བཅུ་པ། པཱ་ལིའི་སྐད་ནས་བོད་འགྱུར་ཇི་བྱུང་སྐོར། ཀ༽ པཱ་ལིའི་གོ་དོན་དང་ངོས་འཛིན།

བཅུ་པ། པཱ་ལིའི་སྐད་ནས་བོད་འགྱུར་ཇི་བྱུང་སྐོར།

ཀ༽ པཱ་ལིའི་གོ་དོན་དང་ངོས་འཛིན།

 

དེ་ཡང་པཱ་ལི་ཞེས་པ་ནི། སཾ་བོད་རྒྱ་གསུམ་ཤན་སྦྱར་ཚིག་མཛོད་ལས[1]། པཱལཱིཤ་ནི་ཤ་ཟ་དང་། པཱལི་ཁ་རན་དང་རྩེ་མོ་སོགས་ལ་འཇུག་པ་དང་། པྲཀྲིཏ་རང་བཞིན་[2]ལ་འཇུག་པར་གསལ་བ་ལྟར། པཱལི་ཞེས་པ་བོད་སྐད་དུ་བསྒྱུར་ན། རྒྱུན་ཆགས་དང་རང་བཞིན་གཉིས་སུ་གྲུབ་པ་ལས། དང་པོ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་སིངྒ་ལའི་ལོ་རྒྱུས་ལས[3]། འོ་ན་གནས་བརྟན་པའི་མདོ་སྡེ་ལ་སོགས་པ་དེ་ཀུན་སྐད་རིགས་ཅི་འདྲ་ཞིག་ཏུ་ཡོད་སྙམ་ན།

པྲཀྲིཏའམ་གནའ་དུས་ཀྱི་མ་ག་དྷའི་སྐད་དུ་ཡོད་པ་ཡིན། དེ་ལ་ཁོང་རྣམས་པཱལི་ཞེས་ཟེར་ཞིང༌། དོན་རྒྱུན་ཆགས་བྱ་བ་ཡིན། པཱལིའི་སྐད་དེ་ནི་ངོ་བོ་ལེགས་སྦྱར་རང་ལ་སྒྲ་འཇམ་དུ་སོང་བའི་རྒྱུ་མཚན་གྱིས་ར་སྒྲ་ཕལ་ཆེར་ཉམས་པ་དང༌། ཀྵ་ཡིག་ལ་སོགས་པའི་བརྗོད་དཀའ་བ་དག་ཁ་ཡིག་ཏུ་བཀླགས་པ་སོགས་ཡིན།

སྐད་འདིའི་དཔེར་བརྗོད་ཤིན་ཏུ་གསལ་བ་ཞིག་འགྲེལ་ཆེན་དྲི་མེད་འོད་ཀྱི་སྐབས་དང་པོར་[4]རེ་ཞིག་ཉན་ཐོས་ཀྱི་སྡེ་སྣོད་གསུམ་མ་ག་དྷའི་སྐད་དུ་གསུངས་པ་ནི་འདི་ལྟ་སྟེ། ཨིཏྱཔིསོབྷགབཱདོསམྱཀྶཾབུདྡྷབིཙརཎསཾཔནཿ སུགཏོལོ་ཀབིདྱཱཾཨནུཏྟརོ། འདི་ལྟར་ཡང་། དེ་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང༌། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ་སོགས་གསུངས་པ་དེར་གཟིགས་པར་ཞུ། སྐད་འདི་ཉིད་ཀྱིས་སྟོན་པས་ཆོས་གསུངས་པར་འདོད་ཅིང་། སྟོན་པ་ཞལ་བཞུགས་དུས་སྐད་འདི་ཉིད་ཡུལ་དབུས་མ་ག་དྷའི་སྐྱེ་བོ་ཀུན་གྱི་སྐད་ཐུན་མོང་བ་ཡིན་ནོ་ཞེས་གནས་བརྟན་པ་དག་བཞེད་དོ། །ཞེས་གསུངས་པ་ལྟར་རོ།།

གཉིས་པ་ནི། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ (1699-1774) ཀྱིས་མཛད་པའི་སུམ་རྟགས་ཀྱི་རྣམ་བཤད་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ལས[5]། རྒྱ་གར་མཐའ་འཁོབ་ཀྱི་བ་ལང་རྫི་ལ་སོགས་པའི་སྐད་རྣམས་ནི། རང་བཞིན་གྱི་སྐད་དེ་རྣམས་ཉིད་ལས་ཟུར་ཉམས་པར་འདོད་པ་ཙམ་ཡིན་པ་དང་། ཤ་ཟའི་སྐད་ཅེས་པའང་ཟློས་གར་གྱི་བསྟན་བཅོས་སུ་འབྱུང་སྟེ། ཨཱརྱཱཔུ་ཏཱ་ཞེས་པར། ཨ་ཛྫ་ཨུཏྟ་དང་། ཡ་དྱེ་བཾ་ཞེས་པར། ཛ་ཨི་ཨེདྷཾ་དང་། ཀུ་ལ་པྲ་བྷོ་ཞེས་པར། ཀུ་ལབ་ཧུ་ཎོ་ཞེས་པ་ལྟ་བུ་ལེགས་སྦྱར་གྱི་ཟུར་ཤིན་ཏུ་ཉམས་པ་ཙམ་ཡིན་པས། སྐད་རིགས་དེ་དག་ཐམས་ཅད་ལེགས་སྦྱར་ལས་ཟུར་ཆག་པ་ཉིད་དུ་མཚུངས་པའི་ཕྱིར། ལེགས་སྦྱར་ལས་གཞན་པའི་སྐད་ཐམས་ཅད་ཟུར་ཆག་ཏུ་གསུངས་པ་ཡིན་གྱི། བོད་དང་རྒྱ་ནག་ལྟ་བུའི་སྐད་རྣམས་ནི། ལེགས་སྦྱར་གྱི་ཟུར་ཆག་པ་མ་ཡིན་པའི་ཕྱིར། ཟུར་ཆག་ཏུ་འཇོག་པའི་རྒྱུ་མཚན་ཅིའང་མེད་དོ། །འོན་ཀྱང་བོད་དང་རྒྱ་ནག་སོགས་ཀྱི་ཡུལ་དབུས་པའི་སྐད་བསྟན་བཅོས་སུ་གྲགས་པ་རྣམས་ལ་ལྟོས་ནས་སོ་སོའི་མཐའ་འཁོབ་པའི་སྐད་སོགས་དེ་ལས་མ་དག་པར་འདོན་པ་རྣམས་ཡུལ་དེ་དང་དེའི་ཟུར་ཆག་གི་སྐད་ལས་ཡིན་ནོ་ཞེས་སྨྲ་ན་ནི་འོས་པ་ཙམ་མོ།།

དེས་ན་བོད་སྐད་རྒྱ་གར་གྱི་སྐད་རིགས་བཞིའི་ཁོངས་སུ་མི་ཚུད་པས། སྐད་རིགས་དེ་བཞི་ལས་འདི་ཡིན་ཞེས་ངོས་གཟུང་མི་དགོས་ཀྱང་རུང་མཐུན་སྦྱོར་ན་རང་བཞིན་གྱི་སྐད་ཡིན་བྱས་པས་ཆོག་སྟེ། པྲཱ་ཀྲི་ཏ་ཞེས་པ་ཕལ་པ་ལ་འཇུག་པས། རྒྱ་གར་གྱི་ཡུལ་འཁོར་ཆེན་པོར་གྲགས་པའི་ཕལ་སྐད་བཞིན་དུ། བོད་ཡུལ་གྱི་ཕལ་སྐད་དམ་རང་བཞིན་གྱི་སྐད་ཡིན་པའི་ཕྱིར་རོ། །ཞེས་པྲཱཀྲི་ཏ་ཞེས་པ་ནི་པཱ་ལི་དང་། དེ་ཡང་རང་བཞིན་གྱི་སྐད་ལ་འཇུག་ཅིང་། རྒྱ་གར་གྱི་ཡུལ་འཁོར་ཆེན་པོར་གྲགས་པའི་ཕལ་སྐད་ལྟ་བུ་ཡིན་པར་གསུངས་སོ།།

གཞན་ཡང་པཱ་ལི་ཟེར་བ་འདི་པྲ་ཀྲི་ཏ་ཟུར་ཆག་པ་ཞིག་ཡིན་པ་ནི། ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་སྐྱེས་བུ་དམ་པ་རྣམས་ལ་སྤྲིང་བའི་ཡི་གེ་ལས[6]། ཉན་ཐོས་ལ་རྩ་བའི་སྡེ་བཞི་ནི། སཾསྐྲིཏ་དང་། པྲཀྲིཏ་དང་། ཨབ་བྷྲཾ་ཤ་དང་། པིཤཱཙིཀ་ཞེས་བྱ་བ་སྐད་རིགས་བཞི་གསུངས། ཞེས་དང་། དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[7]ཀྱང་། སྐད་རིགས་ཆེན་པོ་བཞི་ནི། སྔར་རྒྱ་གར་གྱི་སྐད་རིགས་བཞི་སྟེ། སཾསྐྲཾ་ཏ་ལེགས་པར་སྦྱར་ལྷའི་སྐད་དང་། པྲཀྲིཏི་རང་བཞིན་པའི་སྐད། པི་ཤ་ཙི་ཤ་ཟའི་སྐད། ཨབ་བྷཾ་ཤ་ཟུར་ཆག་གི་སྐད་དེ་བཞིའོ། །ཞེས་སྐད་རིགས་བཞི་ལས་པྲཀྲིཏི་ནི་རང་བཞིན་པའི་སྐད་ཡིན་པར་གསུངས། ཡང་དེ་ཉིད་ལས[8]། པྲཀྲིཏི་ཞེས་པ་ནི་ལེགས་གྱི་སྐད་དང་། སྔར་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་ནང་གསེས་ཡུལ་མི་རང་བཞིན་པའི་སྐད། ཕྱི་ལོའི་སྔོན་གྱི་དུས་རབས་ལྔ་པའམ་དྲུག་པ་ནས་བཟུང་ཚད་མར་འཛིན་པའི་སྐད་རིགས་ཤིག་ཏུ་བསྒྱུར། རྗེས་སོར་དེ་གོ་མེད་གྲག་མེད་དུ་གྱུར་ནའང་ཕྱི་ལོའི་དུས་རབས་བཅུ་པའི་བར་དུ་ཡིག་སྐད་དང་ཆོས་སྐད་དུ་བེད་སྤྱོད་མུ་མཐུད་བྱས། སངས་རྒྱས་ཆོས་ལུགས་དར་བ་དང་སྦྲགས་ཤྲི་ལངྒ་དང་འབར་མ་སོགས་ཡ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་ནང་པའི་ཆོས་སྐད་དུ་གྱུར་པའོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་པཱ་ལིའི་སྐད་ཡིག་གི་ཆོས་བརྒྱུད་ཤེས་པ་ལ། ལྷོ་བརྒྱུད་ནང་བསྟན་དང་བྱང་བརྒྱུད་ནང་བསྟན་ཞེས་གྲགས་པའི་ཐ་སྙད་ཀྱི་གོ་དོན་ཤེས་དགོས། དེ་ཡང་ལྷོ་བརྒྱུད་ནང་བསྟན་དང་བྱང་བརྒྱུད་ནང་བསྟན་ཞེས་པའི་ཐ་སྙད་འདི་བོད་རང་གི་ཆོས་འབྱུང་དག་ཏུ་དངོས་སུ་ཐོན་མ་མྱོང་བར་མངོན་ཞིང་། ཡིན་ནའང་ཡིག་རིགས་གཞན་གྱི་ཆོས་འབྱུང་ཕལ་མོ་ཆེར་དུས་རྒྱུན་ཐ་སྙད་འདི་བཀོལ་བཞིན་མཆིས་ལ། ང་ཚོས་འདིར་དེ་གཉིས་ཀྱི་གོ་དོན་རགས་ཙམ་ཞུས་ན། དེའང་དུས་གསུམ་རྒྱལ་བའི་ཡུམ་གྱུར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡུལ་དབུས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྤྱོད་པར་འགྱུར་རོ། །ཞེས་པ་ནས། བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་ཕྱོགས་དེ་ཉིད་དུ་རྒྱས་པར་འགྱུར་རོ། །ཞེས་ལུང་དུ་བསྟན་པ་ལྟར། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཐོག་མར་ཕྱི་ཕྱོགས་སུ་དར་བའི་ཚེ་གཙོ་བོ་རྒྱ་གར་གྱི་ལྷོ་བྱང་གཉིས་སུ་གྱེས་ཏེ་དར་བར་བཤད་ཅིང་། དཔེར་ན། རྒྱ་གར་གྱི་ལྷོ་ཕྱོགས་སུ་གཏོགས་པའི་རྒྱལ་ཁབ་སིངྒ་ལའི་གླིང་དང་། འབར་མ། ཐའེ་ལན་ཌི། ཁམ་ཕུ་ཊེ། ལའོ་སི་སོགས་ཡུལ་གྲུ་མང་པོར་དར་བའི་ནང་པ་སངས་རྒྱས་ཀྱི་བསྟན་པ་ལ་ལྷོ་བརྒྱུད་ནང་བསྟན་དང་། དེ་བཞིན་རྒྱ་གར་གྱིས་རྟིང་གཞི་བྱས་ཏེ་དེའི་བྱང་ཕྱོགས་ཀྱི་ཡུལ་གྲུ་དཔེར་ན་མཧཱ་ཙི་ན་དང་། ཀོ་རི་ཡ། ཉི་ཧོང་། ཝི་ཐི་ནམ། བོད་དང་ཧོར་སོག་སོགས་སུ་དར་བའི་ནང་པའི་བསྟན་པ་ལ་བྱང་བརྒྱུད་ནང་བསྟན་ཞེས་གྲགས་ཆེ། ལྷོ་བརྒྱུད་ནང་བསྟན་གྱིས་གནས་བརྟན་པའི་ལུགས་གཙོ་བོར་འཛིན་པའི་རྒྱུ་མཚན་གྱིས་འདི་ལ་ཡོངས་ཁྱབ་ཐེག་པ་ཆུང་ངུའི་བསྟན་པ་དང་། ཅིག་ཤོས་ལ་ཐེག་པ་ཆེན་པོའི་བསྟན་པ་ཞེས་ཀྱང་བརྗོད་དོ།།

ཕྱི་མ་འདི་དང་རང་རེའི་དེབ་ཐེར་ཆོས་འབྱུང་དུ་བསྟན་པ་བྱང་དར་ཞེས་འཁོད་པའི་ཐ་སྙད་ཀྱི་གོ་དོན་དང་ཁྱབ་ཆེ་ཆུང་སོགས་ཅུང་ཟད་མི་འདྲ་བར་མངོན་པས་དཔྱད། ཕྱོགས་དེ་གཉིས་ཀར་དར་བའི་རྒྱལ་བའི་གསུང་རབ་མཚོན་བྱེད་ཀྱི་ཡི་གེའང་མི་གཅིག་པར་བཤད་དེ། དེའང་ལྷོ་བརྒྱུད་ནང་བསྟན་ལ་མཚོན་ན། ཁོ་ཚོས་གཙོ་བོ་པྲ་ཀྲི་ཏིའམ་པཱ་ལིའི་སྐད་དུ་བྲིས་པའི་མདོ་སྡེ་ལ་སོགས་པ་ཁུངས་སུ་འཆང་བར་བྱེད་ཅིང་། སྐད་རིགས་འདི་ནི་གནའ་དུས་སངས་རྒྱས་ཞལ་བཞུགས་པའི་སྐབས་ཡུལ་དབུས་མ་ག་དྷའི་སྐྱེ་བོ་ཀུན་གྱི་སྐད་ཐུན་མོང་བ་ལྟ་བུ་ཡིན་འདུག་ལ། དེ་གའི་ཡུལ་མི་དག་གིས་འདི་ལ་པཱ་ལི་ཞེས་འབོད་པར་གྲགས་ཤིང་། འདིའི་དོན་དངོས་ནི་རྒྱུན་ཆགས་ཞེས་བྱ་བ་ཡིན་པ་དང་། སྐད་ཀྱི་ངོ་བོ་ལེགས་སྦྱར་རང་ལ་སྒྲ་འཇམ་དུ་སོང་བས་ར་སྒྲ་ཕལ་ཆེར་ཉམས་ཤིང་། ཀྵ་ཡིག་ལ་སོགས་པ་བརྗོད་མི་བདེ་བ་དག་ཁ་ཡིག་ཏུ་བཀླགས་པ་སོགས་མང་བས་ཁ་ཅིག་འདི་སྐད་རིགས་བཞིའི་ཡ་གྱལ་ཡུལ་མི་རང་བཞིན་གྱི་སྐད་ཡིན་ཟེར་མཁན་ཡང་ཡོད། ལྷོ་ཕྱོགས་པ་དག་གིས་སྐད་འདི་ཉིད་ཀྱིས་སྟོན་པས་ཆོས་གསུངས་པར་བཞེད་དོ།།

སིངྒ་ལའི་གླིང་སོགས་སུ་དར་བའི་རྒྱལ་བའི་གསུང་རབ་ནི། གོང་དུ་བཤད་མ་ཐག་པའི་པཱ་ལིའི་སྐད་ཀྱི་སྟེང་ནས་དར་སྤེལ་བྱས་པ་ལགས་ཤིང་། དང་ཐོག་ཡུལ་འདིར་དར་བའི་ཚེ་ཡི་གེར་བཀོད་པ་མེད་པར་བཤད་ལ། དེ་ནས་ཕྱི་ལོ་སྔོན་གྱི་དུས་རབས་དང་པོའི་དུས་སུ་སླེབས་པ་ན། སིངྒ་ལའི་རྒྱལ་པོ་པུཏཱབྷྱ་བུ་འཇིགས་མེད་ (无畏波陀伽摩呢) ཀྱིས་གཙུག་ལག་ཁང་ཆེན་དུ་དགེ་འདུན་བསྡུས་ཏེ་སྡེ་སྣོད་གསུམ་པཱ་ལིའི་སྐད་དུ་བྲིས་པ་སྒྲ་བསྒྱུར་ནས་སིངྒ་ལའི་ཡི་གེར་བཏབ། འདིའི་ཐད་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་གནས་བརྟན་པ་དག་གི་སྡེ་སྣོད་ནི་སངས་རྒྱས་འདས་ནས་ལྔ་བརྒྱ་དང་བཅུ་གྲངས་ཙམ་ན་གླེགས་བམ་དུ་བྲིས། ཞེས་གསུངས་པ་དང་དུས་མཐུན་པ་འདྲ་སྙམ།

དེ་ནས་དུས་རབས་ལྔ་པའི་ནང་། ཡུལ་དབུས་མ་ག་དྷའི་སྡེ་སྣོད་གསུམ་པ་བཙུན་པ་ཆེན་པོ་སངས་རྒྱས་དབྱངས་བུདྔྷ་གྷོ་ཥ་ (Buddhaghosa) བྱ་བ་སིངྒ་ལར་བྱོན། སླར་ཡང་སིངྒ་ལའི་ཡི་གེས་པཱ་ལིའི་སྡེ་སྣོད་གསུམ་ལ་དག་ཐེར་ཞིབ་གཏུགས་མཛད་ཅིང་། དུས་ཕྱིས་འབར་མ་དང་། ཁམ་ཕུ་ཊེ། ཐའེ་ལན་ཌི་སོགས་ཀྱིས་ཀྱང་པཱ་ལིའི་ཡི་གེར་བྲིས་པའི་སྡེ་སྣོད་གསུམ་པོ་རང་རང་གི་ཡི་གེར་སྒྲ་ཕབ་མཛད། དེ་བཞིན་ཉེ་རབས་ཀྱི་དུས་འགོ་ཟིན་པ་ནས་ཡོ་རོབ་གླིང་གི་མཁས་དབང་མང་པོ་ཞིག་གིས་རོ་མའི་ཡི་གེར་སྒྲ་བསྒྱུར་ཏེ་ཁྱབ་སྤེལ་དུ་བཏང་ཞིང་། ད་ལྟ་མཐོང་བཞིན་པའི་པཱ་ལིའི་གསུང་རབ་ཀྱང་དེ་ཡིན་པར་བཤད་དོ།།

བྱང་བརྒྱུད་ནང་བསྟན་ནི། གཙོ་བོ་ལེགས་སྦྱར་གྱི་སྐད་དམ་སཾསྐྲཾ་ཏ་ལྷའི་སྐད་དུ་བྲིས་པའི་རྒྱལ་བའི་གསུང་རབ་དག་མཆོག་ཏུ་འཛིན་ལ། སྐད་རིགས་འདི་ཉིད་ནི་སྔོན་དུས་རྒྱ་གར་དུ་མི་རིགས་བཞིར་ཕྱེས་པའི་མཐོ་ཤོས་རྒྱལ་རིགས་དང་རྗེ་རིགས་ཀྱིས་བཀོལ་སྤྱོད་བྱ་རྒྱུའི་སྐད་ཆ་ཡིན། བདག་ཅག་གི་སྟོན་པ་ཞལ་བཞུགས་པའི་དུས་སྐད་ཆ་འདི་དར་ཁྱབ་ཆེར་ཕྱིན་མེད་ཅིང་། དེའི་ཕྱིས་པཎྜི་ཏ་ཕེའར་ནེ་བྱ་བས་སྐད་གསར་བཅད་མཛད་པར་བརྟེན་རིམ་གྱིས་རྒྱ་གར་གྱི་ཡུལ་གྲུ་མང་ཤས་སུ་དར་ནས་ཁྱོན་སྔར་ལས་ཆེར་གྱུར་པ་དང་། ལེགས་སྦྱར་གྱི་སྐད་དུ་བྲིས་པའི་གསུང་རབ་ཕལ་མོ་ཆེའང་བྱང་ཕྱོགས་སུ་དར་ལ། དེ་ནས་ཡུན་གྱིས་ཀྲུང་ཡཱ་དང་ནུབ་རོལ་ས་ཁུལ་སོགས་ཡུལ་གྲུ་མང་པོར་དར་ཁྱབ་ཏུ་ཕྱིན་པར་བཤད་དོ།།

ད་ལྟ་འཛམ་གླིང་སྟེང་དུ་རྒྱལ་བའི་གསུང་རབ་བགྲང་གིས་མི་ལངས་པ་ཞིག་བཞུགས་འདུག་ཅིང་། དེ་དག་ཐམས་ཅད་ཀྱི་འབྱུང་ཁུངས་སམ་འཕྲོས་ཡུལ་གཙོ་བོ་ནི་པཱ་ལིའི་ཡི་གེ་དང་། རྒྱ་ཡིག །བོད་ཡིག་བཅས་ཡིན་པར་མཁས་པ་རྣམས་བཞེད་འདུག་གོ།[9]

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་སྦྱར་དང་པཱ་ལིའི་སྐོར་གསུངས་དོན[10]། སྔོན་སྟོན་པས་ཆོས་གསུངས་སྐབས་ལེགས་སྦྱར་གྱི་སྐད་དུ་གསུངས་ཀྱང་། ཕྱིས་བཀའ་བསྡུ་མཛད་སྐབས་པཱ་ལིའི་སྐད་ཐོག་བསྡུས་ཤིང་། ཐེག་དམན་གྱི་གཞུང་གཙོ་ཆེ་བ་རྣམས་པཱ་ལིའི་སྐད་དུ་བཞུགས་ཡོད་ཀྱང་། ཐེག་པ་ཆེན་པོའི་ཆོས་སྐོར་སྔགས་དང་བཅས་པ་རྣམས་ལེགས་སྦྱར་གྱི་སྐད་ཐོག་ཡོད། སྤྱིར་གཞུང་འགྲེལ་མཛད་པ་པོ་རྣམས་ཀྱིས་པཱ་ལིའི་སྐད་ཐོག་རྩོམ་པར་མཛད་པ། དཔེར་ན། བྱེ་བྲག་བཤད་མཛོད་ཆེན་མོ་ལྟ་བུ་ཡོད་ཀྱང་། གཙོ་བོ་ཕྱིས་ཀྱི་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་ཐོག་རྩོམ་པར་མཛད་པ་གསལ་པོ་རེད། ཅེས་སྔོན་འགྲོའི་གསུང་ཆོས་སྐབས་བཀའ་སྩལ་ཏོ།།

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐད་ཡིག་གི་ཆ་ནས་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་དང་། སྡོམ་རྒྱུན་གྱི་ཆ་ནས་ཐམས་ཅད་ཡོད་སྨྲའི་སྡེ་དང་། འཕགས་པ་གནས་བརྟན་པའི་སྡེ་པ་ཞེས་བརྗོད་པ་ལས། ཐེག་ཆེན་དང་ཐེག་དམན་གྱི་ཐ་སྙད་བཀོལ་སྤྱོད་ཐད་དགེ་སྐྱོན་གྱི་བཀའ་སློབ་སྩལ་དོན[11]། ངོས་ཀྱིས་ནམ་རྒྱུན་ཐེ་ར་ཝ་ད་ (Theravada) ཞེས་བརྗོད་ན་གནས་བརྟན་པའི་སྡེ་པར་གོ་ཞིང་། དེ་ནི་གཙོ་བོ་སྡོམ་རྒྱུན་གྱི་ཆ་ནས་ཡིན་ཅིང་། དཔེར་ན། རྩ་བའི་སྡེ་པ་བཞི་སྟེ་[12]མང་བཀུར་བ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ། འཕགས་པ་གནས་བརྟན་པ། ཕལ་ཆེན་སྡེ་པ་བཅས་ཡོད། དེ་དག་གཙོ་བོ་སྡོམ་རྒྱུན་གྱི་ཆ་ནས་ཡིན་པ་ལས་ལྟ་གྲུབ་ཀྱི་ཆ་ནས་ཕྲན་བུ་མི་འདྲ་བ་ཡོད་ཆོག །འོན་ཀྱང་གཙོ་བོ་ལྟ་གྲུབ་ཀྱི་ཆ་ནས་མིན་པར་སྡོམ་རྒྱུན་གྱི་ཆ་ནས་རེད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་པཱ་ལིའི་ཆོས་བརྒྱུད་འཛིན་པ། ཞེས་བརྗོད་ཀྱི་ཡོད། འཁོར་ལོ་དང་པོ་དེ་གཙོ་བོ་པཱ་ལིའི་སྐད་ཀྱི་ཐོག་ནས་གསུངས་ཡོད། པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཞེས་འབོད་པ་ལས། ཐེག་པ་ཆེན་པོ་དང་ཆུང་ངུ་ཞེས་པའི་ཐ་སྙད་དེ་ཡག་པོ་མི་འདུག །དེ་ལྟར་འབོད་ཚེ་འགྲེལ་བཤད་མང་པོ་རྒྱག་དགོས་སྟབས་དེ་ནི་མི་དགོས་པ་ཞིག་རེད།

ཐེ་ར་ཝ་ད་ཞེས་པ་ནི་སྡེ་པ་གཅིག་གི་མིང་ཡིན་པ་དེ་ལྟར་མི་དགོས་པར། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དང་། ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཞེས་ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། བོད་ཀྱི་འདུལ་བའི་སྡོམ་རྒྱུན་བཤད་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་ཅིང་། ཐེག་ཆེན་ཐེག་དམན་གྱི་ཐ་སྙད་བེད་སྤྱོད་བྱས་ཚེ་ཐེག་པ་དམན་པ་ཞེས་མཐོང་ཆུང་བྱས་པ་ལྟ་བུ་ཡོང་ཉེན་དང་། ཐེག་དམན་པ་ཚོས་ཐེག་པ་ཆེན་པོ་ཞེས་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐེ་ཚོམ་རེད་ཅེས་བརྗོད་པ་དེ་ལྟར་ཆགས་ཉེན་ཡོད། དེ་ལྟར་བྱས་ན་ཕན་ཐོགས་གང་ཡང་མེད། མདོ་སྡེ་དགོངས་འགྲེལ་ནས་འཁོར་ལོ་རིམ་པ་གསུམ་གསུངས་པའི་ནང་ནས་དང་པོ་དེ་པཱ་ལིའི་ནང་གསུངས་པ་ཕལ་ཆེར་རེད་འདུག །འཁོར་ལོ་བར་པ་དང་མཐའ་མ་ལེགས་སྦྱར་སྐད་ནང་གསུངས་འདུག །དེས་ན་པཱ་ལིའི་གཞུང་དེ་རྨང་གཞི་རེད། དེ་ནས་འདུལ་བའི་ཉམས་ལེན་དང་། ཞི་གནས་དང་ལྷག་མཐོང་། བྱང་ཕྱོགས་སོ་བདུན། བདེན་བཞིའི་རྣམ་གཞག་བཅས་ཡོངས་རྫོགས་ཐུན་མོང་བ་ཡིན།

གཞི་རྩའི་ནང་པའི་ཆོས་བརྒྱུད་དེ་གཉིས་ཀས་བདག་མེད་པའི་ལྟ་བ་འདོད་མཁན་གཅིག་པ་རེད། ཞིབ་ཚགས་ཀྱི་ཐོག་ནས་ལེགས་སྦྱར་ཆོས་བརྒྱུད་ནང་གསེས་ལའང་བདག་མེད་པའི་ལྟ་བའི་ཐོག་མི་མཐུན་པ་མང་དུ་ཡོད། དཔེར་ན། སེམས་ཙམ་པ་ལྟ་བུར་མཚོན་ནའང་། སྟོང་ཉིད་ཀྱི་ལྟ་བའི་ཐོག་བསམ་ཚུལ་མི་མཐུན་པ་ཡོད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལེགས་སྦྱར་ཆོས་བརྒྱུད་ནས་རྒྱས་བཤད་མང་བ་ཡོད། ནུབ་ཕྱོགས་པ་ཁག་གཅིག་གིས་དེ་སྔ་བོད་བརྒྱུད་ནང་བསྟན་མ་གྲགས་གོང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་བླ་མའི་ཆོས་ལུགས་ཞེས་འབོད་བཞིན་ཡོད། ཕྱོགས་གཅིག་ནས་བོད་པ་རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས་གཞན་གྱིས་མིང་འདོགས་དེ་ལྟར་བཏགས་པ་རེད། བོད་པའི་བླ་མ་དག་གིས་ཀྱང་གཙོ་བོ་ཕྱིའི་ཆ་ལུགས་འདྲ་མིན་བཟུང་ནས་གར་འཆམ་འཁྲབ་རྒྱུས་མཚོན་གཙོ་བོ་ཆོ་ག་ཕྱག་ལེན་ལ་དང་འདོད་ཆེན་པོ་བྱས་པར་བརྟེན་བླ་མའི་ཆོས་ལུགས་ཞེས་མིང་འདོགས་བཏགས་པ་རེད། ད་ཆ་མཁས་པའི་ཚོགས་སུ་བོད་བརྒྱུད་ནང་བསྟན་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡང་དག་པ་ཞིག་ཡིན་པ་གསལ་པོར་ར་སྤྲོད་བྱུང་ཐུབ་ཡོད། ཅེས་བཀའ་སློབ་སྩལ་ཏོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སཾ་བོད་རྒྱ་གསུམ་ཤན་སྦྱར་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༩༥

[2] སཾ་བོད་རྒྱ་གསུམ་ཤན་སྦྱར་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༡༩

[3] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༤

[4] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཐ༽ དེབ་ཨང་ ༦ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་གྲངས་ ༦༥༨

[5] སི་ཏུ་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༢༥༣

[6] ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། ༼༣༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༡༥༣

[7] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༤

[8] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༧༤

[9] http://tb.gnxblzx.com/index. མདོ་ལྷོ་དྲ་བ། རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།

[10] ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་པ་བཀའ་དྲིན་སྩལ་ནོད་བཀའ་དྲིན་ཆེ་སྐབས་ཀྱི་བཀའ་སློབ་ལས་བཏུས།

[11] ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༣༡ ཉིན་ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་གནའ་རབས་དང་དེང་དུས་ཚན་རིག་ནང་དུ་སེམས་དང་སེམས་ཀྱི་བྱེད་ལས་སྐོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་ལྷན་ཚོགས་ཉིན་གཉིས་པར་སྩལ་བའི་བཀའ་སློབ།

[12] ཉན་ཐོས་ཀྱི་རྩ་བའི་སྡེ་པ་སྟེ། འོད་སྲུང་ནས་བརྒྱུད་པ་ཕལ་ཆེན་སྡེ་པ་དང་། སྒྲ་གཅན་འཛིན་ནས་བརྒྱུད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཀ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ། ཉེ་བར་འཁོར་ནས་བརྒྱུད་པ་མང་བཀུར་བའི་སྡེ་པ་བཅས་བཞིའོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༣༡ ནས་ ༥༤༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *