༤༽ ཏ་ཐཱ་ག་ཏ་བྷ་དྲའམ་སློབ་དཔོན་ཀླུ་བོས།
དེ་ཡང་ཏ་ཐཱ་ག་ཏ་བྷ་དྲའམ་སློབ་དཔོན་ཀླུ་བོས་ནི། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[1]། ཀླུ་སྒྲུབ་འཕགས་པ་ལྷ་རྟ་དབྱངས་ཀླུ་བོས་རྣམས་ནི། སངས་རྒྱས་ཀྱིས་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་པས་གང་ཟག་ཁྱད་པར་ཅན་ཁོ་ནའོ། །
ཞེས་གསུངས་པ་ལྟར། འཇམ་དཔལ་རྩ་རྒྱུད་ལས[2]།
དང་པོ་ཐ་མར་ཆོས་ལ་དགའ། །ཀླུ་བོས་ཞེས་ཀྱང་རྣམ་པར་གྲགས། །
ཞེས་རྒྱལ་བས་ལུང་བསྟན་པའི་སློབ་དཔོན་ཀླུ་བོས་ནི། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-?) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[3]། སློབ་དཔོན་ཨཱརྱ་དེ་ཝ་ཡུན་རིང་བཞུགས་ནས་མཐར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་བསྟན་པ་གཏད་ནས་སྐུ་འདས་སོ། །སློབ་དཔོན་དེ་དང་དུས་མཚུངས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་བྱུང༌། ཀླུའི་ཡུལ་དུ་ལན་བདུན་བྱོན་པར་གྲགས། ཐེག་ཆེན་གྱི་མདོ་རྣམས་ལ་བཤད་པ་མཛད་ཅིང༌། ད་ལྟ་བོད་ན་ཡོད་པའི་སྐུ་གསུམ་གྱི་བསྟོད་པ་ཡང་སློབ་དཔོན་གྱིས་མཛད་པ་ཡིན་པར་གྲགས། འདིས་དཔལ་ན་ལེནྡྲའི་མཁན་པོ་ཡང་ཡུན་རིང་བྱས་ཤིང་ཀླུ་སྒྲུབ་ཀྱི་སློབ་མའོ། །ཞེས་གསལ་བ་ལྟར་འཁྲུངས་ཡུལ་ལྷོ་ཕྱོགས་དང་། ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པ། སློབ་དཔོན་ཨཱརྱ་དེ་ཝ་དང་དུས་མཉམ་ཞིང་། ཨཱརྱ་དེ་ཝའི་སློབ་མ་སྒྲ་གཅན་འཛིན་བཟང་པོའི་རྗེས་སུ་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས།
གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། སློབ་དཔོན་ཨཱརྱ་དེ་ཝ་དང་དུས་མཚུངས་པ་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་མཚན་དངོས་ཏ་ཐཱ་ག་ཏ་བྷ་དྲ་སྟེ་དེ་ཀླུ་རྣམས་ཀྱིས་སྤྱན་དྲངས་ཏེ། ཀླུའི་ཡུལ་དུ་ལན་བདུན་བྱོན་པ་ཡིན་ལ། ཐེག་པ་ཆེན་པོའི་མདོ་སྡེ་དུ་མར་རྣམ་པར་བཤད་པ་མཛད་ཅིང༌། རྣམ་རིག་གི་དབུ་མ་ཅུང་ཟད་གསལ་བར་མཛད་དོ། །ད་ལྟ་བོད་དུ་འགྱུར་བའི་སྐུ་གསུམ་ལ་བསྟོད་པ་ཡང་སློབ་དཔོན་འདིས་མཛད་པ་ཡིན་ཅིང༌། ཁྱད་པར་སློབ་དཔོན་དེས་སྙིང་པོའི་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་ལ། དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་བི་ཏྱ་ན་ག་ར་ལ་སོགས་པ་ཕལ་ཆེ་བར་དེ་བཞིན་བཤེགས་པའི་སྙིང་པོའི་མདོའི་ཚིགས་བཅད་རྣམས་གྲོང་ཁྱེར་གྱི་ཁྱེའུ་བུ་མོ་ཚུན་ཆོད་ཀྱིས་གླུར་ལེན་པ་བྱུང་ཞིང༌། དེ་ཙམ་དུ་བསྟན་པ་རྒྱས་པར་མཛད་ནས། སླར་ཡང་དཔལ་ནཱ་ལེནྡྲའི་མཁན་པོ་ཡུན་རིང་དུ་མཛད་དོ། །ཞེས་གསུངས་སོ།།
དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ལས་[5]ཀྱང་། ད་ལྟར་བོད་ཀྱི་དཔེ་ལ། ཀླུ་བོས་ཀྱིས་མཛད་པའི་སྐུ་གསུམ་གྱི་བསྟོད་པ་ཞེས་ཟེར་ཞིང༌། ཤླཽ་ཕྱི་མ་མེད་ལ། ཕྱི་མ་འདི་ད་ལྟ་མདོར་བྱས་ཀྱི་མཆོད་བརྗོད་ན་ཡོད་དོ། །འོན་ཀྱང་གོང་དུ་བཤད་པ་ལྟར་རྒྱལ་བའི་བཀའ་ལས་འབྱུང་བ། ཀླུ་བོས་ཀྱིས་ལོགས་སུ་ཕྱུང་བའི་དཔེ་དག་པ་རྣམས་ན་བཞི་ཀར་ཡོད་པར་གསལ་བས་སྐུ་བཞིའི་བསྟོད་པ་ཡིན་པར་བྱ་དགོས། ཞེས་དང་། ཡང་དེ་ཉིད་ལས[6]། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་འདི་སྐད་ཅེས། གང་དུ་ཡང་དག་མིན་ཞེས་བདེན་པ་དཀར་པོ་དགེ་བའི་ཚོགས་རྣམས་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །ཆོས་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཐའ་དག་སྐད་ཀྱི་ཚོགས་སུའོ་མཚན་དང་དཔེ་བྱད་རྣམས་ཀྱི་ནི། །ཕུང་པོ་སྤྲུལ་པའི་སྐུ་སྟེ་མཆོག་ཏུ་མི་འགྱུར་བ་ཡི་བདེ་བ་ཆོས་སྐུ་མ་ཡིན་དེ་ཡི་ཕྱིར། །སྐུ་རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་དང་འཕགས་པ་ཀླུ་བོས་ཀྱིས་ཀྱང་སྟེ། །ཞེས་སྐུ་བཞིའི་བདག་ཉིད་ངོས་གཟུང་ཞིང༌། ཆོས་སྐུའི་སྐབས་སུ་དཀར་པོ་དགེ་བ་སྟེ་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱང་བདེན་གྲུབ་ཡིན་པར་གསུངས་སོ། །སྐུ་བཞིས་བསྟོད་པ་འདི་ནི་ད་ལྟ་ཕྱོགས་འདི་ནི་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་ཀྱང༌། འདིར་བདེ་བར་གཤེགས་དང་ཞེས་འབྱུང་བས། སངས་རྒྱས་ཀྱི་བཀའ་མདོ་སྡེའམ། རྒྱུད་སྡེ་ཞིག་གི་ནང་ནས་འབྱུང་བ་ཡིན་ནོ། །ཞེས་བྱུང་བ་དག་ལ་བསམ་དགོས་པ་ཞིག་གོ།
སློབ་དཔོན་ཀླུ་བོས་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ལ། དུས་ནམ་ཞིག་བྱོན་པ་ཡང་དེ་ཉིད་ལས[7]། དེ་ནས་རྒྱལ་པོ་སྭ་ལ་ཙནྡྲ་གུཔྟ་སྟེ་ཟླ་བ་སྦས་པ་ཞེས་བྱ་བ་བྱུང༌། དེ་མངའ་ཐང་ཤིན་ཏུ་ཆེ་བས་ཙནྡྲ་བཅུ་ལ་བགྲང༌། དགེ་སྡིག་འདྲེས་མར་བྱེད་ཅིང༌། སངས་རྒྱས་ལ་སྐྱབས་སུ་སོང་བ་མ་ཡིན་པས་ཙནྡྲ་བདུན་ལ་མི་འདྲེན་ཞིང་། རྒྱལ་པོ་འདིའི་དུས་དཔལ་ནཱ་ལེནྡྲར་སློབ་དཔོན་ཨཱརྱ་དེ་ཝ་དང༌། ནཱ་ག་ཧཱ་ཝ་ཞེས་པ་སློབ་དཔོན་ཀླུ་བོས་ཀྱིས་བསྟན་པ་རྒྱ་ཆེར་བསྐྱངས་སོ། །ཞེས་བྱུང་བ་ལྟར་འཕགས་པ་ལྷའི་རྗེས་སུ་སློབ་དཔོན་ཀླུ་བོས་ཀྱིས་མཁན་པོ་མཛད་པ་ཡིན་འདུག་ལ། ནཱ་ག་ཧཱ་ཝ་ཞེས་པ་ཀླུ་བོས་ཀྱི་མཚན་ཡིན་པར་གསལ་ལོ།།
འོན་ཀྱང་འཕགས་པ་ཕུང་པོ་གསུམ་པའི་མདོ་དང་དེའི་རྒྱ་འགྲེལ་གསུམ་ལས[8]། ལྟུང་བཤགས་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱིས་མཛད་པ་དེ་ལས་འགྱུར་མི་གཅིག་པའི་དཔེར་སློབ་དཔོན་ཀླུ་བོས་ཀྱིས་མཛད། ཅེས་གསུངས་པ་ལ་གཙིགས་སུ་བྱས་ཏེ་སློབ་དཔོན་འདིའི་རྣམ་ཐར་ཡང་འགོད་དགོས་པར་སྣང་སྟེ། དེ་ཡང་སློབ་དཔོན་ཀླུ་བོས་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞིའི་ནང་ཚན་སྒྲོལ་མའི་ཞལ་མཇལ་བ་དེ་ཉིད་ཡིན་ལ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་ཤིང་། ཡི་དམ་ལྷའི་ཞལ་གཟིགས་ཤིང་ཚེའི་དངོས་གྲུབ་བརྙེས་པ་ཞིག་ཡིན་པ་དང་། ཁོང་གཙོ་བོ་གསང་སྔགས་ཀྱི་ཕྱོགས་ལ་ཉམས་བཞེས་གནང་མཁན་ཞིག་ཡིན་པ་ལ། དུས་ད་ལྟའང་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རིར་འཇའ་ལུས་སུ་འཚོ་བཞུགས་ཡོད་པར་གྲགས། དེས་གསང་འདུས་དཀྱིལ་ཆོག་དང་རིམ་ལྔའི་འགྲེལ་པ་ལ་སོགས་པ་གསང་སྔགས་ཀྱི་སྐོར་གཞུང་འགའ་ཞིག་མཛད་ཡོད། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ལ་སློབ་མ་སྔ་ཕྱི་བར་གསུམ་ལས་སྔ་མའི་གྲལ་དུ་གཏོགས་ཤིང་། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ཙམ་གྱི་རྗེས་སུ་བྱོན་པར་མངོན་ཞིང་། མཚན་གྱི་རྣམ་གྲངས་ལ་ནཱ་ག་བོ་དྷི་སྟེ་ཀླུའི་བྱང་ཆུབ་དང་། ན་ག་བོདྷ་སྟེ་ཀླུའི་བློ་དང་ཀླུ་བོས་སོགས་ཡིན་ནམ་སྙམ་མོ། །ཞེས་བྱུང་། འོན་ཀྱང་དཔྱད་དགོས་པ་ཞིག་ལ། ཡོངས་གྲགས་ཀླུའི་བྱང་ཆུབ་བམ་ཀླུ་བྱང་དང་ཀླུའི་བློ་གཉིས་མཚན་གྱི་རྣམ་གྲངས་དང་། ཀླུ་བོས་ནི་ལེགས་སྦྱར་སྐད་དུ་ཏ་ཐཱ་ག་ཏ་བྷ་དྲ་སྟེ་ཀླུ་བྱང་ལས་ཐ་དད་དུ་ངོས་འཛིན་ཀྱང་འདིར་མཚན་གྱི་རྣམ་གྲངས་སུ་གསུངས་ལ། ནཱ་ག་བུ་དྡྷི་སྟེ་ཀླུ་ཡི་བློ་དང་། ནཱ་ག་བོ་དྷི་སྟེ་ཀླུ་བྱང་གཉིས་གང་ཟག་གཅིག་པ་ཡིན་པ་བུ་སྟོན་ཐམས་ཅད་མཁྱེན་པས་བཞེད་ཅིང་། སྔ་མ་རྒྱ་དཔེ་རྣམས་སུ་གསལ། འོན་ཀྱང་ཀླུ་བོས་ཀྱི་རྣམ་ཐར་དུ་བསྟན་བཅོས་མང་དུ་མཛད་པར་གསུངས་ཀྱང་བསྟན་འགྱུར་དཀར་ཆག་ཏུ་སློབ་དཔོན་ཀླུ་བོས་ཀྱི་སཾ་བོད་གཉིས་ཀྱི་མཚན་བྱང་འཁོད་པའི་བསྟན་བཅོས་གཅིག་ཀྱང་མ་རྙེད་ལ། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པའི་འཕགས་པ་ལངྐར་གཤེགས་པའི་འགྲེལ་པ་ལས[9]། དེ་བས་ན་སློབ་དཔོན་ཀླུ་བོས་ཀྱི་བསྟོད་པ་ལས་སྨྲས་པ།
ཞིག་དང་རྣམ་པར་མ་ཞིག་པའི། །ས་བོན་ལས་ནི་མྱུག་འབྱུང་མེད། །
རྨི་འབྱུང་བཞིན་དུ་འབྱུང་བ་དེ། །དེ་ལྟར་ཀུན་ནི་ཁྱོད་གསུང་མཛད། །
ཅེས་དང་། བུ་སྟོན་ཆོས་འབྱུང་ལས། ལྟུང་བཤགས་ཀྱི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་འགྱུར་མི་གཅིག་པའི་དཔེར་ཀླུ་བོས་ཀྱིས་མཛད་ཟེར། ཞེས་བྱུང་བ་ལྟར་རྩོད་ཅན་གྱི་བསྟན་བཅོས་ཀྱང་འགའ་ཞིག་ཡོད་འདུག་པ་རྣམས་ལ་ཞིབ་དཔྱད་དགོས་ཁར། ཀླུ་བྱང་ནི་བླ་མ་རྡོ་རྗེ་གདན་པས་ (དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[10]།
བ་ལང་སྐྱོང་ཞིང་དངོས་གྲུབ་བརྙེས། །ལུས་མཆོག་དཔལ་གྱི་རི་ལ་བཞུགས། །
ནཱ་ག་བོ་དྷི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་ཀླུ་བོས་ལས་ཐ་དད་གསུངས་པ་སོགས་ལས་དཔྱད་དགོས་པ་མང་དུ་སྣང་ངོ་།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུ་ཁང་། ༢༠༠༩ ལོ། ཤོག་ ༡༥༡
[2] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༩༡༩
[3] ཨོ་རྒྱན་ཆོས་ཀྱི་གྲགས་པའི་གསུང་འབུམ། ༼ཀ༽ དཔེ་རྙིང་བྲིས་མ། ༨༦བ༣
[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༢
[5] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༡༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༦༠༡
[6] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༡༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༦༠༠
[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༠༨
[8] འཕགས་པ་ཕུང་པོ་གསུམ་པའི་མདོ་དང་དེའི་རྒྱ་འགྲེལ་གསུམ། ཝཱར་ཎ། ༢༠༠༢ ལོ། ཤོག་གྲངས་ ༡༠༩
[9] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ནི༽ དེབ་ཨང་ ༦༩ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༠༤
[10] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ༢༠༠༨ ལོ། ཤོག་གྲངས་ ༩༣༥
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༠༩ ནས་ ༡༡༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།