དཀོན་མཆོག་ལ་བསྔོས་པ་ལ་འདི་འདྲ་བྱེད་པ་སྙིང་རྗེ་སྙམ་ནས་མཚན་འཕྲལ་ཇོ་བོ་ལ་གསོལ་བ་བཏབ་སྟེ། ནངས་པར་ན་བཟའ་ཕུ་རུང་ཆེན་པོ་ཅན་ཞིག་ཡོད་པར་གསེར་རྣམས་བཅུག་དར་ཟབ་མང་པོ་ཡོད་པ་རྣམས་ད་ཁྱེད་ཁྱེར་དང་ཁྱེད་ཁྱེར་དང་ཟེར་ཞིང་ཐོར་ཐོར་བོར་ཏེ་སྒོ་ན་མར་བྱོན་པས་ཇོ་བོའི་བྱིན་རླབས་ཀྱིས་མི་དེ་རྣམས་ཧད་དེ་ལས་མི་གདའ་སྐད། རྒྱ་གར་ན་རྒྱལ་ཁྲིམས་ཀྱིས་བསྐུར་བས་འོང་བས་གསེར་རྣམས་བསྐུར་བར་གདའ།
དེ་ནས་མང་ཡུལ་དུ་བྱོན་ནས་ཇོ་བོ་ནི་འདས། འདི་ཀུན་ཀར་བསྡད་སྙམ་པ་ལ་དགེ་བཤེས་སྟོན་པས་སྤྱན་འདྲེན་པ་བཏང་སྟེ་གནམ་གྱི་བྱེ་མ་ལུང་དུ་བྱོན་པར་གདའ། དེར་བཤེས་སྟོན་པའི་དབུ་ཞྭ་ཙོག་ཙོག་ཡོད་པ་དེ་གཟིགས་པ་དང་ཐུགས་སྤྲོ་སིང་བ་བྱུང་བ་སྐད། དེར་གཙུག་ལག་ཁང་བཞེངས་པར་བཞེད་པ་ལ་ཁྱི་སྟོན་ཇོ་ལེ་སྐད་པས་ཕྲག་དོག་བྱས་ཏེ་ཐུགས་མ་བདེ་ནས་དགེ་བཤེས་སྟོན་པའི་ཞལ་ནས་ཇོ་བོ་བཀའ་དྲིན་མ་ཆེ། ཁོ་བོ་ལ་མི་འགྲུབ་ངེས་པའི་བོད་ཐོར་ལ་ཚ་ཡ་བཀལ་གསུངས། དེའི་དུས་སུ་ཉིན་གཅིག་སྤྲང་མོ་ཞིག་བྱུང་། དགེ་བཤེས་སྟོན་པས་གང་ནས་འོངས་དྲིས་པས་ཀླུང་ཤོད་ནས་འོངས་ཟེར། དེ་ངོས་ནས་གཏམ་གསར་པ་མི་འདུག་གམ་གསུངས་པས། གཞན་མི་འདུག་ཞང་འཕྲང་ཀ་བེར་ཆུང་གི་བུ་ཇོ་སྲས་ཆོས་གྲགས་བྱ་བ་ཞིག་དགེ་བཤེས་སྟོན་པ་བྱ་བ་ཞིག་སྤྱན་འདྲེན་དུ་བཏང་བ་འཕན་ཡུལ་གྱི་ངན་ཆུས་ཁྱེར་ཟེར་ཞིང་འདུག་ཟེར་བས། དགེ་བཤེས་སྟོན་པའི་ཞལ་ནས་གཏམ་གསར་ནི་ཆེ་གསུངས། དེ་ནས་ཡང་ཞང་གིས་སྤྱན་འདྲེན་པ་བཏང་བས་ཁོང་ཡུས་ཆེ་བ་དང་དགེ་བཤེས་ཉིད་བྱོན་པ་ལ་དགྱེས་པས་དེ་མ་ཐག་ཞལ་གྱིས་བཞེས། སྔོན་ལ་ཐུགས་དམ་འཇམ་པའི་རྡོ་རྗེ་བསྐུར། དེའི་རྗེས་ལ་རྭ་སྒྲེང་དུ་བྱོན་ཏེ་ཆགས་ཕབ་ནས་གཙུག་ལག་ཁང་བཞེངས་སུ་གསོལ་བའི་ཐིག་བཏབ་པའི་ཚེ། དགེ་བཤེས་སྟོན་པའི་ཞལ་ནས་ཇོ་བོའི་གདན་ས་འདི་ལ་ཤིན་ཏུ་ངོ་མཚར་བའི་རྟགས་ཁྱད་པར་ཅན་མང་པོ་བྱུང་བས་ཁྱེད་རྣམས་ཀྱིས་མཆིལ་སྣབས་ལ་སོགས་པ་གང་ཡང་མ་དོར་ཞིག་གསུངས།
དེ་ནས་རྣལ་འབྱོར་པ་ཁྲི་མཆོག་ཇོ་བོའི་གདུང་ཁང་གི་དངུལ་ལྡོན་པ་དང་། ཇོ་བོའི་ཕྱག་དཔེ་རྣམས་རྒྱ་གར་དུ་བསྐུར་བའི་འཕྲིན་ཡིག་དང་བཅས་པའི་མི་མང་དུ་བརྫངས། ཁྲི་མཆོག་གི་བལ་ཡུལ་དུ་བྱོན་ནས་དངུལ་རྣམས་ལྗང་པར་བྱས་ཏེ་ཀ་པ་ལིར་བཅུག་ནས་ཚུར་བྱོན་པའི་རྨི་ལམ་དུ་ཇོ་མོ་སྒྲོལ་མའི་ཞལ་ནས་སང་རས་འཚོང་བ་ཞིག་འོང་གིས་དེ་ང་ལ་ཕུལ། དེ་ལྟར་བྱས་ནས་ལམ་དུ་བར་ཆད་ཀྱིས་མི་ཚུགས་གཉེར་ཀ་ཐམས་ཅད་ངས་བྱ་ཡིས་གསུངས་པ་རྨིས། སང་རས་འཚོང་མི་བྱུང་ནས་ཇོ་མོ་ལ་བསྔོས་ཏེ་བྱོན་པས་དཔལ་མ་དཔལ་ཐང་ལ་ཆོམ་རྐུན་པ་མང་པོ་བྱུང་ནས་ཚོང་པ་ཟླ་བོ་ཐམས་ཅད་བཅོམ། རྣལ་འབྱོར་པ་ཁྲི་མཆོག་གིས་དངུལ་གྱི་ལྗང་པ་དེ་རྣམས་གད་སྐྱིབས་ཤིག་ཏུ་བཞག་པས་མ་བཅོམ་པར་ཟངས་ཀྱིས་ཐོན་ཏེ་ཇོ་མོའི་བྱིན་རླབས་ཡིན་གསུངས། དེ་རྭ་སྒྲེང་དུ་དགེ་བཤེས་སྟོན་པ་ལ་བཤད་པས་སྒྲོལ་མ་དཀར་སྔོ་གང་དུ་འདུག་གསུངས། དེ་མ་དྲན་བྱས་པས་དེ་གཉིས་ཀ་བཞེངས་གསུངས་ནས་རས་དེ་ལ་སྒྲོལ་མ་དཀར་སྔོ་གཉིས་བཞེངས་ནས་ད་ལྟ་རྭ་སྒྲེང་ན་བཞུགས། རི་མོ་ལ་ལྟ་རྒྱུ་མི་འདུག་སྟེ་ཤིན་ཏུ་བྱིན་རླབས་ཆེ་སྐད།
དེ་ནས་རྒྱ་གར་གྱི་ལྷ་བཟོ་མཁས་པ་ཨ་ཙར་མ་ནོ་ཞེས་པ་ལ་གདུང་ཁང་དུ་དངུལ་གྱི་མཆོད་རྟེན་ནང་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱི་མཆོད་གྱི་རྣམ་པར་བཞེངས། གཟུངས་རྣམས་དངུལ་གྱི་ལྗང་པ་ལ་ཡི་གེ་བསྐོས་མ་བྲིས་ནས་ཡོད་སྐད་དེ་མང་པོ་མི་ཤོང་གསུངས། རྔོག་གིས་གསང་ཕུའི་གཙུག་ལག་ཁང་བཞེངས། རྭ་སྒྲེང་གི་ལ་དཔེ་བྱས་ནས་དངུལ་གྱི་གདུང་ཁང་ལེགས་པ་ཞིག་བཞེངས་ཏེ། དགེ་སློང་ཚུལ་ཁྲིམས་དག་པ་གཅིག་སྤྱན་འདྲེན་དུ་བཏང་བ་ལ་གདུང་དཀར་ཡོལ་གང་བསྐུར་ནས་བཞུགས་སོ།།
ཁུ་སྟོན་གྱིས་འདྲེན་མི་རྡུར་ཞེས་པའི་གཙུག་ལག་ཁང་བཞེངས། དགེ་བཤེས་སྟོན་པ་དང་གསང་ཕུ་བས་དངུལ་གྱི་གདུང་ཁང་རེ་རེ་བཞེངས་པ་གསན་པས་དངུལ་གྱི་གདུང་ཁང་རི་རབ་བཀྲ་ཤིས་སྒོ་མང་ཚ་གསེར་མ་བྱས་པ་ཞིག་བཞེངས་ཏེ། དེའི་གཡས་གཡོན་དུ་གསེར་སྐུ་དངུལ་སྐུ་གཉིས་བཞུགས་སྐད། བང་སྟོན་གྱིས་གཉེ་ཐང་འོར་གྱི་གཙུག་ལག་ཁང་བཞེངས་སོ།།
དགེ་བཤེས་ལོ་ཙཱ་བས་རས་ཁྲུ་བཞི་པ་ཞིག་ལ་རྒྱ་གར་གྱི་ལྷ་བཟོ་མཁས་པ་ཀྲི་སྣ་པ་ཞེས་པས་བྲིས་ཏེ། སྟོད་ན་ཕར་ཇོ་བོའི་ཐུགས་དམ་གྱི་ལྷ་རྣམས་བྲིས། དེའི་འོག་ན་ཕར་ཇོ་བོའི་བླ་མ་བཅུ་གཉིས་པོ་བྲིས། དེའི་འོག་ཏུ་ཇོ་བོ་ཉིད་ཀྱིས་སྐུ་སྐུ་ཚད་དུ་ཁྲུས་གཞལ་བ་ཞིག་བཞེངས། གཡས་གཡོན་གཉིས་སུ་ཉེ་གནས་ལྡེམ་སྐུར་བྱས། གཡས་གཡོན་གྱི་ཁ་རས་ལ་ཇོ་བོའི་མཛད་པ་རྣམས་བྲིས། དེའི་འོག་ཏུ་ཁུ་རྔོག་འབྲོམ་གསུམ་ལ་སོགས་པ་བོད་སྟོན་རྣམས་ཆོས་གྲྭའི་ཚུལ་དུ་བྲིས། དེའི་མདུན་དུ་ལོ་ཙཱ་བ་ཉིད་གསོལ་འདེབས་ཀྱི་ཚུལ་དུ་བྲིས། དེའི་རྒྱབ་ཏུ་ཇོ་བོའི་བསྟོད་པ་བརྒྱད་ཅུ་པ་བྲིས་ནས། དེ་ལ་རབ་གནས་མཛད་པའི་དུས་སུ་དགེ་བཤེས་ལོ་ཙཱ་བའི་ཞལ་ནས་བླ་མ་ཉིད་ཀྱིས་དགའ་ལྡན་ནས་བྱོན་པར་ཞལ་གྱིས་བཞེས་པས་བླ་མ་ཉིད་དང་ཁྱད་པར་མེད་པ་ཡིན་གསུངས། དེ་མངའ་རིས་སྐོར་གསུམ་གྱི་རྟེན་ལ་རྩིས་ཆེ་བ་ཡིན་སྐད། ད་ལྟ་ཡང་ཐོག་གི་ལྷ་ཁང་ན་བཞུགས་ཤིང་ཡོད་གསུངས།
རོང་པ་མགར་དགེ་བས་ཇོ་བོ་འདས་པ་མ་གསན་པར་འབུལ་བ་སྐྱེལ་དུ་བྱོན་པ་ལ། གནམ་གྱི་མཚོ་ལ་གོང་དུ་འདས་པ་གསན་པས་དགེ་བསྙེན་རྒན་པ་ལ་མི་སྐྱེལ་ཟེར་ཏེ་ཕྱིར་ལོག་ནས་ནོར་དེ་རྣམས་ལ་དངུལ་གྱི་གདུང་ཁང་མི་ཙམ་ཞིག་བྱས། ཇོ་བོའི་གདུང་སྐལ་མེད་ཀྱང་དགེ་བཤེས་སྟོན་པ་ལ་ཞུ་མ་ནུས་པ་ལ། དགེ་བཤེས་སྟོན་པས་གདུང་སྟག་སྦར་གང་བསྐུར་བས་མཉེས་ནས་ཕྱིས་རྭ་སྒྲེང་དུ་འབུལ་བ་ཆེན་པོ་བྱས་གསུངས།
དེ་ལྟར་དབུས་སུ་ཇོ་བོའི་གདན་སར་གཙུག་ལག་ཁང་བཞི་བཞེངས་པ་ལས། འོར་རྦ་རག་གིས་ཁྱེར། སེ་རྡུར་སླུ་མེས་ཀྱིས་ཁྱེར། གསང་ཕུ་འབྲིང་ཚོར་ཁྱེར། རྭ་སྒྲེང་ནི་དགེ་བཤེས་སྟོན་པ་ཐུགས་ཟབ་ལ་དཀྱེལ་ཆེ་བས་གང་གི་ཕྱོགས་སུ་ཡང་མ་ལྷུང་བ་རྦ་མི་རག །སླུ་མི་མེས། འབྲིང་མི་ཚོ། འོ་ན་གང་ཡིན་ན། འབི་ཀྲ་མ་ཤཱི་ལའི་གནས་ཆུང་། ཇོ་བོའི་གདན་ས། དགེ་བཤེས་སྟོན་པའི་ཐུགས་དམ། བཀའ་གདམས་རིན་པོ་ཆེའི་སྤྱི་མེས། རྗེའི་མངའ་རིས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཐམས་ཅད་ཀྱི་སྤྱི་མཆོད་ཡིན་ནོ། །བདེ་བར་གཤེགས་པས་ལུང་ཡང་བསྟན་ཏེ། འཇམ་དཔལ་བརྟན་པ་རོལ་པའི་རྒྱུད་ལས།
ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སངས་རྒྱས་བསྟན་པ་གར་རྒྱས་པ། །
བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་གྱི་དབུས། །སྨན་རྣམས་སྣ་ཚོགས་པ་རིའི་མགུལ། །
སྤོས་ཤིང་ནགས་ཚལ་རྒྱས་པའི་གཙུག་ལག་ཁང་། །ཡི་གེ་དང་པོ་ར་ལ་དེ་འོག་སྒྲེང་། །
ཞེས་དང་། མདོ་རྒྱས་འབྲིང་དག་ལས། སངས་རྒྱས་ཀྱི་བསྟན་པ་ཡུལ་བར་ན་ཏི་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་ཆ་དེ་ཉིད་དུ་རྒྱས་པར་འགྱུར་རོ་ཞེས་གསུངས་སོ།།
ཇོ་བོའི་ལོ་རྒྱུས་ཕྱོགས་རེ་བ་ཀུན་ལ་ཡོད་དེ། །རྒྱས་པ་འདི་གཞན་ལ་མེད། །འདི་གང་ལས་བྱུང་ན་དགེ་བའི་བཤེས་གཉེན་རོང་པ་ཕྱག་སོར་བ་ཉིད་ཀྱིས་སྐྱེ་བ་བཅུ་གསུམ་དྲན་པའི་མངོན་ཤེས་མངའ་བ་བསྒོམས་པའི་སྟོབས་ཀྱིས་རིག་པའི་གནས་ལྔ་ཐུགས་སུ་ཆུད་པ་དེ་ལས་བྱོན་ཏེ། དེས་ཇོ་བོའི་གདམས་པ་བཙལ་བའི་ཕྱིར་ཇོ་བོའི་དངོས་སློབ་བརྒྱད་ཉིང་སློབ་གཉིས་ཏེ་བཅུ་ལ་བརྟེན་ནས་ཇོ་བོའི་ཆོས་དང་སྐུ་ཆེ་བའི་ཡོན་ཏན་ཞུས་པས། དངོས་སློབ་རྣམས་གསུང་མཐུན་པར་བྱུང་བ་ལ་ཉིང་སློབ་གཉིས་མ་མཐུན་པ་ལ་བརྟེན་ནས་དགེ་བཤེས་ཕྱག་སོར་བའི་ཐུགས་དགོངས་ལ་ཇོ་བོ་ལོ་བཅུ་དགུ་བསྟེན་པའི་ལོ་ཙཱ་བ་ཆེན་པོ་གུང་ཐང་ན་ད་དུང་བཞུགས་པར་འདུག །ཇོ་བོ་བཞུགས་ཀྱང་ལོ་ཙཱ་བར་དུ་འཇུག་པ་ལས་མེད། དེ་ལ་རང་གཅིག་ཐུག་དགོས་སྙམ་ནས་ཡར་བྱོན་པས་ལོ་ཙཱ་བ་ཡང་ཐོག་ན་བཞུགས་པ་དང་མཇལ་ནས། དང་པོར་གསང་སྔགས་ཀྱི་གདམས་པ་འགའ་ཞིག་ཞུས་ནས་བག་ཕབ། དེ་ནས་ཕྱི་དེ་ལོ་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་གདམས་པ་ཞིག་ཞུ། ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་དང་། བོད་དུ་སྤྱན་དྲང་ལུགས་ཤིག་ཞུ་ཞེས་ཞུ་བ་ཕུལ་བས། ལོ་ཙཱ་བའི་ཞལ་ནས་དེ་ལ་ང་མཁས་པ་ཡིན་ཏེ་ཁྱེད་མིན་པ་རྩ་གཅོད་པ་རང་མ་བྱུང་གསུངས། ལོ་རྒྱུས་རྒྱས་པ་འདི་གསུངས་སྒྲུབ་པའི་གདམས་པ་ཡང་མ་ལུས་པར་གནང་། དེ་ནས་བྱོན་ཁར་ཁྱོད་གནས་འདི་ལྟ་བུ་ཞིག་ཏུ་སྒྲུབས་ཤིག་གསུངས་ནས་ལག་སོར་དགོན་པའི་ལུང་བསྟན་ཡང་མཛད། སྐྱེལ་ཐུང་མཛད་ནས་འགྲོ་ཆོས་སུ།
དལ་འབྱོར་རྟེན་ཅན་གྱི་ཤེས་རབ་ཅན། །ཚེ་འདིར་ཇི་ལྟར་བྱས་ཀྱང་ཕྱིད། །
བླ་མེད་བྱང་ཆུབ་རྙེད་པར་དཀའ། །འབད་པ་ཆེན་པོ་བྱ་འཚལ་ལོ། །
གསུངས། བྱོན་པའི་ཚེ་ཕོད་མདོ་བས་སྣེ་ལེན་བྱས་ཏེ་མདོ་རྩ་དང་བསླབ་བཏུས་གསུངས། དེ་ནས་ལག་སོར་དགོན་པར་མཚམས་བཅད་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་དུས་སུ་པ་ཚབ་འཕྲང་ཀ་རྗེའི་འཁྲུག་པ་སྡུམ་པའི་ཚེ་ཕོད་མདོར་དགེ་བཤེས་རྨ་ཚོ་དང་མཇལ་བས་དད་ནས། འོན་འཇང་དོར་སྤྱན་དྲངས་ཏེ་ཆོས་བཙུགས། དེའི་དུས་ཀྱི་རྨ་ཚོའི་ཞར་ཆོས་པ་ཆེན་པོ་བཞིས་ཇོ་བོའི་ཆོས་ཞུས་རོང་པའི་བུ་བཞིར་གྲགས། ཟུལ་ཕུ་བ་ལ་གདམས་པ་དང་ལོ་རྒྱུས་ཉུང་བསྡུས་ཤིག་བྱུང་། རོག་སྟག་ཅན་པ་ལ་གདམས་པ་མང་ཞིང་ལོ་རྒྱུས་ཉུང་བ་ཞིག་བྱུང་། རྣམ་འཕར་བས་ལོ་རྒྱུས་མ་བྲིས་པར་འདུག །ཞུ་ལྡན་པའི་གདམས་པ་དང་ལོ་རྒྱུས་གཉིས་ཀ་ལེགས། ཁྱད་པར་དུ་ལོ་རྒྱུས་ཞིབ་པར་མཛད་ནས་གདའ་སྐད། ཡི་གེ་དེ་རྣམས་ཐམས་ཅད་ཟུལ་ཕུ་བ་ཆེན་པོའི་ཕྱག་ཏུ་བྱོན་ནས་ཕྱོགས་གཅིག་ཏུ་མཛད་པ་ཡིན་ནོ།།
བརྗོད་བྱའི་ལུས། བྱང་ཆུབ་སེམས་དཔའ་བྱ་འདུལ་བ་འཛིན་པ་ཆེན་པོའི་ཇི་ལྟ་བ་བཞིན་ལས་བླ་མའི་གསུང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཏེ། ཇོ་བོ་ཆེན་པོ་ལྷ་གཅིག་གི་ཡོན་ཏན་གངས་ཆེན་མཚོ་ལྟར་མཐའ་ཡས་པ་ལས་དད་པའི་མྱུ་གུ་གསོ་བའི་ཕྱིར་ཆུ་ཐིགས་ཙམ་ཞིག་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་དགེ་སློང་ནམ་མཁའ་གྲགས་ཀྱིས་བསྡེབས་པའོ། །ཆིག་ཞུས་བགྱིས་སོ།། །།
དཔྱད་གཞིའི་ཡིག་ཆ།
[1] ཇོ་བོ་རྗེའི་རྣམ་ཐར། སྣར་ཐང་གསེར་ཕྲེང་། པོད། ༼༡༽ ཤོག་གྲངས་ ༢༨ན༡ ནས་ ༡༦༦ན༦བར་གསལ་བ་ལས་བཏུས་པའོ།།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༡༤༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།