ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ།

༄༅། །ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་བཞུགས་ལགས་སོ།།

ལུང་བསྟན་པའི་ཚུལ་རགས་རིམ་པ་ཡིན་ལགས།

 

༼འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ (1004/1005-1064) མཛད།༽

 

༄༅། །རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ནས་བླ་མ་དམ་པ་གསེར་གླིང་པས། །བྱམས་པ་ཐོགས་མེད་རྗེས་སུ་འབྲངས་པ་ཡིས། །བསམ་པ་སེམས་བསྐྱེད་གདམས་ངག་དུ་མས་བསྐྱངས། །ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་འགྲེལ་རྣམས། །ཐམས་ཅད་ཡོངས་སུ་རྫོགས་པར་རྗེ་ལ་གནང་། །ཐེག་པ་ཐུན་མོང་རྣམ་པར་བཞག་པ་དང་། །གྲུབ་མཐའི་འདོད་ལུགས་དུ་མའང་རྣམ་པར་བསྟན། །

མདོར་ན་ཐེག་པ་ཆེ་ཆུང་མ་ལུས་པའི། །རྣམ་པར་བཞག་པ་ཐམས་ཅད་བསྟན་རྗེས་སུ། །རྒྱ་གར་དམ་པ་ཆོས་ཀྱི་ཕོ་བྲང་ནས། །མཁས་པའི་པཎ་ཆེན་ཉི་ཤུ་རྩ་གཉིས་ཀྱིས། །དགེ་སློང་ཞིག་ལ་སྤྲིང་ཡིག་འདི་བསྐུར་བ། །སངས་རྒྱས་རྣམས་དང་དེའི་བསྟན་པ་དང་། །ཡོངས་འཛིན་རྣམས་ཀྱི་ཞབས་ལ་གུས་བཏུད་ནས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ཏེ། །དཀའ་བ་བརྒྱ་ཕྲག་སྤྱད་ཅིང་ཐར་པར་བྱོན། །མགོན་པོ་དེ་ཡིས་གསུང་རབ་ཐམས་ཅད་ལ། །ཁྱོད་ནི་ཚད་མའི་སྐྱེས་བུར་གྱུར་པ་ལགས། །མཁས་པ་ཁྱོད་ཀྱིས་བསྟན་པའི་སྒོར་ཞུགས་ནས། །སོ་སོར་ཐར་པའི་བླང་དོར་ཞིབ་མོ་ལ། །མཁས་པ་ཀུན་གྱིས་མཁན་པོར་བཀུར་བ་ན། །དགྲ་བཅོམ་རྣམས་ཀྱིས་སྨད་པར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་སྨོན་འཇུག་སེམས་བསྐྱེད་ནས། །བུ་གཅིག་པོ་ལ་མ་ནི་བརྩེ་བ་ལྟར། །འགྲོ་བ་ཐམས་ཅད་དང་དུ་བླངས་པ་ན། །སྐྱེས་བུ་ཆེན་པོ་སྨད་པར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་གསང་སྔགས་སྒོར་ཞུགས་ནས། །རྡོ་རྗེ་ཐེག་པར་དཔའ་བོ་བསྟེན་པ་ན། །ཐམས་ཅད་ལྷའི་ངོ་བོར་གཟིགས་པའི་ཚེ། །རྡོ་རྗེ་འཆང་གིས་སྨད་པར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་བླ་མ་བསྟེན་པ་ན། །ཐམས་ཅད་མཉེས་ཤིང་དམ་ཚིག་ཕུན་ཚོགས་ནས། །ཤེས་བྱ་ཀུན་གྱི་བདག་པོར་གྱུར་པ་ན། །ཕྱོགས་བཅུའི་སྒྲོན་མེར་སྨད་པར་གྱུར་མ་ལགས། །ཁྱོད་ཀྱིས་ཐོས་བསམ་སྒོམ་གསུམ་མ་ལུས་པ། །བསྡུས་ཏེ་སྟན་ཐོག་གཅིག་ཏུ་སྤྲུགས་པ་ན། །སྐྱེ་འཕགས་ཐམས་ཅད་དབང་དུ་བསྡུས་པའི་ཚེ། །རྒྱུ་འབྲས་ལས་ཀྱིས་ཁྲེལ་བར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་རྒོལ་བ་བཟློག་པ་ན། །ཉི་མ་དང་པོར་ཀུན་གྱིས་གོ་མོད་ཀྱི། །བཞི་ལྔ་ཙམ་ནས་མཁས་པ་ཀུན་གྱིས་གོ །དེ་ནས་ཁྱོད་ཉིད་ལྷམ་མེར་གྱུར་པ་ལགས། །ཉི་མ་བཅུ་པའི་དུས་ཚོད་གྱུར་པ་ན། །མུ་སྟེགས་སྟོན་པས་སྤྲུལ་པ་སྣ་ཚོགས་བཀྱེས། །དེ་ཚེ་བར་སྣང་ཁྱོད་ཀྱི་དར་གྱིས་བཀང་། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ་ཞེས། །ཁྱོད་ཉིད་ཕྱོགས་ལས་རྒྱལ་བར་གྱུར་པ་ལགས། །ཉི་མ་བཅུ་གསུམ་དུས་སུ་གྱུར་པ་ན། །མུ་སྟེགས་བྱེད་ཀྱི་དཀྱིལ་འཁོར་རླུང་ལ་བསྐུར། །མེ་དང་ཆུ་རྣམས་ཁྱོད་ཀྱི་ཐལ་མོས་བཅོམ། །བཅུ་གསུམ་གདུགས་ནི་ཁྱོད་ལ་ཕུབ་པ་ལགས། །དེ་ནས་པཎ་ཆེན་ཉི་ཤུ་རྩ་གཉིས་ཀྱིས། །ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་རྣམས། །བསྟན་པའི་བདག་པོར་ཤེས་ནས་ཁྱོད་ལ་གཏད། །ཀུན་གྱིས་སྤྱི་བོའི་གཙུག་ཏུ་བཀུར་བ་ལགས། །དེ་ནས་མཁས་པ་ཁྱོད་ནི་རྫིངས་བཅས་ནས། །གཅེན་པོ་ས་ཡི་བདག་པོ་འགྲན་ཟླ་བཅོམ། །མཁས་པ་ཁྱོད་ཀྱིས་དགྲ་བཅོམ་དུ་མ་བསྡུས། །སྐྱེ་བོ་རྣམས་ཀྱི་ཡིད་དབང་ཕྲོགས་པ་ལགས། །དེ་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་ན། །བདུད་དང་མུ་སྟེགས་གཅིག་ཏུ་ཁ་འགྲིལ་ནས། །ས་དང་རླུང་གཡོས་རྒྱ་མཚོ་དཀྲུགས་པའི་ཚེ། །བསྟན་སྲུང་ཐམས་ཅད་དམག་ཏུ་འཐིབས་པ་ལགས། །

དེ་ནས་རྒྱ་མཚོའི་གླིང་དུ་སླེབས་པ་ན། །དབང་ཕྱུག་ཆེན་པོས་ཁྱེད་ལ་བསྡོས་པའི་ཚེ། །ཁྱོད་ཁྲོས་བེ་ཅོན་རི་ལ་བརྒྱབ་པ་ཡིས། །བཤགས་ནས་མཚོ་ཁོལ་དབང་ཕྱུག་བརྟུལ་བ་ལགས། །ཨེ་མ་ཁྱོད་ཀྱིས་རྫིངས་བཅས་དེང་སང་བར། །ལོ་བདུན་ཟླ་བ་བཅུ་གཅིག་འདས་པ་ན། །བདག་ཅག་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ། །ཁྱོད་བསམས་ད་དུང་བྱོན་པར་མ་གྱུར་ལགས། །ཨེ་མ་མཁས་པ་ཁྱོད་ཉིད་མི་བཞུགས་པས། །ཡུལ་གྱི་དབུས་འདི་མཐའ་འཁོབ་ལྟ་བུར་གྱུར། །ད་ནི་མཁས་པ་ཆེན་པོ་མྱུར་དུ་བྱོན། །ཡུལ་གྱི་དབུས་འདི་ཆོས་ཀྱིས་བསྐྱང་དུ་གསོལ། །ཞིང་དེ་ཆོས་ཀྱི་གྲགས་པར་ཡོངས་གསོལ་ནི། །ཡོངས་འཛིན་ཁྱོད་ཀྱིས་ངེད་ཀྱི་ལྷ་དེ་རྫོངས། །རིགས་ངན་གླིང་ནི་རྒྱལ་པོའི་ཕོ་བྲང་མིན། །རྔ་མོའི་སུ་གླང་པོའི་སྣ་མི་ཤོང་། །མཁའ་ལྡིང་ཆེན་པོ་ཅོ་གའི་ཚང་ཞུགས་ཀྱང་། །ཚང་དེར་སོར་མོ་ཙམ་ཡང་ག་ལ་ཤོང་། །རྒྱ་མཚོའི་ནང་དུ་ཆུ་ཕྲན་བླུགས་གྱུར་ཀྱང་། །གཏིང་མཐའ་ཡངས་པས་བྲི་གང་ག་ལ་ནུས། །འབྲུ་ཤོད་འབྲས་ཀྱི་ཡུལ་ན་ཅོག་མོ་ཞིག །འབྲས་ཕུལ་གང་གིས་བྱ་བརྒྱ་བོག་ཅེས་ཐོས། །ངམ་ཤོད་བྱེ་མའི་རོང་ན་མེར་མོ་ཞིག །རྒྱལ་བློན་སྲིད་སྐྱོང་བའི་མདུན་མ་ལས། །མ་སྨད་འཁྲུགས་པ་བསྡུམས་ན་བྱ་དགའ་ཡོད། །རྒྱལ་བློན་ཁོ་རེ་ཆུང་ཞེས་ཟེར་བ་ཐོས། །ནགས་ཁྲོད་སྤེན་ཚེ་ཅན་གྱི་ཕོ་བྲང་ན། །བྱི་བའི་རྒྱལ་པོ་ཧོམ་ཟི་བྱ་དེ། །ནགས་ཁྲོད་འགྲིམ་པ་སྟག་གི་རྒྱལ་པོ་ལ། །འགྱིང་ཞིང་གླལ་བ་བསླབ་བྱ་བྱེད་པ་ཐོས། །ད་ནི་རིང་པོར་མི་ཐོགས་རྒྱ་མཚོ་ལ། །འཁོར་བཅས་རང་གི་རྫིངས་སུ་ཞུགས་ཏེ་བྱོན། །གཏམ་དེ་གསེར་གླིང་རྒྱལ་པོའི་སྙན་དུ་བརྒྱུད། །དེ་མ་ཐག་ཏུ་བླ་མས་འཛུམ་མཛད་ནས། །ས་ཡི་བདག་པོ་རྒྱལ་སྲིད་རྣམས་སྤངས་ནས། །འབངས་ཀྱི་ཚུལ་དུ་བླ་མ་བརྒྱ་ཕྲག་བསྟེན། །ཆགས་པ་མེད་པར་དཀའ་སྤྱད་གོ་གོན་ནས། །ཤེས་བྱ་འདི་ལ་ཕྱོགས་རིས་མེད་པར་བསླབས། །འོན་ཀྱང་ནོར་རྫས་འབྱོར་པས་གཏམས་གྱུར་ཀྱང་། །ལེགས་པར་སྦྱར་བའི་གཡོ་ངག་མ་ཟོས་ན། །ཟས་ཀྱི་རྐྱེན་གྱིས་ལུས་སྲོག་འབྲལ་བ་སྲིད། །དེ་ཕྱིར་མཁས་པས་ཤེས་ནས་དྲུང་འདིར་བྱོན། །གང་ལ་ཡོན་ཏན་གཞན་གྱིས་བརྗོད་པ་ལས། །རང་གིས་ཉམས་སུ་མྱོང་བ་ཚད་མ་ཡིན། །འོན་ཀྱང་དཱི་པཾ་དེ་ལ་ཤོག་ཅེས་གསུངས། །ཨ་ཏི་ཤ་ཡིས་དྲུང་དུ་བྱོན་པ་དང་། །བླ་མ་དེའི་ཞལ་ནས་འདི་སྐད་གསུང་། །མཁས་པ་ཁྱོད་ཀྱིས་ངའི་དྲུང་དུ་ཞུགས་ནས། །ལོ་དྲུག་ཟླ་བ་བདུན་དུ་སོང་བ་ལས། །བདག་གི་ཡོན་ཏན་ཐམས་ཅད་རྫོགས་པར་བྱས། །

ད་ནི་རེ་ཞིག་རྒྱ་གར་དབུས་སུ་སོང་། །ཐེག་པ་ཆེ་ཆུང་ཡོངས་ཀྱི་བདག་པོ་མཛོད། །མཐོ་ཁུར་དམའ་སྐྱོང་མཉམ་དང་འགྲོགས་ཤེས་གྱིས། །ངང་བསྲིངས་རྒྱུད་ཐུལ་བསྟན་པ་སྤྱི་ལ་སོམས། །དབུས་ཀྱི་གཙུག་ལག་ཁང་རྣམས་ཟུང་གྱིས་ལ། །རལ་བ་གསོས་ལ་ཞུ་དག་གད་བདར་མཛོད། །པཎ་ཆེན་བརྒྱ་ཕྲག་མགོར་བསྟེན་གུས་པས་བསྟེན། །གནས་བརྟན་རཏྣ་ཨ་ཀ་ར་ལ་ཞུས། །གནས་ལ་ངེས་མེད་གཙུག་ལག་ཡོངས་སུ་འགྲིམས། །ཕྱི་ནང་ཤན་ཕྱེ་བསྟན་པའི་བདག་པོ་མཛོད། །ལེགས་པར་གཏན་ལ་ཕོབ་ལ་ཡང་འདིར་ཤོག །ལན་དུ་ཨ་ཏི་ཤ་ཡིས་འདི་སྐད་གསུངས། །པཎ་ཆེན་ལྔ་བཅུ་རྩ་གཉིས་ཐུགས་རྒྱལ་ཆེ། །བླ་མ་ཁྱེད་ནི་ཤིན་ཏུ་ཞིང་ས་གཉན། །རེ་ཞིག་གསུང་རྣམས་བདག་གིས་བསྒྲུབ་པར་བགྱི། །ལམ་དུ་ཉེར་ཞོ་མེད་པར་བྱིན་གྱིས་རློབས། །དེ་ནས་བླ་མས་རྒྱ་མཚོའི་འགྲམ་དུ་བསྐྱལ། །དེ་ཚེ་བླ་མས་འཁོར་རྣམས་ཐམས་ཅད་ལ། །འགྲོ་བའི་སྐྱེས་འདི་བརྩེ་བས་སྙན་དུ་ཕུལ། །རྟག་ཏུ་དཱི་པཾ་ཀ་ར་གུས་པས་བསྟེན། །ཕྲ་ཞིབ་ལས་ལ་འཛེམ་བག་ཆེ་བར་མཛོད། །ང་རྒྱལ་ཆུང་ཞིང་སྒྱིད་ལུག་མེད་པ་དང་། །ཆགས་སྡང་མེད་ཅིང་རང་ཚུགས་ཟིན་པ་དང་། །ཀུན་ལ་འགྲོགས་ཤེས་བྱམས་བརྩེ་ཆེ་བར་མཛོད། །འཁོར་གྱི་ཚོགས་ཀྱིས་དེ་ལ་ལན་གསོལ་བ། །བླ་མ་རྡོ་རྗེ་གདན་ལ་སྙོམས་པར་བཞུགས། །བདག་ཅག་རྣམས་ལ་ཐུགས་རྗེ་རྒྱང་སྲིངས་ལ། །འཕྲིན་ལས་བཟང་པོས་ཉོན་མོངས་གདུང་བ་ཆོད། །ཡིད་དབང་ཚིམ་ལགས་ད་དུང་མཇལ་བར་སྨོན། །

དེ་ནས་རྫིངས་བསྡམས་ཟླ་བ་དགུ་ཙམ་དུ། །རྫིངས་ལ་འོངས་ཏེ་རྡོ་རྗེ་གདན་དུ་བྱོན། །དབུས་པ་ཡོངས་ཀྱིས་རྗེ་ལ་བསུ་བ་མཛད། །དེ་ནས་ཆོས་རྒྱལ་རྣམས་དང་པཎ་ཆེན་དང་། །དགེ་འདུན་ཐམས་ཅད་རང་སར་ཐུགས་མཐུན་པར། །གཙུག་ལག་ཁང་ཆེན་བརྒྱ་རྩ་བརྒྱད་ཕུལ་ནས། །ཆོས་རྒྱལ་ཆེན་པོར་ཀུན་གྱིས་མངའ་དབང་བསྐུར། །དེ་ནས་གཙུག་ལག་ཁང་རྣམས་ཐམས་ཅད་དུ། །ཤནྟི་པ་དང་ནཱ་རོ་པ་ལ་སོགས། །ཞུ་དག་མཛད་ཅིང་བསྟན་བཅོས་མང་དུ་མཛད། །གཞན་ཡང་རང་སའི་ས་བདག་ཡོངས་བསྐུལ་ནས། །གཙུག་ལག་ཁང་གི་རལ་གྲུམས་ཐམས་ཅད་གསོས། །དེ་ཡི་དུས་སུ་ཕྱོགས་དང་ཕྱོགས་མཚམས་སུ། །ཨ་ཏི་ཤ་ཡི་སྙན་པས་ཁྱབ་པར་གྱུར། །ལྷག་པར་རྒྱ་ནག་སྟོང་ཁུན་རྒྱལ་པོ་ཡིས། །ཨ་ཏི་ཤ་ཡི་སྙན་པ་ཆེར་ཐོས་ནས། །དཀའ་སྤྱད་ཆེན་པོས་ཇོ་བོ་སྤྱན་དྲངས་ཀྱང་། །བསོད་ནམས་དབང་གིས་ཇོ་བོ་སྤྱན་མ་འདྲོངས། །གཞན་ཡང་རྒྱ་གར་ལྷོ་བྱང་ཐམས་ཅད་དང་། །ཤར་ནུབ་མཐའི་རྒྱལ་པོ་ཀུན་གྱིས་ཀྱང་། །སྤྱན་དྲངས་བསོད་ནམས་དབང་གིས་སྤྱན་མ་འདྲོངས། །ཁ་ཆེ་བལ་པོ་ལ་སོགས་རྒྱལ་པོས་ཀྱང་། །སྤྱན་དྲངས་བསོད་ནམས་དབང་གིས་སྤྱན་མ་འདྲོངས། །

དེ་ནས་གདན་འདྲེན་ཡོངས་ལ་ཐུགས་བརྩེ་ཞིང་། །གཤེགས་པར་མ་ནུས་ཤིན་ཏུ་ཐུགས་སྐྱོ་བས། །དཔོན་གཡོག་ལྔ་བཅུ་ཚོང་པར་བཅས་པ་ཡིས། །རང་གི་རྫིངས་སུ་ཞུགས་ཏེ་རྒྱ་མཚོ་ལ། །ཟླ་བ་དགུ་ཙམ་གསེར་གླིང་ཉིད་དུ་བྱོན། །ལོ་གཉིས་ཉེ་བར་གསེར་གླིང་པ་ལ་བརྟེན། །ཆོས་ཀྱི་ལེ་ལག་ལྔ་བརྒྱ་ཙམ་ཞིག་ཞུས། །དེ་ཡང་རབ་གནས་སེམས་བསྐྱེད་བསྔོ་བ་དང་། །ཁྲུས་དང་ཆོས་སྐོར་སཙྪ་རབ་གནས་དང་། །རུས་ཆོག་ལམ་སྲུང་ཉེ་འབྲེལ་བརྟག་པ་དང་། །མདོ་སྡེ་བཀླག་ཐབས་མཎྜལ་བྱ་ཐབས་དང་། །ཐ་ན་ངན་སོང་སྦྱོང་ཐབས་ཡན་ཆད་ནས། །སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་སོགས་པའི། །ཕན་བྱ་ཐམས་ཅད་བརྩེ་བའི་ཐུགས་ཀྱིས་གནང་། །ཨེ་མ་བླ་མ་དེ་ནི་སྙིང་རྗེ་ཆེ། །འགྲོ་ལ་བྱམས་ཤིང་བག་ཡོད་ལྡན་གྱུར་པས། །ཆོས་སྤྱོད་དགེ་བའི་ལས་ཀ་ཅི་བྱེད་ཀྱང་། །བདེན་བདེན་ཏིག་ཏིག་ལྟ་བུར་ནན་ཏན་མཛད། །ལྟ་བའང་སྣང་བ་ཙམ་གྱི་དབུ་མ་འཛིན། །ཕལ་ཆེར་སེམས་ཙམ་ལྟ་བུར་གསུང་བ་ལ། །ལན་ཅིག་ཇོ་བོས་ཟླ་གྲགས་གསུང་བཞིན་དུ། །མི་གནས་པ་ཡི་དབུ་མའི་གསུང་གླེངས་པས། །བླ་མའི་ཞལ་ནས་མཁས་པ་ལེགས་སོམས་དང་། །བྱ་ཁྱུང་ཆེན་པོ་ནམ་མཁའི་མཁའ་སྤྱོད་ཀྱང་། །རྒྱུ་འབྲས་ས་ཡི་སྟེང་དུ་རྩི་བ་ཡིན། །གནས་ལུགས་ནམ་མཁའ་ལྟ་བུར་དག་སྲིད་ཀྱང་། །ལས་འབྲས་འདི་ལ་གཅེས་སྤྲས་བྱ་འཚལ་ལོ། །ལན་ཅིག་ཇོ་བོས་མཆོད་པ་བཤམས་གྱུར་ཏེ། །ཡན་ལག་བདུན་པ་རྒྱས་པར་ཕུལ་བ་ན། །བླ་མའི་ཞལ་ནས་ལེགས་སོ་འདི་ལྟར་ལེགས། །ཇི་སྲིད་བཙན་ས་ཟིན་པར་མ་གྱུར་བར། །འདི་ལྟར་དད་གུས་ཆེན་པོས་ཚོགས་གསོག་ཅིང་། །དགེ་སྡིག་ལས་ལ་འཇུག་ལྡོག་བྱ་འཚལ་ལོ། །

གཞན་ཡང་ཇོ་བོས་ཐབས་ལ་མཁས་པ་ཡིས། །མདོ་དང་བསྟུན་ཅིང་གནས་ལུགས་ཞུས་པ་ན། །དེ་ལྟར་བདེན་མོད་འོན་ཀྱང་སྙིང་རྗེ་ཟབ། །ད་དུང་སྟོང་པའི་ཐད་ཁམས་ཆེས་གྱུར་ན། །ཕྲ་ཞིབ་ལས་ལ་བསྐུར་བ་བཏང་པ་སྲིད། །གཞན་ཡང་ཇོ་བོས་ཐབས་མཁས་དུ་མ་ཡིས། །ལྟ་བ་དབུ་མ་ཆེན་པོ་དྲངས་གྱུར་ཀྱང་། །ཅུང་ཟད་འགྱུར་ཀྱང་གཏིང་ནས་མ་འགྱུར་བས། །ལན་ཅིག་དངུལ་གདུགས་ཅན་གྱི་ཕོ་བྲང་དུ། །སྒྲོལ་མ་ཡུམ་ལ་གསོལ་བ་གུས་བཏབ་པས། །སྒྲོ་བསྐུར་དྲི་མའི་སྐྱོན་གྱིས་མ་བསླད་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་གང་། །ཆོས་ཀྱི་གནས་ལུགས་མཐའ་བྲལ་སྙིང་པོའི་དོན། །བླ་མ་འདི་ཡི་ཐུགས་ལ་བསྐྱེད་དུ་གསོལ། །དེ་ནས་ལོ་གཉིས་ཟླ་ཕྱེད་ལྷག་པ་ན། །ཇོ་བོས་དབུས་སུ་འབྱོན་པར་ཆས་པའི་ཚེ། །བླ་མས་བོད་དུ་ལུང་བསྟན་གསུངས་པ་ནི། །ལྷ་གཅིག་འདི་རུ་མ་བཞུགས་བྱང་དུ་བྱོན། །བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་དུ་བྱོན། །དེ་ནི་རི་བོ་སྤོས་ངད་ལྡན་པའི་ངོགས། །ཀུན་ནས་སྤང་ལྗོངས་མེ་ཏོག་བཀྲ་བའི་ཚལ། །རྩི་ཤིང་ནགས་ཚལ་ཕྱོགས་མཐར་རྒྱས་པའི་ཁྲོད། །ཆུ་མིག་ནེའུ་གསིང་རྫིང་བུས་བརྒྱན་པའི་འགྲམ། །བུང་བ་འཕུར་ལྡིང་གླུ་དབྱངས་ལེན་པའི་ས། །ལྷ་བྱ་འཕུར་ལྡིང་བག་ཕེབས་རྒྱུ་བའི་ཡུལ། །ཆུ་བྱ་དབྱངས་སྙན་གླུ་དབྱངས་འཚེར་བའི་གནས། །རི་མཐོ་ས་གཙང་སྤོས་རྒྱ་ལྟ་བུའི་ཡུལ། །ཆུ་བུ་བཞི་འབབ་དབྱར་དགུན་ཕྱེད་པའི་ཕྱོགས། །སྤྱན་རས་གཟིགས་ཞིང་ཆོས་རྒྱལ་སྤྲུལ་པའི་ཡུལ། །དེར་སོང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཞིང་དེའི་བདག་པོ་འབྲོམ་རྗེ་སྤྲུལ་པའི་སྐུ། །ཁྱོད་ཀྱི་སྲས་ཡིན་སྣ་ཚོགས་སྤྲུལ་པ་འགྱེད། །སྤྱན་རས་གཟིགས་ཡིན་འགྲོ་རྣམས་ཐུགས་རྗེས་སྐྱོང་། །ཞིང་ཁམས་དེ་ན་དུག་སྦྲུལ་གླང་ཆེན་དང་། །སྟག་དང་མི་རྒོད་གཅན་གཟན་འཇིགས་པ་དང་། །དྲེད་དང་ཆུ་སྲིན་ས་གཡོས་ལྕེ་འབབ་པའི། །འཇིགས་པ་མེད་པར་དཔའ་བོ་བག་ཕེབས་རྒྱུ། །སྐྱེ་བོ་མ་ཎི་པདྨེའི་གླུ་དབྱངས་སྒྲོག །ཐེག་ཆེན་བློར་ཤོང་མུ་སྟེགས་འཇིགས་པ་མེད། །འོན་ཀྱང་བླུན་པས་འཇུག་ལྡོག་རྣམས་མི་ཤེས། །ཆོས་པ་ཉུང་ཞིང་ཡོད་པ་ཐོ་ཆོ་ཆེ། །ཕྲ་ཞིབ་ལས་ལ་འཛེམ་པ་ཆེས་ཉུང་བས། །ཁྱོད་སོང་བོད་ཁམས་ཡོངས་ཀྱི་བདག་པོ་མཛོད། །

དེ་ནས་ཇོ་བོས་དེ་ལ་ཕར་གཟིགས་ནས། །བོད་ཀྱི་སྣང་ཚུལ་མཐོང་སྟེ་སྐྲག་པར་གྱུར། །འོན་ཀྱང་བླ་མའི་གསུང་ལ་ལན་བཏབ་པ། །ཐུགས་རྗེ་ཆེན་པོ་བདག་ལ་གསན་དུ་གསོལ། །བོད་དེ་བླུན་འཐོམས་བྱིས་པ་གདོལ་པའི་ཡུལ། །ས་རྩུབ་རོང་དོག་གཡང་ས་ཤིན་ཏུ་ཆེ། །ངམ་ནག་འཕྲང་དོག་རི་མགོ་གངས་ཀྱིས་བསྐོར། །རྣམ་གཞག་མ་ཆགས་གཙང་ཤུན་མ་ཕྱེད། །ཞེ་སྡང་བདུག་རྩུབ་རྒོད་བག་ཤིན་ཏུ་ཆེ། །བློ་མང་མཐོ་འགྲིམ་ཕྱི་ཐག་ཤིན་ཏུ་ཐུང་། །བྱད་དམར་སྣ་ལེབ་ཤ་མར་ཟས་སུ་ཟ། །སྣ་རྣོ་གཡོ་ཆེ་ཀུན་ལ་ཁྲམ་དུ་རྒྱུགས། །ཕ་མ་རྒན་རབས་དག་ལ་དེར་མི་འཛིན། །གཙོ་བོ་མཁན་སློབ་དག་ལ་དེར་མི་འཛིན། །བསོད་ནམས་ཐམས་ཅད་སའི་དུར་དུ་སྦེད། །ཡོན་བསྔོ་དགེ་རྩ་བསགས་སྦྱང་སྡིག་ལ་སྦྱོར། །མཆོད་གཏོར་བསྙེན་བཀུར་ཁ་ཏོན་སྡོམ་ཁྲིམས་བྲལ། །བུད་མེད་རེ་བ་ནག་པོ་སྐེད་ལ་དཀྲིས། །མིག་དམར་རལ་པའི་སྣ་ལ་སྟག་མགོ་འཆང་། །ཤ་ཟ་ཁྲག་འཐུང་ཕུང་བའི་འཁོར་ལོ་བསྐོར། །སྒྱུ་མ་སྡོག་ཅིང་རྒྱུ་མའི་ཞགས་པ་འཕེན། །གཙུག་ལག་ཁང་ན་བུད་མེད་བུ་ཆུང་དང་། །ཁྱི་དང་ཁྱིམ་བྱ་ལ་སོགས་བོང་སྐད་འདོན། །དཀོན་གཉེར་དཀོར་ཟ་སྐྱེ་བོ་སྡིག་ལ་སྦྱོར། །སྡེ་དགོན་འཐབ་ཅིང་ང་བདག་རུས་པ་རྩོད། །དམ་པའི་ངག་ལ་མི་ཉན་རང་དགར་སྨྲ། །དམ་ཉམས་ཁྲིམས་འཆལ་འབོག་ཆོལ་ཆེན་པོའི་ཡུལ། །ཞིང་དེ་བདག་གི་འདུལ་བར་ཅང་ནུས་སམ། །ཨེ་མ་ཧོ་བདག་གི་མཐའ་འཁོབ་ཇི་ལྟར་ཐུལ། །འོན་ཀྱང་སྤྲུལ་པའི་མི་རེང་དཀར་པོ་གཅིག །གངས་ཀྱི་རི་ལ་དཔའ་བོའི་སྤྱང་སློག་གོན། །ལྕང་ལོའི་སྐྲ་ཡིས་ཁམས་གསུམ་དཔུང་པ་མནན། །མུ་ཏིག་ཕྲེང་བས་ཐབས་དང་ཤེས་རབ་སྦྲེལ། །གྲི་ཆེན་བཞི་ཡིས་བདུད་བཞིའི་སྲོག་རྩ་གཅོད། །སྐེ་རགས་དྲུག་འཁྱུད་ཕ་རོལ་ཕྱིན་པས་གདམས། །སྤྱན་ཡངས་ཟླུམ་པོས་བལྟས་པས་བར་ཆད་ཟློག །མཆེ་བ་ལན་ཕུར་གཙིགས་པས་ཁྲོ་བོར་སྟོན། །ཟླུམ་ཞིང་དུལ་བར་བཞུགས་པས་ཞི་བར་སྟོན། །ཆ་ལུགས་དཀར་པོ་བསྟན་པས་སེམས་དཔའི་གཟུགས། །ཉོན་མོངས་གདུག་རྩུབ་ཞི་བས་ཉན་རང་ཚུལ། །སྟོང་ཉིད་སྙིང་རྗེས་གནས་པས་བདེ་གཤེགས་སྐུ། །སྦས་པའི་བརྟུལ་ཞུགས་མཛད་པས་གསང་སྔགས་ལྷ། །སྤྲུལ་པ་དུ་མས་བདེ་གཤེགས་འཕྲིན་ལས་སྐྱོང་། །དེ་ནི་བདག་གི་ཐུ་བོ་དམ་པར་མཐོང་། །ཡ་མཚན་འོད་ཟེར་འབར་བའི་དཀྱིལ་འཁོར་དེར། །བདག་གིས་འཕྲིན་ལས་ཆེན་པོ་སྐལ་བ་བཟང་། །བདག་གི་བླ་མ་མགོན་པོ་གསེར་གླིང་པ། །ཁྱེད་ཀྱི་གསུང་དང་འགལ་བ་མི་བགྱིད་དོ། །བླ་མ་མཉེས་སྨོན་ལམ་ཆེན་པོ་བཏབ། །ཟླ་བ་བཅུ་རུ་གཟིངས་སུ་ཞུགས་ནས་བྱོན། །

དེ་ནས་འཁོར་བཅས་འོད་མའི་ཚལ་དུ་བྱོན། །གཙུག་ལག་ཁང་རྣམས་ཕུན་སུམ་ཚོགས་པར་མཛད། །དེ་ནས་ཀཽ་ཤམྦྷ་ཡི་གནས་སུ་བྱོན། །ཟླ་བ་གཉིས་སུ་ཞིང་རལ་ཆེན་པོ་གསོས། །རྟེན་གསུམ་ཐམས་ཅད་ཕུན་སུམ་ཚོགས་པར་མཛད། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །ཀུན་དགའ་ར་བ་ཤིན་ཏུ་མཛེས་པར་མཛད། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ་བྱོན། །བདེ་གཤེགས་མཆོད་རྟེན་ཐམས་ཅད་མཛེས་པར་མཛད། །དེ་ནས་མཉན་ཡོད་རྒྱལ་བྱེད་ཚལ་དུ་བྱོན། །ཉམས་པ་གསོས་ཤིང་གཙུག་ལག་རྒྱས་པར་མཛད། །དེ་ནས་གྲོང་ཁྱེར་རྩྭ་མཆོག་གནས་སུ་བྱོན། །ཉན་ཐོས་མཆོད་རྟེན་ཐམས་ཅད་རྒྱས་པར་མཛད། །དེ་ནས་སྒྲོལ་མ་འབར་བའི་ཚལ་དུ་བྱོན། །ཀུན་དགའ་ར་བ་བཅུ་གསུམ་རྒྱས་པར་མཛད། །

མདོར་ན་རྡོ་རྗེ་གདན་དང་ནཱ་ལེནྡྲ། །ཀྲ་མ་ལ་དང་མཻ་ཏྲིའི་གཙུག་ལག་ཁང་། །ལི་ཡི་རྒྱལ་པོའི་ཕོ་བྲང་ལ་སོགས་པའི། །གཙུག་ལག་ཁང་ཆེན་བརྒྱ་དང་བརྒྱད་རྣམས་དང་། །མཆོད་རྟེན་ཉི་ཁྲི་ཆོས་ཁྲི་སུམ་བརྒྱ་དག །འགྲན་གྱི་དོ་མེད་བླ་མ་འདི་ཡིས་གསོས། །དེ་ཚེ་མཐའ་འཁོབ་གླིང་ཕྲན་ཐམས་ཅད་དུ། །སྐྱེས་བུ་དམ་པའི་སྙན་པས་ཁྱབ་པར་གྱུར། །རིམ་གྱིས་བོད་ཀྱི་རྒྱལ་པོའི་སྙན་དུ་སོང་། །བླ་མ་དེའི་རྣམ་ཐར་ཐོས་པ་དང་། །མེས་ཆེན་རྣམས་ཀྱི་རྣམ་སྲོལ་དྲན་པ་དང་། །དེང་སང་དུས་ཀྱི་ཆོས་པའི་གཤིས་ལུགས་ལ། །སྐྱེ་བོ་རྣམས་ཀྱི་ལོག་སྒྲུབ་སྣ་ཚོགས་དང་། །གཙུག་ལག་མཆོད་རྟེན་ཞིག་རལ་མང་བ་དང་། །གསོས་ན་འདྲེ་སྲིན་གདུག་རྩུབ་ཆེས་བ་དང་། །ཅི་ལ་ཐུག་ཀྱང་མཁས་པའི་པཎ་ཆེན་དེ། །གང་ལ་བསམས་ཀྱང་ཐོགས་པ་མི་མངའ་བས། །སྙིང་རུས་བསྐྱེད་དེ་ནོར་ལ་མ་རྩེགས་པར། །ཅི་ལ་ཐུག་ཀྱང་ལྷ་དེ་སྤྱན་དྲངས་ལ། །བོད་དུ་སངས་རྒྱས་བསྟན་པ་དར་བར་བྱ། །ཡབ་མེས་རྣམས་ཀྱི་རྣམ་སྲོལ་བསྐྱང་སྙམ་སྟེ། །ལན་གྲངས་བཅུ་དྲུག་བར་དུ་ཕོ་ཉ་རྫངས། །མི་ཤི་ནོར་གྲོན་གང་ལའང་སྤྱན་མ་འདྲོངས། །ཤེས་པ་སྐྱོ་ཞིང་ལྷ་ལ་གསོལ་བ་བཏབ། །ལན་གཅིག་བརྩོན་འགྲུས་སེངྒེར་གྲགས་པ་དེ། །རྒྱ་གར་མཁས་པའི་དྲུང་དུ་འགྲོ་བ་ན། །ལྷ་ཆེན་ཡེ་ཤེས་འོད་ཀྱིས་ཞུ་ཕུལ་བ། །རྒྱལ་རིགས་མཆོག་ལས་རྒྱལ་སྲིད་རྣམ་སྤངས་ཤིང་། །ཐར་པར་བྱོན་ནས་མཁས་པར་གྱུར་པའི་ཚེ། །འཇིག་རྟེན་ལྷ་དང་བཅས་པས་ཁྱེད་བཀུར་ཞིང་། །སངས་རྒྱས་བསྟན་པའི་སྲོག་འཛིན་བྱེད་ཅེས་ཐོས། །ཁྱེད་ཀྱི་ཐུགས་རྗེ་ཕྱོགས་རིས་མི་མངའ་ཞིང་། །སངས་རྒྱས་བསྟན་ལ་ཐུགས་རྗེས་སེམས་གྱུར་ན། །ཁ་བ་ཅན་ན་སྔན་ཆད་ཕུན་ཚོགས་ཀྱང་། །དེང་སང་དུས་ན་སེམས་ཅན་བསོད་ནམས་ཉམས། །དེའི་སྟོབས་ཀྱིས་བོད་ཀྱི་རྒྱལ་པོ་ང་། །མྱ་ངན་ཐང་ལ་ཚད་མས་གདུངས་པ་ན། །ཆུ་ཡི་འདུ་ཤེས་ཡིད་ལ་བྱེད་པ་ལྟར། །ཉིན་དང་མཚན་དུ་མགོན་པོ་ཁྱོད་བསམས་ན། །བདག་ལ་ཐུགས་ཀྱིས་བརྩེ་བར་མཛད་དུ་གསོལ། །ཞེས་པའི་ཚིག་དང་གསེར་དངུལ་དུ་མ་རྫངས། །མགོན་པོའི་དྲུང་དུ་འཕྲོད་ཚེ་ཐུགས་སྤྲོ་ཞིང་། །རྒྱལ་བ་བོད་དུ་འབྱོན་པར་བཞེད་ན་ཡང་། །གཙུག་ལག་དུ་མའི་བདག་པོར་གྱུར་པ་དང་། །རྒྱ་གར་ཆོས་ཀྱི་བྱ་བ་ཆེས་པ་ཡིས། །མགོན་པོ་བོད་དུ་ཐེངས་པར་མ་གྱུར་ལགས། །

ལན་ཅིག་བླ་མ་དམ་པ་གསེར་གླིང་པས། །སྒྲོལ་མའི་དྲུང་དུ་ཡན་ལག་བདུན་པ་ཕུལ། །དཱི་པཾ་ཀ་རས་བསྟན་པའི་ལྟ་བ་འདི། །སྒྲོ་བསྐུར་མེད་པའི་ལྟ་བ་ལགས་སམ་ཞེས། །གསོལ་བ་བཏབ་ཚེ་སྒྲོལ་མའི་ཞལ་སྔ་ནས། །མགོན་པོ་དུས་གསུམ་རྒྱལ་བ་ཐམས་ཅད་ལ། །འཁྲུལ་པའི་ལྟ་བ་མངའ་ངམ་ཞེས་བྱ་བས། །བླ་མ་དགྱེས་ཤིང་དེ་ནུབ་དགོངས་པ་དང་། །ལྟ་བའི་གནས་ལུགས་དབུ་མ་ཆེན་པོར་གོ །ནངས་པར་དུས་སུ་རང་གི་སྲས་གྱུར་པའི། །དགེ་སློང་ལྷ་དབང་བློ་གྲོས་དྲུང་བོས་ནས། །དགེ་སློང་དེང་སང་ཀྲ་མ་ལ་རུ་སོང་། །དགེ་སློང་དཱི་པཾ་ཀ་རའི་དྲུང་དུ་སོང་། །བདག་གི་གཏམ་འདི་དབེན་པར་སྙན་དུ་ཞུས། །མཁས་པ་དམ་པའི་སྤྱོད་པས་གཡེངས་ན་ཡང་། །འཆིང་བའི་མདུད་པ་གྲོལ་བས་ང་དྲུང་འདིར། །རིང་པོར་མི་ཐོགས་དཔའ་བོས་མདའ་འཕངས་བཞིན། །རྫུ་འཕྲུལ་མངའ་བ་བརྩེ་བས་བྱོན་པ་ཞུ། །དེ་མ་ཐག་ཏུ་ལྷ་དབང་བློ་གྲོས་ཀྱིས། །ཚོང་པའི་ཞོར་ལ་ཀྲ་མ་ལ་རུ་འོངས། །ཇོ་བོའི་དྲུང་དུ་གཏམ་དེ་ཞུས་པ་དང་། །གསན་མ་ཐག་ཏུ་གསེར་གྱི་གླིང་དུ་བྱོན། །ཟླ་བ་དྲུག་གིས་རྒྱ་མཚོའི་ཕ་རོལ་བཅད། །ཐུགས་རྗེས་མཁྱེན་ནས་རྒྱང་ནས་བསུ་བ་མཛད། །མཇལ་མ་ཐག་ཏུ་གུས་པས་འདི་སྐད་གསུངས། །ཤེས་བྱ་རྒྱ་མཚོ་སྒྲོ་བཀུར་ཀུན་སྤངས་པ། །དགེ་ལེགས་བཤེས་གཉེན་ཡང་དག་དོན་མངའ་བ། །བསོད་ནམས་བསགས་པས་གོ་འཕང་བརྙེས་པ་ཡི། །ཁྱོད་ཀྱི་ལྟ་བ་གང་ཡིན་ཚུར་ཕུལ་དང་། །ཨ་ཏི་ཤ་ཡིས་དེ་ལ་ལན་གསོལ་བ། །མདང་གསུམ་གཉིད་ཀྱིས་སླད་པའི་རྨི་ལམ་ན། །སྒྱུ་མ་མཁན་གྱིས་གླང་པོ་གཉིས་སྤྲུལ་ཏེ། །གླང་པོ་གཅིག་གིས་གླང་པོ་གཅིག་བསད་ན། །བསད་དམ་ཤིའང་སྒྱུ་མ་ཉིད་ཡོད་དམ། །བླ་མ་གསེར་གླིང་པ་ཡིས་ལན་མཛད་པ། །རྨི་ལམ་རྫུན་གྱི་སྒྱུ་མ་མཁན་པོ་ཅི། །དེ་ཡིས་སྤྲུལ་པའི་གླང་པོ་ཤི་བསད་ཅིང་། །དཱི་པཾ་རྨི་པོའི་ཤེས་པ་དཔེར་ལེན་ནམ། །གླང་པོ་གཉིས་ཀྱི་ཤེས་པ་དཔེ་རུ་ལེན། །རྨི་བཞིན་ལོག་པའི་ཤེས་པ་ཆ་གཅིག་ཡིན། །སད་ཤེས་ཡང་དག་དཔེ་དོན་ཆ་གཅིག་ཡིན། །གླང་པོའི་གཟུགས་འཛིན་དོན་དམ་དཔེ་དོན་ཡིན། །འོན་ཀྱང་གཟུང་འཛིན་དོན་དམ་དཔེ་དོན་ཡིན། །འོན་ཀྱང་གཟུང་འཛིན་ལྟ་བུར་སྣང་བ་ནི། །མིང་ཙམ་ཀུན་རྫོབ་ཡིན་གྱི་དོན་དམ་མིན། །དེ་ཕྱིར་ཁོ་བོས་བླ་མའི་རྗེས་འབྲངས་ནས། །སངས་རྒྱས་རྣམས་ཀྱིས་ཆོས་རྣམས་གང་བསྟན་པ། །ཐམས་ཅད་བདེན་པ་གཉིས་སུ་ཡང་དག་འདུས། །འཇིག་རྟེན་པ་ལ་ཀུན་རྫོབ་བདེན་པ་བདེ། །དམ་པ་རྣམས་ལ་དོན་དམ་བདེན་པ་བདེ། །བདེན་ཞེན་ཅན་ལ་ལོག་པའི་དཔེ་དོན་འགྲིག །རང་རྒྱུད་པ་ལ་སྣང་ཙམ་ཀུན་རྫོབ་བདེ། །སྐྱེས་བུ་མཆོག་ལ་མིང་ཙམ་ཀུན་རྫོབ་འཐད། །ཡེ་ནས་གནས་པའི་གནས་ལུགས་དོན་དམ་མཆོག །རྨི་ལམ་རྨིས་པའི་ཡུལ་གྱི་གླང་པོ་གཉིས། །ཤེས་པ་ཡིན་ན་མེད་པའམ་གསུམ་དུ་འགྱུར། །མིན་ན་སེམས་ཙམ་པ་ནི་ཅི་ཞིག་མཆིས། །གལ་ཏེ་སད་ཚེ་ཡུལ་མེད་ཤེས་ཡོད་ན། །ཤེས་པ་དེ་ནི་མདང་གི་ཤེས་པའམ། །སྣང་མེད་སྔར་འདྲ་གློ་བུར་བ་གཅིག་ཡིན། །གལ་ཏེ་ཤེས་པ་སྔར་གྱི་དེ་ཉིད་ན། །ནངས་པར་འགལ་ཞིང་སྔར་གྱི་ཡིན་པ་ཉམས། །གལ་ཏེ་སྣང་འདྲ་གློ་བུར་བ་ཉིད་ན། །འོ་ན་གླང་པོ་གཉིས་ཀྱང་ཅིས་མི་རིགས། །དེས་ན་སྣང་འདྲ་གློ་བུར་བ་ཉིད་ན། །འོ་ན་གླང་པོ་གཉིས་ཀྱང་ཅིས་མི་རིགས། །དེས་ན་ཡུལ་དང་ཡུལ་ཅན་མི་མངའ་བར། །གླང་པོས་གླང་པོ་ཡུལ་དུ་བྱས་པ་ལྟར། །སེམས་ནི་ཡུལ་དང་གཅིག་མིན་ཐ་དད་མིན། །ཡུལ་དང་ཡུལ་ཅན་ཞི་ནས་མི་གནས་པ། །དེ་ནི་དོན་དམ་ཡིན་པར་ཆོས་ཉིད་སྨྲ།།

གསེར་གླིང་པ་ཡི་ཞལ་ནས་འདི་སྐད་གསུངས། །རྟེན་འབྲེལ་སྟོང་ཉིད་ཡིན་པར་གང་གིས་ཤེས། །དེ་ནི་བདེན་པ་སོར་མེད་གཟོད་ནས་ཞི། །ཨ་ཏི་ཤ་ཡི་ཞལ་ནས་འདི་སྐད་གསུངས། །ས་ལུད་ལ་བརྟེན་མྱུ་གུ་འབྱུང་བ་ན། །དང་པོ་མྱུ་གུ་མེད་པར་ཀུན་གྱིས་ཤེས། །ས་བོན་དེ་ལ་བརྟེན་ཁ་ཚོད་ཙམ་ན། །ས་བོན་དུས་ན་མྱུ་གུ་ཡོད་མིན་ཞིང་། །མྱུ་གུའི་ཚེ་ན་ས་བོན་འགགས་གྱུར་ཏེ། །རྟེན་པ་ཡོད་ཀྱང་བརྟེན་པ་པོར་མེད་ཕྱིར། །དུས་མཉམ་མི་སྲིད་འདི་ནི་སྟོང་ཉིད་དེ། །རང་ལ་མཐུ་མེད་གཞན་བརྟེན་རང་ཚུགས་བྲལ། །འདི་ནི་ཡེ་ནས་གནས་པའི་ཆོས་ཉིད་ཡིན། །བླ་མ་ཆོས་རྣམས་དེ་ལྟར་མཁྱེན་པར་མཛོད། །ཚིག་དེ་ལུས་ཡོངས་སུ་རྫོགས་པ་དང་། །བླ་མའི་གཟིམས་ཁང་ནང་དུ་སླེབས་པ་གཉིས། །དུས་མཉམ་ཉིད་དུ་དཀྲོངས་ཀྱིས་བྱུང་བ་དང་། །མགོན་པོ་ཨ་ཏི་ཤ་ཡིས་འདི་གསུངས་པ། །ཆོས་ཀྱི་གནས་ལུགས་དབུ་མ་མ་ཤེས་པར། །མཁས་ཀྱང་ཕོ་རོལ་ཉིད་ན་གནས་པ་ཡིན། །

འདི་ལྟར་ཆོས་དེ་ཡོངས་སུ་རྟོགས་པ་དང་། །ནང་ཞུགས་དུས་མཉམ་རྟེན་འབྲེལ་ཆེན་པོ་ཡིན། །གསེར་གླིང་པའི་ཞལ་ནས་འདི་སྐད་གསུངས། །ཨེ་མ་འདུ་ཤེས་མེད་ཀྱང་འདི་ལྟར་འགྲིག །ད་ནི་ལྟ་བ་གཉིས་སུ་མེད་པར་བྱ། །དཔེ་དོན་བཅུ་དྲུག་སེམས་ལ་གོམས་པར་བྱ། །དཱི་པཾ་དོན་ཆེན་ལྟ་བ་རྣམ་པར་དག །ཁྱོད་ནི་བསོད་ནམས་བསགས་པའི་སྐྱེས་བུ་ཡིན། །གང་དུ་ཁྱོད་ཀྱི་འཕྲིན་ལས་བསྐྱངས་གྱུར་ཀྱང་། །འགྲོ་དོན་ཕུན་སུམ་ཚོགས་པར་ཐེ་ཚོམ་མེད། །འདི་ནས་ཕར་ཕྱིན་གཙུག་ལག་མ་ལུས་པ། །ནཱ་རོ་པ་དང་རྗེ་བཙུན་ཌོཾ་བྷི་པ། །ཀརྣ་པ་དང་རྗེ་བཙུན་ཤནྟི་པ། །ནག་པོ་པ་དང་རཏྣ་ཨ་ཀ་ར། །གཞན་ཡང་གྲུབ་ཐོབ་མཁས་གྲུབ་བརྙེས་པ་རྣམས། །རང་ས་རང་སར་ཐབས་ཀྱིས་བསྟོད་མཛོད་ལ། །སྙིང་རྗེ་ཆེན་པོས་བོད་ཀྱི་ཡུལ་དུ་བྱོན། །བདག་ཀྱང་དངོས་གྲུབ་བརྙེས་ནས་གངས་ཅན་དེར། །ཁྱེད་ཀྱི་འཕྲིན་ལས་ལྟ་ཕྱིར་ཡང་ཡང་འོང་། །ངེས་པར་ཁྱེད་ཀྱིས་ཐུགས་རྗེ་སྤེལ་དུ་གསོལ། །མགོན་པོ་ཨ་ཏི་ཤ་ཡིས་ལན་གསུངས་པ། །དེ་ལྟར་ཞུ་ལགས་མཁས་པས་གཟིགས་པར་གསོལ། །ད་ནི་ཁོ་བོ་རྒྱ་གར་དབུས་སུ་འགྲོ། །དེ་ནས་སྤུར་རྒྱལ་བོད་ཀྱི་ཡུལ་དུ་འགྲོ། །དེ་ནས་རྗེ་བཙུན་བྱམས་པའི་དྲུང་དུ་འགྲོ། །ཐུགས་རྗེ་ཆེན་པོས་ཞིང་དེར་བཞུགས་པ་ལ། །སྟོང་ཉིད་སྙིང་རྗེས་འགྲོ་ལ་གཟིགས་པར་གསོལ། །

དེ་ནས་ཟླ་བ་བཅུ་གཅིག་དེར་བཞུགས་ནས། །ཟླ་བ་བདུན་གྱི་བར་དུ་གཟིངས་ལ་བྱོན། །མགོན་པོས་རྒྱ་གར་ཕྱོགས་སུ་སླེབས་གྱུར་ཏེ། །གཙུག་ལག་ཁང་རྣམས་རིམ་གྱིས་འགྲིམ་མཛད་ཅིང་། །དཀོན་གཉེར་གནས་བརྟན་རེ་ཙམ་ཐབས་ཀྱིས་བསྐོས། །རྟེན་གསུམ་རྣམས་ཀྱི་དཀར་ཆག་བརྒྱ་རྩ་བརྒྱད། །དཀོན་གཉེར་གནས་བརྟན་རྣམས་ལ་རིམ་གྱིས་གཏད། །དེ་ནས་རྡོ་རྗེ་གདན་དུ་སླེབས་པ་ན། །བྷི་ཀྲ་མ་ལ་པུ་རིའི་གཙུག་ལག་ན། །བོད་ཀྱི་རྒྱལ་པོས་སློབ་གཉེར་ལ་བཏང་བའི། །དགེ་སློང་གཅིག་གིས་སླེབས་ཞེས་ཟེར་བ་གསན། །གསན་མ་ཐག་ཏུ་བུ་ཡི་འདུ་ཤེས་ཀྱིས། །དགེ་སློང་དེ་ལ་དགའ་བའི་ཐུགས་རྗེ་འཁྲུངས། །མགོན་པོས་དགེ་སློང་དེ་ལ་བརྟགས་གྱུར་ཏེ། །ཕལ་ཆེར་སློབ་གཉེར་དག་ལ་མ་འོངས་ཤིང་། །ཁོ་བོ་བོད་དུ་འབོད་དུ་འོངས་པར་ངེས། །ད་ནི་པཎ་ཆེན་རྣམས་ཀྱིས་མ་ཚོར་བར། །མཁས་པ་རྣམས་ལ་གཙུག་ལག་རང་སར་གཏད། །གཞུང་ལུགས་རྣམས་ལ་བཀའ་བསྒོ་ལེགས་པར་བྱ། །སྡིག་ཏོ་ཅན་ལ་བཅའ་ཀ་ལེགས་པར་བྱ། །ཆོས་སྐྱོང་རྣམས་ལ་བར་ཆད་ཟློག་ཅེས་བསྒོ། །ཨེ་མ་ཧོ་སྙམ་དེ་དག་ཐབས་ཀྱིས་མཛད། །

དེ་ནས་བྷི་ཀྲ་མ་ལར་བྱོན་པའི་ཚེ། །ནུབ་ཅིག་སྒྲོལ་མ་འབར་བའི་གཙུག་ལག་ཏུ། །ཡན་ལག་བདུན་པ་རྒྱས་པར་མཛད་པ་ན། །སྲོད་ལ་བུ་མོ་ཆས་ཀྱིས་བརྒྱན་པ་ཞིག །མོ་བརྒྱན་ཐམས་ཅད་སིལ་སིལ་བྱུང་བ་ན། །གནས་བརྟན་འདུལ་བ་འཛིན་གྱི་ཐུགས་དགོངས་ལ། །ཁོ་བོ་དགེ་སློང་གཙང་མ་ཡིན་པ་ལ། །བུད་མེད་དག་ལ་ལྟ་བར་མི་རུང་ཞེས། །མ་གཟིགས་ཅུང་ཟད་བསྐྱེད་རིམ་བསྒོམས་པ་ན། །བུ་མོ་དེ་ཡིས་ཚིགས་བཅད་འདི་སྨྲས་པ། །ཉོན་མོངས་འཆིང་བས་བསྡམས་པའི་སྐྱེ་བོ་དག །འཕགས་པའི་ཚོགས་ལ་མི་ལྟ་ཉོན་མོངས་ལྟ། །འཕགས་པའི་ཚོགས་ནི་འཕགས་པ་དག་ལ་ལྟ། །བུ་གཅིག་ཁྱོད་ཀྱི་མཉམ་བཞག་ཐུན་མཚམས་སུ། །བཅོམ་ལྡན་སྒྲོལ་མ་ང་ལ་གསོལ་བཏབ་ནས། །ང་འདིར་འོངས་ཚེ་མ་ལ་ཅིས་མི་གཟིགས། །གསུང་དེ་ཐོས་ནས་སྒྲོལ་མ་ཡིན་པར་ངེས། །དགའ་བའི་སེམས་ཀྱིས་མ་ལ་བརྐྱངས་ཕྱག་འཚལ། །གདུང་བའི་ཚིག་གིས་གསོལ་བ་འདི་བཏབ་པ། །མ་གཅིག་ཐུགས་རྗེའི་དབྱིངས་ན་རབ་བཞུགས་པའི། །འཇིགས་པ་བརྒྱད་ལས་སྐྱོབ་པའི་མཐུ་སྟོབས་ཅན། །ལས་ཀྱི་ལྷ་མོ་བཀྲ་ཤིས་དཔལ་འབར་མ། །སྒྲོལ་མ་ཁྱོད་ནི་བདག་གི་མ་གཅིག་ཡིན། །ཐུགས་རྗེ་ཀུན་ལ་སྙོམས་པའི་ཡུམ་ཆེན་མ། །དཱི་པཾ་བདག་གི་གདུལ་བྱ་གང་ན་ཡོད། །མཐའ་འཁོབ་སྐྱེ་བོ་བདག་གིས་ཐུལ་ལགས་སམ། །འོན་ཏེ་རྒྱ་གར་བསྟན་པའི་བདག་པོ་བྱ། །དགྲ་བཅོམ་དུ་མའི་མཁན་པོ་བྱ་ལགས་སམ། །མཐའ་འཁོབ་སྐྱེ་བོ་ཆོས་ལ་གཞུག་པར་བྱ། །ཨེ་མ་བདག་གི་ཐེ་ཚོམ་གཅད་དུ་གསོལ། །བསམ་པ་རྙེད་ནས་ཁྱེད་ལ་ཆགས་པས་བལྟས། །བདུད་མོའི་ཚོགས་ལ་ཕེབས་པར་མ་གྱུར་ལགས། །ཁོ་བོའི་སྒོ་གསུམ་མངོན་དུ་གྱུར་ལགས་ན། །ནོངས་པ་མཆིས་ན་བཟོད་པར་བཞེས་སུ་གསོལ། །

མ་གཅིག་ཏཱ་རའི་ཞལ་ནས་འདི་སྐད་གསུངས། །ཀུ་མུ་ཏ་ཡི་ཚལ་གྱི་རྒྱ་མཚོ་ན། །པུན་ཊ་རི་ཀ་པདྨ་གེ་སར་ཡང་། །འདམ་བུས་མ་གོས་རང་བཞིན་གཟུགས་བཀྲ་ཞིང་། །གང་གིས་མཐོང་བའི་སྐྱེ་བོ་ཡིད་དབང་གཡོ། །བུང་བ་གླུ་ལེན་དགའ་བས་བསྟེན་པ་ལྟར། །རི་བོ་གངས་ཅན་པདྨའི་མདོག་འདྲ་བ། །གངས་ལ་མེ་འབར་ལྟ་བུར་འོད་ཟེར་འཕྲོ། །བྲག་རི་ཟུར་མང་ནགས་ལ་མེ་འབར་ལྟར། །རྣོ་ལ་ངར་ཆགས་དྲག་པོའི་སྣང་བ་འཕྱོ། །རི་སུལ་ཨུཏྤལ་ཡི་རྣམ་པ་ལྟར། །ཀུན་ནས་མཛེས་ཤིང་མཁའ་ལ་བཀྲམ་པ་འདྲ། །རྡོ་འཛེང་དཀར་པོ་ཀུ་མུ་ཏ་འདྲ་བ། །ཟུར་མངས་འོད་ཆགས་ཀུན་ནས་མཛེས་པའི་རྡོ། །རྩི་ཤིང་ནགས་ཚལ་འདམ་བུའི་ཚལ་འདྲ་བ། །ལོ་འདབ་མེ་ཏོག་རྒྱས་ཤིང་ཀུན་ནས་མཛེས། །མཚོ་མོ་མཚོ་ཕྲན་ངང་པ་ལྡིང་བའི་ཡུལ། །ཆུ་མིག་ནེའུ་གསིང་བསིལ་ངད་ལྡང་བའི་ལྗོངས། །རི་བོ་སྤོས་ཀྱི་ངད་ལྡན་ལྟ་ན་སྡུག །ཆུ་བོ་ཆུ་ཕྲན་སྒྲ་སྙན་དལ་བུས་འབབ། །བླ་གབ་གུར་སྔོན་མཐིང་གིས་སྦྲ་ཕུབ་པའི། །ནང་ན་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་མཛེས། །ལྷོ་སྤྲིན་དཀར་པོ་བྱང་དུ་ཕོ་ཉར་རྒྱུགས། །ལྷ་གཅིག་འབྲོམ་རྗེས་ལྷ་སའི་མཐིལ་དུ་འབོད། །སྤྱན་རས་གཟིགས་ཞིང་བྱང་ཕྱོགས་དབུས་ཀྱི་ས། །སྟེང་ནི་འཁོར་ལོ་རྩིབས་བརྒྱད་གདུགས་སུ་ཕུབ། །འོག་ནི་པདྨ་འདབ་བརྒྱད་གདན་དུ་བཏིང་། །ཕྱོགས་ནི་བཀྲ་ཤིས་རྟགས་བརྒྱད་མཆོད་པས་བསྐོར། །ཡུལ་ནི་ལྷ་ས་སྡེ་བཞི་རིན་ཆེན་གླིང་། །དེ་ནི་ཁྱོད་ཀྱི་སྲས་པོ་འབྲོམ་རྗེའི་གནས། །ཁྱོད་ཀྱི་ཡི་དམ་ལྷ་མོ་སྒྲོལ་མ་ང་། །ཙན་དན་ཤིང་ལ་རང་དུ་འཁྲུངས་པ་ཡོད། །ཁྱོད་ཀྱི་སྲས་པོ་སྤྱན་རས་གཟིགས་དབང་ནི། །རིན་ཆེན་རྫས་ལས་རང་དུ་འཁྲུངས་པ་ཡོད། །ཁྱོད་ཀྱི་ངོ་བོ་བསྟན་པའི་བདག་པོ་ནི། །བྱང་ཆུབ་ཆེན་པོར་དངོས་སུ་བཞུགས་པ་ཡོད། །ཁྱོད་ཀྱི་བླ་མ་མར་མེ་མཛད་པ་དང་། །རྗེ་བཙུན་བྱམས་པའང་དེ་ན་དངོས་སུ་བཞུགས། །གོས་སྔོན་ཅན་དང་བདུད་རྩི་འཁྱིལ་བ་དང་། །སྨེ་བ་བརྩེགས་དང་རྒྱལ་ཆེན་བཞི་པོ་ཡང་། །སེམས་དཔའ་བཅུ་དྲུག་སེམས་མ་བཅུ་དྲུག་དང་། །མི་གཡོ་བ་དང་རྟ་མགྲིན་རྒྱལ་པོ་སོགས། །འོད་ཟེར་འཕྲོས་པའི་ལྷ་རིགས་དུ་མ་བཞུགས། །དེ་ནི་འབྲོམ་རྗེ་རྒྱལ་པོར་གྱུར་པའི་ཚེ། །བདག་དང་ཁྲོ་གཉེར་ཅན་གྱིས་ཡུམ་བྱས་ནས། །སྤྲུལ་པའི་རྒྱལ་པོ་དཔག་ཏུ་མེད་པ་ཡིས། །སྤྲུལ་པའི་བཟོ་བོ་བློན་པོར་བཅས་པ་རྣམས། །བསམ་པ་གཅིག་ཏུ་ཕོ་བྲང་དེ་བཞེངས་ནས། །དེང་སང་ལྷ་མིའི་མཆོད་པས་ཕུན་སུམ་ཚོགས། །བསམ་ཡས་དབུ་རྩེ་རིགས་གསུམ་ཞེས་པ་ཡང་། །འབྲོམ་རྗེ་རྒྱལ་པོར་གྱུར་ཚེ་བཞེངས་པ་ཡོད། །དེར་ཡང་སྤྲུལ་པའི་འབྲོམ་རྗེས་བཞེངས་པའི་གཙུག་ལག་ཁང་། །བད་ནི་ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །མགྲིན་པ་རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར། །ལུས་ནི་སྤྱན་རས་གཟིགས་དབང་སྐུ་སོགས་དཀར། །ཟུར་བཞི་ཚད་མེད་བཞིའི་གཤོག་པ་ཅན། །གདོང་ནི་དཔའ་བོ་སེངྒེ་སྟོབས་བཞིའི་གདོང་། །ཀུན་ནས་རིན་ཆེན་དྲིལ་བུའི་མཆོད་རྫས་འཁྲོལ། །དེ་འདྲའི་ལྷ་ཁང་ཆེན་པོ་ས་མ་ཡ། །ཞིང་དེ་ཐུགས་རྗེ་ཆེན་པོས་བྱིན་བརླབས་པས། །མེ་ཆུ་གླང་ཆེན་ལྕགས་སྒྲོག་འཇིགས་པ་དང་། །གཅན་གཟན་དུག་སྦྲུལ་འཇིགས་པ་ཡོང་མ་མཆིས། །དེ་ནས་མུ་སྟེགས་དངོས་མེད་བདུད་སྡེ་མེད། །ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་ཡིན། །དཱི་པཾ་ཨུ་པ་སི་ཀ་ལ་བརྟེན་ནས། །ཞིང་དེར་ཁྱོད་ཀྱི་འགྲོ་དོན་དཔག་མེད་འབྱུང་། །ཅིས་ཀྱང་མགོན་པོ་མྱུར་དུ་བོད་དུ་བྱོན། །

ཨ་ཏི་ཤ་ཡིས་དེ་ལ་ལན་གསུངས་པ། །ཨུ་པ་སི་ཀ་ད་ལྟ་གང་ན་བཞུགས། །ཐུགས་རྗེ་ཆེན་པོ་འགྲོ་དོན་ཇི་ལྟར་མཛད། །སྒྲོལ་མའི་ཞལ་ནས་དེ་ལ་ལན་གསུངས་པ། །དེང་སང་བོད་ཁམས་སའི་ཆ་ལ་ཡོད། །བླ་མ་སེ་བཙུན་ཆེན་པོའི་དྲུང་ན་ཡོད། །སྒོ་གསུམ་བླ་མའི་བྲན་དུ་འཁོལ་གྱིན་ཡོད། །ཀྱེ་ཧོ་བོད་ཀྱི་ཨུ་པ་སི་ཀ་སྟེ། །སྲོད་ཀྱི་ཆ་ལ་གཡོག་པོ་གླ་ལེན་བཞིན། །ཕྱེ་ཁལ་ལྔ་ལྔ་ཞིབ་པར་འཐག་པ་ན། །བྲན་གཡོག་ཐམས་ཅད་བདེ་བར་ཉལ་དུ་འཇུག །དཔེ་ཆ་ཡོས་སྟེགས་སྲི་སྐྱོགས་ངོས་ལ་བཀྲམ། །ཕྱག་གཡས་རང་ཐག་བསྐོར་ཞིང་གཡོན་པས་སྲི། །མར་མེའི་འོད་ཀྱིས་ཆོས་མཆོད་གཞན་ཡང་གསལ། །ཟིན་ནས་གཡོག་པོའི་ལུས་ལ་ཕྱེ་སྐྱ་འདེབས། །ནམ་གུང་བཙན་རྒོད་རི་རྩིབས་གཅོད་པ་ལྟར། །བེར་དམར་ཁྲབ་ལ་སྐར་མའི་རྨོག་གོན་ནས། །ཐོག་མདའ་འཕེན་ཞིང་བྲག་གཞུ་སྦྲིང་སྦྲིང་བརྡུང་། །མེ་ལྕེའི་མཚོན་ཐོགས་ཅང་ཤེས་འོག་ཏུ་ཞོན། །དགྲ་འཇོམས་འདྲེ་སྡིགས་ནོར་རྣམས་དབུས་སུ་སྡུད། །ཐོ་རངས་དུས་ན་གཡོག་མོ་གླ་ལེན་འདྲ། །སྐོམ་གླག་ཁྲད་ཁྲད་ཟངས་བུམ་རྒྱབ་ཏུ་འཁུར། །ཟངས་སྐྱོགས་ཐོགས་ཏེ་སྐྱབས་འགྲོའི་རྒྱང་གླུ་ལེན། །ནམ་གྱི་ཆ་ལ་ཟངས་ཆེན་ཆབ་ཀྱིས་འགེངས། །གཡོ་ངག་ཟས་ཀྱི་དུས་སུ་སླེབས་པ་ན། །མཛེས་པའི་ཁྱེའུ་ཆུང་འཁྱུག་པའི་ལག་བདེ་བྱེད། །རས་གོས་སིལ་སིལ་བྱམས་པའི་སྐྱོགས་བཟུང་ནས། །ཟག་མེད་བདུད་རྩི་འཁྱིལ་བའི་གཡོས་རྣམས་བཙོ། །དལ་འཁྱུག་འཛུམ་ཆགས་འཁོབས་པར་བསྙེན་བཀུར་འགྲིམ། །གང་གིས་བལྟས་ཀྱང་མཛེས་པའི་ཡིད་སྨོན་འཆོར། །སྔ་དྲོ་ཕྱི་དྲོའི་དུས་སུ་གྱུར་པ་ན། །འཇམ་དབྱངས་དྲུང་ན་གཞོན་ནུ་ནོར་བཟང་བཞིན། །འབྲོམ་རྗེ་སྟན་ལ་མཛེས་པའི་ཆས་གསོལ་ནས། །འོད་མའི་ཁྲིའུ་ཟངས་ཀྱི་ས་ཀ་ལི། །རྒྱལ་བའི་ཡུམ་གྱི་གཏམ་དེ་ལྟ་བར་བྱེད། །ཨེ་མ་སྤྱན་གྱི་ཟུར་གཅིག་རྗེ་ལ་ལྟ། །སྤྱན་གྱི་ཟུར་གཅིག་ཡིག་འབྲུ་རྣམས་ལ་ལྟ། །མཛེས་པས་སྐྱོ་བོ་ཐམས་ཅད་ཡིད་སྨོན་འཆོར། །གཙོ་བོ་ཐམས་ཅད་གྲོ་ལ་འཚོགས་པ་ན། །ལྷ་དབང་གང་ལ་ཉེ་དབང་འདུད་པ་ལྟར། །མདུན་མའི་ཁ་ལོ་འབྲོམ་རྗེས་སྒྱུར་བར་བྱེད། །གཞོན་ནུ་འདུས་པ་གླུ་གར་རྩེ་བ་ན། །དྲི་ཟའི་རྒྱལ་པོ་གླུ་དབྱངས་འཚེར་བ་ལྟར། །ཀུན་དགའ་འབྲོམ་རྗེས་ཡིད་དབང་འཛིན་པར་བྱེད། །སེར་ཆགས་ཆེན་པོ་གྲབས་ཤོམས་བྱེད་པ་ན། །སྒྱུ་མ་མཁན་པོས་བཀོད་པ་བྱེད་པ་ལྟར། །ལྷག་ཆད་མེད་ཅིང་ཀུན་ཡིད་ཚིམ་པར་བྱེད། །འདུས་པའི་དབུས་ན་ཉན་ཆོས་འཆད་པ་ན། །ཆོས་ཀྱི་འཕགས་པ་འགྲོ་བ་སྡུད་པ་ལྟར། །བླ་མའི་ཐུགས་ཟིན་སྐྱེ་བོ་ཡོངས་ཀྱིས་བཀུར། །སྙན་པས་ཕྱོགས་ཁྱབ་ཐམས་ཅད་ཡིད་སྨོན་འཆོར། །གང་ལྟར་བྱས་ཀྱང་ཆོས་འཕེལ་བསམ་པ་འགྲུབ། །ད་ནི་ཟླ་དགུ་ཞག་པོ་བཅུ་གཅིག་ན། །རྒྱལ་པོའི་མངའ་རིས་སྟོད་དུ་སྲས་དང་མཇལ། །དེ་ལ་སོམས་ལ་ཁ་བ་ཅན་དུ་སོང་། །ཚེ་ལོ་ཉི་ཤུ་འབྲིད་པར་འགྱུར་ན་ཡང་། །འཕྲིན་ལས་འགྲོ་དོན་ཕུན་སུམ་ཚོགས་གྱུར་ནས། །བདུན་བཅུ་གཉིས་ལ་བྱམས་པའི་ཕོ་བྲང་དུ། །ཐོགས་པ་མེད་པར་པདྨོ་ལ་འཁྲུངས་ནས། །ནམ་མཁའ་དྲི་མ་མེད་པར་ཡོངས་གྲགས་པའི། །ས་བཅུའི་དབང་ཕྱུག་ཐུ་བོ་དམ་པར་འགྱུར། །མགོན་པོས་ལྷ་མོའི་གསུང་དེ་གསན་གྱུར་ནས། །ཨུ་པ་སི་ཀ་དེ་ལ་གཟིགས་ཙ་ན། །མ་གཅིག་གསུང་ལ་ལྷག་ཆད་མི་གདའ་ལགས། །

དེ་ཚེ་རྗེ་དང་སྒྲོལ་མའི་ཞབས་དྲུང་ན། །དགེ་ཚུལ་ཨེ་ལ་དྷ་ཡི་ཡོད་པ་དེས། །མ་བསྒྲིབས་སྒྲོལ་མའི་གསུང་དེ་ཐོས་གྱུར་ནས། །མགོན་པོ་ཨ་ཏི་ཤ་ལ་འདི་སྐད་ཞུས། །བདག་གི་བླ་མ་རྗེ་བཙུན་ཨ་ཏི་ཤ །བོད་ཀྱི་ཆོས་རྒྱལ་ཨུ་པ་སི་ཀ་དེ། །དེང་སང་ཅི་མཛད་བདག་ལ་བསྟན་དུ་གསོལ། །མགོན་པོས་མ་བཟོད་སྤྱན་ཆབ་ཕྲུལ་མཛད་ནས། །ང་ཡི་ཨུ་པ་སི་ཀ་འོ་རེ་བརྒྱལ། །གཉའ་བ་གླང་གཉའ་བཞིན་དུ་སོང་ནས་གདའ། །བྱིན་པ་ཤ་རོ་ཆེན་པོར་སོང་ནས་གདའ། །ཕྱག་མཐིལ་རྨེན་པ་བཞིན་དུ་སོང་ནས་གདའ། །སེ་བཙུན་སེམས་དཔའ་འདི་ལ་འདི་ཕོད་པ། །འཕགས་པ་ཡིན་ཀྱང་སྒྲིབ་པ་མི་གོས་སམ། །མཚན་རབ་འབར་བའི་ལུས་འདི་བཀོད་རུང་ངམ། །ཨེ་ལ་དྷ་རི་ཨུ་པ་སི་ཀ་དེ། །ད་ལྟ་ཡོས་འཐག་དེ་ནས་རི་རྩིབས་འགྲིམ། །དེ་ནས་ཆུ་སྐྱེལ་དེ་ནས་ལག་བདེ་བྱེད། །དེ་ནས་ཆོས་ཉན་དེ་ནས་གཙོ་བོ་མཛད། །སེ་བཙུན་ཆེན་པོའི་བསོད་ནམས་སྐལ་བ་ཡིན། །ནོར་བུ་རིན་པོ་ཆེ་དང་འདྲ་བར་སྣང་། །སློབ་མ་འདི་དང་མྱུར་དུ་མཇལ་བར་སྨོན། །དེ་ནས་ཨེ་ལ་དྷ་རིས་འདི་ཞུས་པ། །བདག་ཀྱང་ཨུ་པ་སི་ཀ་ལྟ་ཕྱིར་འགྲོ། །མཁན་པོ་བདག་ཀྱང་བོད་དུ་འཁྲིད་དུ་གསོལ། །བོད་ཀྱི་ཨུ་པ་སི་ཀའི་རྣམ་ཐར་དང་། །མཛད་སྤྱོད་ཡོན་ཏན་ཕུན་སུམ་ཚོགས་པ་དང་། །བླ་མ་ཡབ་སྲས་གཉིས་ཀྱི་གསུང་གླེང་དང་། །བྱ་ལམ་ཐམས་ཅད་ཕུན་སུམ་ཚོགས་པར་འོང་། །ཇོ་བོ་ཆེན་པོས་ཞུ་བ་དང་དུ་བླངས། །ལན་ཅིག་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །ཇོ་བོ་བཞུགས་པའི་ཞབས་ཀྱི་པདྨོ་ལ། །ལོ་ཆེན་བརྩོན་འགྲུས་སེངྒེས་གུས་བཏུད་ནས། །རྗེ་བཙུན་ཆེན་པོ་བདག་ལ་གསན་དུ་གསོལ། །ལན་གྲངས་དུ་མར་བོད་ཀྱི་རྣམ་ཐར་ཞུས། །བློ་སེམས་ཕབ་ནས་སྙིང་གཏམ་སྙན་དུ་ཕུལ། །མགོན་པོ་ཐུགས་རྗེ་ཆུང་བ་མིན་ན་ཡང་། །བྱ་བ་ཆེན་པོས་ད་དུང་མ་ཐོན་ལགས། །

དེང་སང་དུས་ན་བོད་ཀྱི་ཆོས་རྒྱལ་དེས། །ཚུལ་ཁྲིམས་རྒྱལ་བ་ཞེས་པའི་དགེ་སློང་ཞིག །འདུལ་བ་འཛིན་པ་བཟང་པོར་བཞུགས་པ་དེ། །གདན་འདྲེན་ཆེད་དུ་གགས་པོར་བཏང་སྟེ་བྱུང་། །དེ་ལ་གདན་འདྲེན་ཡིན་སྐད་མ་བྱས་པར། །རཏྣ་ཨ་ཀ་ར་ཡི་ཞབས་དྲུང་ན། །སློབ་གཉེར་བྱེད་པ་སྐད་དུ་བཞུགས་ནས་ཡོད། །ད་ལན་ཅིས་ཀྱང་བོད་དུ་མ་བྱོན་ན། །ལོག་ལྟ་ཆེན་པོ་བོད་ལ་སྐྱེ་ཉེན་གདའ། །བོད་ཀྱི་རྒྱལ་པོ་ཆེན་པོ་དེ་ཉིད་ཀྱང་། །ཁྱེད་ཀྱི་ཕྱིར་དུ་གར་ལོག་རྒྱལ་པོས་བཟུང་། །རྒྱལ་པོའི་སྐུ་ལུས་བྱིན་པོ་ཙམ་པ་ཡི། །གསེར་གྱིས་བླུས་ཀྱང་གར་ལོག་མ་ཉན་ཏེ། །ང་ནི་གར་ལོག་ངན་པའི་རྒྱལ་པོ་ལ། །བཞི་ནམ་གཅིག་གིས་ཆོག་ཀྱང་མི་གཏེར་གྱིས། །འདི་ཡིས་ད་རུང་པཎ་ཆེན་སྤྱན་དྲོངས་གསུངས། །དེ་ནས་ལྷ་བཙུན་ཆེན་པོས་གསེར་བསྐུར་ནས། །འདུལ་བ་འཛིན་པ་ཆེན་པོ་ཕྱོགས་འདིར་སླེབས། །སྔན་ཆད་ཟླ་བ་གཉིས་ཙམ་སོང་ན་ཡང་། །ད་དུང་ཁྱེད་དང་མ་མཇལ་སྐྱོ་ཡིན་གདའ། །ད་ལན་ཅིས་ཀྱང་བོད་དུ་འབྱོན་པ་ཞུ། །ཞུས་པས་ཇོ་བོའི་ཞལ་ནས་འདི་སྐད་གསུངས། །ཨ་རེ་བོད་ཀྱི་རྒྱལ་པོ་འོ་རེ་བརྒྱལ། །གར་ལོག་རྒྱལ་པོ་སྡུག་པ་སྙིང་རེ་རྗེ། །ཆོས་རྒྱལ་དེ་རང་ད་ཚོད་གཤེགས་ནས་ཡོད། །མ་གཤེགས་པ་ལ་ཁོ་བོས་མ་སླེབས་པ། །རྒྱལ་པོའི་མི་ནོར་ཅི་ཙམ་པ་ཞིག་གྲོན། །ཁོ་བོ་རྒྱལ་པོ་དེ་ལ་ཤིན་ཏུ་གནོང་། །ད་ནི་དཀོན་མཆོག་གསུམ་ལ་གསོལ་བ་གདབ། །ལན་ཅིག་བརྩོན་འགྲུས་སེངྒེའི་གཟིམས་ཁང་དུ། །ཚུལ་ཁྲིམས་རྒྱལ་བས་ཇོ་བོ་སྤྱན་དྲངས་ནས། །གསེར་སྲང་བདུན་བརྒྱ་ཀ་ཏོ་རར་བླུགས་ནས། །ཨེ་མ་ཧོ་མགོན་པོ་ཐུགས་རྗེ་ཆེན་པོ་ལགས། །བོད་ཀྱི་ཆོས་རྒྱལ་ཐུགས་རྗེ་ཆེན་པོ་དེས། །ཡབ་མེས་རྣམས་ཀྱི་རྣམ་སྲོལ་དྲན་པ་དང་། །བོད་ཁམས་རྣམས་ཀྱི་སྡུག་བསྔལ་མ་བཟོད་ནས། །ལུས་སྲོག་ཐེད་ལ་བོར་ནས་དམ་ཆོས་བསམས། །དཀའ་བ་དུ་མས་མགོན་པོ་སྤྱན་དྲངས་ཀྱང་། །མི་ནོར་གྲོན་ཅིང་མགོན་པོ་སྤྱན་མ་དྲོངས། །དེང་སང་དུས་ཀྱང་མགོན་པོ་སྤྱན་དྲངས་ཕྱིར། །རྒྱལ་པོས་བལ་པོར་བྱོན་པ་གསེར་བཙལ་བས། །མུ་སྟེགས་ངན་པའི་རྒྱལ་པོས་ཆོས་རྒྱལ་བཟུང་། །ཆོས་ཀྱི་རྒྱལ་པོར་སྣང་ཞེས་གནག་པ་བྱས། །ཤུལ་ན་ལྷ་བཙུན་ཡོད་པས་དེ་གསན་ནས། །གསེར་སྲང་བརྒྱ་ཙམ་ཁྱེར་ནས་བླུས་པ་དང་། །སྡིག་རྒྱལ་ན་རེ་རང་དང་མཉམ་པ་དགོས། །དེ་ལས་གཞན་དུ་ཆོས་རྒྱལ་མི་གཏོང་ཟེར། །

དེ་ནས་ལྷ་བཙུན་ཆེན་པོས་གསེར་བཙལ་ནས། །རྒྱལ་པོའི་མགྲིན་པ་མན་ཆད་མཉམ་པ་ཡི། །གསེར་རྙེད་ཆོས་རྒྱལ་བླུ་རུ་བྱོན་པ་དང་། །སྡིག་རྒྱལ་ན་རེ་ཐམས་ཅད་མ་ལོངས་ལ། །རྒྱལ་པོ་མི་གཏོང་ད་དུང་ཚོལ་ཞེས་ཟེར། །དེ་ནས་ལྷ་ཆེན་སྡིག་རྒྱལ་ཁྲི་མོན་ན། །སྐུ་ལུས་དར་གྱིས་བཅུད་ནས་ཡོད་པ་ན། །ཕན་ཚུན་ལྷ་བཙུན་ཉིད་དང་ཚིག་ཕྲད་པས། །ཆོས་རྒྱལ་དེ་ཡི་ཞལ་ནས་འདི་སྐད་གསུངས། །མུ་མཐའ་མེད་པར་སྐྱེ་བ་བརྒྱུད་ན་ཡང་། །དམ་པ་ཆོས་ཀྱི་ཕྱིར་དུ་སྲོག་མ་བཏང་། །ད་ལན་ལུས་འདི་རྒས་ཤིང་འཁོགས་པས་ན། །དེ་ཙམ་གསེར་གྱིས་ཁོ་བོ་བླུ་བ་ནི། །དཀོན་མཆོག་གསུམ་ལ་ཁོ་བོ་ངོ་ཚ་བས། །ཁྱོད་ཀྱིས་སྔན་ཆད་རྙེད་པའི་གསེར་རྣམས་ལ། །ར་ཏི་ཙམ་ཡང་འདི་ལ་མ་བྱིན་གྱིས། །ད་ནི་ཇི་ལྟར་རིང་ཡང་ལོ་བཅུ་ཙམ། །དེ་ལ་བླུ་རིན་མེད་ཀྱིས་བློ་ཐོངས་ལ། །གསེར་འདིས་ཅིས་ཀྱང་མགོན་པོ་སྤྱན་དྲོངས་མཛད། །ཚེ་འདིར་མགོན་པོ་དེ་དང་མཇལ་འདོད་ཀྱང་། །བསོད་ནམས་ཆུང་བས་མཇལ་བར་མ་གྱུར་མོད། །འོན་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་དེ་ཡི་ཐུགས་ཀྱིས་འཛིན་ཏེ་མཆི། །འོན་ཀྱང་སུ་འགྲོས་འཕྲིན་འདིའང་མཛོད་ཅེས་གསུངས། །དེང་སང་ཁ་བ་ཅན་གྱི་བྱང་ཕྱོགས་སུ། །ཕ་མེས་བཟང་པོའི་རྣམ་སྲོལ་བསྐྱང་བའི་ཕྱིར། །ཡེ་ཤེས་འོད་ཀྱིས་ཁྱེད་ཕྱིར་འབད་པ་ཡིས། །སྡིག་པའི་རྒྱལ་པོས་སྲོག་དང་བྲལ་བར་བྱས། །བསོད་ནམས་ཆུང་བས་བདག་དང་མ་མཇལ་ཡང་། །བདག་གི་བསམ་པ་ཚིམ་པར་མཛད་དུ་གསོལ། །ཞེས་པའི་ཞུ་ཡིག་གསེར་དང་བཅས་པ་ཕུལ། །དེ་ནས་སྡིག་པའི་རྒྱལ་པོས་དཀྲོངས་པ་ན། །ཆོས་རྒྱལ་ཆེན་པོས་སྨོན་ལམ་འདི་བཏབ་པ། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུའང་། །ཆོས་ཕྱིར་སྲོག་ལ་ཕངས་པ་མེད་པ་དང་། །སྙིང་སྟོབས་ཆེན་པོས་གཞན་དོན་བྱེད་པར་ཤོག །དེ་ལྟར་ལྷ་ཆེན་ཞི་བར་གཤེགས་པར་གྱུར། །རྗེས་ནས་བྱང་ཆུབ་འོད་ཀྱིས་བདག་བསྐུལ་ཏེ། །དེང་སང་དཀའ་བ་ཆེན་པོས་དྲུང་འདིར་འོངས། །ད་ལན་ཅིས་ཀྱང་འབྱོན་པར་མཛད་དུ་གསོལ། །

ལན་དུ་ཇོ་བོའི་ཞལ་འདི་སྐད་གསུངས། །ཚེ་དང་ལྡན་པ་ཁྱོད་བདེན་ཤིན་ཏུ་མད། །བོད་ཀྱི་ཆོས་རྒྱལ་དེ་ལ་ཤིན་ཏུ་གནོང་། །རྒྱལ་པོའི་མི་ནོར་མང་པོ་ཡང་ཡང་ཟད། །ཁོ་བོ་སྙིང་རྗེ་ཆུང་བ་མ་ལགས་ཏེ། །ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་ཡོད། །ཚེ་དང་ལྡན་པ་མང་པོའི་བདག་གཉེར་བབ། །ཕོངས་པ་མང་པོས་གཙེས་ཤིང་རྒབ་ནས་མནན། །འདི་ལྟར་ན་རྒས་མགོ་བོའང་དཀར་པོར་སོང་། །དེའི་སྟོབས་ཀྱིས་དེ་དུང་མ་ཐོན་ལགས། །ད་དུང་དུའང་ཐོན་པ་དཀའ་མོད་ཀྱིས། །ན་མོ་མཧཱ་ཀ་རུ་ནི་ཀ་ཡཿ ན་མོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནཱ་ཡཿ ན་མོ་སརྦ་ཏ་ཐཱ་ག་ཏ་ཡཿ ན་མོ་ཛ་ཡན་ཨ་ཀ་ར་ན་ཡཿ ཞེས་པས་ཉིན་མཚན་དག་ཏུ་ངག་སྦྱོངས་དང་། །དེ་ལྟར་མཛད་ན་བོད་དུ་ཕྱིན་པར་འགྱུར། །སྐལ་ལྡན་གང་གི་ཁོ་བོ་འགྲུབ་པར་འགྱུར། །ཚེ་དང་ལྡན་པས་སློབ་གཉེར་རེམ་ལ་གྱིས། །ད་དུང་བོད་དུ་འགྲོ་སྐད་མ་ཟེར་བར། །དཔེ་ཆ་ལ་སོགས་སྟ་གོན་ལེགས་པར་གྱིས། །སྙིང་ལ་རུས་པ་ཐོན་ལ་བྱ་བ་སྒྲུབས། །བྱ་བ་ཀུན་ལ་གཟབ་པ་ཤིན་ཏུ་གཅེས། །

དེ་ནས་དགེ་བཤེས་ནག་ཚོས་སྒྲ་རྣམས་བསླབས། །འགྲོ་བའི་ཆས་ཀ་ཐམས་ཅད་ལེགས་པར་བྱས། །ཨ་ཏི་ཤས་ཀྱང་དེ་ལྟར་རྒྱ་གར་གྱི། །ཆོས་ཀྱི་བྱ་བ་ཐམས་ཅད་ཚར་བར་མཛད། །དེ་དག་གིས་ནི་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ལུགས་ཅུང་ཟད་བཀོད་པ་དེ་རྫོགས་སོ།།  །།

 

ལུང་བསྟན་གྱི། རྒྱལ་རིགས་མཆོག་ལ་བསྟན་པའི་ཁུར་ཁུར་ནས། །སྐྱེ་རྒུའི་དཔལ་དུ་བླ་མར་གང་བྱོན་པའི། །མཁས་པ་ཆེན་པོ་དཱི་པཾ་ཀ་ར་དེ། །སྤྱི་བོར་བླངས་ཏེ་གུས་པར་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་བོད་དུ་འབྱོན་བཞེད་ནས། །བླ་མ་རྣམས་ལ་ཕྱི་ཕྱག་མཛད་པ་ན། །ཐམས་ཅད་མཐུན་པར་ཞུ་བ་ཕུལ་བ་ནི། །དང་པོར་ར་ཧུ་ལ་ཡི་དྲུང་བྱོན་ཚེ། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །ར་ཧུ་ལ་ཡི་ཞལ་ནས་འདི་སྐད་གསུངས། །པདྨོའི་མཚོ་ལ་ངང་པ་འཇུག་པ་ལྟར། །རྫུ་འཕྲུལ་རླུང་ལ་ཞོན་ནས་བོད་དུ་བྱོན། །རྒྱ་ཁྲ་ཧོར་པ་གཟན་ལ་གཞོལ་པ་ལྟར། །རྫུ་འཕྲུལ་ཤུགས་ཀྱིས་བགྲོད་ལ་བོད་དུ་བྱོན། །ཆུ་བོ་ཆེན་པོ་རྒྱ་མཚོར་འགྲོ་བ་ལྟར། །འཇུག་ངོགས་ལས་ཀྱི་བདེ་བར་བོད་དུ་བྱོན། །དཔའ་བོ་ཆེན་པོ་གཡུལ་དུ་འཇུག་པ་ལྟར། །རིག་པ་གདེང་དང་བཅས་ཏེ་བོད་དུ་བྱོན། །ཕ་གི་སྤུ་རྒྱལ་བོད་ཀྱི་ཡུལ་ཞེས་པ། །མགོན་པོ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན། །དེ་ན་ཐོག་མེད་དུས་ནས་ཉེ་འབྲེལ་བའི། །ཁྱེད་ཀྱི་སྲས་པོ་འབྲོམ་རྗེ་ཞེས་པ་ཡོད། །དེ་ཡི་རྣམ་པ་ཇི་ལྟར་ཡོད་སྙམ་ན། །ཤེལ་གྱི་ཁྱེའུ་ཆུང་གསེར་གྱི་རལ་པ་ཅན། །ཀུན་ནས་མཛེས་པ་ལྷ་ཡི་ཅོད་པན་ཅན། །དགའ་བའི་རྒྱན་ཆ་སིལ་སིལ་རབ་ཏུ་འཁྲོལ། །བཅུ་དྲུག་ལོན་འདྲ་མཚན་དང་དཔེ་བྱད་འབར། །སྙན་པའི་ང་རོ་ཕ་རོལ་ཕྱིན་པའི་སྒྲ། །ཡན་ལག་དྲུག་ཅུའི་གྲུ་ཆར་མཛེས་པའི་དབྱངས། །ལྷང་ལྷང་སྙན་པས་སྐྱེ་བོའི་ཡིད་དབང་འཛིན། །གང་གིས་མཐོང་ཐོས་ཉོན་མོངས་གདུང་བ་སེལ། །སྣ་ཚོགས་སྤྲུལ་པས་གདུལ་བྱའི་རེ་འདོད་སྐོང་། །རེས་འགའ་དག་ནི་རྒྱལ་པོའི་གཟུགས་སུ་འོང་། །རེས་འགའ་དག་ནི་བློན་པོའི་གཟུགས་སུ་འོང་། །རེས་འགའ་དག་ནི་ཁྱིམ་བདག་གཟུགས་སུ་འོང་། །རེས་འགའ་དག་ནི་དགེ་བསྙེན་འདྲ་བའི་གཟུགས། །རེས་འགའ་དག་ནི་ཡོངས་འཛིན་སེམས་དཔའི་གཟུགས། །རེས་འགའ་དག་ནི་དབུལ་ཕོངས་གཟུགས་སུ་སྟོན། །རེས་འགའ་དག་ནི་རྫིངས་དང་ཟམ་པ་དང་། །གཙུག་ལག་འགྲོན་ཁང་ཁྱིམ་བཟང་ལ་སོགས་པའི། །སྐྱེ་རྒུའི་ཉེར་མཁོ་ཐམས་ཅད་སྤྲུལ་པར་བྱེད། །གང་ཡང་སྤྲུལ་པའི་འབྲོམ་རྗེ་དམ་པ་དེ། །སྐལ་ལྡན་ཁྱེད་ཀྱི་སྲས་ཀྱི་ཐུ་བོ་ཡིན། །དཱི་པཾ་བོད་དུ་བྱོན་ལ་གཞན་དོན་མཛོད། །

ཨ་ཏི་ཤ་ཡིས་དེ་ལ་ལན་གསོལ་བ། །མཁས་པ་བདག་གིས་ཞིང་དེར་ཕྱིན་པ་ན། །སྐྱེ་བོ་རྣམས་ནི་གདུག་རྩུབ་ཤིན་ཏུ་ཆེ། །ས་བདག་ཀླུ་གཉན་མི་མ་ཡིན་པ་འཁྲུག །ཆོས་པའི་གཟུགས་བརྙན་གདོལ་པའི་ང་རྒྱལ་སྨྲ། །བན་བོན་རྣམས་ནི་བག་མེད་སྤྱོད་པ་རྩིང་། །བདག་གིས་ཞིང་དེར་འགྲོ་དོན་ཇི་ལྟར་བྱ། །བླ་མའི་ཞལ་ནས་རྗེ་ལ་ལན་གསུངས་པ། །བོད་ན་སྐྱོན་མེད་བསྟན་པ་དར་གྱུར་ན། །དཱི་པཾ་ཁྱོད་ཀྱིས་ཞིང་དེར་ཅི་ཞིག་བྱ། །མ་རུངས་གདུལ་དཀའི་སྐྱེ་བོ་མེད་གྱུར་ན། །པཎ་ཆེན་གང་གིས་ཕྱིན་ཀྱང་འགྲོ་དོན་འབྱུང་། །དེ་ཕྱིར་མཁྱེན་བརྩེའི་མངའ་བདག་ཁྱོད་སོང་ལ། །རྟེན་གསུམ་ཐམས་ཅད་རབ་ཏུ་གནས་པར་མཛོད། །སྐྱེ་བོ་ཐམས་ཅད་སྡོམ་པས་ཕྱུག་པར་མཛོད། །སྡོམ་ལྡན་ཐམས་ཅད་སྲུང་སྡོམ་མཁས་པར་མཛོད། །སྔགས་པ་ཐམས་ཅད་དམ་ཚིག་གཙང་བར་མཛོད། །སྐལ་ལྡན་ཐམས་ཅད་སེམས་བསྐྱེད་ཆེ་བར་མཛོད། །ཡོན་རྣམས་ཐམས་ཅད་བསྔོ་བ་བརྟན་པར་མཛོད། །དཀོན་མཆོག་ཐམས་ཅད་མཆོད་པས་ཕྱུག་པར་མཛོད། །སྐྱེ་བོ་ཐམས་ཅད་ཞི་བདེ་ཆེ་བར་མཛོད། །སྡེ་སྣོད་གསུམ་ལ་འཆད་ཉན་དར་བར་མཛོད། །བསླབ་པ་གསུམ་ལ་ཉམས་ལེན་འཕེལ་བར་མཛོད། །ཡོན་ཏན་གང་ལའང་རང་བཟོ་ཆུང་བར་མཛོད། །ཆོས་ལུགས་གང་ལའང་འདྲེས་ཁྱེར་མེད་པར་མཛོད། །བརྒྱུད་པ་གང་ལའང་དམ་ཉམས་མེད་པར་མཛོད། །སྤྱོད་པ་ཀུན་ལ་རྩིང་ཆོས་མེད་པར་མཛོད། །ལྟ་བ་ཀུན་ལ་གཡང་ས་མེད་པར་མཛོད། །སྒོམ་སྒྲུབ་ཀུན་ལ་གོལ་ས་མེད་པར་མཛོད། །ལས་འབྲས་ཀུན་ལ་ཕྲ་ཞིབ་ཆེ་བར་མཛོད། །གདུལ་བྱ་ཡོངས་ལ་སྤྱི་སྙོམས་ཆེ་བར་མཛོད། །གདུལ་བྱའི་སྣོད་ལ་བརྟག་གཞི་ཆེ་བར་མཛོད། །མཁས་པ་འདི་ནི་བསླབ་བྱ་ཆེན་པོ་ཡིན། །གསུང་དེ་ཐོས་ནས་ཤིན་ཏུ་ཚིམ་པར་མཛད། །ད་ནི་དུས་དང་གནས་སྐབས་ཐམས་ཅད་དུ། །བསྙེལ་བ་མེད་པར་ཐུགས་ཀྱིས་འཛིན་པ་དང་། །འགྲོ་དོན་ཕུན་སུམ་ཚོགས་པའི་བྱིན་རླབས་དང་། །འབྲལ་མེད་སྐྱེ་བར་བརྟན་དུ་འགྲོགས་པ་དང་། །རྟག་པར་ཐུགས་དགོངས་རྫོགས་པར་བྱིན་གྱིས་རློབས། །རི་བོ་ནག་པོའི་གཙུག་ལག་ཁང་གི་ཕོ་བྲང་ནས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ར་ཧུ་ལ་གུཔྟས་རི་བོ་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་པ་རྒྱུ་མཚན་གནད་ཀྱི་སྒྲོན་མེ་ཞེས་བྱ་བ་རེ་ཞིག་རྫོགས་སོ།།  །།

 

སྐྱེས་མཆོག་བླ་མ་རྣམས་ལ་གུས་བཏུད་ནས། །ཆོས་ཀྱི་རྒྱལ་པོ་དཱི་པཾ་ཀ་ར་དེས། །བླ་མ་རྣམས་ཀྱིས་ལུང་བསྟན་བརྙེས་པ་ཡི། །ལེགས་བཤད་འབྲེལ་བའི་གཏམ་འདི་བཤད་ཀྱི་ཉོན། །དྷརྨ་རཀྵི་ཏ་ཡི་དྲུང་དུ་བྱོན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བགྱི། །མཁས་པ་བཤད་དམ་བསྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །དྷརྨ་རཀྵི་ཏ་ཡི་ལན་གསུངས་པ། །ཁྱོད་ཀྱི་གདུལ་བྱ་ཁ་བ་ཅན་དུ་ཡོད། །འགྲོ་དོན་གདུལ་བྱ་རྣམས་ཀྱི་བློ་དང་བསྟུན། །ཐེག་པ་ཆེ་ཆུང་ཐམས་ཅད་རང་སར་ཤོད། །སྐབས་དོན་ཆོས་རྣམས་མཉམ་པ་ཉིད་དུ་སྒོམས། །མ་ཞུམ་དཔའ་བོ་ཆེན་པོ་བྱང་དུ་རྒྱུགས། །རྩི་ཤིང་ནགས་ཚལ་རྒྱས་པའི་ཁྲོད་དུ་རྒྱུགས། །རི་བོ་སྤོས་ངད་ལྡན་པའི་ངོས་སུ་རྒྱུགས། །རྒྱུགས་ཞེས་པ་འོག་མ་རྣམས་ལ་ཡང་འདྲ་སྟེ།

ནེའུ་གསིང་མེ་ཏོག་བཀྲ་བའི་ཚུལ་དུ་རྒྱུགས། །བག་ཕེབས་རི་དྭགས་རྒྱུ་བའི་སུལ་དུ་རྒྱུགས། །ལྷ་བྱ་གླུ་དབྱངས་འཚེར་བའི་གནས་སུ་རྒྱུགས། །ཆུ་བྱ་ངང་པ་ལྡིང་བའི་ངོགས་སུ་རྒྱུགས། །ཆུ་མིག་བསིལ་ངད་ལྡན་པའི་ཞིང་དུ་རྒྱུགས། །ཤང་ཤང་མེ་ཏོག་མཛེས་པའི་ནགས་སུ་རྒྱུགས། །རྫིང་བུ་ཡིད་ཀྱིས་བཀོད་པའི་ལྗོངས་སུ་རྒྱུགས། །དབྱར་དགུན་སྟོན་དཔྱིད་ཕྱེད་པའི་ཕྱོགས་དེར་རྒྱུགས། །གང་དུའང་རིགས་མ་ངེད་པའི་ས་དེར་རྒྱུགས། །རྒྱུགས་རྒྱུགས་མཁའ་ལ་མདའ་འཕངས་བཞིན་དུ་རྒྱུགས། །བཀའ་སྡོད་སྲུང་མ་དཔུང་དུ་བརྟེན་ལ་རྒྱུགས། །ཡེ་ཤེས་མཁའ་འགྲོ་གྲོགས་སུ་ཁྲིད་ལ་རྒྱུགས། །སངས་རྒྱས་བསྟན་པ་སྤྱི་བོས་ལོངས་ལ་རྒྱུགས། །མགོན་མེད་སེམས་ཅན་ཐུགས་རྗེས་དམིགས་ལ་རྒྱུགས། །མཐའ་འཁོབ་ཀླ་ཀློ་བལ་བོད་འདུལ་དུ་རྒྱུགས། །རྒྱུགས་རྒྱུགས་ཐམས་ཅད་མཁྱེན་པ་མྱུར་དུ་། །ཡིག་འབྲུ་བཅུའི་ཧཱུཾ་སྒྲ་སྒྲོག་ཅིང་རྒྱུགས། །གཡོ་བ་མེད་པར་བརྐྱངས་བསྐུམས་བགྲད་ཅིང་རྒྱུགས། །མེ་དཔུང་དཀྱིལ་ནས་ཁྲོ་བཅུ་འགྱེད་ཅིང་རྒྱུགས། །བདུད་རིགས་ཐམས་ཅད་ཐལ་བར་རློག་ཅིང་རྒྱུགས། །མུ་སྟེགས་ངན་པ་རྡོག་པས་རྫི་ཞིང་རྒྱུགས། །ནག་པོའི་ཚོགས་རྣམས་དམ་ལ་འདོགས་ཤིང་རྒྱུགས། །ལྟ་བ་ངན་པ་གཡང་ལ་བཀུར་ཞིང་རྒྱུགས། །ལས་འབྲས་ཞིབ་མོ་ཕྱེ་རུ་འཐག་ཅིང་རྒྱུགས། །སྡེ་སྣོད་གསུམ་གྱི་རྩིང་ཞིབ་ལྟ་ཞིང་རྒྱུགས། །བསླབ་པ་གསུམ་གྱི་ཟན་དུ་འདྲིལ་ཞིང་རྒྱུགས། །སྐྱེས་བུ་གསུམ་གྱི་ཁ་རུ་འཇུག་གིན་རྒྱུགས། །དཀོན་མཆོག་གསུམ་གྱི་ལག་བདེ་བྱེད་ཀྱིན་རྒྱུགས། །བརྒྱུད་པ་གསུམ་གྱི་དམ་ཉམས་སྒྲོལ་ཞིང་རྒྱུགས། །རྒྱུགས་རྒྱུགས་སྙིང་རྗེ་ཆེན་པོ་ལ་འུར་རྒྱུགས། །འདྲེ་ཁྱེར་ཆོས་ལ་ཐོ་ལུད་འདེབས་ཤིང་རྒྱུགས། །རང་བཟོའི་ཆོས་ལ་སྨ་འབེབ་བྱེད་ཅིང་རྒྱུགས། །རྒྱུགས་རྒྱུགས་མཁས་པ་ཆེན་པོ་བྱང་དུ་རྒྱུགས། །ཤེས་ནས་ཕྱེད་པའི་མཁས་པ་བྱང་དུ་རྒྱུགས། །གཉེན་པོ་ཐོབ་པའི་དཔའ་བོ་བྱང་དུ་རྒྱུགས། །ལོག་ཆོས་ཐམས་ཅད་སུན་འབྱིན་བྱེད་དུ་རྒྱུགས། །ཅལ་ཅོལ་ཐམས་ཅད་གྱི་ནར་གཏོང་དུ་རྒྱུགས། །ཁ་ལྟ་ཐམས་ཅད་ས་ལ་སྡེབ་ཏུ་རྒྱུགས། །སྒྲོ་བསྐུར་ཐམས་ཅད་རང་སར་འཇོམས་སུ་རྒྱུགས། །ཐ་མལ་ཐམས་ཅད་ཆོས་ལ་འགོད་དུ་རྒྱུགས། །འབག་འབོག་ཐམས་ཅད་ཤན་ཤུན་འབྱེད་དུ་རྒྱུགས། །རྒྱུགས་རྒྱུགས་སྟོབས་ལྡན་ཆེན་པོ་ད་ལྟ་རྒྱུགས། །ཕཊ་ཕཊ་བདུད་སྡེ་ཆེན་མོ་མ་ར་ཡ། །དགྲ་བགེགས་གཤེད་མའི་སྙིང་ལ་མ་ར་ཡ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །གཡས་ན་ཁྲོ་བཅུ་ཐམས་ཅད་གར་དུ་གཡོ། །གཡོན་ན་ལྷ་མོ་ཐམས་ཅད་བྲེ་རུ་རྩེ། །རྒྱབ་ན་བཀའ་སྡོད་ཐམས་ཅད་དཔུང་དུ་འཁྲིགས། །མདུན་ན་ཡི་དམ་ཐམས་ཅད་དངོས་གྲུབ་སྟེར། །སྟེང་ན་བླ་མ་དཀོན་མཆོག་སྤྲིན་དུ་འཁྲིགས། །མདུན་ན་རྒྱལ་བའི་འབྱུང་གནས་སྲས་སུ་མཚར། །མདུན་པའི་ཁྲིགས་ལེགས་བླང་དོར་ཕུན་སུམ་ཚོགས། །མ་འགྱིང་མ་འགྱིང་ཁ་བ་ཅན་དུ་སོང་། །དེ་ནི་ང་ཡི་བསླབ་བྱ་ཆེན་པོ་ཡིན། །རྦད་སྔགས་རྡོ་རྗེའི་ཆར་པ་དེ་ཕབ་པས། །ཨ་ཏི་ཤ་ཡང་ཉམས་དང་ཤེས་པ་འབར། །བཀའ་དྲིན་ཆེའོ་དྷ་རྨ་རཀྵི་ཏ། །བདག་གི་དགེ་ལེགས་ཆོས་འབྱོར་སྤེལ་དུ་གསོལ། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སྐྱེ་བ་གཏན་དུ་ཆོས་དང་མཇལ་བར་སྨོན། །ཞེས་བྱ་བ་དེ་དག་གིས་ནི་རི་བོ་ནག་པོའི་ཁོང་གསེང་ནས་རྣལ་འབྱོར་པ་དྷརྨ་རཀྵི་ཏས་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་པ་རྦད་སྔགས་རྡོ་རྗེའི་མགུར་ཞེས་བྱ་བ་རྫོགས་སོ།།  །།

 

རྒྱལ་རིགས་མཆོག་ལ་འཕགས་པའི་དགྲ་བཅོམ་བརྙེས། །ཚོགས་གཉིས་དཔལ་ལས་རྒྱལ་བ་གཉིས་པར་གྱུར། །མདུན་མ་དགེ་མཐར་ཕྱིན་པས་ཀུན་གྱིས་བསྔགས། །འགྲན་གྱི་དོ་མེད་དེ་ལ་གུས་བཏུད་ནས། །ལུང་བསྟན་བརྙེས་ནས་གངས་རིར་གང་བྱོན་པའི། །སྙན་པའི་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་བསྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བླ་མའི་ཞལ་ནས་འདི་སྐད་གསུངས། །ཁྱོད་ཀྱི་གདུལ་བྱ་སྤུར་རྒྱལ་བོད་ན་ཡོད། །འགྲོ་དོན་གདུལ་བྱ་རྣམས་ཀྱི་བློ་དང་བསྟུན། །ཐེག་པ་ཆེ་ཆུང་ཐམས་ཅད་རང་སར་ཤོད། །སྐབས་དོན་ཆོས་རྣམས་མཉམ་པ་ཉིད་དུ་སྒོམས། །ཕ་གི་རི་བོ་གངས་ཅན་རྒྱུད་དུ་སྒོམས། །ངམ་ནག་སྤོས་རྒྱ་ལྟ་བུའི་ཡུལ་དུ་སྒོམས། །ཟུར་གསུམ་ཧོཾ་ཁུང་ལྟ་བུའི་ལྗོངས་སུ་སྒོམས། །བྲག་གདོང་ཤ་རུ་ལྟ་བུའི་ཟེ་ལ་སྒོམས། །ཀླུ་ཤིང་བྲ་མ་འཚུབ་པའི་གནས་སུ་སྒོམས། །རླུང་དམར་དགུ་འཚུབ་འཁྱིལ་བའི་དཀྱིལ་དུ་སྒོམས། །ཆུ་བོ་ཀུ་ཅོ་འདེབས་པའི་ངོགས་སུ་སྒོམས། །རྡོ་ཤིང་ཚེར་མ་ཆེན་པོའི་རོང་དུ་སྒོམས། །སྙིང་རྗེས་འགྲོ་བ་ཡོངས་ལ་དམིགས་ཤིང་སྒོམས། །བྱམས་པས་ཕྱོགས་རིས་མེད་པར་ཁྱབ་པར་སྒོམས། །གནས་ལུགས་གཉིས་སུ་མེད་པར་གློད་ལ་སྒོམས། །དཱི་པཾ་ཀ་ར་གངས་རིའི་ཁྲོད་དུ་སོང་། །སངས་རྒྱས་བསྟན་པ་སྙིང་ལ་སོམས་ལ་སོང་། །སྐྱབས་མེད་སེམས་ཅན་དང་དུ་ལོང་ལ་སོང་། །ཐེག་པ་ཐམས་ཅད་རང་སར་འབྱེད་དུ་སོང་། །སྙིང་སྟོབས་ཆེན་པོ་ཁྱོད་ཀྱིས་མ་ཕྱིན་ན། །བོད་ཀྱི་སེམས་ཅན་ཤིན་ཏུ་ཐོས་པ་ཆུང་། །ཤུལ་རིངས་ལམ་ལ་བགྲོད་ཚེ་ཇི་ལྟར་བྱ། །བོད་ཀྱི་སེམས་ཅན་ཤིན་ཏུ་ཕྱི་ཐག་ཐུང་། །ངན་པ་རྣམས་ལ་ཕན་འདོགས་སུ་ཡིས་བྱེད། །བོད་ཀྱི་སེམས་ཅན་མ་རུངས་ཁྲེལ་གཞུང་ངན། །གདུག་རྩུབ་གཤིས་ངན་རྣམས་ལ་སུ་ཡིས་སྐྱོབ། །བོད་ཀྱི་སེམས་ཅན་ཤིན་ཏུ་སྤྱོད་པ་ངན། །ཕན་པའི་བསླབ་བྱ་དམ་པ་སུ་ཡིས་བྱེད། །བོད་ཀྱི་སེམས་ཅན་གསར་འགྲོགས་མཐོ་ཁ་འགྲིམ། །དེ་འདྲའི་སེམས་ཅན་དམ་པ་གང་གིས་སྐྱོབ། །ཐུགས་རྗེ་ཆེན་པོ་ཁ་བ་ཅན་དུ་སོང་། །སྙིང་རྗེ་ཆེན་པོས་སེམས་ཅན་དབང་དུ་བསྡུས། །བྱམས་པ་ཆེན་པོས་ཐམས་ཅད་ཐབས་ཀྱིས་སྐྱོངས། །རེ་ལྟོས་མེད་པར་ཕན་བདེའི་གོ་ཆ་གོན། །དྲིན་ལན་གང་གིས་སྲོག་ལ་རྒོལ་གྱུར་ཀྱང་། །སྐྱེ་བོ་ཡོངས་ལ་ལྷག་པར་སྙིང་རྗེ་བསྐྱེད། །ངན་པ་འདྲིལ་ནས་བསྐུར་བ་བཏབ་གྱུར་ཀྱང་། །ཡིད་འབྱུང་མ་བྱེད་དཔའ་བོའི་གོ་ཆ་གོན། །ཐམས་ཅད་དམ་ཚིག་ཉམས་ཤིང་ཁྲིམས་འཆལ་ཀྱང་། །ཁྱེད་རང་མ་སྐྱོ་ལྷག་པར་གོ་ཆ་གོན། །ཐུགས་རྗེ་ཆེན་པོ་ཁ་བ་ཅན་དུ་སོང་། །འདྲེ་སྲིན་གདུག་པ་བྱམས་པའི་སེམས་ཀྱིས་ཐུལ། །ས་གཞི་གཉེན་པོ་ཐུགས་རྗེའི་ཞབས་ཀྱིས་ཆོགས། །ལྷ་ཁང་གཉེན་པོ་རྡོ་རྗེའི་ཟེར་གྱིས་ཐུལ། །གསང་སྔགས་ཐམས་ཅད་རང་གི་སེམས་ལ་སྟོན། །མདོ་སྡེ་ཐམས་ཅད་ཡོངས་ལ་ཐང་མར་རྡོལ། །ལེགས་ཉེས་ཐམས་ཅད་རྒྱུ་འབྲས་ལས་ལ་རྩིས། །བློ་ཕུགས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་གཏོད། །མདུན་མ་ཐམས་ཅད་བྱམས་དང་སྙིང་རྗེར་དྲིལ། །སྙིང་སྟོབས་ཆེན་པོས་ཁ་བ་ཅན་དུ་སོང་། །དེ་ན་ཁྱེད་ཀྱི་སྲས་པོ་འབྲོམ་རྗེ་ཡོད། །སྲོད་ལ་རྡོ་རྗེ་གར་གྱི་དཀྱིལ་འཁོར་རྩེ། །གུང་ལ་མཉམ་ཉིད་སེམས་ཀྱི་མེ་ལོང་ལྟ། །ཐོ་རངས་སྐྱེ་དགུ་ཐམས་ཅད་བྱམས་རྩེས་སྡུད། །སྔ་དྲོ་སྒྱུ་མ་གར་གྱི་མཆོད་པ་རྩེ། །ཉིན་གུང་རིག་པ་འཕྲུལ་གྱི་གཟུགས་བརྙན་འགྱེད། །ཕྱི་དྲོ་བསླབ་པ་གསུམ་གྱི་འཁོར་ལོ་སྐོར། །གསང་སྔགས་ནང་དུ་བརྟེན་པས་དམ་ཚིག་བརྟན། །སྐྱེ་བོ་བྱམས་པས་བསྐྱངས་པས་ཀུན་གྱིས་བཀུར། །རྒྱུ་འབྲས་ལས་ལ་མཁས་པས་ཕྲ་ཞིབ་ཆེ། །སྣང་སྟོང་སྒྱུ་མར་ཤེས་པས་དངོས་འཛིན་བྲལ། །སེམས་ཉིད་རང་སར་གྲོལ་བས་འཆིང་བ་ཆོད། །སྐྱབས་སུ་དཀོན་མཆོག་བརྟེན་པས་འཇིགས་པ་སྤངས། །སྟོང་ཉིད་སྙིང་རྗེ་འབྱོངས་པས་ས་བཅུ་བརྙེས། །རྡོ་རྗེའི་ལུས་འདྲ་ཤིན་ཏུ་སྤྱན་མིག་ཡངས། །ཚངས་པའི་གསུང་དབྱངས་དམ་པ་ཆོས་ཀྱི་སྒྲ། །ཤེས་བྱ་ཀུན་རིག་མཁྱེན་རྩེའི་ཕ་རོལ་ཕྱིན། །སྣ་ཚོགས་གཟུགས་འགྱེད་རྗེ་བཙུན་སྤྲུལ་པའི་སྐུ། །དེང་སང་ཡོངས་སུ་གྲགས་པ་ཆོས་འཕེལ་ཡིན། །དེ་ནི་ཆོས་རྒྱལ་ཁྱོད་ཀྱི་སྲས་པོ་ལགས། །དེ་ལ་སོམས་ལ་ཁ་བ་ཅན་དུ་སོང་། །ཁྱོད་ཀྱི་འགྲོ་དོན་ཐུབ་པའི་དབང་པོ་འདྲ། །མགོན་པོ་ཁྱོད་ཀྱིས་བོད་ཁམས་མ་བཏུལ་ན། །མགོན་མེད་རྣམས་ཀྱིས་མགོན་སྐྱབས་སུ་ལ་རེ། །དེང་སང་དུས་ན་མཁས་པ་ཆེན་པོ་ཁྱོད། །ཉེ་དབང་གནས་ན་ལྷ་དབང་བརྒྱ་བྱིན་ལྟར། །དམ་པ་གཞན་ལས་ཁྱད་པར་འཕགས་པ་ལགས། །

དེ་ཕྱིར་ཁ་བ་ཅན་གྱི་སེམས་ཅན་རྣམས། །ལས་ཀྱིས་བསྡམས་ཤིང་གཤིན་རྗེས་དྲངས་པའི་ཚེ། །རང་དབང་མེད་ཅིང་སྡུག་བསྔལ་སྨྲེ་སྔགས་འདོན། །སྐྱབས་མེད་སྡུག་བསྔལ་འདམ་དུ་བྱིང་བ་ལ། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོས་བསྐུལ་མ་ལགས། །དེ་ལྟར་ལགས་པས་ཁྱེད་ཀྱི་སྐུ་མཆོག་ནི། །ལྷ་སྐུའི་སྣང་བས་རྡོ་རྗེའི་ཤུགས་ཀྱིས་བགྲོད། །ངག་ནི་ཕན་བདེའི་འབྱུང་གནས་དབྱངས་ཀྱིས་ཕུལ། །ཡིད་ནི་མཁྱེན་རྩེའི་མངའ་བདག་དབྱིངས་སུ་དྲོངས། །ཐུགས་རྗེ་ཆེན་པོས་བོད་དུ་བྱོན་པ་ན། །སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་འདྲ། །མི་ཤེས་གཏི་མུག་ཐམས་ཅད་འཇིགས་པར་འགྱུར། །ཀུན་གྱིས་ལས་འབྲས་ཐམས་ཅད་ཕྱེད་པར་འགྱུར། །བླ་མའི་གསུང་དེ་ཐོས་ནས་དགེ་བ་ཡིས། །ལན་གྱི་ཚུལ་དུ་གསོལ་བ་འདི་བཏབ་པ། །དེ་ལྟར་མོད་ལགས་ཤིན་ཏུ་ངོ་མཚར་ཆེ། །ལས་ཀྱི་འབྲེལ་བ་བརྟགས་ལ་གསུང་དེ་སྒྲུབ། །ནུས་པ་གང་ཡོད་ལྷོད་པར་མི་བྱ་སྟེ། །ཁུར་ཆེན་སྤྱི་བོས་བླངས་ལ་བོད་དུ་འགྲོ། །ཀུན་ཏུ་ཁྱེད་ཀྱིས་བར་ཆད་ཞི་བ་དང་། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །ཡང་ཡང་བླ་མ་ཁྱེད་དང་མཇལ་བ་དང་། །དམ་ཚིག་གང་ཞིང་འགྲོ་དོན་འཕེལ་བར་ཤོག །དེ་དག་གིས་ནི་རྗེ་བཙུན་ཆེན་པོ་ཌོཾ་བྷི་པས་རི་བོ་ནག་པོའི་ཁོང་གསེང་ནས། རི་བོ་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་པ། ཐུགས་རྗེ་ཆེན་པོ་ལ་བསྐུལ་མ་བཏབ་པ་ཕན་བདེའི་དབྱངས་ཞེས་བྱ་བ་ཡོངས་སུ་རྫོགས་སོ།།  །།

 

བསྟན་པའི་རྩ་ལག་བླ་མ་སྙིང་རྗེ་ཅན། །འགྲོ་བའི་མགོན་སྐྱབས་སྙིང་རྗེ་ཆེན་པོའི་དཔལ། །མཚུངས་པ་མེད་པ་རྗེ་བཙུན་ཆེན་པོ་དེ། །སྤྱི་བོས་བླངས་ཏེ་གུས་པར་ཐལ་སྦྱར་ནས། །དམ་པས་ལུང་བསྟན་རྒྱ་མཚོ་ལྟ་བུ་ལས། །ཐོར་བུ་ཙམ་ཞིག་བདག་གིས་བཤད་ཀྱིས་ཉོན། །བླ་མ་ཨ་དྷཱུ་ཏིའི་དྲུང་དུ་བྱོན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བགྱི། །མཁས་པ་བཤད་དམ་བསྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བླ་མའི་ཞལ་ནས་འདི་སྐད་གསུངས། །ཅི་ཟེར་ཁྱོད་ཀྱི་གདུལ་བྱ་བོད་ན་ཡོད། །ཚམ་ཚོམ་མ་མང་མྱུར་དུ་བོད་དུ་སོང་། །འགྲོ་དོན་སྐྱེ་དགུ་ཐམས་ཅད་དབང་དུ་བསྡུས། །བཤད་དུས་བཤད་ལ་བསྒོམ་དུས་དྲིལ་ལ་སྒོམས། །རྒྱ་གར་སངས་རྒྱས་བསྟན་པའི་འབྱུང་གནས་ན། །གྲུབ་ཐོབ་བྱ་ལོང་ལྟ་བུར་ཟམ་མ་ཆད། །ལྷ་ཁང་ཐམས་ཅད་རང་ས་རང་སར་གཏོད། །མི་ཁྱོད་བོད་ཀྱི་སེམས་ཅན་བློས་བཏང་ནས། །གླང་ཆེན་སྨྱོན་པ་ལྟ་བུར་གང་དུ་འགྲིམ། །དེང་སང་མགོན་མེད་སེམས་ཅན་བསྒྲལ་དུས་སུ། །ཐུགས་རྗེ་ཆེན་པོའི་གོ་ཆ་གང་དུ་སྐྱུར། །བོད་ཀྱི་ཆོས་རྒྱལ་དམ་པ་གཤེགས་གཤེགས་སུ། །ཆོས་བརྒྱད་སྐྱིད་འདོད་རོ་ལ་གང་དུ་ཞེན། །མི་ཁྱོད་མགོ་བོ་དུང་དུ་སོང་སོང་དུ། །ད་དུང་དཀའ་སྤྱད་སྙིང་ལ་མི་ལེན་ན། །མུ་སྟེགས་འཆལ་བའི་གདོན་གྱིས་གང་དུ་གོས། །ཕཊ་ཕཊ་ད་ནི་བོད་དུ་ཁྱོད་སོང་ལ། །སྨྱོ་བྱེད་ནག་པོའི་གདོན་ལ་མ་ར་ཡ། །གྲིབ་གནོན་ཆེན་པོའི་གདོན་ལ་མ་ར་ཡ། །སྡུག་བསྔལ་སེམས་ཅན་སེམས་ཀྱིས་བཟོད་པ་ཡིས། །མི་དང་ནོར་རྫས་མང་པོ་གྲོན་ཞེས་ཐོས། །ཁྱོད་ཀྱིས་དེ་ཡི་སྡིག་པ་ཇི་ལྟར་འབྱོངས། །དགེ་སློང་ཆེད་དུ་མི་སྲོག་འབྲལ་རུང་ངམ། །བོད་ཀྱི་སེམས་ཅན་བླུས་པར་མ་གྱུར་རམ། །ཕུ་ཡ་ཕུ་ཡ་དཱི་པཾ་ཀ་ར་ཡ། །འདི་ལྟར་ཁེངས་པའི་གདོན་གྱིས་གང་དུ་བརླམས། །ཕར་སོང་སྙིང་རྗེའི་ཕ་ཚན་བསྐྱེད་ལ་སོང་། །སྐལ་ལྡན་ཐར་པའི་ལམ་ལ་འདྲེན་དུ་སོང་། །རིན་ཆེན་སྦས་པའི་གཏེར་ལ་སྦྱོར་དུ་སོང་། །མཐའ་འཁོབ་རྒྱལ་བའི་ཞིང་ལ་སྦྱོར་དུ་སོང་། །འཁོར་བའི་ནགས་ཀྱིས་གཡུལ་ངོ་བཟློག་དུ་སོང་། །དམ་ཚིག་ངན་པའི་སྤྱོད་པ་རྫི་རུ་སོང་། །ཁྱོད་ཀྱིས་རིགས་པ་བསྐྱེད་ནས་གནས་ལུགས་བསྟན། །ཡང་དང་ཡང་དུ་བྱང་སེམས་གོ་ཆ་གྱོན། །མི་རེར་ཐེག་པ་ཆེན་པོའི་དབང་བསྐུར་བསྟན། །ད་ནི་རང་དོན་ཡལ་བར་མི་འདོར་བར། །གདུལ་བྱ་དམུ་རྒོད་དག་ལ་འཇིགས་པ་ཡི། །ཕལ་ཆེན་སྡེ་པའི་གདོན་གྱིས་གོས་པར་ཉེ། །ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །གསང་སྔགས་རྡོ་རྗེ་ཐེག་པར་ཞུགས་ཀྱིས་ཨང་། །ད་ནི་དམ་བཅའི་ཁུར་ལས་འདའ་བྱེད་པའི། །ཉོན་མོངས་ངན་པས་རྒབ་ཏུ་འཁྲིད་པར་ཉེ། །ད་འདིར་ཁྱོད་ལ་གྲོགས་ངན་སུ་ཡིས་བསྐོར། །དཔའ་བོ་རྣམས་ཀྱི་གསེར་ཟམ་མ་བཅད་ཅིག །དམ་པ་རྣམས་ཀྱི་རྣམ་སྲོལ་མ་སྣུབ་ཅིག །ལེ་ལོའི་འགོང་པོས་གཞན་དོན་མ་བརླག་ཅིག །ཅི་ཟེར་ཁྱོད་ཀྱི་གདུལ་བྱ་བོད་ན་ཡོད། །ངེས་པར་ཁྱོད་ཀྱི་འཕྲིན་ལས་བོད་དུ་འཇུག །ཁྱོད་ཀྱི་སློབ་མ་བོད་ཀྱི་དགེ་བསྙེན་ཡིན། །རྒྱ་གར་དམ་པ་ཆོས་ཀྱིས་མ་ཕོངས་ཀྱིས། །མ་འདུག་མ་འདུག་ཁ་བ་ཅན་དུ་སོང་། །དཔའ་བོ་གོ་ཆ་གོན་ལ་གཞན་དོན་གྱིས། །བསྟན་པའི་སྲོག་ཤིང་ཟུང་ལ་གཞུང་ལུགས་སྐྱོངས། །རང་དོན་ཡལ་བར་དོར་ལ་གཞན་དོན་སྒྲུབས། །ཆོས་རྣམས་གཅིག་ཏུ་དྲིལ་ལ་ཉམས་སུ་ལོང་། །དཀའ་སྤྱད་དང་དུ་ལོང་ལ་སྙིང་རུས་བསྐྱེད། །རང་དོན་གདོན་དུ་སོམས་ལ་སྲོག་རྩ་ཆོད། །རྣམ་རྟོག་འདྲེ་དུ་སོམས་ལ་མགོ་ནས་བརྡུངས། །ཚུལ་ཁྲིམས་མཆོག་ཏུ་འཛིན་པའི་ཆོས་མ་བྱེད། །བརྟུལ་ཞུགས་སྨན་དུ་རེ་བའི་ཟས་མ་ཟ། །ངའོ་ང་རྒྱལ་རློམ་པའི་ཚུགས་མ་འཛིན། །སྐྱིད་འདོད་སྙིང་ལ་ཞུགས་པའི་ཆོས་མ་བྱེད། །ཁོག་པ་དུག་གིས་ཁེངས་པའི་འགྲོགས་ལ་ཟབ། །བློ་སྣ་ཐུང་བས་ཐོངས་ལ་རྒྱངས་ཀྱིས་བསྲིངས། །བྱ་བྱེད་ཐམས་ཅད་སྐྱུར་ལ་གོ་ཆ་གྱོན། །མི་ཁྱོད་ནམ་ཡང་མཐོན་པོའི་རྩེ་མ་འགྲིམ། །གང་དུའང་སྡུག་སོགས་ཞེན་པའི་གཞི་མ་འདིང་། །ང་ཁྱོད་ཆགས་སྡང་འཆིང་བའི་དགྲ་མ་འཚོལ། །མོ་བོན་རྩིས་དང་ཟོག་གི་ཐབས་མ་མཁས། །ལུང་ཁུངས་མེད་པའི་ཆོས་ཀྱི་རྒྱུས་མ་ཆེ། །བརྒྱུད་པ་མེད་པའི་མན་ངག་རྒྱ་མ་ཆེ། །ཕ་རྗེས་ཐམས་ཅད་དམ་པའི་ཆོས་ཀྱིས་བཟུང་། །རྣམ་ཐར་ཐམས་ཅད་མ་འདྲེས་རང་སར་སྐྱོངས། །གཞན་གྱི་ཆོས་ལ་བསྐུར་བའི་སྡིག་མ་བསགས། །རང་གི་ཆོས་ལ་ཞེན་པའི་སྒྲོ་མ་བཏགས། །མངོན་ཤེས་མེད་པར་སུ་ལའང་སྡིག་མ་བསགས། །ཕྱོགས་རིས་མེད་པར་འཆལ་བའི་ཚིག་མ་གཏང་། །ཐོས་པ་མེད་པར་ཆོས་ཀྱི་བགྲོ་མ་གླེང་། །མངོན་ཤེས་མེད་པར་གཞན་གྱི་ཚད་མ་བཟུང་། །དཱི་པཾ་གདམས་ངག་བྱ་བ་སོམས་ལ་ཐོབ། །སློབ་མ་བྱ་བ་ཤེས་ནས་སྙིང་གིས་སྐྱོངས། །གུས་པ་མེད་པའི་མི་ལ་ཆོས་མ་བཤད། །ཚོགས་མ་བསགས་ཀྱི་མི་ལ་སེམས་མ་ཕབ། །ཁ་ཚོད་ལྟ་བའི་མི་ལ་དོན་མ་བསྟན། །ཅོ་འདྲི་བྱེད་པའི་མི་ལ་ལན་མ་གདབ། །དམ་ཚིག་མེད་པའི་མི་དང་སེམས་མ་བསྟུན། །མཚམས་མེད་བྱས་པའི་མི་དང་གཏན་མ་འགྲོགས། །དཀོར་ནག་ཟོས་པའི་མི་ལ་འབྲེལ་མ་ཞུགས། །འགོང་པོས་ཁྱེར་བའི་མི་ལ་སྲིས་མ་བཅོལ། །དཱི་པཾ་གདམས་ངག་དེ་དག་གནད་པར་སོམས། །ཆོས་དེ་བརྩེ་བར་སོམས་ལ་དང་དུ་ལོང་། །གསུང་དེ་ཐོས་ནས་རང་སེམས་ཞི་བར་གྱུར། །ཕ་ཡིས་བུ་ལ་མ་ཡོད་མ་བཏང་བར། །གྱབ་གྱིབ་དཔེ་འཁྱུད་མེད་པའི་གསུང་བྱོན་པ། །བཀའ་དྲིན་ཆེའོ་ཤིན་ཏུ་ཐུགས་ལ་བཏགས། །ད་དུང་མདུན་མ་དགེ་མཐར་ཕྱིན་པ་དང་། །ཚེ་རབས་ཀུན་ཏུ་ཡང་ཡང་མཇལ་བ་དང་། །དམ་ཚིག་གཙང་མ་དྲུང་དུ་སྟོན་པ་དང་། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །དེ་དག་ནི་རི་བོ་ནག་པོའི་ཟོམ་ནས་བླ་མ་དམ་པ་ཨ་ཝ་དྷཱུ་ཏི་པས་རི་བོ་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་པ་ཕན་བདེའི་དབྱངས་སུ་བསྟན་པ་རེ་ཞིག་རྫོགས་སོ།།  །།

 

ཡོན་ཏན་རྒྱ་མཚོ་འགྲོ་བའི་དཔལ་གྱུར་ཅིང་། །ཤེས་རབ་རྒྱ་མཚོ་སྒྲོ་བསྐུར་ཀུན་སྤངས་པ། །ཆོས་ཀྱི་རྒྱལ་པོ་འགྲན་ཟླ་བྲལ་བ་དེ། །སྤྱི་བོས་བླངས་ཏེ་གུས་པས་ཕྱག་འཚལ་ཏེ། །མཁས་པ་ཆེན་པོ་བོད་དུ་ལུང་བསྟན་པའི། །སྙན་པའི་བ་དན་ཅུང་ཟད་སྒྲག་གིས་ཉོན། །ཀུ་སུ་ལུ་ཡི་དྲུང་དུ་བྱོན་པ་ན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བླ་མའི་ཞལ་ནས་འདི་སྐད་གསུངས། །ཁྱོད་ཀྱི་གདུལ་བྱ་ཁ་བ་ཅན་དུ་ཡོད། །དེར་བྱོན་དཔའ་བོ་རྣམས་ཀྱི་རྣམ་ཐར་སྐྱོངས། །ཆོས་ཀྱི་འགྲོ་དོན་འདི་ལྟར་བཤད་ཀྱིས་ཉོན། །དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །དད་གུས་དྲག་པོས་མཆོད་ཅིང་གསོལ་བ་ཐོབ། །དེ་ནས་གདུལ་བྱ་ཐམས་ཅད་སྟན་ལ་ཕོབ། །སྣོད་དང་མཐུན་པར་དམ་ཆོས་བདུད་རྩིས་བྲོན། །ང་རྒྱལ་མ་མཐོ་སྤྱོད་པ་རྣལ་དུ་ཕོབ། །བྱ་བྱེད་མ་མང་ཐོས་བསམ་བསྒོམ་པར་དྲིལ། །བློ་སྣ་མ་མང་ཉམས་ལེན་གཅིག་ཏུ་སྒྲིལ། །རྣམ་རྟོག་མ་མང་སྙིང་རྗེ་ཕན་སེམས་བསྐྱེད། །འདོད་པ་མ་ཆེ་རྟག་པར་དཀོན་མཆོག་མཆོད། །རྟག་འཛིན་མ་ཆེ་བརྩོན་འགྲུས་ལྕགས་ཀྱིས་བསྐུལ། །འདི་རུ་མ་འདུག་གདུལ་བྱ་བོད་ན་ཡོད། །དེར་ནི་རྒྱལ་བ་རྣམས་ཀྱི་སྤྱོད་པ་མཛོད། །སྔོན་ལ་ཐབས་མཁས་ཞི་དུལ་ཆེ་བར་མཛོད། །ཕྱོགས་ཆ་མེད་པར་བུ་བཞིན་བྱམས་པར་མཛོད། །ང་ཁྱོད་མེད་ཅིང་ཆགས་སྡང་ཆུང་བར་མཛོད། །སྡོམ་ཁྲིམས་མནོས་པ་ཐོས་བསམ་སྒོམ་པར་མཛོད། །རང་རྒྱུད་ཐུལ་ལ་གཤིས་ངན་ཕྱིན་པར་མཛོད། །དད་གཞི་ཟུང་ལ་ལྟ་སྤྱོད་འཛོམ་པར་མཛོད། །དཱི་པཾ་སྦས་པའི་བརྟུལ་ཞུགས་མ་ཤེས་ན། །སྙིགས་མའི་དུས་འདིར་ཤིན་ཏུ་ལྷ་འདྲེ་རྒོད། །སྐྱེ་བོའི་ཚོགས་ཀྱང་ཤིན་ཏུ་སྒྲོ་བསྐུར་རེམ། །ཀུ་སུ་ལུ་ཡི་གཞན་དོན་བྱས་པ་བཙན། །ཝད་ཝུད་མང་པོ་ཤིན་ཏུ་ཕྱི་ཐག་ཐུང་། །ལྐོག་རྒྱངས་ཆེན་པོ་ཆོས་ལ་བར་ཆད་མང་། །ཁས་ལེན་ཆེན་པོས་ཕྱི་ནས་དགྲ་བོ་ཚོལ། །བྱ་བྱེད་མང་པོས་ཕྱོགས་ནས་མི་ཁ་སྡུད། །གྲུབ་རྟགས་མང་པོས་རྒྱུད་ལ་སྒྲོ་བསྐུར་འབྱུང་། །མིག་མཐོང་མངོན་ཤེས་ལོག་ལྟ་སྐྱེ་བའི་རྒྱུ། །དངོས་གྲུབ་ཆང་ཆུང་ལམ་ནས་ལོག་པའི་རྐྱེན། །ཕན་ཡོན་ཆུང་ཞིང་ནང་དུ་གསལ་བར་གྱིས། །ལྟ་བ་བཟང་ལ་གཡང་ས་མེད་པར་གྱིས། །དཱི་པཾ་གདམས་ངག་ཟབ་མོ་གང་སྟོན་ཀྱང་། །གཞི་མར་འཁོར་འདས་སྐྱོན་ཡོན་ཕྱེད་པར་གྱིས། །མི་རྟག་སྐུལ་མ་སེམས་ལ་གནད་པར་གྱིས། །དཀོན་མཆོག་གསུམ་ལ་ཡིད་ཆེས་བརྟན་པར་གྱིས། །བྱང་ཆུབ་མཆོག་ལ་བསམ་པ་གོམས་པར་གྱིས། །སྟོབས་བཞི་སྦྱོར་བས་ཉོན་སྒྲིབ་དག་པར་གྱིས། །བསྔོ་བ་བཟང་པོས་ཁ་ལོ་ཆུན་པར་གྱིས། །སྟོང་ཉིད་བཟང་པོས་རྒྱས་འདེབས་དག་པར་གྱིས། །ཀུན་ལ་འགྲོགས་ཤེས་ཞེ་འབྲས་མེད་པར་གྱིས། །གྲོགས་པོས་མི་སྨོད་གཉེན་པོ་ཐོབ་པར་གྱིས། །འདི་ནི་ཀུ་སུ་ལུ་ཡི་གདམས་པ་ཡིན། །ཉིན་དང་མཚན་དུ་སེམས་ལ་ཞེན་པར་མཛོད། །གསུང་དེ་ཐོས་ནས་ཚིམ་ཞིང་སྐུ་དྲིན་ཅན། །ཐུགས་ལ་བཏགས་ཞེས་ཞབས་ལ་སྤྱི་བོས་གཏུགས། །ཚེ་རབས་རྟག་ཏུ་ཁྱེད་དང་མི་འབྲལ་བར། །དམ་ཚིག་གཙང་ཞིང་འགྲོ་དོན་འཕེལ་བར་ཤོག །དེ་དག་ནི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནས་ཀུ་སུ་ལུ་རིན་ཆེན་སྡེས་རི་བོ་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་པ་རྒྱུ་མཚན་གནད་ཀྱི་མེ་ལོང་ཞེས་བྱ་བ་ལེགས་པར་རྫོགས་སོ།།  །།

 

ཤེས་རབ་དབྱིངས་སུ་མཁྱེན་པ་རྒྱས་གྱུར་ཅིང་། །ཏིང་འཛིན་གཅིག་ཏུ་ཆོས་རྣམས་སྡུད་མཛད་པའི། །ཚུལ་ཁྲིམས་དཔའ་བོ་ལྷ་མིའི་བཀུར་གནས་དེ། །སྤྱི་བོས་བླངས་ཏེ་གུས་པར་ཕྱག་འཚལ་ནས། །བླ་མའི་ལུང་བསྟན་རྣམ་ཐར་མཛེས་པ་ཡི། །ལེགས་བཤད་ཅུང་ཟད་བཤད་ཀྱིས་གུས་པས་ཉོན། །རིགས་པའི་ཁུ་བྱུག་དྲུང་དུ་བྱོན་པ་ན། །མཁས་པ་ཆེན་པོ་བདག་གིས་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་བསྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བླ་མའི་ཞལ་ནས་འདི་སྐད་གསུངས། །མཐའ་བྲལ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །སྒྲོ་བསྐུར་རང་སར་གྲོལ་བའི་དབུ་མ་པ། །ལུང་རིགས་གདམས་ངག་ཕྱུག་པའི་མཁས་པ་ཁྱོད། །རི་བོ་ཁ་བ་ཅན་གྱི་ལྗོངས་སུ་བྱོན། །དེ་ནས་ཁྱོད་ཀྱི་འཕྲིན་ལས་བཞུགས་པ་ཡིན། །འཇིག་རྟེན་དབང་ཕྱུག་དགེ་བསྙེན་གཟུགས་སུ་སྟོན། །བྱམས་དང་སྙིང་རྗེའི་ཕྱོགས་རིས་མི་མངའ་བར། །འགྲོ་བའི་བདེ་སྐྱིད་ཆོས་ཀྱིས་འཕེལ་བ་ཡོད། །དེ་ནི་ཉིན་མཚན་དུས་དྲུག་ཀུན་ཏུ་ཡང་། །ཁྱོད་ལ་དམིགས་ནས་དར་དཀར་གཡབ་མོ་བྱེད། །སྐྱོ་བའི་གླུ་ལེན་ཕ་ལ་གསོལ་བ་འདེབས། །དཀོན་མཆོག་མཆོད་ཅིང་སྨོན་ལམ་དག་པར་སྦྱོར། །ཤེལ་དཀར་མེ་ལོང་ཕྱིས་ཤིང་ཁྱོད་ལ་ལྟ། །འགྲོ་དྲུག་སེམས་ཅན་ཐམས་ཅད་སྐྱིད་པ་དང་། །བདག་གི་ཕ་དེ་ནམ་འབྱོན་བསམ་པ་ལས། །གཞན་གྱི་རྣམ་རྟོག་གང་ཡང་མི་རྒྱུའོ། །དེ་ལྟ་བས་ན་ཁ་བ་ཅན་བྱོན་ལ། །དམ་པ་ཆོས་ཀྱི་དཔལ་འབྱོར་རྒྱས་པར་མཛོད། །ཆགས་ཐོགས་མེད་པར་རྫུ་འཕྲུལ་སེམས་ཀྱིས་བྱོན། །སྐྱོ་བ་མེད་པར་སྙིང་སྟོབས་ཆེན་པོས་བྱོན། །མགོན་པོ་ཁྱོད་ཀྱིས་ཞིང་དེར་བྱོན་པ་ན། །དང་པོར་ས་ཕྱོགས་ཐམས་ཅད་དུལ་བར་འགྱུར། །

དེ་ནས་མི་ཡི་འགྲོ་བ་དུལ་བར་འགྱུར། །དེ་ནས་ཆོས་ཀྱི་དཔལ་འབྱོར་རྒྱས་པར་འགྱུར། །ལག་ལེན་དག་ཅིང་ཚུལ་ཁྲིམས་གཙང་བར་འགྱུར། །མདོ་སྡེ་ལྟ་ཞིང་ལས་འབྲས་སེམས་པར་འགྱུར། །ཐོས་པ་འཚོལ་ཞིང་ལམ་ལ་མཁས་པར་འགྱུར། །ཡོངས་འཛིན་བསྟེན་ཅིང་རང་བཟོ་ནུབ་པར་འགྱུར། །བཀའ་སྡོད་བསྟེན་ཅིང་བར་ཆོད་ཞི་བར་འགྱུར། །དཀོན་མཆོག་བསྟེན་ཅིང་ཚོགས་གཉིས་གསོག་པར་འགྱུར། །ཐོ་ཆོ་ཆུང་ཞིང་ཕྲ་ཞིབ་ཆེ་བར་འགྱུར། །འཇུག་ངོགས་མཁས་ཤིང་ཉམས་ལེན་བཟང་བར་འགྱུར། །སྲུང་སེམས་ཆེ་ཞིང་ཚུལ་ཁྲིམས་གཙང་བར་འགྱུར། །ངོ་ཚ་ཆེ་ཞིང་ཁྲེལ་ཡོད་རྒྱས་པར་འགྱུར། །མི་རུང་འཛེམ་ཞིང་དག་སྣང་ཆེ་བར་འགྱུར། །དེ་ལྟར་ལགས་པས་བོད་དུ་བྱོན་མཛོད་དང་། །མི་རྟག་གཡོ་བ་ཆུ་ཡི་ལྦུ་བ་འདྲ། །བྱས་པའི་ལས་ལ་སྙིང་པོ་མ་མཐོང་གིས། །ཐུགས་རྗེ་ཆེན་པོ་གཞན་དོན་གོ་ཆ་གྱོན། །ཚེ་འདིའི་མདུན་མ་བྱིས་པའི་རྩེད་ཁྱིམ་འདྲ། །སྙིང་པོ་མེད་པར་མྱུར་དུ་འཇིག་པའི་ཆོས། །ཡུད་ཅིག་སྐྱིད་ལ་དགའ་བར་མ་སེམས་པར། །གོ་ཆ་ཆེན་པོས་མགོན་མེད་སྐྱབས་འཚལ་ལོ། །ཚེ་འདིའི་མདུན་མ་བྱིས་པའི་ཁང་ཁྱིམ་འདྲ། །བརྟག་དཔྱད་མི་གཏོང་འབྲས་ཀྱི་གསེབ་ཏུ་འཆའ། །འབྲས་ཀྱིས་བདག་པོས་ལོང་མེད་སྤྱད་པ་ན། །སྐྱིད་འདོད་བསམ་གཞིག་ཆུང་བས་སྡུག་བསྔལ་རྒྱུ། །འདི་བདེ་སྙིང་པོ་མེད་ཀྱིས་གཏན་བདེ་སོམས། །མཁས་པ་ཁྱོད་ཀྱིས་སྲིད་པ་རབ་སྤངས་ནས། །ལྷག་མ་མེད་པར་ཞི་བདེ་བརྙེས་གྱུར་ཀྱང་། །སྡུག་བསྔལ་མགོན་མེད་ཐུགས་རྗེས་མ་བསྐྱངས་ན། །རྒྱལ་བ་རྣམས་ཀྱིས་སྨད་པར་འགྱུར་བ་ལགས། །དེ་ལྟ་བས་ན་ཁ་བ་ཅན་བྱོན་ལ། །བྱོལ་སོང་ལྟ་བུར་སྡུག་བསྔལ་གྱུར་པ་རྣམས། །སྐལ་བ་འཚམ་པར་ཆོས་ཀྱི་སྨན་སྦྱོར་ལ། །ཉོན་མོངས་འདུས་པའི་ནད་ལས་བསྐྱབ་ཏུ་གསོལ། །ཨེ་མ་བདག་གི་ཁ་བ་ཅན་ལྗོངས་དེར། །ཁྱོད་ལ་གང་དགོས་བདག་ལའང་བབ་ནའང་། །རྣམ་པ་གཅིག་ཏུ་མི་ལོ་སུམ་བརྒྱ་འདས། །ཚེ་མཐར་ཕྱིན་པས་འགྲོ་བའི་མཐུ་མ་མཆིས། །རྣམ་པ་གཅིག་ཏུ་ཁོ་བོ་ཡོན་ཏན་ཆུང་། །བོད་དེ་བཙན་སར་ཕྱིན་པའི་གདུལ་བྱ་ཡིན། །མཁས་པ་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་འདྲ། །གང་ནས་བཅུས་ཀྱང་བྲི་གང་ག་ལ་ནུས། །མཁས་པ་ཁྱོད་ཀྱི་བཟོད་སྟོབས་ལྷུན་པོ་འདྲ། །མི་མཐུན་ཕྱོགས་ཀྱིས་རྫི་བར་ནུས་མ་ཡིན། །དེ་ལ་བསམས་ནས་ཁྱོད་ལ་བསྐུལ་བྱས་ཀྱིས། །ངེས་པ་ཆེན་པོར་བོད་དུ་འགྲོ་དོན་མཛོད། །གསུང་དེ་ཐོས་ནས་ཤིན་ཏུ་ཡིད་ཚིམ་ཞིང་། །བཀའ་དྲིན་ཆེ་ཞེས་ཞབས་ལ་གུས་བཏུད་ནས། །བླ་མ་ཁྱོད་དང་ནམ་ཡང་མི་འབྲལ་བར། །སྐྱེ་བ་གཏན་དུ་ཐུགས་རྗེས་འཛིན་པ་དང་། །དམ་ཚིག་གཙང་ཚིང་འགྲོ་དོན་འཕེལ་བ་དང་། །བྱིན་རླབས་དངོས་སུ་ཞུགས་ཏེ་སྨིན་པར་ཤོག །དེ་དག་གིས་ནི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ན་བོད་མཐའ་འཁོབ་ཀྱི་སེམས་ཅན་ལ་ཐུགས་བརྩེ་བར་མཛད་པའི་བླ་མ་རྣམས་ཀྱིས་ལུང་བསྟན་ཚུལ་ཉེར་བར་མཚོན་པ་ཙམ་ཞིག་རི་བོ་གངས་ཅན་གྱི་རྒྱུད་ཀྱི་རྣལ་འབྱོར་པ་བྲུཾ་ཛ་ཡན་ཨ་ཀ་རས་མི་མངོན་པའི་དབྱིངས་སུ་སྦྱར། བླ་མའི་ལུང་བསྟན་རྣམ་དག་ཤེལ་གྱི་མེ་ལོང་ཞེས་བྱ་བ་རེ་ཞིག་རྫོགས་སོ།།  །།

 

སྲིད་པའི་སྐྱོན་གྱིས་གོས་པར་མ་གྱུར་ཀྱང་། །ཐུགས་རྗེའི་དབང་གིས་སྲིད་པ་འདིར་བྱོན་ནས། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་མཛད་པའི། །སྲིད་ཞིའི་དཔའ་བོ་དེ་ལ་གུས་པར་འདུད། །ཡི་དམ་ལྷ་ཡི་ལུང་བསྟན་ཇི་སྙེད་ལས། །ཕྱོགས་ཙམ་བདག་གིས་བཤད་ཀྱིས་གཏམ་འདི་ཉོན། །ལན་ཅིག་དཀྱིལ་འཁོར་གཅིག་ལ་ཞུགས་ཙ་ན། །རྡོ་རྗེའི་གར་ཚར་མཆོད་པ་ཕུལ་བའི་རྗེས། །མ་གཅིག་རིན་ཆེན་དབྱིངས་ཀྱི་རྣལ་འབྱོར་མ། །རུས་པའི་རྒྱན་ཆ་གསོལ་ནས་གར་དུ་བྱོན། །ཧཱུཾ་ཞེས་རྣམ་དག་རྡོ་རྗེའི་མགུར་བླངས་ནས། །མི་མངོན་དབྱིངས་ནས་ཚོགས་གཉིས་དཔལ་འབྱོར་བའི། །དཔའ་བོ་ཆེན་པོ་དམ་ཚིག་རོལ་པའི་ལྷ། །ཁྱབ་བདག་རིན་ཆེན་ཚོགས་ཀྱི་བདག་པོ་ཁྱོད། །ཡེ་ཤེས་གསང་བའི་རྡོ་རྗེ་མ་ལགས་སམ། །ཁྱོད་ཀྱིས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །བྱང་ཕྱོགས་རྒྱུད་ཀྱི་མཐའ་འཁོབ་མ་བཏུལ་ན། །ལས་ཀྱི་དཔའ་བོ་ཆེན་པོར་མི་རུང་བར། །མྱུར་དུ་རི་བོ་གངས་ཅན་རྒྱུད་དུ་སོང་། །དེ་ན་རིགས་གསུམ་མགོན་པོའི་སྤྲུལ་པ་ཡོད། །གཅིག་ནི་འབྲོམ་རྗེ་སྤྲུལ་པའི་ཆོས་འཕེལ་ལོ། །གཅིག་ནི་རྔོག་སྟོན་ལེགས་པའི་ཤེས་རབ་བོ། །གཅིག་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ངོ་། །

གཞན་ཡང་ཐུབ་པ་མཆོག་གིས་བྱིན་བརླབས་པའི། །སྤྲུལ་པའི་དགེ་སློང་ཤིན་ཏུ་མང་བར་ཡོད། །དེ་དག་ཐམས་ཅད་ཁྱོད་ཀྱི་སྲས་སུ་གྱུར། །གངས་ཅན་རྒྱུད་དེར་བསྟན་པ་དར་བར་བྱེད། །དེར་སོང་ཆོས་ཀྱི་བྱ་བ་འདི་ལྟར་མཛོད། །རྡོ་རྗེ་ཐེག་པ་ནང་དུ་དར་བར་མཛོད། །གཞུང་ལུགས་རྒྱ་མཚོ་ཕྱི་རུ་དར་བར་མཛོད། །བསླབ་གསུམ་རང་རང་རྒྱུད་ལ་དར་བར་མཛོད། །ལས་ཅན་བརྟགས་ཤིང་བཅུད་ཀྱིས་སྨིན་པར་མཛོད། །ཚིག་གིས་སྤྲོས་པ་མཐའ་ནས་ཆོད་པར་མཛོད། །ཤེས་རབ་རྟོགས་པ་ནང་ནས་རྒྱས་པར་མཛོད། །འཕྲིན་ལས་བཟང་པོ་ཕྱོགས་མཐར་ཁྱབ་པར་མཛོད། །གདུལ་བྱ་ཡོངས་ལ་ཕྱོགས་རིས་མེད་པར་མཛོད། །ལྷ་ཆོས་བདུན་གྱི་འབྱོར་པས་ཕྱུག་པར་མཛོད། །སྒོ་གསུམ་ཐུབ་པ་ཆེན་པོར་བརྟན་པར་མཛོད། །གཉེན་པོ་མི་གཡོ་མགོན་པོར་ཚུགས་པར་མཛོད། །འགྲོ་དྲུག་ཐུགས་རྗེ་ཆེན་པོར་བརྩེ་བར་མཛོད། །འགྲོ་བའི་སྡུག་བསྔལ་ཐམས་ཅད་སྒྲོལ་བར་མཛོད། །བསླབ་པ་གསུམ་གྱིས་ཉིན་མཚན་ཕྱུག་པར་མཛོད། །ལྷ་ཆོས་བདུན་གྱི་འབྱོར་པས་ཕྱུག་པའི་ཚེ། །གསང་སྔགས་ལྷུན་གྱིས་གྲུབ་པར་མཆིའོ་ཨང་། །ཐུགས་སྦྱོངས་བཅུད་སྦྱོངས་བདུད་སྡེ་ཆོམས་པར་གྱིས། །དམ་ཉམས་སངས་རྒྱས་བསྟན་པའི་དཀྲུག་ཤིང་ཡིན། །དམ་ཉམས་ཕྱོགས་སུ་མ་བརྟེན་བརླག་པར་གྱིས། །ཚུལ་ཁྲིམས་འཆལ་བ་བདུད་ཀྱི་ཕོ་ཉ་ཡིན། །འཆལ་བ་ཕྱོགས་སུ་མ་བརྟེན་བརླག་པར་གྱིས། །ཆགས་སྡང་དབང་ཕྱུག་ཆེན་པོའི་སོ་པ་ཡིན། །མ་རུངས་སྐྱེ་བོ་ཕྱོགས་སུ་མ་བརྟེན་གཅིག །ལུང་མེད་ཁུངས་མེད་མུ་སྟེགས་ལྟ་ལོག་ཡིན། །རྟོག་གེ་རང་བཟོ་ཕྱོགས་སུ་མ་བརྟེན་གཅིག །ཆོས་འབྲེལ་བརྟགས་ནས་བླ་མར་མི་འཁུར་བ། །དགྲ་བདུད་སྙིང་ལ་ཞུགས་པའི་ཕོ་ཉ་ཡིན། །དམ་ཆོས་རྐུ་ཞིང་གདམས་ངག་རས་འདོར་བ། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་ཆེན་པོ་ཡིན། །དེ་དག་རྒྱང་དུ་བསྲིངས་ཏེ་སྤང་བར་བྱ། །གང་དག་དགེ་འདུན་དག་གི་སྡེ་དཀྲུགས་ཤིང་། །བླ་མའི་སྐུ་གསུང་ཐུགས་ལ་བསྡོ་བ་དང་། །གཙུག་ལག་བཤིག་ཅིང་དྲིན་ཅན་བསླུ་བ་རྣམས། །བསྒྲལ་བའི་ཞིང་ཡིན་འཇིགས་པས་སྤང་བར་བྱ། །ཐ་མལ་སྐྱེ་བོས་ཐ་མལ་ཁྲི་བསད་པ། །སྡིག་པ་ཡིན་པར་ཁོ་བོ་མི་སྨྲ་ཡི། །ངུར་སྨྲིག་གོས་ཅན་བག་མེད་བརྟེན་པ་དང་། །བཀའ་དྲིན་ཅན་གྱི་ཕ་མ་བསླུ་བ་དང་། །ཆོས་ཀྱིས་འབྲེལ་བའི་བླ་མ་བསླུ་བ་དང་། །རྒྱུ་འབྲས་ལས་ལ་བསྐུར་བ་འདེབས་པ་ནི། །མནར་མེད་གསོ་རུ་མེད་པར་ཁོ་བོ་སྨྲ། །ཐེག་པ་ཆེའམ་དེ་བཞིན་ཆུང་ཡང་རུང་། །བླ་མ་ངན་ནམ་སློབ་མ་བཟང་ཡང་རུང་། །ཚིག་བཞི་ཡན་ཆད་ཆོས་ཀྱིས་སྦྲེལ་བ་ཡི། །དཔོན་སློབ་འབྱེད་ལ་མ་མོའི་བཀའ་ཆད་འབྱུང་། །གསོར་མེད་ནད་འདེབས་མི་ཟད་སྡུག་བསྔལ་གཏོང་། །སྐྱེ་བོ་ཡོངས་ཀྱིས་འདོར་ཞིང་སྐད་གཅིག་བརྟེན་མ་བྱེད། །དཔའ་བོ་འདི་ནི་ཁོ་མོའི་བདེན་ཚིག་ཡིན། །སོམས་ཤིག་སོམས་ཤིག་ཛ་ཛ་ཐུགས་ལ་ཛ། །དེ་མ་ཐག་ཏུ་དཔལ་ལྡན་ཧེ་རུ་ཀ །དཔའ་བོ་དཔལ་གྱི་ཆས་བརྒྱད་ཁྲོ་ལོ་ལོ། །རྡོ་རྗེ་གར་གྱི་ཤུགས་སྒྲ་དེ་རི་རི། །དཀྱིལ་འཁོར་ཆེན་པོ་དེ་ལ་ལན་གསུམ་བསྐོར། །མདུན་དུ་འགྱིང་ཞིང་རྡོ་རྗེའི་གླུ་བླངས་པ། །ཧཱུཾ་ཧཱུཾ་བྱང་བོད་ཀྱི་ཡུལ་དུ་སོང་། །རྩི་ཤིང་ཚེར་ཅན་གྱི་ཡུལ་དུ་སོང་། །བྲག་རོང་ཧོམ་ཁུང་ལྟ་བུའི་གནས་སུ་སོང་། །ལྷ་སྲིན་ཁ་མ་བྱེ་བའི་ཡུལ་དུ་སོང་། །བྱ་རོག་འཕུར་ཞིང་ལྡིང་བའི་ཡུལ་དུ་སོང་། །གདོང་དམར་སྲིན་པོ་ལྟ་བུའི་ཡུལ་དུ་སོང་། །བུད་མེད་ཁྲ་མེན་ལྟ་བུའི་ཡུལ་དུ་སོང་། །བག་མེད་གདོལ་པ་ལྟ་བུའི་ཡུལ་དུ་སོང་། །མཐའ་འཁོབ་བྱོལ་སོང་ལྟ་བུའི་ཡུལ་དུ་སོང་། །དཔལ་གྱི་ཆས་བརྒྱད་སྐུ་ལ་གསོལ་ལ་སོང་། །དྲག་པོའི་ཧཱུཾ་སྒྲ་ངག་ཏུ་བརྗོད་ཅིང་སོང་། །སྣང་སྟོང་དབྱེར་མེད་ཟུང་དུ་འཇུག་ཅིང་སོང་། །མེ་དཔུང་འབར་བ་གོས་སུ་གོན་ལ་སོང་། །བདུད་ཀྱི་སྙིང་ཁྲག་ཟས་སུ་རོལ་ཅིང་སོང་། །མི་མགོ་ལྔ་བཅུའི་དོ་ཤལ་འཕྱང་ཞིང་སོང་། །སྡང་མིག་དམར་བཟླུམ་ཕྱོགས་བཅུར་ལྟ་ཞིང་སོང་། །མཆེ་བ་གཙིགས་ཏེ་རྐན་སྒྲ་རྡེབ་ཅིང་སོང་། །སྡིགས་མཛུབ་ཆེན་པོས་ཁུ་ཚུར་གདེང་ཞིང་སོང་། །ལས་ཀྱི་ཞགས་པས་དགྲ་བགེགས་འདེབས་ཤིང་སོང་། །ཁྲོས་པའི་ཞབས་ཀྱིས་ས་གཞི་གཡོ་ཞིང་སོང་། །འཇིགས་པའི་གད་མོས་རི་རབ་སྒྱེལ་ཞིང་སོང་། །འཇིགས་པའི་ཁ་རླངས་སྤྲིན་དུ་འཐིབས་ཀྱིན་སོང་། །འཕྲིན་ལས་འོད་ཟེར་གློག་ཏུ་འཁྱུག་གིན་སོང་། །ཟག་མེད་བདུད་རྩི་ཆར་དུ་འབེབས་ཀྱིན་སོང་། །སྙན་པའི་འབྲུག་སྒྲ་གྲགས་པ་སྒྲོག་གིན་སོང་། །

དེ་ལྟར་བྱས་ན་ནག་པོ་དམ་ལ་ཐོགས། །དཀར་པོ་ཐམས་ཅད་དབང་དུ་འདུ་བར་འགྱུར། །འདི་ནི་ཧེ་རུ་ཀ་ཡི་བདེན་ཚིག་ཡིན། །དེ་མ་ཐག་ཏུ་ཁྲོ་རྒྱལ་མི་གཡོ་མགོན། །མེ་དཔུང་འབར་ནག་འཁྱིལ་བའི་ཀློང་དཀྱིལ་ན། །སྣ་ཚོགས་པདྨ་ཉི་མའི་གདན་སྟེང་ན། །བགེགས་ཀྱི་རྒྱལ་པོ་ཆེན་པོའི་ཡང་སྟེང་ན། །སྐུ་མདོག་མཐིང་ནག་རྔམ་པའི་དྲག་ཤུལ་ཅན། །སྤྱན་གཉིས་ཞི་མ་ཁྲོ་རུ་ཕྱོགས་བཅུར་གཟིགས། །མཆེ་བ་ལན་བུར་གཙིགས་ཤིང་རྐན་སྒྲ་རྡེབ། །ཤེས་རབ་རལ་གྲི་ཀླད་ལ་སྐོར་ཞིང་བསྐོར། །སྡིགས་མཛུབ་གདེང་ཞིང་སྦྲུལ་ནག་ཞགས་པ་འཕེན། །བརྐྱངས་བསྐུམས་ཞབས་ཀྱིས་ས་སྟེང་ཐམས་ཅད་མནན། །རལ་པ་ཁམ་ནག་ཚངས་པའི་སྟེང་དུ་རྗེས། །ལུས་ལས་ཁྲོ་ཆུང་བྱེ་བ་ས་མ་ཡ། །དགྲ་སྟ་རལ་གྲི་རྡོ་རྗེ་བེ་ཅོན་ཐོགས། །ཡིག་འབྲུ་བཅུ་ཡི་དྲག་སྔགས་སེར་བ་འབེབས། །ནམ་མཁའི་མཐས་ཁྱབ་ཀུན་ཏུ་རབ་འཕྲོ་ཞིང་། །གར་དུ་གཡོ་ཞིང་དགྲ་བགེགས་བདུད་སྡེ་འགེམས། །དཔལ་གྱི་ཆས་བརྒྱད་གསོལ་ནས་རབ་ཁྲོ་ཞིང་། །གཙོ་བོ་མི་གཡོ་མགོན་པོས་འདི་སྐད་གསུངས། །འདེངས་འདེངས་རི་བོ་གངས་ཅན་རྒྱུད་དུ་འདེངས། །མ་དག་ཞིང་ཁམས་ཀུན་ནས་འདུལ་དུ་འདེངས། །ནག་པོའི་ཕྱོགས་རྣམས་ཐལ་བར་རློག་ཏུ་འདེངས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་དུ་འདེངས། །སངས་རྒྱས་བསྟན་པའི་སྲོག་ཤིང་འཛུགས་སུ་འདེངས། །འདེངས་འདེངས་དབུ་རུ་བྱང་གི་ཕྱོགས་སུ་འདེངས། །ཁྱོད་ཀྱི་སྲས་པོ་འབྲོམ་རྗེའི་དྲུང་དུ་འདེངས། །ང་ནི་དེ་ཡི་བསྟན་སྲུང་ཆེན་པོ་ཡིན། །ཨ་ཏི་ཨ་ཏི་བོད་དུ་བསྟན་པ་དར། །བདག་གི་རྗེས་སུ་སློབ་པའི་དགེ་སློང་ཡང་། །བཀའ་གདམས་དྲི་མེད་མཚོ་ཡི་པདྨོ་འདྲ། །བུང་བ་འཕུར་ལྡིང་མེ་ཏོག་བཅུད་ལེན་ལྟར། །སྐལ་ལྡན་ཚོགས་རྣམས་བཀའ་གདམས་བཅུད་ཀྱིས་འཚོ། །ང་ཡི་བསྟན་སྲུང་གཤིན་རྗེ་ཁྲག་འཐུང་ཡང་། །བོད་ཁམས་སྲིན་པོ་གདོང་དམར་འདུལ་བ་ལ། །ཁྱོད་ལ་སྦྱིན་གྱིས་དབེན་པར་སྒྲུབས་ཤིང་ཁོལ། །དེ་མ་ཐག་ཏུ་སྲིན་པོའི་གཟུགས་ཅན་བྱུང་། །ཕ་གི་གྲོང་ཁྱེར་ཆེན་པོ་མཐར་སྐྱེས་ན། །ང་ཡི་ལས་ཚོགས་གཏེར་དུ་སྦས་པ་ཡོད། །ཐམས་ཅད་ལོང་ལ་ཁོ་བོ་བོད་དུ་ཁྲིད། །བདག་གིས་ཁྱོད་ཀྱི་བསྟན་པ་བསྲུང་བར་བྱ། །

དེ་ནས་ལྷོ་ནུབ་ཤ་ཟ་མཆེད་ལྔ་དང་། །དབུས་ཀྱི་གཙོ་བོ་ཤ་ཟ་མཆེད་གཉིས་ཏེ། །མཁའ་འགྲོའི་ཆས་སུ་ཤ་ཟ་བཅུ་གཉིས་བྱུང་། །བདག་ཅག་རྣམས་ཀྱང་བསྟན་པ་བསྲུང་བའི་ཕྱིར། །བླ་མ་ཁྱོད་ཀྱི་རྗེས་སུ་བོད་དུ་འགྲོ། །ཁོ་མོ་ཅག་གིས་བོད་དུ་མ་ཕྱིན་ན། །བསྟན་མ་བཅུ་གཉིས་ཁྱེད་ཀྱི་དགྲ་རུ་ལྡང་། །ཁོ་མོ་ཅག་གིས་དེ་དག་དམ་ལ་གདགས། །རང་རང་སྲོག་སྔགས་ལ་སོགས་རྗེ་ལ་འབུལ། །དེ་ནས་ཇོ་བོས་ནམ་ཕྱེད་ཕྱིན་ཆད་ལ། །དེ་དག་ཀུན་ལ་མཆོད་གཏོར་རྒྱ་ཆེར་གནང་། །བཀའ་བསྒོ་བཤད་སྦྱངས་འཕྲིན་ལས་རྒྱ་ཆེར་ཞུས། །ནམ་གུང་ཏིང་ངེ་འཛིན་ལ་མཉམ་པར་བཞག །ཐོ་རངས་གཙང་སྦྲ་ཁྲུས་ཀྱི་རྣལ་འབྱོར་མཛད། །བྱམས་དང་སྙིང་རྗེ་བྱང་སེམས་བསྒོམས་པ་ན། །ཀྲི་ཡའི་ལྷ་ཚོགས་རྒྱན་ཆ་སིལ་སིལ་བྱོན། །ཉེས་ལྟུང་འཆལ་བའི་དྲི་མས་མ་གོས་པའི། །དམ་ཚིག་གཙང་ཞིང་གྲུབ་པ་བརྙེས་པ་ཁྱོད། །ཁ་བ་ཅན་གྱི་ཞིང་དེར་བྱོན་མཛོད་དང་། །དེ་ན་རྗེ་བཙུན་སྤྱན་རས་གཟིགས་དབང་ནི། །དགེ་བསྙེན་ཚུལ་དུ་མཐའ་འཁོབ་མགོན་པོ་མཛད། །རྒྱུ་འབྲས་ལས་ལ་ཤིན་ཏུ་རྣལ་འབྱོར་མཁས། །གཙང་སྦྲའི་ཚུལ་གྱིས་གསང་སྔགས་གཉིས་སུ་བཞེས། །མི་སྨྲ་དབེན་པར་དཀྱིལ་འཁོར་ནང་ན་གསལ། །གཙང་སྦྲ་ཐོ་བའི་ཡན་ལག་བདུན་པ་ཡིས། །ཉིན་དང་མཚན་དུ་ཡི་དམ་ལྷ་ཚོགས་མཆོད། །གསང་བའི་རྡོ་རྗེ་དེར་བྱོན་འགྲོ་དོན་མཛོད། །བོད་ཀྱི་ཡུལ་དུ་གདུལ་བྱ་རྒྱ་ཆེ་ཡང་། །ཀྲི་ཡའི་ཆོས་ནི་འབྲོམ་རྗེ་ཁོ་ནའོ། །ཅི་སླད་ཅེ་ན་དེ་ཡི་རྒྱུད་པ་ནི། །སྲས་མཆོག་རིན་ཆེན་གསུམ་གྱིས་མགོན་བཟུང་ནས། །མི་རབས་དུ་མར་ཉེས་ལྟུང་འཆལ་བ་དང་། །འབག་བཙོག་དྲི་མའི་སྐྱོན་གྱིས་མ་གོས་ཤིང་། །ཕ་གཙང་བུ་གཙང་སྤྱོད་པ་བཟང་བ་དང་། །གནས་གཙང་གྲོགས་གཙང་པ་རྣམས་ཤིན་ཏུ་གཙང་། །ཤི་ནས་སྐྱེ་ཡང་མངལ་གྱིས་མ་གོས་ཤིང་། །ཞིང་ཁམས་གཙང་མར་མེ་ཏོག་སྦུབས་ནས་འཁྲུངས། །དེ་ཕྱིར་བརྒྱུད་པ་བྱང་གི་ཕྱོགས་སུ་སྤེལ། །འདི་ནི་གཙང་མ་ལྷ་ཡི་བདེན་ཚིག་ཡིན། །ནངས་པར་གྲོང་ཁྱེར་ཆེན་པོའི་ལྷོ་ཕྱོགས་ན། །བུ་མོ་གསུམ་ཞིག་གླུ་སྐད་ལེན་པ་ན། །ཕ་གི་རི་བོ་གངས་ཅན་རྒྱུད་ཤེད་ན། །བདག་གི་མིང་པོ་རིགས་གསུམ་མགོན་པོ་དེ། །དེང་སང་དུས་ན་ཁྱེའུ་མཛེས་པ་གསུམ། །རྒྱ་གར་མཁན་པོ་བོད་དུ་འབྱོན་ནོ་ཞེས། །ཁ་བ་ཅན་ན་བྱི་དོར་བྱེད་ཅིང་གདའ། །རིང་པོར་མི་ཐོགས་འཕགས་པ་སྐུ་མཆེད་གསུམ། །དཀོན་མཆོག་གསུམ་གྱི་ཕོ་བྲང་ཆེན་པོ་བཞེངས། །བསླབ་པ་གསུམ་གྱི་དགའ་སྟོན་ཆེན་པོ་འགྱེད། །སྐྱེས་བུ་གསུམ་གྱི་རོ་མཆོག་ཆེན་པོ་མྱངས། །དགེ་འདུན་དཔག་ཏུ་མེད་པའི་ཉམས་སྣང་ཤར། །དཱི་པཾ་ཀ་རའི་འཕྲིན་ལས་མ་ལགས་སམ། །དེ་ནི་མཁའ་འགྲོ་མ་ཡི་ལུང་བསྟན་ཡིན། །

དེ་ལྟར་བླ་མ་ལྷ་དང་བཅས་པ་ཡིས། །ཐུགས་རྗེ་ཆེན་པོ་བོད་དུ་ལུང་བསྟན་ནས། །ཨ་ཏི་ཤ་ཡང་ཤིན་ཏུ་ཐུགས་དགྱེས་ཏེ། །བོད་དུ་འབྱོན་པར་ཡི་དམ་ཆེན་པོ་བཅས། །གཙུག་ལག་ཐམས་ཅད་རང་ས་རང་སར་གཏད། །དགོས་པའི་དཔེ་ཆ་ལྷ་རྟེན་ཚན་པོ་ཆེ། །དོས་བཅས་ཐབས་ཀྱིས་མཻ་ཏྲིའི་གནས་སུ་འོར། །དེ་ཚེ་སྤྱན་རས་གཟིགས་དབང་འདི་སྐད་གསུངས། །སྐྱབས་མེད་མགོན་མེད་སེམས་ཅན་འཛིན་པ་ལ། །ཐུགས་རྗེ་ཆེན་པོས་གོ་ཆ་མ་གོན་ན། །སངས་རྒྱས་བསྟན་པ་ཤིན་ཏུ་ནུབ་ནས་འགྲོ། །བློ་བཅད་མི་ལ་གྲོས་འདེབས་དཀའ་བ་ཡིན། །འགྱུར་བ་མེད་པར་འབྱོན་པ་གལ་ཆེ་ལགས། །མུ་སྟེགས་ངན་པའི་བཅའ་ཀ་དམ་པོ་གྱིས། །མ་གཅིག་སྒྲོལ་མས་འཇིགས་པ་བརྒྱད་ལས་སྐྱོབ། །མི་གཡོ་མགོན་པོས་བདུད་ཀྱི་ཕོ་ཉ་ཆིངས། །བསྟན་པའི་བདག་པོས་རང་གི་ཆོས་ལ་སོམས། །ད་ནི་འོ་སྐོལ་བོད་དུ་འགྲོ་བ་ཡིན། །འདིའི་ཕྱོགས་སུ་ཉེས་སྐྱོན་གང་བྱུང་བའི། །ཁག་རྣམས་ཁོ་བོ་རང་གི་འཁུར་བ་ཡིན། །དོས་ནི་དྲུག་ཅུ་རྩ་གཉིས་འོང་པར་སྣང་། །ཁལ་མ་སུམ་ཅུ་རྩ་གཅིག་བདག་གིས་བཙལ། །དཔྱིད་ཟླ་ར་བའི་ཚེས་གཅིག་ཉིན་མོ་ལ། །དཔོན་གཡོག་སུམ་ཅུ་རྩ་ལྔ་འབྱོན་པ་ཞུ། །མདུན་མ་ཐམས་ཅད་དགེ་མཐར་ཕྱིན་གྱུར་ཅིག །དེ་དག་ནི་ཡི་དམ་གྱི་ལྷས་ལུང་བསྟན་པ་དངོས་གྲུབ་ཀྱི་འོད་ཟེར་ཞེས་བྱའོ།།  །།

 

དེ་ལྟར་ལུང་བསྟན་རྒྱ་མཚོ་ལྟ་བུ་ལས། །རྣམ་དག་སེམས་ལ་ཡོན་ཏན་གང་ཤར་བ། །རྣམ་པ་མདོར་བསྡུས་ཙམ་ཞིག་བཀོད་པ་འདི། །བོད་ཀྱི་འབྲོམ་རྗེ་བདག་གིས་རྙེད་པ་ཡིན། །འདི་ལ་སྒྲོ་བསྐུར་དྲི་མ་ཅི་མཆིས་པ། །དགེ་སྡིག་བླང་དོར་ལས་འབྲས་ཕྲ་མོ་དང་། །བཟོད་པའི་རང་བཞིན་བླ་མ་དཀོན་མཆོག་ལ། །བཟོད་པར་བཞེས་ཤིང་བརྩེ་བར་མཛད་དུ་གསོལ། །བདག་ཀྱང་དེ་སྲིད་ཚེ་རབས་ཐམས་ཅད་དུ། །བསམ་པ་བཟང་པོ་འདི་ཡིས་རྐྱེན་བྱས་ནས། །འགྲོ་དྲུག་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི། །མཉན་པ་ལྟ་བུའི་ཆོས་རྒྱལ་ཐོབ་པར་ཤོག །བླ་མ་དང་ཡི་དམ་རྣམས་ཀྱིས་ཨ་ཏི་ཤ་བོད་དུ་འབྱོན་པར་ལུང་བསྟན་པ་རྣམ་དག་ཤེལ་གྱི་མཆོད་རྟེན་ཞེས་བྱ་བ་ཀུན་བཟང་མཐུག་པོའི་ནགས་ཁྲོད་དུ་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ལུང་བསྟན་རྫོགས།།  །།

 

ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ 373 ནས་ 412 བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *