ག༽ རྒྱའི་སྐད་ནས་བོད་སྐད་དུ་བསྟན་བཅོས་ཇི་ཙམ་བསྒྱུར་བ།
དེ་ཡང་བསྟན་བཅོས་ཇི་ཙམ་རྒྱ་ལས་སྒྱུར་ཡོད་ཅེ་ན།[1] ༡༽ མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་རྒྱའི་སློབ་དཔོན་རྫོགས་གསལ་གྱི་མཛད་པ་དང་། ༢༽ དམ་ཆོས་པདྨ་དཀར་པོ་འགྲེལ་པ། ༣༽ རྡོ་རྗེ་གཅོད་པའི་ཊཱིཀཱ། ༤༽ མདོ་ལངྐར་གཤེགས་པའི་བསྡུས་དོན། ༥༽ ལངྐར་གཤེགས་པའི་མདོའི་ཊཱི་ཀཱ་གཞན། ༦༽ མདོ་ཆོས་ཀྱི་རྒྱ་མོའི་བཤད་པ། ༧༽ ཆོས་དཀོན་མཆོག་ལ་ཅིག་ཅར་དུ་འཇུག་པའི་སྒོ་མཁན་པོ་བདུན་གྱི་རྒྱུད་ཀྱི་མདོ།
༨༽ སློབ་དཔོན་དྷརྨ་ཏ་རས་མཛད་པའི་བསམ་གཏན་གྱི་ཡི་གེ། ༩༽ ཧྭ་ཤང་མཧཱ་ཡ་ནས་མཛད་པའི་བསམ་གཏན་ཉལ་བའི་འཁོར་ལོ་སེམས་ལ་ལྟ་བའི་ཆོས། ༡༠༽ བསམ་གཏན་ཆུའི་སེམས་བདེ་བར་བཞག་པའི་ཆོས། ༡༡༽ བསམ་གཏན་བདུད་འདུལ་བའི་སྙིང་པོ། ༡༢༽ ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་བཞག་པ། ༡༣༽ མདོ་སྡེ་བརྒྱད་ཅུའི་ཁུངས་དང་བཅས་དེ་རྣམས་རྒྱའི་ལོ་ཙཱ་བ་བྲན་ཀ་ལེགས་ཀོང་དང་། རྒྱའི་ཞུ་ཆེན་བནྡེ་རྣམ་པར་མི་རྟོག་པ་དང་། འགོས་ཆོས་གྲུབ་བཅས་ཀྱིས་བསྒྱུར་བ་ཡིན་ཞེས་བཅོམ་ལྡན་རིག་རལ་གྱི་དཀར་ཆག་[2]དང་། དཀར་ཆག་ལྡན་དཀར་མར་[3]ཡང་དེ་ལས་བསྡུས་ཙམ་གསལ། ཞེས་བྱུང་ངོ་།།
གཞན་ཡང་བཀའ་དང་བསྟན་ཆོས་བསྒྱུར་བའི་གྲངས་ནི། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[4]། སུས་ཀྱི་རྒྱལ་པོ་ཝེན་དྷཱིའི་དུས་སུ་དེ་ཡན་ཆད་དུ་བསྒྱུར་བ་རྣམས་དཀར་ཆག་ལ་བཏབ། དེ་རྗེས་ཐང་གི་དུས་སུ་སྔ་ཕྱིར་ལན་གཉིས་དང༌། སུང་གི་དུས་ལན་གཉིས་སུ་དེ་དག་གི་བར་བར་དུ་བྱུང་བའི་གསར་འགྱུར་རྣམས་བསྣན་ནས་དཀར་ཆག་རེ་བསྒྲིགས། མཇུག་ཏུ་ཧོར་གྱི་རྒྱལ་པོ་སེ་ཆེན་གྱི་དུས་སུ་བོད་དང་རྒྱའི་བཀའ་འགྱུར་གོ་བསྡུར་ནས་མ་ཚང་བ་རྣམས་བོད་སྐད་ལས་བསྒྱུར་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པའི་མཇུག་ཏུ་རྒྱ་གཞུང་གི་བསྟན་ཆོས་པོད་ཉེར་གཅིག །ཧྭ་ཤང་མཁས་པ་དག་གིས་བརྩམས་པའི་གཞུང་ཆེ་བ་པོ་ཏི་བརྒྱ་དང་ལྔ་བཅུ་ང་གསུམ་བཅུག་ནས་ཁྱོན་བསྡོམས་པོ་ཏི་བདུན་བརྒྱ་དང་བཞི་བཅུར་ལོངས་པའི་དཀར་ཆག་གསར་དུ་བསྒྲིགས། དེའི་ཁྲོད་ན་བོད་དུ་མ་འགྱུར་བའི་མདོ་རྒྱུད་བསྟན་ཆོས་ཀྱང་མང་དུ་སྣང་ངོ༌། །ཞེས་གསལ་ལོ།།
དེ་བཞིན། ༡༽ ཏི་ཐི་དི་གསུམ་ལ། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་རྒྱ་ཆེར་འགྲེལ་པ། བམ་པོ་བཅུ། རྒྱའི་སློབ་དཔོན་མཁན་པོ་ཝེན་ཚེག་གིས་མཛད་པ། (བམ་པོ་བདུན་ཅུ་རྩ་བཞི་པ་ལས་བསྒྱུར། སྡེ་དགེའི་བཀའ་འགྱུར་དཀར་ཆག །མདོ་འགྲེལ་སྐོར་ཨང་ ༤༡༦ པར་གསལ།) ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
༢༽ པི་པ་ལ། འཕགས་པ་ལངྐར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་ (ཐང་གི་ལོ་ཙཱ་བ་བོ་དྷི་ལིའུ་ཊིས་ལེགས་སྦྱར་ལས་རྒྱ་སྐད་དུ་བསྒྱུར། སྡེ་དགེ་བཀའ་འགྱུར་དཀར་ཆག །བཀའ་འགྱུར་ཨང་ ༡༠༧ པར་གསལ།) འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ་རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པའི་བཞུགས་སོ།།
༣༽ ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་རྒྱའི་དཔེ་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་སྣང་། དེང་སང་བོད་རྣམས་དཔལ་ལྡན་ཆོས་སྐྱོང་གིས་མཛད་ཅེས་གྲགས་སོ། །དཔལ་ལྡན་དབང་ཕྱུག་རྒྱའི་ལོ་ཙཱ་བ་ཐང་སང་ཙང་ཞེས་བྱ་བས་རྒྱ་གར་གྱི་སྐད་ལས་རྒྱའི་སྐད་དུ་བསྒྱུར་ཅིང་། ཕྱིས་སྟོན་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱས་བས་བསྒྱུར་བར་ཞུས་པའི་དོན་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་ཞིང་ལེགས་པར་གཏན་ལ་ཕབ་པ།
༤༽ ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སང་ཙང་གིས་རྒྱའི་སྐད་དུ་བསྒྱུར་བ་ལས། སླད་ཀྱི་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཞིང་། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བ། རྒྱའི་དཔེ་ལས་རིགས་པ་ལ་འཇུག་པ་ཞེས་སྣང་། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ། །འདི་རིགས་པའི་སྒོ་དང་གཅིག་ཏུ་འདོད་པར་མི་རིགས་པའི་སྒོ་ལ་ཉཱ་ཡ་མུ་ཁ་ཞེས་ཟེར་བ་ལ། འདི་ལ་ཉཱ་ཡ་པྲ་བེ་ཤ་ཞེས་ཟེར། འཐད་དེ། ཚད་མའི་འགྲེལ་ཆེན་རྣམས་སུ་རིགས་སྒོ་ནས་ལུང་དྲངས་པ་རྣམས་འདི་ན་མི་སྣང་བའི་ཕྱིར་རོ། །༥༽ ཐུབ་པ་ཆེན་པོ་དྲང་སྲོང་སརྒས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག་རྒྱ་ནག་ནས་བསྒྱུར་བ། འདིར་རགས་རིམ་ཙམ་ཞིག་བཀོད་ཀྱི་ཞིབ་ཏུ་བརྟགས་ན་ད་དུང་བཀའ་བསྟན་འགའ་རེ་ཡོད་པར་སྣང་ངོ་།།[5] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཏམ་ཚོགས། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ༣༣ ཨང་ ༡ ཤོག་གྲངས་ ༡༠༡
[2] བཀའ་བསྟན་དཀར་ཆག་བཅོམ་ལྡན་རིག་རལ། རྒྱ་དང་ལི་ལས་བསྒྱུར་བ་ཆོས་ཚན་ ༦༢༨ ནས་ ༦༥༩ བར་དང་། ༦༦༠ ནས་ ༦༧༩ བར།
[3] དཀར་ཆག་ལྡན་དཀར་མ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ནས་པར་དུ་བསྐྲུན། ༡༩༩༦ ལོ། ཤོག་ ༥༩
[4] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༢༥
[5] ཀྲུང་གོའི་བོད་རིག་པ། དུས་དེབ། སྤྱིའི་འདོན་ཐེངས་ ༧༧ པ། ༢༠༠༧ ལོའི་འདོན་ཐེངས་ ༡ ཤོག་གྲངས་ ༣༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༥༥ ནས་ ༥༥༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།