དཔལ་ལྡན་ཟླ་བ་གྲགས་པ་དང་པ་ཚབ་ཉི་མ་གྲགས་པ་མཇལ་འཕྲད་བྱུང་ཚུལ་སྐོར་གྱི་ཐོག་མའི་ཉམས་ཞིབ་ཀྱི་མཇལ་དར།

༄༅༅། །དཔལ་ལྡན་ཟླ་བ་གྲགས་པ་དང་པ་ཚབ་ཉི་མ་གྲགས་པ་མཇལ་འཕྲད་བྱུང་ཚུལ་སྐོར་གྱི་ཐོག་མའི་ཉམས་ཞིབ་ཀྱི་མཇལ་དར།

སྙེ་ལྕེ་བཙན་ཕྲུག 2026-4-38

 

འཁོར་རྒྱུར་སྤྲིན་གྱིས་སྟོང་པའི་སྔོ་བསངས་ཀྱི་དབྱིངས་སུ། །རང་བཞིན་ཉིད་ཀྱིས་གྲུབ་པ་ཡེ་ཤེས་ཀྱི་ཉི་མ། །

འཁོར་འདས་གཤིས་ཀྱི་གསལ་བྱེད་འོད་ཕུང་གི་ལྷུན་པོ། །འཇམས་དབྱངས་དཔལ་གྱི་ལྷ་ལ་དགའ་དད་ཀྱིས་བསྟོད་དོ། །[1]

 

སྔོན་གླེང་།

 

ཞེས་པས་སྨྲ་བའི་རྒྱལ་སྒོ་དད་གྱིས་ཕྱེ་སྟེ། གང་ཞིག་གླེང་བྱའི་དོན་ནི་ཐལ་འགྱུར་བའི་སྲོལ་འབྱེད་པ་དཔལ་ལྡན་ཟླ་བ་གྲགས་པ་དང་བོད་ཀྱི་པ་ཚབ་ཉི་མ་གྲགས་པ་རྣམ་གཉིས་ཕན་ཚུན་མཇལ་འཕྲད་ཇི་ལྟར་བྱུང་ཡོད་ཚུལ་གྱི་ལོ་རྒྱུས་དང་དེ་འབྲེལ་གལ་ཆེན་འགའ་ཞིག་གླེང་སློང་བྱ་ཡུལ་ལ་འཇུག་ཚེ། དེའང་ཟླ་བ་གྲགས་པ་དང་ཚབ་ཉི་མ་གྲགས་པ་མཇལ་འཕྲད་བྱུང་ཚུལ་གྱི་སྐོར་ནི་ཤིན་ཏུ་ནས་གལ་ཆེན་རང་བཞིན་ཅན་ཞིག་ཡིན་ཏེ།

སྤྱིར་ཀླུ་སྒྲུབ་དུས་རབས་ག་དུས་བྱོན་ཡོད་མེད་ལོ་རྒྱུས་མགོ་རྙོག་ཆེ་བ་དེ་ཉེ་དུས་ཀྱི་རྒྱལ་སྤྱིའི་ཞིབ་འཇུག་པ་དག་གིས་སྔགས་གསུངས་མཁན་ཀླུ་སྒྲུབ་དང་རྩ་ཤེར་གསུངས་མཁན་ཀླུ་སྒྲུབ་གཉིས་རྣམ་དབྱེ་སོ་སོར་འབྱེད་ཐུབ་ནས་མགོན་པོ་ཀླུ་སྒྲུབ་དེ་གཉིས་དུས་རབས་གང་དུ་བྱོན་ཡོད་ཚུལ་ཐག་ཆོད་པའི་ཚུལ་དུ་གནས་ཡོད་ཀྱང་། ཟླ་བ་གྲགས་པ་ནི་རགས་བཤད་ཀྱིས་དུས་རབས་བདུན་པའི་ནང་ལ་བྱོན་ཡོད་ཚུལ་མག་མོག་གཅིག་ལས་གསལ་ཐག་ཆོད་པ་ཞིག་བཤད་མེད་ལ། ལྷག་པར་ཟླ་གྲགས་ལ་དགའ་མདོག་སྟོན་དྲགས་མཁན་དགེ་ལུགས་པ་འགའ་རེས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་དང་། རང་ཉིད་ཀྱང་ཟླ་གྲགས་ཀྱི་རྗེས་འབྲངས་པ་འཁྲུལ་མེད་ཡིན་མདོག་མདོག་མང་དག་ཅིག་བྱས་ཡོད་པས་ན། ཡང་སྙིང་ཟླ་གྲགས་དུས་རབས་ག་དུས་བྱོན་ཡོད་ཚུལ་ལོ་རྒྱུས་སྤྱིར་བཏང་ཙམ་དེ་ཡང་དོན་དངོས་ལ་གསལ་སྟོན་ཐུབ་མེད་པའི་གནས་སྟངས་སུ་གྱར་ཡོད་ལུགས་ཟུར་ལྟས་ལེབ་མཐོང་ངོ་། །

ཁྱད་པར་དུ་ཕྱིས་སུ་ས་དགེ་བཀའ་རྙིང་མང་པོ་ཞིག་གིས་ཐལ་འགྱུར་བ་ང་ཡིན་ཁོ་ཡིན་ཞེས་འགྲན་པ་བཞིན་བྱས་ཡོད་ཀྱང་། དེ་རྣམས་ཚང་མས་ཟླ་བ་གྲགས་པ་དུས་རབས་ག་དུས་བྱོན་ཚུལ་རང་འདོད་དང་བྲལ་བའི་དངོས་ཡོད་ལོ་རྒྱུས་ཤིག་བཤད་ཐུབ་མེད་ལ། དགེ་ལྡན་པ་སོགས་ཀྱིས་ཟླ་གྲགས་ཀླུའི་དངོས་སློབ་ཏུ་བཤད་པ་ནི་དོན་དངོས་ལས་སྲརྦད་དེ་ཕྱི་རོལ་དུ་གྱུར་ཡོད་ཅིང་། ཀླུ་སྒྲུབ་གཤེགས་ནས་ལོ་ང་བརྒྱའི་རྗེས་སུ་ཟླ་གྲགས་བྱོན་ཚུལ་བཀའ་བརྒྱུད་པ་སོགས་ཀྱིས་བཤད་པ་དོན་དངོས་ལ་ཉེ་མོད་ཀྱང་ཟླ་གྲགས་དུས་རབས་ག་དུས་བྱོན་ཚུལ་དོན་ངོ་མ་ནི་དེ་དག་གིས་ཀྱང་བཤད་མེད་པ་རེད། དེས་ན། བཀའ་གདམས་པའི་མཁས་པ་པ་ཚབ་ཉི་མ་གྲགས་པ་དང་ཟླ་བ་གྲགས་པ་མཇལ་འཕྲད་བྱུང་བ་ལ་བརྟེན་ནས་ཟླ་བ་གྲགས་པ་དུས་རབས་ག་དུས་བྱོན་ཡོད་ཚུལ་གསལ་བར་ཤེས་ངེས་ཡིན་པ་ནི་ས་དགེ་བཀའ་རྙིང་ཐམས་ཅད་ཀྱིས་མི་འདོད་བཞིན་དུ་ཁས་མ་ལེན་རང་ལེན་ཆགས་ཡོད་པ་དངོས་ཡོད་ཅིག་ཡིན་གཤིས། དེ་བས་ན་ཉི་ཧོང་གི་ཡིག་ཚང་རིག་པ་བའི་མཁས་དབང་ཞིག་གིས་“ཡིག་ཚང་རང་ལ་སྐད་ཆ་བཤད་དུ་བཅུག་”ཅེས་གསུངས་པ་བཞིན་གཤམ་དུ་ང་ཚོས་པ་ཚབ་ཉི་མ་གྲགས་པ་དང་ཟླ་བ་གྲགས་པ་མཇལ་འཕྲད་བྱུང་ཚུལ་སྐོར་གྱི་གནའ་བོའི་ཡིག་རྙིང་ལ་དལ་གྱིས་མཇལ་བར་བྱའོ། །

 

དང་པོ། པ་ཚབ་ཉི་མ་གྲགས་པར་དཔལ་ལྡན་ཟླ་གྲགས་པ་ངོ་སྤྲོད་གནང་མཁན་མི་སུ་ཡིན་སྐོར་དང་ཁོང་རྣམ་གཉིས་དངོས་སུ་མཇལ་འཕྲད་ཇི་ལྟར་བྱུང་ཡོད་ཚུལ་དང་དེའི་དོགས་གཅོད།

 

དེ་ཡང་ཁ་བྱང་ལ་«པ་ཚབ་ལོ་ཙྪ་བ་དང་ཞང་ཤ་ར་བ་ཆེན་པོ་གཉིས་ཀྱི་དབུ་མའི་དྲིས་ལན་བཞུགས་སོ་»[2]ཞེས་པ་དེར་ཁོང་གཉིས་མཇལ་འཕྲད་བྱུང་ཚུལ་གསལ་པོར་བཀོད་ཡོད་དེ། དེའི་ནང་དུ་དབུ་མ་པའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གང་ཡིན་སྐོར་གསལ་པོར་བསྟན་ཞིང་། དེའི་གོང་ལ་ཟླ་བ་གྲགས་པ་དང་ཉི་མ་གྲགས་པ་རྣམ་གཉིས་མཇལ་འཕྲད་དངོས་སུ་བྱུང་ཚུལ་ཡང་གལ་ཆེན་དུ་བཟུང་ནས་གསལ་པོར་བཤད་འདུག་སྟེ། དེ་ཉིད་ལས་“ན་མོ་གུ་རུ། ཆོས་འདིའི་ལོ་རྒྱུས་ནི། པ་ཚབ་ལོ་ཙྪ་བ་ཆེན་པོ་དེས། རྒྱ་གར་དུ་བྱོན། བྱམས་པའི་ཆོས་ལྔ་ལ་མཁས་པར་བྱས་ནས། ད་བོད་དུ་ཕྱིན་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་གདགས་དགོས་བསམ་ནས་ཚུར་བྱོན་པའི་ལམ་ཁར་ཆུ་བོ་གངྒཱའི་འགྲམ་དུ་ཇག་པ་དང་འཕྲད་ནས་རྒྱ་དཔེ་ཐམས་ཅད་ཆུ་ལ་བོར་ཅ་བོ་རྣམས་ཕྲོགས་ནས་མེད་པས། ད་ང་བོད་དུ་ཕྱིན་ཀྱང་རྒྱ་དཔེ་རྣམས་མེད་པས་ཕན་མི་ཐོགས་སྟམ་ནས་ཕར་རྡོ་རྗེ་གདན་དུ་ལོག་ནས་བྱོན།”[3]ཞེས་འཁོད་འདུག། དུམ་བུ་དེའི་ནང་དུ་པ་ཚབ་ཉི་མ་གྲགས་པ་དང་ཟླ་བ་གྲགས་པ་མཇལ་འཕྲད་ཡོང་ཆེད་ཀྱི་རྒྱུ་རྐྱེན་དངོས་དེ་བསྟན་འདུག་ལ། དེ་ཡང་དག་སྣང་ཙམ་དང་ལྷ་སྒྲུང་ཙམ་མིན་ཚུལ་ནི་“ཆོས་འདིའི་ལོ་རྒྱུས་ནི་” ཞེས་པས་གསལ་པོར་བསྟན་མཛད་པ་དེ་ཡིན་གཤིས། ལོ་རྒྱུས་ལོ་རྒྱུས་སུ་ལྟ་མི་ཤེས་མཁན་ཚོས་ལོ་རྒྱུས་ལ་ལྷ་སྒྲུང་དང་སྒེར་གྱིས་དང་འདོད་དག་སྣང་སོགས་གང་འདོད་དུ་ཉ་ཉུང་མཉམ་བསྲེས་བྱ་མི་རིགས་ཚུལ་ཡང་ཞོར་དུ་དཔེ་ཆ་དེའི་དབུ་ཉིད་ནས་གལ་པོ་ཆེར་ནན་ཏན་ཚུལ་གྱིས་འགྲེལ་བརྗོད་ཟབ་ནན་ཞིག་བྱས་འདུག་པས་ན། ཉི་གྲགས་དང་ཟླ་གྲགས་[4]མཇལ་འཕྲད་བྱུང་བའི་ལོ་རྒྱུས་གླེང་དུས་སྒེར་དད་དང་ལྷ་སྒྲུང་གིས་འགྲེལ་བཤད་བྱ་མི་རིགས་སོ་ཞེས་སྔོན་བརྡ་གཏོང་བཞིན་འདུག་གོ།

སྐབས་དོན་གྱི་སྙིང་པོ་ཟླ་གྲགས་ཉི་གྲགས་རྣམ་གཉིས་དེང་སྐབས་སྐད་ཆ་ལྟར་ན་ཕན་ཚུན་ངོ་སྤྲོད་བྱེད་མཁན་ནི་བླ་མ་རྡོ་རྗེ་གདན་པ་ཞེས་པ་ཁོང་ཡིན་འདུག་ལ། དེའི་དབང་གིས་ཟླ་གྲགས་ཉི་གྲགས་རྣམ་པ་གཉིས་དངོས་སུ་མཇལ་འཕྲད་འདི་ལྟར་བྱུང་ཡོད་ཚུལ་དཔེ་རྙིང་དེར་འདི་ལྟར་གསལ་བར་བཤད་ཡོད་དེ། དེ་ཉིད་ལས་“བླ་མ་རྡོ་རྗེ་གདན་པ་ཆེན་པོ་དང༌། པཎྜི་ཏ་གསེར་གྱི་གོ་ཅན་གཉིས་ཀྱི་དྲུང་དུ་ཕྱིན་ནས་དབུ་མ་ཉན་པར་ཞུ་ཞུས་པས། བླ་མ་རྡོ་རྗེ་གདན་པའི་ཞལ་ནས་ཁྱེད་རང་ནགས་གསེབ་ཏུ་སྐྱོ་སངས་ལ་སོང་དང་གསུངས་པས་སྐྱོ་སངས་ལ་ཕྱིན་པས་པཎྜི་ཏ་སྐུ་ཤིན་ཏུ་ཆེ་བ་ཆོས་གོས་དང་རྣམ་སྦྱར་གསོལ་བ། མཁུར་ཚོས་གཡས་པའི་སྟེང་ན་སྨྲེ་བ་ནག་པོ་ཡོད་པ་སྤོས་ཀྱི་དྲི་ངད་དང་ལྡན་པ་གཅིག་རྩར་བྱུང་ནས་ཁྱོད་ཀླུ་སྒྲུབ་ཡབ་སྲས་ཀྱི་ཆོས་ལ་དད་དམ་ལན་གསུམ་གསུང་བྱོན་ནས། དད་པར་བྱུང་ལགས་ཞུས་པས། ཁྱོད་འཁོར་བར་ཡུན་རིང་སྡོད་མི་དགོས་པར་འདུག་ཅེས་གསུངས་ནས་ངའི་མགོ་ལ་ཕྱག་གིས་བྱིལ་བ་ལན་གསུམ་བྱས་ནས་གར་སོང་རྗེས་མེད་ལ་ཤེས་པ་བདེ་བ། ཉམས་དགའ་བ་གཅིག་བྱུང་།”[5]ཞེས་ཨ་སྔོན་མཐོངས་སུ་ཉི་མ་རང་ཤར་བཞིན་པ་ཚབ་ཉི་གྲགས་ཁོང་གིས་ཟླ་བ་གྲགས་པ་དངོས་སུ་མཇལ་ཚུལ་སྐོར་ཆེས་གསལ་པོར་གསུངས་པ་དེ་ཉིད་དོ། །

གསུང་དུམ་དེས་ཟླ་བ་གྲགས་པ་སྐུ་གཟུགས་ཆེ་ཚུལ་དང་ཆས་གང་འདྲ་གྱོན་ཡོད་ཚུལ། ཟླ་གྲགས་ཀྱི་བཞིན་རས་ལ་དམིགས་གསལ་གྱི་ཁྱད་ཆོས་སྨྲེ་བ་ནག་པོ་སོགས་ཡོད་ལུགས་པ་ཚབ་ཉི་གྲགས་ཀྱིས་དངོས་སུ་གཟིགས་ཚུལ་སྐོར་དེ་རྣམས་ཟླ་གྲགས་ཉི་གྲགས་རྣམ་གཉིས་མཇལ་འཕྲད་བྱུང་ཚུལ་གྱི་ལོ་རྒྱུས་ཡིག་ཆ་དངོས་དེ་ལགས་ཤིང་། དེ་ལས་ལྷག་པའི་ཁོང་རྣམ་གཉིས་མཇལ་འཕྲད་བྱུང་ཚུལ་གྱི་ལོ་རྒྱུས་གསལ་གསལ་ལྷང་ལྷང་གང་ཡང་མི་དགོས་སོ། །ཡང་གོང་གི་ཡིག་ཆ་དེ་མཐོང་ཚེ་སངས་རྒྱས་བཅོམ་ལྡན་འདས་ལས་ཀྱང་རང་ཉིད་ཞིབ་ཆ་བྱེད་མཁས་པ་ཡོད་སྙམ་པའི་མངོན་པའི་ང་རྒྱལ་ཅན་རེ་འགས་དེ་ནི་པ་ཚབ་ཀྱིས་ཟླ་གྲགས་ཀྱི་ཡེ་ཤེས་སྐུ་མཇལ་བའི་དོན་རེད། པ་ཚབ་ཀྱིས་ཟླ་གྲགས་ཀྱི་འཇའ་ལུས་མཇལ་བའི་དོན་ཡིན་པ་ལས་ཟླ་གྲགས་དངོས་གནས་པ་ཉི་གྲགས་ཀྱིས་མཇལ་བའི་དོན་མ་རེད་ཅེས་འགྲེལ་ལོག་ལ་རྨོངས་སེམས་ཀྱིས་རྒྱས་བཏབ་ནས་ཧམ་བཤད་བྱེད་སྲིད་པ་རེད། དེ་འདྲ་ཟེར་མཁན་དང་སྟམ་མཁན་གྱི་ལོག་རྟོག་རྩ་ངན་རྣམས་དམིགས་མེད་དུ་བསྲེགས་པར་བྱ་སྟེ། ཉི་གྲགས་ཀྱིས་མཇལ་བའི་ཟླ་གྲགས་ཆོས་ཅན། ཟླ་བའི་ཡེ་ཤེས་ཀྱི་སྐུ་མ་ཡིན་པ་ཐལ། ཆོས་གོས་དང་རྣམ་སྦྱར་གསོལ་བའི་པཎྜི་ཏ་སྐུ་ཤིན་ཏུ་ཆེ་བ་དེ་ཡིན་པའི་ཕྱིར། ཉི་གྲགས་ཀྱིས་མཇལ་བའི་ཟླ་གྲགས་ཆོས་ཅན། ཟླ་གྲགས་ཀྱིས་འཇའ་ལུས་སྐུ་མ་ཡིན་པ་ཐལ། མཁུར་ཚོས་གཡས་པའི་སྟེང་ན་སྨྲེ་བ་ནག་པོ་ཡོད་པའི་གང་ཟག་དེ་ཡིན་པའི་ཕྱིར། དེས་ན། ཡེ་ཤེས་སྐུ་ཡིན་པ་དང་དེར་ཆོས་གོས་དང་རྣམ་སྦྱར་གསོལ་བ་འགལ། འཇའ་ལུས་སྐུ་ཡིན་པ་དང་མཁུར་ཚོས་གཡས་པའི་སྟེང་ན་སྨྲེ་བ་ནག་པོ་ཡོད་པ་འགལ་བའི་ཕྱིར། ཉི་གྲགས་ཀྱིས་མཇལ་བའི་ཟླ་གྲགས་དེ་ཟླ་གྲགས་ཀྱི་འཇའ་ལུས་དང་ཡེ་ཤེས་སྐུ་མ་ཡིན་པར་གྲུབ་བོ། །

མ་གཞི་ནས་འཇའ་ལུས་དང་ཡེ་ཤེས་སྐུ་སོགས་ནི་ལོ་རྒྱུས་རིག་པའི་ཁྱབ་ཁུངས་སུ་མ་མཆིས་ཤིང་། ཐ་སྙད་དེ་གཉིས་ནི་དད་པ་དག་སྣང་དང་འབྲེལ་བ་ཤས་ཆེ་ལ། ཉི་གྲགས་ཀྱིས་ཟླ་གྲགས་མཇལ་ཚུལ་ནི་ལོ་རྒྱུས་ཡིན་ཚུལ་གོང་དུ་དཔེ་ཆ་འདིའི་དབུ་ཉིད་ནས་གསལ་པོར་གསུངས་པ་བཞིན་འགྲེལ་དགོས་པ་ལས། ལོ་རྒྱུས་སྒེར་དད་དང་རང་འདོད་ཀྱི་ཕྱོགས་སུ་འགྲེལ་མི་རིགས་པ་ནི་མཁྱེན་ལྡན་པ་མིའི་རིགས་ཐུན་མོང་གི་འགྲིག་གཞིའམ་ཤེས་ཡོན་ཅན་གྱི་མིའི་རིགས་ཐུན་མོང་གི་རྩ་དོན་ཡིན་པའང་ཤེས་དགོས་ངེས་ཡིན་ཏེ། གནའ་མི་བོད་ཀྱིས་བན་རྒན་མི་གཙོ་ཡིག་ཆུང་གཙོ་ཞེས་གསུངས་པ་ལྟར་རོ། །

 

གཉིས་པ། པ་ཚབ་ཉི་མ་གྲགས་པར་ནགས་གསེབ་ནས་ཐུག་པའི་མི་དེ་ཟླ་བ་གྲགས་པ་ཡིན་ཚུལ་དང་དེའི་མཐའ་དཔྱོད།

 

འོ་ན་དེ་ལྟར་ཡིན་ཚེ་ཉི་གྲགས་ལ་ནགས་གསེབ་ནས་ཐུག་པའི་མི་དེ་ཟླ་བ་གྲགས་པ་ཡིན་པ་ཇི་ལྟར་ཤེས་སམ་ཞེ་ན། ཡང་ཡིག་རྙིང་དེ་ཉིད་རང་ལས་འདི་ལྟར་གསལ་ཡོད་དེ། “བླ་མ་རྡོ་རྗེ་གདན་པའི་དྲུང་དུ་ཕྱིན་ནས་འདི་འདྲ་བྱུང་བྱས་ནས་ལོ་རྒྱུས་རྣམས་ཞུས་པས། ལོ་ཙྪ་བ་ཁྱོད་རིགས་ལྡན་གྱི་གང་ཟག་ཅིག་འདུག་གསུངས་ནས། ང་ལ་(༢ན)ཚུར་ཕྱག་འཚལ་དུ་བྱུང༌། པཎྜི་ཏ་དེ་སློབ་དཔོན་ཟླ་བ་གྲགས་པ་ཡིན། ཁོང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་ནས་སུ་ཐོད་ཐོད་དང་མཇལ་གྱིན་མེད། ཁྱོད་ཚོགས་བསགས་པ་ཡིན་གསུང་ནས། དབུ་མ་རིགས་པའི་ཚོགས་རྣམས་གསུངས་པས་ཐུགས་སུ་ཆུད། དོན་རྣམས་གོ། པཎྜི་ཏ་བོད་དུ་གདན་དྲངས་ནས་བྱོན། དབུ་མའི་ཆོས་རྣམས་བསྒྱུར་བས། དབུ་མའི་དོན་བཟང་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ། བོད་རྣམས་ཀྱིས་བློར་མ་ཤོང་ནས། ཆད་པར་སྨྲ་བ་མུ་སྟེགས་པའི་གྲུབ་མཐའ་ཡིན་ཟེར་ནས་སྡིག་པ་གསོག་པ་བྱུང་།”[6]ཞེས་ཉི་གྲགས་དང་ཟླ་གྲགས་མཇལ་འཕྲད་བྱུང་ཚུལ་ཆེས་གསལ་པོར་གསུངས་པ་དེ་རེད།

དུམ་བུ་དེ་ནས་ཟླ་གྲགས་སྤྱོད་པ་ལ་གཤེགས་པའི་རྒྱུ་མཚན་གྱིས་ཚང་མས་ཅི་འདོད་གང་འདོད་དུ་མཇལ་གྱི་མེད་ཚུལ་བསྟན་པ་ནི་ཤིན་ཏུ་གལ་ཆེ་བ་སྟེ། དེ་ཉིད་མ་རྟོགས་པའི་དབང་གིས་བོད་པ་མང་པོ་ཞིག་གིས་ཟླ་གྲགས་ནི་སྔོན་ཞིག་ནས་དགོངས་པ་གཤེགས་ཟིན་པར་སྙམ་པས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སོགས་ཀྱི་ལོག་འགྲེལ་བྱས་པ་མ་ལགས་སམ། དེའི་ཕྱིར་ཟླ་གྲགས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་པས་ན་འདུལ་འཛིན་པ་དགེ་སློང་ཉི་མ་གྲགས་པར་ཟླ་གྲགས་ཀྱིས་དབུ་མ་ལ་འཇུག་པ་སོགས་ཀྱི་དཔེ་ཁྲིད་ལྟ་བུ་རྒྱ་ཆེར་གནང་མེད་པ་དང་། བླ་མ་རྡོ་རྗེ་གདན་པས་ཉི་གྲགས་ལ་དབུ་མ་རིགས་ཚོགས་སོགས་གསུངས་ཡོད་གཤིས། ཉི་གྲགས་ཀྱིས་ཀྱང་རྗེས་སུ་དབུ་མ་ལ་འཇུག་པ་སོགས་བོད་བསྒྱུར་མཛད་པ་རེད་ཨང་།

ཉི་གྲགས་ཀྱིས་ཟླ་བའི་འཇུག་པ་སོགས་བོད་འགྱུར་བྱས་པ་ལ་དམིགས་གསལ་གྱིས་ཁོང་རྣམ་གཉིས་བར་ལ་དངོས་སུ་འབྲེལ་བ་དེ་འདྲ་ཞིག་ཡོད་པས་ཡིན་པའང་ལོས་ཆོག་ཅིང༌། ལྷག་པར་བླ་མ་རྡོ་རྗེ་གདན་པས་ཉི་གྲགས་ལ་པཎྜི་ཏ་དེ་སློབ་དཔོན་ཟླ་བ་གྲགས་པ་ཡིན་ཞེས་དངོས་སུ་སྨྲས་པ་ལས་དེ་ཉིད་ཟླ་གྲགས་ཀྱི་འཇའ་ལུས་སྐུ་ཡིན་ཞེས་མ་བཤད་པའི་རྒྱུ་མཚན་ཐུག་ས་དངོས་ཀྱང་དེ་ཉིད་ཟླ་གྲགས་ཀྱི་འཇའ་ལུས་སྐུ་མིན་པས་རེད། གཞན་ཡང་། ཁོང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་ནས་སུ་ཐོད་ཐོད་དང་མཇལ་གྱིན་མེད་ཅེས་པས་ཟླ་གྲགས་ཞབས་ཀྱིས་རིམ་གཉིས་ལ་བོགས་འདོན་བཞིན་པའི་མཛད་སྤྱོད་སྐབས་ཡིན་པར་བསྟན་ལ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་པ་རྡོ་རྗེ་ཐེག་པའི་ལུགས་ཀྱི་བརྡ་ཆད་ཅིག་ཡིན་པ་མ་ཟད་སྤྱོད་པ་གསུམ་གྱི་སྤྱི་མིང་ཡང་ཡིན། དེ་དོན་ཞིབ་བཤད་འདིར་གསལ་འགྲེལ་བྱེད་མི་རུང་བས་རེ་ཞིག་བཤད་མཚམས་འདིར་བཞག་པ་ཡིན་ལ། གོང་གི་དུམ་བུ་དེའི་ནང་དུ་ཆོས་ཚུལ་དེར་བོད་རྣམས་ཀྱིས་བློར་མ་ཤོང་ནས་ཆད་པར་སྨྲ་བ་མུ་སྟེགས་པའི་གྲུབ་མཐའ་ཞེས་སོགས་བྱུང་བ་ལ་འགྲེལ་བརྗོད་འོག་ཏུ་བྱའོ། །

གསུམ་པ། དཔལ་ལྡན་ཟླ་གྲགས་དང་ཁོང་གི་ཐལ་འགྱུར་བའི་ལུགས་ལ་དགག་པ་བྱེད་མཁན་རྒྱ་བོད་མཁས་གྲུབ་ཇི་ལྟར་བྱོན་ཡོད་ཚུལ་སྐོར་རགས་རིམ།

 

གཞན་ཡང་། གོང་གི་ལོ་རྒྱུས་བྱུང་རབས་དེའི་རྗེས་སུ་པ་ཚབ་ཉི་གྲགས་གངས་ལྗོངས་སུ་ཕེབས་ནས་ཁོང་དང་བཀའ་གདམས་པའི་བླ་མ་ཤ་ར་བ་གཉིས་པོ་དབུ་མའི་དྲིས་ལན་ཇི་ལྟར་བྱུང་ཚུལ་སྐོར་ནི་དཔེ་རྙིང་དེ་ཉིད་ལས་འདི་ལྟར་གསལ་ཡོད་དེ། “དེའི་དུས་སུ་པོ་ཏོ་བའི་སློབ་མ་ཞང་ཤ་ར་བ་ཆེན་པོ་བྱ་བ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཆེ་བ་སློབ་མ་ཉིས་སྟོང་བརྒྱད་བརྒྱ་ཙམ་ཚོགས་པའི་སྐྱེས་བུ་དམ་པ་གཅིག་ཡོད་པས། ཁོང་གི་ཐུགས་དགོངས་ལ་ལོ་ཙྪ་བ་འདིས་བསྒྱུར་བའི་ཆོས་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུངས་པ་ཡིན་མིན་ངས་བལྟས་པས་ཤེས། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུངས་པའི་ཆོས་ཡིན་ན། སྡིག་གསོག་ཏུ་མི་ཉན་ཆོས་སྤོང་གི་ལས་གསོག །ཆོས་ཡིན་ན་ལོ་ཙྪ་བའི་ཞབས་ཏོག་དང་སངས་རྒྱས་ཀྱི་བསྟན་པའི་བྱ་བ་བྱེད་དགོས་སྙམ་ནས་བཙུན་ཆུང་གཉིས་ལ་ཡི་གེ་བསྐུར་ཏེ། ཁྱེད་དབུ་མ་པའི་ལུགས་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་ཁྱེར་སོ་གང་ཡིན། གཞི་ལམ་རྣམ་གསུམ་གང་ཡིན། མཉམ་གཞག་རྗེས་ཐོབ་གང་ཡིན། རྒྱུའི་དུས་སུ་ཇི་ལྟ་བུ་གཅིག་བྱས་པས་འབྲས་བུའི་དུས་སུ་ཇི་ལྟ་བུ་གཅིག་འོང་། སྤང་བྱ་ཇི་ལྟ་བུ་གཅིག་གཉེན་པོ་ཅི་ལྟ་བུ་གཅིག་གིས་སྤོང༌།

མ་རིག་པའི་མུན་པ་གཉེན་པོ་ཇི་ལྟ་བུ་གཅིག་གིས་སེལ། དེ་རྣམས་ཀྱི་ལན་གསལ་བར་བསྐུར་བ་ཞུ་བྱས་ནས་བཙུན་ཆུང་གཉིས་བཏང་བས་པ་ཚབ་ལོ་ཙྪ་བའི་ཐུགས་དགོངས་ལ། ག་རེ་ཞང་ཤ་ར་བ་དེ། འགྲོ་དོན་རྒྱ་ཆེ་བ། ཐུགས་རབ་ཆེ་བ། བྱང་ཆུབ་ཀྱི་སེམས་ཆེ་བ་གཅིག་ཡོད་པར་འདུག་པས། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དང་མཐུན་པ་གཅིག་བསྐུར་དགོས་སྙམ་ནས། ཀྱཻ་བཤེས་གཉེན་(༢བ)ཆེན་པོ་གསན་པར་ཞུ།”[7] ཞེས་སོགས་བྱུང་ཡོད་པ་དེ་རེད། ཡང་པ་ཚབ་ཉི་གྲགས་ཀྱིས་ཤ་ར་བའི་དབུ་མའི་དྲི་བར་ལན་འདེབས་ཇི་ལྟར་གནང་ཡོད་ཚུལ་ནི་དཔེ་ཆ་དེ་གཉིས་ལས་ཞིབ་ཕྲ་གསལ་བས་དེ་ནས་གང་འདོད་དུ་མཇལ་ཐུབ་ཅིང་། འདིར་དེ་རྣམས་དྲངས་ནས་གླེང་སློང་བྱས་ཚེ་ཡི་གེ་མང་བས་འཇིགས་ལ། སྐབས་དོན་བོར་ཉེན་ཡང་ཡོད་པས་དེ་རྣམས་ཡོད་ཚད་འདིར་གླེང་རྒྱུ་མིན་ནོ། །དཔེ་ཆ་དེ་གང་ནས་བླུ་རྒྱུ་ཡོད་ཚུལ་སོགས་ནི་འབྲེལ་ཡོད་ཤེས་འདོད་ཅན་དག་ལ་གོང་དེར་ཞབས་མཆན་ནང་དུ་བཀོད་ཡོད་པས་དེར་གཟིགས་རོགས། ཡང་སྐབས་འདིར་གླེང་སློང་འོས་པ་ཞིག་ནི་གོང་དུ་དྲངས་པའི་དུམ་མཚན་གཉིས་པོ་ལས་“དབུ་མའི་དོན་བཟང་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ། བོད་རྣམས་ཀྱིས་བློར་མ་ཤོང་ནས། ཆད་པར་སྨྲ་བ་མུ་སྟེགས་པའི་གྲུབ་མཐའ་ཡིན་ཟེར་ནས་སྡིག་པ་གསོག་པ་བྱུང་།”[8]ཞེས་དང་། “སློབ་དཔོན་ཀླུ་སྒྲུབ་ཀྱི་གསུངས་པའི་ཆོས་ཡིན་ན། སྡིག་གསོག་ཏུ་མི་ཉན་ཆོས་སྤོང་གི་ལས་གསོག ། ཆོས་ཡིན་ན་ལོ་ཙྪ་བའི་ཞབས་ཏོག་དང་སངས་རྒྱས་ཀྱི་བསྟན་པའི་བྱ་བ་བྱེད་དགོས་སྙམ་ནས་[9]ཞེས་བྱུང་བ་དེ་རྣམས་ལས་ཟླ་གྲགས་ཀྱི་ཐལ་འགྱུར་བའི་ལུགས་ལ་བོད་ཀྱི་མཁས་པ་སོགས་ཀྱིས་དགག་པ་བྱེད་མཁན་བྱུང་བ་རེད་དམ་ཞེས་སོགས་ཀྱི་དྲི་བ་དང་དོགས་པ་ཕན་ཚུན་འགྲན་པ་བཞིན་ཡོང་བ་ནི་དྲངས་མ་ཐག་པ་དེ་རྣམས་མཐོང་ཐོས་བྱུང་མ་ཐག་གི་རྐྱེན་གྱིས་ཡིན་པ་སྨྲོས་ཅི་དགོས་ཨང་།

དེ་བས་ན་སྐབས་དོན་དང་འབྲེལ་ནས་དོན་དེར་ལན་འདེབས་ཀྱི་ལས་སུ་ཞུགས་ཚེ། དེའང་སྤྱིར་ཟླ་གྲགས་ཀྱིས་སྲོལ་འབྱེད་པའི་ཐལ་འགྱུར་བའི་ལུགས་འདིར་དགག་པ་ཚ་ནན་བྱེད་མཁན་ཐོག་མའི་གྲལ་ནི་དབུ་མ་རང་རྒྱུད་པའི་སྲོལ་འབྱེད་པ་ལེགས་ལྡན་འབྱེད་ཡིན་ཏེ། སྤྱིར་ཟླ་གྲགས་ཀྱི་ཐལ་འགྱུར་བའི་ལུགས་འདིའི་ས་བོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེར་འགྲེལ་བཤད་གནང་བ་ལས་བྱུང་བ་གང་ཞིག། དེར་ལེགས་ལྡན་འབྱེད་ཀྱིས་དགག་པ་ཚ་ནན་བྱས་ཤིང་། དེའི་རྩོད་སྤོང་ལ་ཟླ་བས་རྩ་ཤེར་འགྲེལ་བ་ཚིག་གསལ་དུ་བྱས་པས་སོ། །

བོད་དུའང་སྔོན་རང་བརྒྱུད་པ་དར་རྒྱས་ཆེ་དུས་འཇམ་མགོན་ཕྱྭ་པ་ཆོས་ཀྱི་སེང་གེས་ཀྱང་ཟླ་གྲགས་ཀྱི་དབུ་མ་ལ་འཇུག་པར་དགག་པ་ཚ་ནན་བྱས་ཤིང་། དེ་མ་ཚད་པར་ཟླ་གྲགས་ཀྱི་དངོས་སློབ་ཡིན་པར་གྲགས་པའི་ཛ་ཡ་ཨཱ་ནན་ཏ་ཞེས་པ་ཁོང་ཕྱྭ་པ་ཆོས་སེང་གེའི་རིག་པའི་གནམ་ལྕགས་ཐོག་མདའ་ཡིས་དངོས་སུ་ཚར་བཅད་པ་རེད་ལ། རྗེས་སུ་ཛ་ཡ་ཨཱ་ནན་ཏ་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དབྱངས་སྒྲུབ་པར་ཕེབས་ཤིང་། ཕྱྭ་པ་ཆོས་སེང་དགོངས་པ་རྫོགས་རྫོགས་བར་ཐུག་ཡུལ་གཞན་དུ་བྲོས་བྱོལ་ལ་ཕེབས་དགོས་བྱུང་བ་མ་ལགས་སམ། སྤྱིར་ཟླ་གྲགས་ཀྱི་དབུ་མ་ལ་འཇུག་པ་རྩ་འགྲེལ་སོགས་ལ་རིག་པ་དང་འགལ་ཞིང་། རྒྱལ་བའི་བཀའ་ཚད་མ་དང་མི་མཐུན་པ་མི་འོས་པ་མང་པོ་ཞིག་མཆིས་པར་ཁོ་བོས་ཀྱང་དགག་སྒྲུབ་ཚ་ནན་ཐུབ་མོད། དེ་དག་ལ་ཐལ་འགྱུར་བར་དགའ་དྲགས་མཁན་ཚོས་ཁས་ལེན་པའི་སྙིང་སྟོབས་མེད་ནའང་། བོད་ཀྱི་རིག་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེས་ཟླ་གྲགས་ཀྱི་དབུ་མ་ལ་འཇུག་པར་འགལ་འདུ་སོགས་ཇི་ལྟར་ཡོད་ཚུལ་འབྲེལ་ཡོད་ཡིག་ཆ་ཁག་ཏུ་དུས་ད་ལྟའང་གསལ་ཞིང༌། ཟླ་གྲགས་སློབ་མ་ཛ་ཡ་ཨཱ་ནན་ཏ་ཕྱྭ་པའི་རིག་པས་ཚར་གཅོད་ཀྱིས་ཕམ་ཉེས་བཏང་བའི་སྐོར་སོགས་ནི་མི་འདོད་བཞིན་དུ་ཁས་ལེན་དགོས་པ་མ་ལགས་སམ།

གཞན་ཡང་། མཁས་གྲུབ་རྗེས་“ཟླ་བ་གྲགས་པ་དང་ཞི་བ་ལྷ་གཉིས་ལ་ནི་མཚན་ནས་དངོས་སུ་སྨོས་ནས་འགོག་པའི་རྒྱ་གར་བ་སུའང་མེད་”[10]ཅེས་བཤད་པ་ལྟར་མ་ཡིན་པར་ཟླ་གྲགས་ཙམ་མ་ཟད་ཀླུ་སྒྲུབ་ཀྱི་ལུགས་ལའང་དགག་པ་བྱེད་མཁན་འཕགས་ཡུལ་དུའང་བྱུང་ཡོད་དེ། ཟླ་གྲགས་ཀྱི་ཀླུ་སྒྲུབ་ཕྱོགས་བཟུང་ཞིང་ཙནྡྲ་གོ་མིས་ཐོགས་མེད་ཀྱི་ཕྱོགས་འཛིན་ནས་རྩོད་སྐབས་སུ་ཙནྡྲས་གོ་མིས་ཀྱང་“ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང༌། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང༌། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །”[11]ཞེས་གསུངས་པ་ལྟ་བུས་མཚོན་ཐུབ་བོ། །

ཡང་བོད་དུ་ཀླུ་སྒྲུབ་ལ་དགག་པ་བྱེད་མཁན་བྱུང་མེད་མོད་ཀྱང་། ཟླ་གྲགས་ཀྱི་ཐལ་འགྱུར་ལུགས་ལ་དགག་པ་བྱེད་མཁན་མཁས་གྲུབ་ཚད་ལྡན་ཚུལ་མཐུན་མང་པོ་བྱུང་ཡོད་ཅིང་། ཁྱད་པར་ཟླ་གྲགས་ལྔ་བརྒྱ་ཐ་མར་བྱུང་བའི་རྩོད་དུས་ཀྱི་པཎྜི་ཏ་ཡིན་ཚུལ་ལ་སོགས་གཞན་སྟོང་ཟབ་མོ་སྨྲ་བ་རྣམས་ཀྱིས་མི་འཇིགས་སེང་གེའི་ང་རོ་གྲགས་ཡོད་པ་ལྟ་བུ་རེད། ཡིན་ནའང་གོང་གསལ་གྱི་ཟླ་གྲགས་ལུགས་འདི་མུ་སྟེགས་པའི་ལུགས་རེད་ཅེས་ཟེར་མཁན་ནི་བོད་ཀྱི་ཆོས་གཞུང་ཡིག་ཆ་གང་དུའང་ཁོ་བོས་ནི་མཐོང་ཐོས་མ་བྱུང་ངོ་ཞེས་གསལ་འགྲེལ་ཞུའོ། །

མདོར་ན། ཟླ་གྲགས་ཀྱི་ཐལ་འགྱུར་ལུགས་སམ་དཔལ་ལྡན་ཟླ་གྲགས་ཁོང་ལ་འཕགས་བོད་ཀྱི་རང་བརྒྱུད་པའི་མཁས་མཆོག་རེ་འགས་དགག་པའམ་ཚིག་ངན་བརྗོད་པ་རེ་རེ་ཙམ་ནི་ཡོད་ཆོག་སྟེ། ཟླ་གྲགས་ཁོང་གིས་ཚིག་གསལ་ཐལ་ཟློག་སྐབས་སུ་“ལེགས་ལྡན་འབྱེད་ལ་སྨྱོན་པ་”[12]ཞེས་སོགས་ཀྱི་ཐ་སྙད་བེད་སྤྱད་པ་ང་ཚོས་ད་ལྟའང་སྡེ་དགེ་བསྟན་འགྱུར་ནང་ནས་མཐོང་རྒྱུ་ཡོད་པས་ན། དེའི་ལན་དུ་རང་བརྒྱུད་པ་རེ་འགས་ཀྱང་ཟླ་གྲགས་ལ་ཚིག་ངན་བརྗོད་པ་ཡོད་རུང་ལ་ཡོད་ཀྱང་ཆོག་པ་ཞིག་རེད། ལྷག་པར་ཟླ་གྲགས་ཀྱི་དབུ་མ་ལ་འཇུག་པའི་རང་འགྲེལ་ནང་ལ། “གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །”[13]ཞེས་ཟླ་གྲགས་ཀྱིས་སངས་རྒྱས་གཉིས་པར་གྲགས་པ་སློབ་དཔོན་དབྱིག་གཉེན་སོགས་རྟེན་འབྲེལ་དོན་སྟོན་པའི་དབུ་མའི་ཆོས་ཚུལ་གྱི་ཡི་གེ་ཙམ་ཐོས་པས་ཀྱང་འཇིགས་པ་སྐྱེ་ཚུལ་གྱི་སྐུར་འདེབས་ཆེས་མི་འོས་པ་སྐྱེས་བུ་དམ་པར་བྱས་ཡོད་པ་དང༌། རྟེན་འབྱུང་ཕྱིན་ཅི་མ་ལོག་པ་སྟོན་པའི་དབུ་མའི་གཞུང་སྤང་ཚུལ་གྱིས་སྐུར་འདེབས་ཚད་ལས་བརྒལ་བ་བྱས་ཡོད་པས་ན། ཟླ་གྲགས་ཉིད་ལའང་གཞན་གྱིས་བསྐུར་འདེབས་བྱེད་མཁན་བྱུང་ཡོད་པ་ནི་ལས་རྒྱུ་འབྲས་སྨིན་པ་ཡིན་གྱི་རེད། མ་གཞི་ནས་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པའི་སློབ་དཔོན་སངས་རྒྱས་གཉིས་པ་དབྱིག་གཉེན་ལ་ཟླ་གྲགས་ཀྱིས་སྐུར་འདེབས་ཚབ་ཆེན་དེ་འདྲ་བྱས་པ་ནམ་ཡང་འཐད་པ་མ་ཡིན་ཏེ། ཟླ་གྲགས་ཁྱེད་རང་གིས་འདོད་པ་བཞིན་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་ཆོས་འཁོར་བར་པ་ཤེར་ཕྱིན་ལ་སོགས་ངེས་དོན་མདོ་ཡིན་ཚུལ་«རྣམ་བཤད་རིག་པ་»སོགས་སུ་བསྟན་ཡོད་པས་སོ། །

སྤྱིར་ཟླ་གྲགས་རང་ཉིད་ལ་ནི་དབྱིག་གཉེན་དང་ཐོགས་མེད་རྒྱལ་བས་ལུང་བསྟན་པ་ནང་བཞིན་ལུང་བསྟན་ཁ་གསལ་དེ་འདྲའང་མེད་པས་སོ། །ཟླ་བ་གྲགས་པ་བོད་པ་ཕལ་ཆེར་གྱིས་ཐོགས་མེད་ཡབ་སྲས་ལས་མཆོག་གྱུར་ཡིན་མདོག་མདོག་མང་པོ་ཞིག་བསྟན་ཡོད་ཀྱང་། དོན་དངོས་ལ་ནི་ཟླ་གྲགས་རྒྱན་དྲུག་མཆོག་གཉིས་ནང་ལའང་ཚུད་ཐུབ་མེད་པས་སོ། །

 

བཞི་པ། ཟླ་གྲགས་དང་བོད་མི་འགོས་ཁུག་པ་ལྷ་བཙས་གཉིས་ཀྱང་མཇལ་འཕྲད་བྱུང་ནས་ཁོང་གཉིས་མཉམ་དུ་ཟླ་བས་མཛད་པའི་དབུ་མ་ཤེས་རབ་ལ་འཇུག་པ་བོད་བསྒྱུར་མཛད་ཡོད་ཚུལ།

 

ལྷག་པར་ཟླ་གྲགས་དང་ཉི་གྲགས་མཇལ་འཕྲད་བྱུང་བ་ཙམ་མ་ཡིན་པར་ཟླ་གྲགས་དང་བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པ་ལྷ་བཙས་རྣམ་གཉིས་ཀྱང་མཇལ་འཕྲད་བྱུང་འདུག། དེ་དོན་ཡང་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་«དབུ་མ་ཤེས་རབ་ལ་འཇུག་པ་»ཞེས་པ་ལས་འདི་ལྟར་བྱུང་ཡོད་དེ། “དེ་ལྟར་བདག་གིས་བཤད་འདི་ལ། །ཕྱོགས་འཛིན་པ་ཡི་སེམས་བོར་ལ། །རིགས་པ་ཡིས་ནི་དཔྱད་པར་བྱ། །ཆོས་ལ་སྐུར་པ་གདབ་མི་བྱ། །གཡེང་བ་ཐམས་ཅད་སྤངས་ནས་ནི། །བསྒྲུབ་པ་ལ་ནི་བརྩོན་པར་བྱ། །བདག་གིས་འདི་བྱས་བསོད་ནམས་ཀྱིས། །སེམས་ཅན་ཐམས་ཅད་གྲོལ་གྱུར་ཅིག །དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ༎ ༎

པཎྜི་ཏ་དེ་ཉིད་དང་ལོ་ཙྪ་བ་འགོས་ཁུག་པ་ལྷ་བཙས་ཀྱིས་བསྒྱུར་བའོ། །”[14]ཞེས་གསལ་ཡོད་པ་དེ་རེད། མཛད་བྱང་དེ་ལས་སློབ་དཔོན་ཟླ་བ་གྲགས་པ་དང་བོད་མི་འགོས་ཁུག་པ་ལྷ་བཙས་རྣམ་གཉིས་མཇལ་འཕྲད་བྱུང་ཡོད་ཚུལ་གསལ་བ་མ་ཟད། ཁོང་རྣམ་གཉིས་མཇལ་ནས་ཀྱང་སློབ་དཔོན་ཟླ་གྲགས་ཀྱིས་པཎྜི་ཏ་མཛད་ནས་འགོས་ཁུག་པ་ལྷ་བཙས་ཁོང་གཉིས་ཀྱིས་དབུ་མ་ཤེས་རབ་ལ་འཇུག་པ་ཞེས་པ་མཉམ་དུ་བོད་སྐད་ལ་བསྒྱུར་ཡོད་ཚུལ་དྲངས་མ་ཐག་པའི་མཛད་བྱང་“པཎྜི་ཏ་དེ་ཉིད་དང་ལོ་ཙྪ་བ་འགོས་ཁུག་པ་ལྷ་བཙས་ཀྱིས་བསྒྱུར་”ཞེས་པ་དེས་བསྟན་པས་སོ། །

 

ལྔ་པ། ཇོ་བོ་རྗེའི་བླ་མའི་བླ་མ་རིག་པའི་ཁུ་བྱུག་ཆེ་བའང་ཟླ་གྲཌ་ཀྱི་དངོས་སློབ་ཡིན་ཚུལ་སྐོར།

གཞན་ཡང་གོང་དེར་དྲངས་མ་ཐག་པ་དེ་དང་རྦད་དེ་གཅིག་པ་མ་ཡིན་ན་ཡང་དེ་དང་ཁ་ཐག་ཤིན་ཏུ་ཉེ་བ་ཞིག་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་ཀྱང་ཚིག་མཛོད་ཆེན་མོར་དཔལ་ལྡན་ཟླ་གྲགས་ཀྱི་རྣམ་ཐར་སྐབས་སུ་འདི་ལྟར་གསུངས་ཡོད་དེ། “དགུང་ལོ་སུམ་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་ཇི་ལྟར་ཡང་སྐུ་ཚེ་རིང་པོ་བཞུགས་པར་མངོན་ཏེ་ཁོང་གི་སློབ་མ་རིགས་པའི་ཁྱུ་བྱུག་ཆེ་བ་དང་། དེའི་སློབ་མ་རིགས་པའི་ཁྱུ་བྱུག་ཆུང་བ་ཡིན་ལ། དེའི་སློབ་མ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ཡིན་ཅིང་། ཇོ་བོ་ཆེན་པོ་ནི་བོད་ཀྱི་རབ་བྱུང་གོང་གི་ཆུ་རྟ(༩༨༢)ལོར་སྐུ་འཁྲུངས་པ་དང༌། དགུང་ལོ་དྲུག་ཅུ་རེ་གཅིག་པ་བོད་ཀྱི་རབ་བྱུང་དང་པོའི་ལྕགས་སྦྲུག་(༡༠༤༠)ལོའི་ལོ་མཇུག་ལ་རྒྱ་གར་ནས་བལ་ཡུལ་བརྒྱུད་མངའ་རིས་སུ་ཕེབས་པ་ཡིན་པས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་དུ་དུས་རབས་དང་པོ་འགོ་ཚུགས་པ་ནས། ཇོ་བོ་ཆེན་པོ་འཁྲུངས་པའི་བར་དུས་རབས་དགུ་ལ་ལོ་དགུ་བརྒྱ་ལྷག་ཙམ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་རྣམ་དག་གིས་དད་མོས་བྱེད་མཁན་ཚོས་དེ་ལ་དོགས་པ་རྩ་བ་ནས་བྱེད་ཀྱི་མེད་ཀྱང་། ལོ་རྒྱུས་དངོས་གཙོ་སྨྲ་བའི་ལུགས་ལྟར་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་རྫུན་བཟོ་ཡིན་པའི་གཞི་འཛིན་ས་ལྟ་བུར་གྱུར་འདུག་པ་བརྟག་”[15]ཅེས་གསུངས་པ་ལ་ཕྲན་གྱིས་ཀྱང་མངོན་པར་བསྟོད་དོ། །

རེད་ཨང་། མི་ཞིག་དུས་རབས་གང་དུ་འཁྲུངས་ཡོད་མེད་ནི་གཟུགས་འདས་རིག་པའི་ཁྱབ་ཁོངས་ལྟར་མ་ཡིན་པར་མཐོང་ཆོས་མངོན་གྱུར་དངོས་པོ་གཙོ་བཞག་གི་རིག་པའི་ངོས་ནས་གླེང་སློང་དགོས་ཚུལ་ནི་འོས་ཤིང་འཐད་པ་རང་རེད། དེའི་ཕྱིར། དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་ཀྱང་ལོ་རྒྱུས་གཞན་དག་དང་ཞིབ་བསྡུར་བྱས་འབྲས་ཀྱིས་སློབ་དཔོན་ཟླ་གྲགས་ནི་ཇོ་བོ་རྗེ་འཁྲུངས་པའི་དུས་རབས་དང་ཤིན་ཏུ་ཁ་ཐག་ཉེ་པོར་བྱོན་པའི་ནང་པ་སངས་རྒྱས་པའི་བླ་མ་ཞིག་ཡིན་ཚུལ་ཆེས་གསལ་པོར་ར་སྤྲོད་ཉི་བཞིན་གནང་བའི་གནས་ལུགས་ལ་འཁྲུལ་པ་ག་ནས་ཡོད་སྲིད་དེ་མེད་དོ། ། སྤྱིར་དུང་དཀར་འདི་པ་དགེ་ལུགས་དང་ཀམ་ཚང་ལོ་རྒྱུས་བཤད་དུས་རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་སྡང་བའི་ཕྱོགས་རིས་ཤིན་ཏུ་ཆེ་བ་ཞིག་ཡིན་མོད། རྗེས་སུ་འབྲེལ་ཡོད་ལོ་རྒྱུས་ཁག་རྒྱ་ཆེར་མཐོང་ཐོས་བྱུང་རྗེས་ཅུང་ཟད་ཕྱོགས་ལྷུང་ཆུང་དུ་ཕྱིན་ཡོད་པ་དང་། དགེ་ལུགས་པས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་འདོད་པ་སོགས་ལ་མངོན་གསལ་དོད་པོས་དགག་པ་ཚ་ནན་ཡང་བྱས་ཡོད་ཚུལ་གོང་དེར་དུང་དཀར་ཚིག་མཛོད་ལས་དྲངས་པ་དེས་ཤེས་རྟོགས་ཐུབ་པས་སོ། །

 

མཇུག་བསྡུ།

དེ་ལྟར་གོང་དུ་ཕྲན་གྱིས་རང་འདོད་དང་མ་འབྲེལ་བའི་སྒོ་ནས་ཡིག་ཚང་རིག་པའི་དངོས་གཙོ་ཉིད་བདེན་དཔང་གི་དབུས་སུ་བཞག་སྟེ། པ་ཚབ་ཉི་མ་གྲགས་པ་དང་དཔལ་ལྡན་ཟླ་བ་གྲགས་པ་རྣམ་གཉིས་དངོས་སུ་མཇལ་འཕྲད་ཇི་ལྟར་བྱུང་ཡོད་ཚུལ་ཅུང་ཟད་ཀྱིས་གསལ་པོར་བཤད་པའི་ཁུལ་ཡིན་ལ། དེ་ཙམ་མ་ཡིན་པར་ཕྱོགས་དེའི་མཐུན་དཔེ་ལའང་ཟླ་གྲགས་ཀྱི་«དབུ་མ་ཤེས་རབ་ལ་འཇུག་པའི་»མཛད་བྱང་སོགས་བཀོད་ནས་ལོ་རྒྱུས་དངོས་གཙོ་བོ་སྨྲ་བའི་ཕྱོགས་བཟུང་སྟེ་གླེང་པའི་ཁུལ་ཡིན། ལྷག་པར་དུ་དགེ་ལུགས་པ་རྣམས་ཀྱིས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་བཤད་པ་རྣམས་ལ་དགག་སྒྲུབ་དང་རྩོད་སྤོང་རྒྱ་ཆེར་དག་ཤེས་པར་འདོད་ན་ནི། ཁོ་བོས་བྲིས་པ་«མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་གྱི་ནོར་འཛོལ་འགའ་རེར་དཔྱད་པ་དགེ་བཤེས་དགའ་སྟོན།»[16]ཞེས་པའི་ཤོག་ངོས་ ༣༧ ནས་ ༤༧ བར་ལ་ཞིབ་རྒྱས་ཀྱིས་བྲིས་ཡོད་ཅིང་། དོན་ཚན་དྲུག་པ་ཆ་ཚང་ནང་ལ་དེ་དོན་སྐོར་རྒྱས་པར་བཤད་ཡོད་ཅེས་གསལ་སྟོན་ཞུ་བཞིན་ཡོད་དོ། །

 

སླར་སྨྲས་པ།

ཟླ་གྲགས་ཀླུ་སྒྲུབ་དངོས་སློབ་ཡིན་ཚུལ་གྱི། །མ་དག་འཁྲུལ་ཚོགས་རྩོམ་ཡིག་འདི་ཡིས་འཇོམས། །

ད་ནས་བཟུང་སྟེ་ཧམ་བཤད་མི་བྱེད་པར། །ཟླ་གྲགས་བྱོན་ཚུལ་དུས་རབས་ཤེས་པར་གྱིས། །

 

རང་འདོད་ཙམ་ལ་བདེན་པའི་དཔང་རྟགས་མེད། །ཧམ་བཤད་རྣམས་ལ་སྙིང་པོའི་ལེགས་བཤད་མེད། །

བདེན་གཏམ་ལེགས་བཤད་བདུད་རྩིར་རོལ་འདོད་ཚེ། །དངོས་ཡོད་གླེང་བའི་ལམ་ལ་ཞུགས་རན་ནོ། །

ཞེས་པ་འདི་ནི་སྙེ་ལྕེ་བཙན་ཕྲུག་ཏུ་འབོད་པ་དེས་གདན་ས་མཚུར་ཕུའི་ལུང་རིག་པདྨ་གསར་པའི་དགའ་ཚལ་ནས་གུས་པས་ཕུལ། ༢༠༢༦། ༤ ། ༢༨ ཉིན།།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] མཆོད་བརྗོད་འདི་ཆོས་འཁོར་ཐ་མ་ངེས་དོན་མདོའི་དབང་དུ་བྱས་པ་དང་གཞན་སྟོང་ཟབ་མོའི་ལུགས་སུ་བྱས་ནས་བསྟོད་པ་ཞིག་ཡིན།

[2] དཔེ་ཆ་དེ་སེར་གཙུག་དཔེ་ཁང་བླ་ཐུབ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། པོད་ཕྲེང་ ༡༡༩ པ་ཡིན།

[3] པ་ཚབ་ལོ་ཙྪ་བ་དང་ཞང་ཤ་ར་བ་ཆེན་པོ་གཉིས་ཀྱི་དབུ་མའི་དྲིས་ལན། སེར་གཙུག་དཔར་མ། ཤོག་ངོས་ ༡༩ ནང་ལ་གསལ། པོད་ཕྲེང་ ༡༡༩ པ།

[4] འོག་ཏུ་པ་ཚབ་ཉི་མ་གྲགས་པ་དང་ཟླ་བ་གྲགས་པའི་མཚན་གྱི་ཚིག་བསྡུས་ལ་ཟླ་གྲགས་དང་ཉི་གྲགས་ཞེས་སྤྱོད་རྒྱུ་ཡིན་པར་ཐུགས་སྣང་མཛོད།

[5] པ་ཚབ་ལོ་ཙྪ་བ་དང་ཞང་ཤ་ར་བ་ཆེན་པོ་གཉིས་ཀྱི་དབུ་མའི་དྲིས་ལན། སེར་གཙུག་དཔར་མ། ཤོག་ངོས་ ༡༩ ནང་ལ་གསལ། པོད་ཕྲེང་ ༡༡༩ པ།

[6] པ་ཚབ་ལོ་ཙྪ་བ་དང་ཞང་ཤ་ར་བ་ཆེན་པོ་གཉིས་ཀྱི་དབུ་མའི་དྲིས་ལན། སེར་གཙུག་དཔར་མ། ཤོག་ངོས་ ༢༠ ནང་ལ་གསལ། པོད་ཕྲེང་ ༡༡༩ པ།

[7] པ་ཚབ་ལོ་ཙྪ་བ་དང་ཞང་ཤ་ར་བ་ཆེན་པོ་གཉིས་ཀྱི་དབུ་མའི་དྲིས་ལན། སེར་གཙུག་དཔར་མ། ཤོག་ངོས་ ༢༠ ནང་ལ་གསལ། པོད་ཕྲེང་ ༡༡༩ པ།

[8] གོང་མཚུངས་གཅིག་ཡིན།

[9] གོང་མཚུངས་གཅིག་ཡིན།

[10] མཁས་གྲུབ་རྗེའི་གསུང་འབུམ། པོད་གྲངས། ༼ཀ༽ ལྡེབས་གྲངས། ༼ཀ༽ 1-9-1a1-1-10-1a4 ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སྐལ་བཟང་མིག་འབྱེད་དམ་སྟོང་ཐུན་སྐལ་བཟང་མིག་འབྱེད།

[11] རྒྱལ་བ་ཇོ་ནང་པ་རྗེ་བཙུན་ཏཱ་ཏ་ནཱ་ཐའི་གསུང་འབུམ། པོད་གྲངས་ ༼མ༽ ༼༡༦༽ ལྡེབས་གྲངས་ 16-1-418line1-16-1-653line6 དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ངམ་རྒྱ་གར་ཆོས་འབྱུང༌། ཀུན་གསལ་མེ་ལོང་།

[12] སྡེ་དགེ་བསྟན་འགྱུར། ཟླ་བ་གྲགས་པ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ། པོད་གྲངས། ༼འ༽ (༡༠༢) ལྡེབས་གྲངས། ༼འ༽ 102-1-1a1-102-1-201a1 ཀུན་གསལ་མེ་ལོང་། དཔེ་ཆ་དེར་ཟླ་གྲགས་ཀྱིས་“དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་ལྡོག་པར་མི་འགྱུར་བ་ཉིད་དོ། །ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །”ཞེས་བཤད་དོ། །དེའི་སྐོར་ཟླ་བས་སངས་བསྐྱངས་འདོད་པ་བཟུང་ནས་ལེགས་ལྡན་འབྱེད་འགོག་སྐབས་སོ། །

[13] སྡེ་དགེ་བསྟན་འགྱུར། ཟླ་བ་གྲགས་པ། དབུ་ལ་འཇུག་པ། པོད་གྲངས། ༼འ༽ (༡༠༢) ལྡེབས་གྲངས། 102-1-220b1-102-1-348a7 ཀུན་གསལ་མེ་ལོང་།

[14] སྡེ་དགེ་བསྟན་འགྱུར། སློབ་དཔོན་ཟླ་བ་གྲགས་པ། དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ། པོད་གྲངས། ༼འ༽ (༡༠༢) ལྡེབས་གྲངས། ༼འ༽ 102-1-348b1-102-1-349b ཀུན་གསལ་མེ་ལོང་།

[15] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

[16] དཔེ་ཆ་དེ་བོད་རྩོམ་སྤྱི་གླེང་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་འདིར་ཁོ་བོས་རིན་མེད་དུ། ཆ་ཚང་སྤེལ་ཡོད་པས་ཁྱེད་རང་གིས་ད་ལྟ་གཟིགས་བཞིན་པའི་སྤྱི་སྟེགས་འདིའི་ནང་ལ་བཙལ་འཚོལ་མཛོད་དང༌། དལ་གྱིས་མཇལ་ཐུབ་བོ། །

Leave a Reply

Your email address will not be published. Required fields are marked *