༡༽ གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོའི་རྣམ་ཐར།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་མཛད་པ་པོ་གཙང་མཁན་ཆེན་འཇམ༌དབྱངས༌དཔལ༌ལྡན༌རྒྱ༌མཚོ་མཆོག་ནི། རབ་བྱུང་བཅུ་པའི་ལྕགས་ཁྱི་ལོ་སྟེ་ཕྱི་ལོ་ ༡༦༡༠ ལོར་སྐུ་འཁྲུངས་ཤིང་། རབ་བྱུང་བཅུ་གཅིག་པའི་ཤིང་བྱི་ལོ་སྟེ་ཕྱི་ལོ་ ༡༦༨༤ ལོར་ཞི་བར་གཤེགས་པ་དང་། ཁོང་གི་རྣམ་ཐར་རྒྱས་པ་བྲིས་མ་པོད་ཆེན་ཞིག་འབྲུག་ཡུལ་དུ་བཞུགས་པའི་བོད་ཡིག་དཔེ་རྙིང་ཕྱོགས་བསྡུས་ཁོངས་སུ་བཞུགས་ཡོད་ཀྱང་མཇལ་སྐལ་མ་ཐོབ་ཁར། རྣམ་ཐར་སྙིང་བསྡུས་ཀྱི་དཔྱད་གཞི་ཡང་མ་རྙེད་པས་འགོད་ཐབས་བྲལ།
ཁོང་གི་བརྩམས་ཆོས་ནི། བསྟན་པ་འཛིན་པའི་སྐྱེས་བུ་ཐམས་ཅད་ཀྱི་རྣམ་པར་ཐར་པ་ལ་གུས་ཤིང་རྗེས་སུ་འཇུག་པའི་རྟོགས་བརྗོད་ཕ་རོལ་ཏུ་ཕྱིན་པ་དང་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་རིམ་པར་ཕྱེ་བའི་གཏམ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བསྟན་འཛིན་གྱི་སྐྱེས་བུ་གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོའི་རྟོགས་བརྗོད་དབྱངས་ཅན་རྒྱུད་མང་ལ་གླེགས་བམ་སྟོད་སྨད་གཉིས་དང་། དེའི་ཡང་སློབ་རྗེ་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་ངོ་མཚར་རྨད་འབྱུང་བཅས་གླེགས་བམ་གཉིས་དང་། གཞན་ཡང་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་རྒྱས་པ་ཆོས་ཀྱི་སྤྲིན་ཆེན་པོའི་དབྱངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར། དཔལ་ཆེན་རྡོ་རྗེ་ཕུར་པའི་བསྐྱེད་རྫོགས་ཟབ་ཆོས་ཐུན་མིན་སྐོར། མདོ་སྔགས་ཆོས་ཚུལ་ཐམས་ཅད་མཐར་ཐུག་གི་དགོངས་པ་གཅིག་ཏུ་འཆད་པའི་ཆོས་ཀྱི་གཏམ། ཟབ་ཁྲིད་ཀུན་བཏུས་མན་ངག་བྱིན་རླབས་ཆུ་གཏེར། རྡོ་རྗེ་ཕུར་པའི་ཆོས་འབྱུང་རྒྱུད་སྡེ་མང་པོའི་གླེང་གཞི་དང་སྦྱར་བ། སྔ་འགྱུར་རྙིང་མའི་གཞུང་ལུགས་ཆེན་མོའི་སྐོར། སངས་རྒྱས་རྗེས་སུ་དྲན་པའི་ཕྱིར་དགེ་སློང་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་རྒྱ་གར་དུ་ཕྱིན་པའི་གཏམ། གཞན་ཡང་གསུང་ཐོར་བུའི་གྲས་སུ་དཔལ་ཆོས་ཀྱི་གྲགས་པའི་རྟོགས་བརྗོད་དང་། རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་མདོ་སྡེ་རྒྱན་གྱི་ལུང་དང་སྦྱར་བ། རང་གཞན་ཆོས་ལ་བསྐུལ་བའི་གཏམ་སོགས་གསུང་རྩོམ་མང་དུ་བཞུགས་སོ།། །།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ M ནས་ N བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།