༤༽ བྱ་འདུལ་བ་བརྩོན་འགྲུས་འབར་གྱི་རྣམ་ཐར།
ཟུལ་ཕུ་བའམ་བྱ་འདུལ་བ་བརྩོན་འགྲུས་འབར་མཆོག་ནི། དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། རབ་བྱུང་དང་པོའི་ས་ལུག་ཕྱི་ལོ་ ༡༠༧༩ ལོར་འཁྲུངས་ཤིང་། རབ་བྱུང་གཉིས་པའི་ཤིང་ཁྱི་ཕྱི་ལོ་ ༡༡༥༤ ལོར་དགུང་ལོ་དོན་དྲུག་ཐོག་ཞི་བར་གཤེགས་པར་གསུངས་ཤིང་། རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས་ལྕགས་ལུག་ཕྱི་ལོ་ ༡༠༣༡ ལོར་འཁྲུངས་ཤིང་། མེ་ཁྱི་ལོ་ཕྱི་ལོ་ ༡༡༠༦ འདས་པར་གསལ་ལ། ལ་ལར་ལྕགས་ལུག་ཕྱི་ལོ་ ༡༠༩༡ ལོར་འཁྲུངས་ཤིང་།
མེ་ཁྱི་ཕྱི་ལོ་ ༡༡༦༦ ལོར་འདས་ཚུལ་འཁོད་ཡོད། འོན་ཀྱང་དེ་གཉིས་འཁྲུངས་འདས་ལོ་ཁམས་མཚུངས་ཀྱང་རབ་བྱུང་གཅིག་གི་བར་ཁྱད་བྱུང་ངོ་།།
བཀའ་གདམས་ཆོས་འབྱུང་ལས་ཀྱང་ལྕགས་འབྲུག་ལོར་སྐུ་འཁྲུངས་པར་གསུངས་ཏེ། དེ་ཉིད་ལས[2]། དེ་ལ་བྱ་འདུལ་བ་འཛིན་པ་ཆེན་པོ་དེ་ནི། གཙང་རོང་གཡུང་དུ་ཡབ་བྱ་རྒྱལ་བ་འབར་ལ་སྲས་གསུམ་ཡོད་པའི་འབྲིང་པོར་ལྕགས་ཕོ་འབྲུག་གི་ལོ་ལ་འཁྲུངས། ཆུང་ངུ་ནས་བག་ཆགས་སད་དེ་རབ་ཏུ་བྱུང་བ་ཉིད་ལ་མངོན་པར་དགའ་བས། འབྲེ་ཤེས་རབ་འབར་ལ་རབ་ཏུ་བྱུང༌། མཚན་བརྩོན་འགྲུས་འབར་དུ་བཏགས། དེ་ནས་བླ་མ་ཇི་ལྟར་བསྟེན་པ་ནི། སོག་སྟོན་ཚུལ་ཁྲིམས་བླ་མ་ཁྱུང་རིན་ཆེན་གྲགས། རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས། རྨ་ཚོ་བྱང་རྡོར། རོང་པ་ཕྱག་སོར་བ། དགེ་བཤེས་སྐྱོག་ཆེན་པོ། ཟངས་དཀར་ལོ་ཙཱ་བ། སྟོད་ལུང་པ་ཆེན་པོ་རྣམས་བསྟེན། དེ་ཡང་དང་པོར་སོག །བར་དུ་རྒྱ། ཐ་མར་རྨ་ཚོ་རྣམས་ལ་འདུལ་བ་ལེགས་པར་གསན་པས་མཁས་པར་གྱུར་ཏེ་འདུལ་བ་བྱ་ལ་ཐུག་ཅེས་གྲགས་པ་བྱུང་། ཁྱུང་རིན་ཆེན་གྲགས་ལ་བསྙེན་པར་ (དབུས་པ་བློ་གསལ་གྱིས་འབྲེ་རྒྱལ་བ་འབར་གྱི་མཁན་བུ་ཡིན་པར་བཤད།) རྫོགས། དབུ་མ་རིགས་ཚོགས། བསླབ་ཕྱོགས། རྣམ་ངེས་རྣམས་གསན། རོང་པ་ཕྱག་སོར་བ་ལ་གསང་སྔགས་ཉན་པའི་ཆེད་དུ་འཕན་ཡུལ་གྱི་སྐྱོགས་ཆེན་པོ་ལ་དབང་བསྐུར་ཞུས། དེ་ནས་ཕྱག་སོར་བ་ལ་གསང་འདུས་དང་བདེ་མཆོག་ལ་སོགས་པའི་རྒྱུད་འགྲེལ་གྱི་བཤད་པ་དང་སྒྲུབ་ཐབས་མང་བར་ཞུས། བཀའ་གདམས་ཀྱི་གདམས་པ་མང་པོ་གསན། སྟོད་ལུང་པ་ལ་སྐྱེས་བུ་གསུམ་གྱི་ཁྲིད་བསྐྱངས་པས་ཇི་ལྟ་བ་བཞིན་དུ་ཐུགས་ལ་འཁྲུངས། ཟངས་དཀར་བ་ལ་ཡོ་ག་གསན། གསང་སྔགས་ལ་ལྷག་པར་མཁས་པས་ནང་གི་ཉམས་ལེན་བཀའ་གདམས་དང་གསང་སྔགས་ལ་མཛད། ཕྱི་རུ་འདུལ་བའི་བཤད་པ་དང་ཀུན་ཏུ་སྤྱོད་པ་དྲི་མ་མེད་པས་གདུལ་བྱ་མང་དུ་བསྐྱངས། ཟུལ་ཕུར་བཤད་གྲྭ་བཙུགས། པེ་ཧར་གྱིས་བཙུན་ཆུང་ཞིག་ཏུ་སྤྲུལ་ནས་ཞབས་ཏོག་བྱས་ཤིང་། འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་པ་གཅིག་པུ་ལས་མ་མཐོང་བས་དད་དེ་བྱ་ཊི་ཀ་ལ་སློབ་གཉེར་བྱེད་པ་རྣམས་ཀྱི་གྲོགས་བྱེད་པར་ཁས་བླངས་ཤིང་ལོ་དགུར་ཚོགས་པ་བསྐྱངས་རྗེས་སྒྲུབ་པ་ལ་བཞུགས་སོ།།
དགུང་ལོ་བདུན་ཅུ་རྩ་ལྔ་པ་ཤིང་ཕོ་རྟའི་ལོའམ་དོན་དྲུག་པ་ལ་ཟུལ་ཕུའི་གཟིམ་ཁང་དུ་མྱ་ངན་ལས་འདས། སྤུར་སྦྱངས་པའི་ཚེ་དགེ་བའི་ལྟས་མང་པོ་དང་། ཁྱད་པར་སློབ་དཔོན་ཕྱྭ་པས་ནམ་མཁའ་ལ་ལྷའི་བུ་མང་པོས་མཆོད་པ་བྱེད་པ་མངོན་སུམ་དུ་གཟིགས། སློབ་མ་ཡང་། རྩགས་འདུལ་དང་། ལྕགས་འདུལ་དང༌། མཁས་པ་དོས་སྙན་དང༌། ཀ་བ་དར་སེང་། རྣལ་འབྱོར་བྱང་སེང༌། རྗེ་མོ་ཆོས་སེང༌། ཇོ་བཙུན་ཆོས་མཆོག །རྩིས་པ་གཞོན་སེང་། སྟོན་པ་བྱང་རྒྱལ། ཙོས་ཚིགས་པ་དར་མ་དཔལ། དཔལ་ཆེན་ཡེ་གཡུང་། ཁམས་པ་དགའོ། །མི་ཉག་ལོ་ཙཱ་བ། ཁམས་པ་རྡོར་རྒྱལ་ལ་སོགས་པ་འགྲོ་བ་ལ་ཕན་ཐོགས་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་། འདི་ཉིད་ཀྱི་རྣམ་ཐར་མདོར་བསྡུས་ཙམ་འགོས་ལོ་ཙཱ་བའི་དེབ་ཐེར་སྔོན་པོ་ལེ་ཚན་ ༼ཁ༽ པའི་ཤོག་གྲངས་ ༨ ནས་ ༩ བར་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལེ་ཚན་ ༼ཉ༽ པའི་ཤོག་གྲངས་ ༡༢ ནས་ ༡༣ བར་གསལ་བ་བཅས་གུས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༦ དགེ་བར།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༤༦༧
[2] བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༦༦༨
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ Q ནས་ R བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།