ཕྱོགས་སྒྲིག་པའི་སྔོན་གླེང་།
རིགས་རུས་ཕུན་ཚོགས་རྟེན་ལ་ཡོན་ཏན་བརྙེས། །
བསླབ་གསུམ་ལུང་རྟོགས་ཡོན་ཏན་ཐུགས་སུ་ཆུད། །
འཕགས་བོད་ཡུལ་དུ་བསྟན་འགྲོའི་མཛད་པ་བསྐྱངས། །
ངོ་མཚར་གསང་གསུམ་རྣམ་ཐར་ཕྱོགས་གཅིག་བཀོད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་བསྟན་པ་ཕྱི་དར་གྱི་དུས་འགོར་བོད་གངས་ཅན་གྱི་ལྗོངས་སུ་བྱོན་པས། ཇོ་བོ་རྗེའི་རྣམ་ཐར་རེ་ཞིག་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་སུ་ཁ་ཐོར་གྱི་ཚུལ་དུ་གནས་ཤིང་།
དུས་རབས་བཅུ་གསུམ་པའི་རྗེས་སུ་བོད་ཀྱི་རྣམ་ཐར་རྩོམ་པའི་ལུགས་སྲོལ་རིམ་བཞིན་རྒྱ་ཆེར་དར་འཕེལ་བྱུང་སྐབས་ཇོ་བོའི་རྣམ་ཐར་ལའང་སྐབས་དེའི་བོད་ཀྱི་མཁས་གྲུབ་ལོ་པཎ་དག་གིས་གཙིགས་ཆེར་འཛིན་ཏེ་ཕྱོགས་བསྒྲིགས་ལྗགས་རྩོམ་མཛད་ཡོད། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་འདི་ནི་གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཇོ་བོ་རྗེའི་རྣམ་ཐར་ཁག་ལྔ་པོ་དེ་དག་ཆབས་ཅིག་ཏུ་ཕྱོགས་བསྒྲིགས་ཞུས་ཡོད།
དེ་ཡང་གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་ (༡༦༡༠-༡༦༨༤) མཆོག་གིས་བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་གྱི་དབུར།[1] ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི་གང་ཟག་ལས་འཕྲོ་ཅན་སུས་ཐོས་ཤིང་མཐོང་ཡང་ཚེ་འདིར་ཞེན་གྱི་སྣང་ཤས་འགག་ཅིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བློ་ཁ་ཕྱོགས་པར་འགྱུར་བ་མཐོང་བས་བདག་གཞན་ལ་ཕན་པའི་ཕྱིར། ཇོ་བོའི་ཆེ་བའི་ཡོན་ཏན་འབྲོམ་གྱིས་འགོད་པར་མཛད་པ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་གསེར་གླིང་གི་ལམ་ཡིག་དང་། དགེ་བཤེས་གུང་ཐང་པས་མཛད་པའི་ལམ་ཡིག་ཆེན་མོ་རྣམས་ཀྱི་སྟེང་དུ་བཀའ་གདམས་གླེགས་བམ་ལས་བྱུང་བའི་གསང་བའི་རྣམ་ཐར་རྣམས་སྔ་ཕྱི་གུང་བསྒྲིགས་ནས་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར། འབྲོམ་སྟོན་གྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་དང་། ནག་ཚོ་ལོ་ཙཱ་བས་མཛད་པའི་ལམ་ཡིག་ཆེན་མོའི་སྟེང་དུ་བཀའ་གདམས་གླེགས་བམ་བྱུང་བའི་གསང་བའི་རྣམ་ཐར་སྔ་ཕྱི་གུང་བསྒྲིགས་ནས་རྣམ་ཐར་ཡིག་རྙིང་ཁུངས་བཙན་དེ་དག་ཕྱོགས་གཅིག་ཏུ་བསྒྲིགས་པར་གསུངས་སོ།།
དང་པོ། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ནི། ཤཱཀྱའི་དགེ་སློང་འཇམ་དབྱངས་དཔལ་ལྡན་རྒྱ་མཚོའམ་ཡོངས་གྲགས་གཙང་མཁན་ཆེན་ཉིད་ཀྱིས་བསྒྲིགས་པ་སྟེ། མཇུག་བྱང་ལས[2]། དེ་ལྟར་ཇོ་བོ་ཆེན་པོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་རྣམ་པར་ཐར་པ་རྒྱས་པ་འདི་ཤཱཀྱའི་དགེ་སློང་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་རང་ཉིད་ཀྱི་དད་པའི་གསལ་འདེབས་པའི་ཕྱིར། ཇོ་བོའི་རྣམ་ཐར་འབྲོམ་ཉིད་ཀྱིས་མཛད་པ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཛད་པ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་གསེར་གླིང་གི་ལམ་ཡིག་དང་། བཀའ་གདམས་ཕ་ཆོས་ནོར་བུའི་ཕྲེང་བ་དང་། བུ་ཆོས་རྔོག་དང་ཁུའི་ཞུ་ལན་དང་། འབྲོམ་གྱི་གསུང་བཀའ་གདམས་ལུང་ཆེན་མོ་རྣམས་ལས་བྱུང་བའི་གླེང་གཞིའི་ལོ་རྒྱུས། ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་གྱི་རིགས་རྣམས་ཟུར་དུ་བཀོལ་ཏེ། རང་བཟོའི་ཚིག་ལྷད་མེད་པ་བྲིས་པས་ཆོས་མཛད་གཞན་ལ་ཡང་ཕན་ཐོགས་པར་གྱུར་ཅིག །ཅེས་གསུངས་པ་ལྟར། ཁམས་བྲིས་དཔེ་རིང་ཤོག་གྲངས་ ༢༡༤ ཅན་དང་། དེ་ཉིད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་པར་སྐྲུན་ཞུས་པའི་དེབ་གཟུགས་ཤོག་གྲངས་ 1-305 བར་བཞུགས་པའི་རྣམ་ཐར་རྒྱས་པ་དེ་དང་གཅིག
གཉིས་པ། ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར་ནི། ཇོ་བོ་རྗེས་མཛད་པར་གྲགས་པ་ཡོངས་སུ་གྲགས་པར་མ་ཟད། ཡིག་ཆ་རང་ཉིད་དུའང་ལོ་རྒྱུས་རྣམས་ཇོ་བོ་རང་ཉིད་ཀྱིས་དངོས་སུ་ཉམས་མྱོང་གིས་གསུངས་པ་ལྟ་བུར་གསལ་མོད། རྣམ་ཐར་འདི་ཉིད་ཡི་གེར་འདེབས་པ་པོ་ནི་ཇོ་བོ་རང་ཉིད་མིན་པ་ནི། མཇུག་བྱང་ལས། དེ་ཐམས་ཅད་ཇོ་བོ་གསེར་གླིང་དུ་ཕྱག་ཕེབས་ཤིང་། ལེགས་པར་དགྱེས་བཞིན་དུ་མཇལ་བའི་ལོ་རྒྱུས་ལེགས་པར་གདའོ། །ཞེས་བྱུང་བ་ལས་ཤེས་ནུས་ལ། གཞན་ཡང་རྣམ་ཐར་གྱི་ཡིག་ཆ་འདི་ཉིད་ནང་བོན་གྱི་བསྟན་པ་དང་། ཞང་ཞུང་གི་རྒྱལ་པོ་སོགས་གཡུང་དྲུང་བོན་གྱི་སྐོར་ཐ་སྙད་ཚིག་ཟིན་ལ་བྱུང་ཞིང་། ཇོ་བོའི་སློབ་མ་པཎྜི་ཏ་སའི་སྙིང་པོས་རྟ་མགྲིན་དུ་སྤྲུལ་ནས་བོན་གྱི་ལྷ་རྣམས་བཏུལ་ཚུལ་གསལ་བ་སོགས་དཔྱད་གཞིའི་གནས་འགའ་ཞིག་སྣང་བས་ཇོ་བོ་ཉིད་ཀྱི་མིན་པར་རྟོགས་ནུས། འོན་ཀྱང་འདི་ནང་བཞུགས་པའི་ལོ་རྒྱུས་དངོས་གཞི་རྣམས་ཇོ་བོ་ཉིད་ནས་བོད་དུ་སློབ་མ་རྣམས་ལ་གསུངས་པར་ངེས་ཤིང་། ད་ལྟའི་རྣམ་ཐར་གྱི་ཡི་གེ་འདི་ཕལ་ཆེར་དུས་རབས་བཅུ་གསུམ་པའི་ནང་སྣར་ཐང་ནམ་མཁའ་རིན་ཆེན་དཔལ་གྱིས་བཀའ་གདམས་གླེགས་བམ་དུ་གྲགས་པ་ཕྱོགས་བསྒྲིགས་མཛད་པའི་སྐབས་ཡས་མས་ཤིག་ལ་བྲིས་པ་མིན་ནམ་སྙམ་མོ།།
གསུམ་པ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་ཏེ། གསེར་གླིང་དུ་བྱོན་པའི་རྣམ་ཐར་ལམ་ཡིག་ཆུང་བ་གསང་སྐོར་མ་འབྲོམ་གྱིས་ནག་ཚོ་ལ་གསུངས་པའི་སྐོར་རྣམས་ཡིན་ཅིང་། དེ་ཡང་རྣམ་ཐར་གྱི་མཛད་བྱང་ལས[3]། བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། །ཕྱོགས་གཅིག་ཙམ་ཡང་བརྗོད་པར་མི་ནུས་ཀྱང་། །བླ་མ་རྣམས་ལ་དག་སྣང་སྤེལ་བའི་ཕྱིར། །ཆུ་ཐིགས་ཙམ་འདི་འབྲོམ་གྱིས་བསྡེབས་པ་ཡིན། །དེ་ལ་ནོངས་པར་གྱུར་ཅི་མཆིས་པ། །ཇོ་བོ་ཡབ་སྲས་བརྒྱུད་པར་བཅས་པ་དང་། །མངོན་ཤེས་མངའ་བའི་སྐྱེས་མཆོག་འཕགས་རྣམས་དང་། །རྒྱུ་འབྲས་ཆོས་ལ་ཀུན་ནས་སོ་སོར་བཤགས། །འདི་ལ་བརྟེན་པའི་དགེ་བའི་རྩ་བ་རྣམས། །ཀུན་ཏུ་བླ་མ་ཐམས་ཅད་མཉེས་པ་དང་། །དམ་ཚིག་གཙང་ཞིང་ས་བཅུ་བགྲོད་པ་དང་། །འགྲོ་བའི་བླ་མར་བྱང་ཆུབ་བརྙེས་གྱུར་ཏེ། །འགྲོ་བའི་སྡུག་བསྔལ་དྲུངས་ནས་འབྱིན་པར་ཤོག །བླ་མའི་རྣམ་པར་ཐར་པ་རིན་པོ་ཆེའི་ཚོགས་བསྟན་པ། དམ་པའི་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ། རྭ་སྒྲེང་དཔལ་གྱི་ནགས་ཁྲོད་དུ་བོད་ཀྱི་ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་སྦྱར་བའོ། །ཞེས་བྱུང་བ་དེ་ཉིད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་པར་སྐྲུན་ཞུས་པའི་དེབ་གཟུགས་ཤོག་གྲངས་ 306-440 བར་བཞུགས་པ་དེའོ།།
བཞི་པ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་སྟེ། ལུང་བསྟན་པའི་ཚུལ་རགས་རིམ་པ་ཡིན་ལགས། ཞེས་གསལ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་པར་སྐྲུན་ཞུས་པའི་དེབ་གཟུགས་ཤོག་གྲངས་ 441-487 བར་བཞུགས་པའི་མཇུག་བྱང་ལས[4]། དེ་ལྟར་ལུང་བསྟན་རྒྱ་མཚོ་ལྟ་བུ་ལས། །རྣམ་དག་སེམས་ལ་ཡོན་ཏན་གང་ཤར་བ། །རྣམ་པ་མདོར་བསྡུས་ཙམ་ཞིག་བཀོད་པ་འདི། །བོད་ཀྱི་འབྲོམ་རྗེ་བདག་གིས་རྙེད་པ་ཡིན། །འདི་ལ་སྒྲོ་བསྐུར་དྲི་མ་ཅི་མཆིས་པ། །དགེ་སྡིག་བླང་དོར་ལས་འབྲས་ཕྲ་མོ་དང་། །བཟོད་པའི་རང་བཞིན་བླ་མ་དཀོན་མཆོག་ལ། །བཟོད་པར་བཞེས་ཤིང་བརྩེ་བར་མཛད་དུ་གསོལ། །བདག་ཀྱང་དེ་སྲིད་ཚེ་རབས་ཐམས་ཅད་དུ། །བསམ་པ་བཟང་པོ་འདི་ཡིས་རྐྱེན་བྱས་ནས། །འགྲོ་དྲུག་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི། །མཉན་པ་ལྟ་བུའི་ཆོས་རྒྱལ་ཐོབ་པར་ཤོག །བླ་མ་དང་ཡི་དམ་རྣམས་ཀྱིས་ཨ་ཏི་ཤ་བོད་དུ་འབྱོན་པར་ལུང་བསྟན་པ་རྣམ་དག་ཤེལ་གྱི་མཆོད་རྟེན་ཞེས་བྱ་བ་ཀུན་བཟང་མཐུག་པོའི་ནགས་ཁྲོད་དུ་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ལུང་བསྟན་རྫོགས་སོ། །ཞེས་བྱུང་བ་དེའོ།།
ལྔ་པ། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་པ། དེ་ཉིད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་པར་སྐྲུན་ཞུས་པའི་དེབ་གཟུགས་ཤོག་གྲངས་ 488-663 བར་བཞུགས་པ་དེ་ཉིད་ཡིན། རྣམ་ཐར་འདིའི་མཛད་པ་པོ་སུ་ཡིན་གསལ་ཁ་མི་སྣང་ཡང་། རྣམ་ཐར་དེ་ཉིད་ཀྱི་མཇུག་བྱང་ལས[5]། ཡི་གེ་དེ་རྣམས་ཐམས་ཅད་དགེ་བའི་བཤེས་གཉེན་ཟུལ་ཕུ་བ་ཆེན་པོའི་ཕྱག་ཏུ་བྱུང་ནས་ཁོང་གིས་ཕྱོགས་གཅིག་ཏུ་མཛད་པ་ལགས་པར་གདའ་གསུངས། ཞེས་གསལ་བ་ལས་འདིའི་མཛད་པ་པོའམ་སྒྲིག་པ་པོ་ནི་ཟུལ་ཕུ་བ་སྟེ་བྱ་འདུལ་བ་འཛིན་པ་མིན་ནམ་སྙམ། དེ་ཡང་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོས་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་[6]ཀྱང་། ཇོ་བོའི་རྣམ་ཐར་རྒྱས་པ། ལམ་ཡིག་ཆོས་ཀྱི་འབྱུང་གནས་འབྲོམ་གྱིས་མཛད་པ་དང་། ཡང་ཇོ་བོའི་རྣམ་ཐར་ཆེན་མོ་དགེ་བཤེས་ཟུལ་ཕུ་བས་བསྒྲིགས་པ། རྗེ་གཞོན་ནུ་རྒྱལ་མཆོག་པས་མཛད་པའི་བློ་སྦྱོང་ལེགས་བཤད་ཀུན་འདུས་རྣམས་ཀྱི་ལུང་ཡང་ཐོས་སོ། །ཞེས་གསུངས་པ་ལྟར་ན། དགེ་བཤེས་ཟུལ་ཕུ་བས་བསྒྲིགས་པའི་ཇོ་བོའི་རྣམ་ཐར་ཆེན་མོ་ཞེས་པ་འདི་ཉིད་ཡིན་འདུག
གཞན་ཡང་། རྣམ་ཐར་དེ་ཉིད་ལས[7]། ལག་སོར་བའི་བུ་བཞིར་གྲགས་པ། དགེ་བཤེས་བྱ་འདུལ་བ་འཛིན་པ། རོག་འཆིང་ཕུ་བ། རྣམ་སྤར་བ། དགེ་བའི་བཤེས་གཉེན་ཞུ་ལྡན་པ་དང་བཞི། རྒྱ་ར་སྟོན་བྱེད་དགེ་བསྙེན་ཡིན་པས་བུར་མ་ཚུད་དེ། ལྔས་ཇོ་བོའི་གདམས་པ་ཞུས་ནས་ཟིན་བྲིས་བྱས་པ་ལ། བྱ་འདུལ་བ་འཛིན་པ་ཟུལ་ཕུ་བ་ཆེན་པོ་ལ་གདམས་པ་ལོ་རྒྱུས་ཉུང་འདུས་ཤིག་བྱུང་། འཆིང་ཕུ་བ་ལ་གདམས་པ་མང་པོ་བྱས་ནས། ལོ་རྒྱུས་ཉུང་ངུ་ཞིག་ལས་མི་འདུག་གསུང་། གནམ་སྤར་བས་ལོ་རྒྱུས་ཡེ་མ་བྲིས་པར་གདམས་པ་བྲིས་འདུག་སྐད། དགེ་བཤེས་ཞུ་ལྡན་པས་གདམས་པ་དང་། ལོ་རྒྱུས་གཉིས་ཀ་ལེགས་པ། ཁྱད་པར་དུ་ལོ་རྒྱུས་ཁོ་ན་ལ་ཞིབ་པར་མཛད་ནས། མདོ་སྡེ་ནས་ཀྱང་སངས་རྒྱས་ཀྱིས་ཡུལ་འདི་རུ་གང་ཟག་འདི་ལ་ཆོས་འདི་གསུངས་བྱ་བ་ཡོད་པས། ལོ་རྒྱུས་འདི་གལ་ཆེ་བ་ཡིན་གསུངས་ནས། ལོ་རྒྱུས་རྒྱས་པར་བྲིས་ནས་འདུག་གསུངས། རྒྱ་ར་སྟོན་བྱེད་ལ་སྔགས་ཀྱི་གདམས་པ་མ་ལུས་པར་ཡོད་པ་ཡིན་པར་གདའ། ཕ་རོལ་ཏུ་ཕྱིན་པའི་གདམས་པ་གཤའ་མི་གནང་། ལོ་རྒྱུས་ཀྱང་གཞན་ལ་ཁ་འཕངས་པ་ཞིག་ལས་མི་གདའ་སྐད། ཡི་གེ་དེ་རྣམས་ཐམས་ཅད་དགེ་བཤེས་ཟུལ་ཕུ་བ་ཆེན་པོའི་ཕྱག་ཏུ་བྱུང་ནས་ཁོང་གིས་ཕྱོགས་གཅིག་ཏུ་མཛད་པ་ལགས་པར་གདའ་གསུང་། ཞེས་གསལ་བ་ལས་བྱ་འདུལ་བ་འཛིན་པ་ཟུལ་ཕུ་བ་ཆེན་པོས་ཇོ་བོའི་ལོ་རྒྱུས་ཉུང་བསྡུས་ཤིག་མཛད་པ་དང་། དེ་བཞིན་འཆིང་ཕུ་བས་ཀྱང་ལོ་རྒྱུས་ཉུང་ངུ་ཞིག་དང་། དགེ་བཤེས་ཞུ་ལྡན་པས་ཀྱང་ལོ་རྒྱུས་ལེགས་པ་དང་། ཁྱད་པར་དུ་ལོ་རྒྱུས་ཁོ་ན་ཞིབ་པར་མཛད་པ་དེ་དག་ཐམས་ཅད་མཐར་དགེ་བཤེས་ཟུལ་ཕུ་བའམ་བྱ་འདུལ་བ་འཛིན་པ་ཆེན་པོའི་ (1100–1174) ཕྱག་ཏུ་བྱུང་ནས་ཁོང་གིས་ཕྱོགས་གཅིག་ཏུ་མཛད་པར་གསལ་བ་དང་གཉིས། རྣམ་ཐར་དེའི་ཐོག་ཕྱིས་སུ་མཆན་གྱིས་གསལ་བར་བྱས་པ་ཞིག་ཡིན་འདུག་པ་ནི། མཆིམས་ཐམས་ཅད་མཁྱེན་པས་ (1210-1285) མཛད་པའི་ཇོ་བོ་རིན་པོ་ཆེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་ཀྱི་མཇུག་བྱང་ལས་[8]ཀྱང་། བྱང་ཆུབ་སེམས་དཔའ་བྱ་འདུལ་བ་འཛིན་པ་ཆེན་པོའི་ཇི་ལྟ་བ་བཞིན་ལས་བླ་མའི་གསུང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཏེ། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་ཡོན་ཏན་གངས་ཆེན་མཚོ་ལྟར་མཐའ་ཡས་པ་ལས་དད་པའི་མྱུ་གུ་གསོ་བའི་ཕྱིར་ཆུ་ཐིགས་ཙམ་ཞིག་སྣར་ཐང་དུ་བསྡེབས་པའོ། །ཞེས་བྱུང་བས་གོང་གསལ་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་པ་དེ་ཉིད་ཀྱི་མཛད་པ་པོ་བྱ་འདུལ་བ་འཛིན་པ་ཆེན་པོ་དགེ་བཤེས་ཟུལ་ཕུ་བ་ཡིན་པར་གསལ་བར་འགྱུར་བ་དང་གསུམ་མོ།།
འོན་ཀྱང་མཆན་གྱིས་གསལ་བར་མཛད་པ་པོ་སྟེ། བླ་མའི་གསུང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཞེས་པའི་བླ་མ་སུ་ཡིན་གསལ་བར་མི་སྣང་ཡང་། མཆིམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བླ་མའི་གྲས་ཤིག་ཡིན་པར་ངེས་ཤིང་། མཆིམས་ཐམས་ཅད་མཁྱེན་པའི་བླ་མ་གཙོ་ཆེ་བ་རྣམས་ནི་བདུད་རྩི་གྲགས་དང་། སེངྒེ་སྐྱབས། བློ་བརྟན་མཉམ་མེད། བཀྲ་ཤིས་སྒང་པ། མ་ཎི་ཧཱུཾ་འབར། ཆོས་ཀྱི་བླ་མ་བཅས་ལས་གང་རུང་ཞིག་མིན་ནམ་སྙམ་པ་དང་། ལྷག་པར་མཚན་ཟུར་ལྟར་ན་ཆོས་ཀྱི་བླ་མ་ཡིན་ལས་ཆེ་སྙམ་པ་ལས། མཐའ་གཅིག་ཏུ་འདིའོ་ཞེས་ཞུ་སྤོབས་མ་མཆིས་ཀྱང་། མཆིམས་ནམ་མཁའ་གྲགས་ཉིད་ཀྱི་བླ་མ་ཞིག་གིས་མཆན་གྱི་ཡིག་ཆུང་དེ་ཉིད་བཀོད་པ་ཞིག་ཡིན་འདུག་སྙམ་པས་ད་དུང་ཞིབ་ཏུ་དཔྱད་དགོས།
དེ་ལྟར་དགེ་བཤེས་ཟུལ་ཕུ་བ་སྟེ། བྱ་འདུལ་བ་བརྩོན་འགྲུས་འབར་གྱིས་མཛད་པའི་ཇོ་བོའི་རྣམ་ཐར་དེ་ཉིད་ཀྱིས་མཆིམས་ནམ་མཁའ་གྲགས་ཀྱིས་བླ་མ་ཞིག་གིས་མཆན་གྱིས་སྤྲས་ཤིང་། དེ་དག་དཀྱུས་གཅིག་ཏུ་མཆིམས་ནམ་མཁའ་གྲགས་རང་ཉིད་ཀྱིས་གུང་བསྒྲིགས་ནས་བསྡེབས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཡོངས་གྲགས་རྒྱས་པ་ས་བཅད་དང་བཅས་ཏེ་རྒྱས་པར་མཛད་པ་ལོགས་སུ་བཞུགས་པ་ལྟར། རྣམ་ཐར་དེ་ཉིད་མཆན་ཡོད་མེད་དང་། ས་བཅད་སོ་སོར་ཕྱེ་མིན་ཙམ་ལས། རྣམ་ཐར་དེ་གཉིས་ཤིན་ཏུ་འདྲ་ཆེ་བས། ཇོ་བོ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས་གླེགས་བམ་གཉིས་པའི་དབུར་ཕྱོགས་བསྒྲིགས་ཞུས་ཡོད་པས་བསྡུར་ནས་གཟིགས་གལ་ཤིན་ཏུ་ཆེའོ་ཞེས་ཞུའོ།།
དྲུག་པ། ཇོ་བོའི་རྣམ་ཐར་ཁ་སྐོང་ཟུར་དུ་གླེང་བ་ཟུར་རྩོམ་ཐོར་བུ་བ་བཞུགས་སོ། ། ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་པར་སྐྲུན་ཞུས་པའི་ཤོག་གྲངས་ 664-683 བར་བཞུགས་པའི་དེ་ཉིད་ཡིན། །དེ་ཡང་མཇུག་བྱང་ལས[9]། མདོར་ན་མས་སྐོར་ནོར་བུའི་ཕྲེང་བ་དངོས་ལ་ལེའུ་ཉེར་གསུམ་དང་། བཀའ་རྒྱ་མ་འོངས་ལུང་བསྟན། རྡོ་རྗེའི་གླུ་གསུམ་ལ་ལེའུ་ཉི་ཤུ་རྩ་དྲུག་དང་། བུ་ཆོས་ཉི་ཤུ་རྩ་གཉིས་ལ་རྔོག་ཆོས་ཉི་ཤུ། ཁུ་ཆོས་གཉིས་ཏེ་ལེའུ་བཞི་བཅུ་རྩ་བརྒྱད་དོ། །ཁ་སྐོང་ཐོར་བུའི་ལེའུ་འདི་དང་བཅས་པ་ལེའུ་ཡོངས་ལ་བདུན་ཕྲག་བདུན་ཏེ་བཞི་བཅུ་རྩ་དགུ་པ་རྫོགས་སོ། །ཞེས་བྱུང་བ་ལྟར། རྣམ་ཐར་འདི་ནི་ཇོ་བོ་རྗེས་མཛད་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས་ཀྱི་ལེའུ་ཉི་ཤུ་པ་དང་། ལེའུ་ཉེར་གཅིག་པ། བཀའ་རྒྱ། ཁུ་ཆོས་གཉིས། ལུང་བསྟན། རྡོར་གླུ། ཁ་སྐོང་རྣམས་དང་། ལེའུ་ཉེར་གཉིས་པ། ཁུ་དང་སྣང་དག་འབྲེལ་བའི་ཚོམས་དང་བཅས་པའི་ཁུ་ཆོས་དང་པོ། ལེའུ་ཉེར་གསུམ་པ། གྲོང་ཁྱེར་གསལ་དུ་དགེ་བའི་བཤེས་གཉེན་པ་རྒྱལ་བུ་སྐྱབས་སྦྱིན་དུ་སྐྱེ་བ་བཞེས་པའི་ལེའུ། ལེའུ་ཉེར་བཞི་པ། འབུལ་མོ་ཆེ་དང་ལུང་བསྟན་སོགས་ཐོར་བུ་རྣམས་བཞུགས་སོ། །ཞེས་པའི་ལེའུ་ཉེར་བཞི་པ་སྟེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༢ ལོར་པར་སྐྲུན་ཞུས་པའི་བཀའ་གདམས་བུ་ཆོས་དེབ་གཟུགས་ཤོག་གྲངས་ 748-768 བར་བཞུགས་པའི་དེ་ཉིད་ཡིན། ངོ་མཚར་བའི་གཏམ་ཐོར་བུ་བ་རྣམས་ལོ་ཙཱ་བ་ལ་སོགས་པའི་རྗེས་སྲས་དམ་པ་རྣམས་ཀྱིས་ཟུར་དུ་གླེངས་པས། ཁ་བསྐང་བའི་ལེའུ་སྟེ་ཐ་མ་ཡིན་ནོ། །[10]ཞེས་བྱུང་བ་ལྟར། ལོ་ཙཱ་བ་ཞེས་པ་ནག་ཚོ་མིན་ནམ་སྙམ་ལ། སོགས་སྒྲའི་ཁོངས་གང་དག་ཡོད་མེད་སོགས་མཛད་པ་པོ་གསལ་ཁ་མི་སྣང་ཡང་།
ཀུན་མཁྱེན་ལེགས་པའི་ལམ་མཆོག་ལས། །ལེགས་པའི་བློ་ཡིས་རབ་རྙེད་པ། །རིན་ཆེན་གསེར་ལས་ལེགས་བརྐོས་ནས། །དབེན་པའི་གནས་སུ་དབེན་པར་བཀོད། །འདི་བཀོད་དགེ་བ་དཔག་མེད་དེས། །དཀོན་མཆོག་གསུམ་གྱི་གདུང་འཛིན་པའི། །འགྲོ་བའི་མིག་གཅིག་ཚོགས་གཉིས་དཔལ། །དེ་མཐར་ཕྱིན་ནས་ཀུན་མཁྱེན་ཤོག །བྱིན་རླབས་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་ལྷ་ཡི་བཀྲ་ཤིས་ཤོག །སྲུང་སྐྱོབ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །འདི་ཡིས་སྣོད་ལྡན་ཚིམ་གྱུར་ཅིག །ཟག་མེད་དགའ་བདེ་རྒྱས་གྱུར་ཅིག །ཅེས་བྱུང་བ་ལས་མཛད་བྱང་དམིགས་བསལ་མི་གསལ་ཡང་། རྣམ་ཐར་འདི་ཉིད་བཀའ་གདམས་གླེགས་བམ་ལས་ཇོ་བོའི་རྣམ་ཐར་ཁ་སྐོང་དུ་གླེང་བ་ཞིག་ཡིན་པ་དང་གཅིག །བཀའ་གདམས་ཕ་ཆོས་བུ་ཆོས་གཉིས་ལས་བུ་ཆོས་ཏེ། བུ་རྔོག་ལེགས་པའི་ཤེས་རབ་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཀྱིས་ཞུས་པ་ལ་བུ་ཆོས་སུ་གྲགས་པ་དང་གཉིས།
ཀུན་མཁྱེན་ལེགས་པའི་ལམ་མཆོག་ལས། །ལེགས་པའི་བློ་ཡིས་རབ་རྙེད་པ། །
ཞེས་པ་ལས་མཛད་པ་པོ་ལེགས་པའི་མཚན་ཅན་ཞིག་ཡིན་པ་དང་གསུམ། དེ་དག་ལ་བརྟེན་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་མཛད་པ་ཞིག་ཡིན་འདུག་ལ། བཀའ་གདམས་གླེགས་བམ་སྐོར་བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་གླེང་གཞིར་བཀོད་པ་ལ་སྤྱན་རས་གཡོ་བར་འཚལ་ལ། བཀའ་གདམས་བུ་ཆོས་ལས[11]། ངོ་མཚར་བའི་གཏམ་ཐོར་བུ་བ་རྣམས་ལོ་ཙཱ་བ་ལ་སོགས་པའི་རྗེའི་སྲས་དམ་པ་རྣམས་ཀྱིས་ཟུར་དུ་གླེངས་པས། ཁ་བསྐང་བའི་ལེའུ་སྟེ་ཐ་མ་ཡིན་ནོ། །ཞེས་བྱུང་བ་ལྟར། ནག་ཚོ་ལོ་ཙཱ་བ་དང་། རྔོག་བློ་ལྡན་ཤེས་རབ་ལ་སོགས་པ་ཇོ་བོའི་ཐུགས་སྲས་སྐྱེས་བུ་དམ་པ་རྣམས་ཀྱིས་ཟུར་དུ་གླེངས་པ་རྣམས་ཁ་སྐོང་གི་ལེའུ་ཞིག་ཡིན་པར་གསལ་བས་གང་ཡིན་ད་དུང་ཞིབ་ཏུ་དཔྱད་པར་འཚལ་ལོ།།
དེ་ཡང་གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ་ནི། ཡར་འབྲོག་དྷོ་ཐར་རྙིང་མ་རྡོ་རྗེ་གཞོན་ནུའི་སྲས་སུ་འཁྲུངས། ཁམས་སུ་ཕེབས་ནས་སེ་བཙུན་ལ་སློབ་གཉེར་གནང་། དབུས་སུ་ཕེབས་ནས་ཆོས་གྲྭ་བཙུགས། དབུས་ཀྱི་བླ་ཙོན་དང་ལྷན་དུ་མང་ཡུལ་དུ་ཇོ་བོ་དང་མཇལ། ལོ་བཅུ་གསུམ་བསྟེན། ལྷ་སར་ཞབས་ཏོག་དང་ཆོས་མང་དུ་ཞུས། ཇོ་བོའི་གསུང་བཞིན་ཆུ་གླང་ལོར་ནེའུ་ཐོག་དགོན་ཕྱག་བཏབ། རྭ་སྒྲེང་བཏབ་ནས་ལོ་བཅུ་གསུམ་སོང་བ་ཡིན། གྲྭ་པ་ལྔ་བརྒྱ་འདུས་པ་སོགས་རྣམ་ཐར་དུ་གསལ་བ་ལྟར་ནའང་རྣམ་ཐར་དེ་ཉིད་ལེགས་པའི་ཤེས་རབ་ཀྱིས་མཛད་པ་ཡིན་ནམ་སྙམ་མོ།།
འོན་ཀྱང་དཔྱད་དགོས་པ་ཞིག་ལ་རྣམ་ཐར་དེ་ཉིད་ལས[12]། ཀ་བ་ཤཱཀྱ་དབང་ཕྱུག །ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ཁུ་རྔོག་གཉིས་ཏེ། དེ་རྣམས་ཀྱིས་མང་པོ་ཞིག་ཐོས་ཏེ་ཡོད་པར་གདའ། ཞེས་དང་། དེ་ཉིད་ལས[13]། ལན་ཅིག་རྔོག་དང་ལོ་ཙཱ་བ་ཞལ་འཛོམས་པའི་དུས་སུ། རྔོག་གིས་ལོ་ཙཱ་བ་ལ་ཁོ་བོ་ལ་ཞུ་རྒྱུ་ཞིག་མཆིས་ཞུས་པས། དགེ་བཤེས་པ་ལ་ཅི་འཚལ་བགྱིད་དགོས་གསུང་། ཞེས་གསལ་བས་ན་ཀ་བ་དང་། ནག་ཚོ། ཁུ་རྔོག །དགེ་བཤེས་སྟོན་པ་བཅས་ཀྱིས་རྣམ་ཐར་སྐོར་གསལ་བས་མཛད་པ་པོ་མིན་པར་ངེས་ལ། ཡང་དེ་ཉིད་ལས[14]། དེ་ལྟར་ན་ལོ་ཙཱ་བས་ཡོན་ཏན་བརྗོད་ཙ་ན། བློ་ཐུན་མོང་གི་ཡོན་ཏན་རང་ལ་བསམ་གྱིས་མི་ཁྱབ་པ་གདའ་སྟེ། རྣམ་ཐར་ཆེན་མོ་ལ་སོགས་པ་ཡི་གེར་བྲིས་པ་ཀུན་ལ་གསལ། ཞེས་འཁོད་པ་ལྟར་ན། རྣམ་ཐར་ཆེན་མོ་ཡི་གེར་བཀོད་ཟིན་པ་གསལ་བའི་རྣམ་ཐར་ཆེན་མོ་དེ་གང་ཡིན་དཔྱད་དགོས་པ་ཞིག་དང་། ཡང་དེ་ཉིད་ལས[15]། དེ་ནས་ཇོ་བོས་ཕུད་མཆོད་མཛད་ཟིན་ཙམ་ན་ཁོང་གིས་ཀྱང་སླེབས་བྱུང་། ཇོ་བོའི་ཞལ་ནས། བསྙེལ་ལོ། །ཚ་བ་གསོལ་ཅིག་གསུངས། ཁོ་བོའི་ཡིད་ལ་ཞལ་སྐྱ་ཡིན་སྙམ་ཙ་ན་བྷཾ་ག་ལ་པ་རྣམས་བདེའམ་གསུངས། ཞེས་དང་། ཡང་དེ་ཉིད་ལས[16]། དགེ་བསྙེན་ཆེན་པོས་དགེ་སློང་གཉིས་ཁྲིད་ནས་བྱུང་། ཁོ་བོ་བསམ་པ་ལ་འདི་དག་བོད་ཀྱི་བཙུན་པ་མ་ཡིན་པར་འདུག་སྙམ་དུ་ཐེ་ཚོམ་ཟ་ཞིང་ཡོད་ཙ་ན། ཇོ་བོའི་ཞལ་ནས། ཁ་ཆེ་ན་ད་ལྟ་པཎྜི་ཏ་དུ་འདུག་གསུངས། ཞེས་གསལ་བ་དེ་དག་ལས་རྣམ་ཐར་འདི་ཉིད་མཛད་པ་པོ་ཇོ་དང་སྐུ་དུས་གཅིག་ཡིན་པར་ཐེ་ཚོམ་མི་དགོས་པ་ཞིག་ཡིན་ནའང་། ཇོ་འབྲོམ་རྣམ་གཉིས་ལ་བླ་མ་ཡབ་སྲས་གཉིས་ཞེས་དང་། ཁུ་རྔོག །ཀ་བ་ཤཱཀྱ་དབང་ཕྱུག །ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རྒྱལ་གྱི་ཀ་བ་དང་། མགར་དགེ་བ། ཞང་སྣ་ནམ་སོགས་ཀྱི་མཚན་དངོས་སུ་གསལ་ལ། ཇོ་བོ་དང་ལོ་ཆེན་མཇལ་བའི་སྐབས་ཀྱི་རྣམ་ཐར་ལས་མཛད་པ་པོ་ལོ་ཆེན་རིན་ཆེན་བཟང་པོ་མིན་པར་སྣང་ཞིང་། མཛད་པ་པོ་རང་ཉིད་ལ་ཁོ་བོ་ཞེས་བཀོད་འདུག་པས་གོང་གསལ་སྐབས་དེའི་མཁས་གྲུབ་དེ་དག་གིས་མཛད་པ་ཞིག་མིན་ན། ཇོ་བོའི་སྐུ་དུས་ཀྱི་མཁས་གྲུབ་ལོ་པཎ་སུ་ཞིག་གིས་མཛད་མིན་ད་དུང་དཔྱད་དགོས་སོ།།
དེ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་འདི་དག་ཕྱོགས་བསྒྲིགས་ཞུ་སྐབས། རྣམ་ཐར་ཕལ་མོ་ཆེའི་མ་ཕྱི་རྣམས་ཡིག་རྙིང་ཤ་སྟག་དང་། དེ་ཡང་ཡིག་གཟུགས་འབྲུ་ཚ་དང་། ཁམས་བྲིས། ཁྱུག་ཡིག་བཅས་དབུ་མེད་ལག་བྲིས་ཤ་སྟག་ཡིན་སྟབས་སྐུང་ཡིག་ཤས་ཆེ་ལ། ཆད་ལྷག་ནོར་འཁྲུལ་མང་བ་དང་། ཡིག་འབྲུ་མི་གསལ་ཁར་བརྡ་རྙིང་ངམ་འབྲི་བཤུའི་དབང་གིས་བྲིས་ནོར་མང་བས་དོན་མི་གསལ་བ། ཡུལ་སྐད་ཤིན་ཏུ་མང་བ་སོགས་ལས་ཕྱོགས་སྒྲིག་ཞུ་སྐབས་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་ཀྱང་། གནད་དོན་མང་པོ་ཞིག་དེ་སྔར་དཔར་འགྲེམས་ཟིན་པའི་བཀའ་གདམས་ཕ་ཆོས་དང་བསྡུར་ནས་ཆད་པ་ཁ་སྐོང་དང་འཁྱོག་པོ་ཡོ་བསྲང་ཞུས་ཤིང་། དཔེ་བསྡུར་ཞུ་ཐབས་མ་བྱུང་བའི་རིགས་རྣམས་འོལ་ཚོད་ཀྱིས་བསྒྱུར་བཅོས་ཞུས་ན་གནའ་དཔེ་ཞིབ་འཇུག་གི་རིན་ཐང་ལ་གནོད་པར་དོགས་ནས་གནའ་དཔེའི་མ་ཡིག་སོར་བཞག་གི་རྩ་དོན་གཞི་རྩར་བཟུང་སྟེ། དེང་གི་དག་ཆའི་འགྲོ་སྟངས་ལྟར་དུ་ཡིག་ནོར་ཐལ་ཆེ་བ་རེ་ཟུང་བཅོས་པ་ལས་མ་ཡིག་བྱིངས་སོར་བཞག་ཞུས་ཡོད། གཞན་ཡང་བརྡ་སྤྲོད་ཀྱི་སྦྱོར་ཚུལ་དང་མི་མཐུན་པའི་ཡིག་ནོར་ཡིན་ངེས་རྣམས་ལེགས་བཅོས་ཞུས་པ་ལས་དེ་མིན་སྔོན་གྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་། ཡི་གེའི་རྣམ་གཞག་ཇི་བཞིན་རྟོགས་ཐུབ་ཐབས་ཀྱི་དགོས་མཁོར་གཞིགས་ཏེ་པར་གཞི་ཇི་བཞིན་དུ་བཤུས་ཏེ་སྤུས་ལེགས་ཡོང་ཐབས་ལ་འབད་བརྩོན་གང་ཐུབ་ཞུས་ཡོད།
རྣམ་ཐར་འདི་དག་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་དང་། བཀའ་གདམས་བསྟན་པའི་བྱུང་རབས། བསྟན་པ་ཕྱི་དར་གྱི་ལོ་རྒྱུས། གཞན་ཡང་རྣམ་ཐར་དང་རྩོམ་རིག །སྐད་བརྡ་དང་པར་གཞི་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞི་གལ་འགངས་ཤིན་ཏུ་ཆེ་ཞིང་། རྣམ་ཐར་དེ་དག་ལའང་ནང་དོན་གྱི་ཆ་ནས་རྒྱས་འབྲིང་བསྡུས་གསུམ་དང་། རྩོམ་ལུས་ཀྱི་ཆ་ནས་བཅད་ལྷུག་སྤེལ་གསུམ་ཅི་རིགས་སྣང་བས་རྗེས་རབས་པ་དག་གིས་ཞིབ་འཇུག་བྱས་ཏེ་ཇོ་བོའི་རྣམ་ཐར་དང་། སྐབས་དེའི་བོད་གངས་ཅན་ལྗོངས་ཀྱི་སྤྱི་ཚོགས་ཀྱི་བྱུང་རབས་ལོ་རྒྱུས་ཤེས་རྟོགས་ཡོང་བར་དགེ་མཚན་ཤིན་ཏུ་ཆེ་ལ། རྣམ་ཐར་ཕྱོགས་བསྒྲིགས་འདིའི་ནང་གི་རྣམ་ཐར་ཕལ་མོ་ཆེ་དཔེ་རྒྱུན་དཀོན་རིགས་ཤ་སྟག་ཡིན་སྟབས། མིང་བརྡ་བཀོལ་སྟངས་སོགས་ལ་མཁས་གྲུབ་ལོ་པཎ་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ཤིན་ཏུ་དོད་པས་རྒྱ་ཆེའི་ཀློག་པ་པོ་དང་། ཞིབ་འཇུག་པ་རྣམས་ལ་སྔོན་མེད་གསར་དུ་ཐོན་པའི་རིན་བྲལ་གྱི་རིན་ཆེན་ཞིག་སྤྱན་ལམ་དུ་བསྟར་བ་ལགས་ན། རང་རང་གི་བློ་གྲོས་ཀྱིས་ཞིབ་ཏུ་དཔྱད་དེ་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་ལྷུག་སྩོལ་ཡོད་པ་ཞུ། གཤམ་དུ་རྣམ་ཐར་དེ་དག་གི་མཛད་པོ་རྣམས་ཀྱི་རྣམ་ཐར་སྙིང་བསྡུས་ངོ་སྤྲོད་ཞུ་བར་བྱའོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡
[2] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༠༤
[3] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༤༤༠
[4] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༤༨༧
[5] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༤༤༠
[6] ཨ་མྱེས་ཞབས་བཀའ་འབུམ། པོད། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༣ན༤
[7] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༦༢
[8] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༢༢༨
[9] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༨༢
[10] བཀའ་གདམས་བུ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་གྲངས་ ༧༤༨
[11] བཀའ་གདམས་བུ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་གྲངས་ ༧༤༨
[12] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༦༨
[13] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༦༩
[14] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༧༣
[15] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༧༥
[16] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༧༦
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ A ནས་ R བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།