༄༅། །ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རིགས་སློབ་དང་སྨན་རྩིས་ཁང་གི་སློབ་ཐོན་པ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་བ། གསར་འབྱོར་བཅས་ལ་མཇལ་ཁའི་སྐབས་སྩལ་པའི་བླང་དོར་བཀའ་སློབ་ལས་ཟུར་འདོན་ཞུས།[1]
བོད་མི་རིགས་འདི་ཉིད་གཞན་དང་མི་འདྲ་བའི་མི་རིགས་ཤིག་ཡིན་ཅིང་། ཆོས་ཕྱོགས་ཀྱི་ཐོག་ནས་བོད་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞིག་དང་། སངས་རྒྱས་བཅོམ་ལྡན་རང་ཉིད་ཀྱིས་ལུང་དུ་བསྟན་པའི་ཡུལ་ལུང་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།
འཛམ་གླིང་འདིའི་ཐོག་སངས་རྒྱས་པའི་ཆོས་ལུགས་རྒྱ་གར་འཕགས་ཡུལ་ནས་དར་འཕེལ་བྱུང་ཞིང་། དེ་ཡང་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བསྐོར་བའི་སྐབས་ཀྱི་ཆོས་འཁོར་དེ་ཉིད་བདེན་བཞིའི་ཆོས་འཁོར་ཞེས་པཱ་ལིའི་ཆོས་བརྒྱུད་ཡིན་ལ། ཐའེ་ལན་ཌི་དང་། འབར་མ། ཤྲི་ལངྒ་སོགས་དང་ང་ཚོ་ཐུན་མོང་བ་ཆགས་ཡོད། དེ་རྗེས་བྱ་རྒོད་ཕུང་པོའི་རིར་བར་པ་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པ་རྣམས་ལེགས་སྦྱར་གྱི་ཆོས་བརྒྱུད་ཡིན་ཅིང་། འདི་ནི་པཱ་ལིའི་ཆོས་བརྒྱུད་རྐྱང་པ་འཛིན་མཁན་དག་ལ་ཤེར་ཕྱིན་གྱི་མདོ་སྡེའི་རིགས་རྣམས་མེད། རྒྱ་ནག་དང་། རྒྱ་ནག་བརྒྱུད་ནས་ཀོ་རི་ཡ་དང་། ཝི་ཏི་ནམ། ཉི་ཧོང་། དེ་བཞིན་བོད་དང་སོག་ཡུལ་སོགས་ནི་ཐེག་ཆེན་གྱི་ཆོས་བརྒྱུད་དམ། ལེགས་སྦྱར་ཆོས་བརྒྱུད་ཀྱིས་ཁྱབ་ཡོད། དེ་དག་གི་ནང་དུ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ནམ་རྒྱུན་ངོས་ནས་པཎ་གྲུབ་བཅུ་བདུན་ཞེས་བརྗོད་པ་དེ་དག་གིས་མཛད་པའི་ལེགས་བཤད་ཆ་ཚང་བོད་ཡིག་གི་ཐོག་ཏུ་བཞུགས་ཡོད། དེ་བཞིན་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་དང་། བཀའ་འགྱུར་པོ་ཏི་བརྒྱ་ལྷག་བཅས་ཁྱོན་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ཆ་ཚང་ལྟ་ཀློག་མི་ཐུབ་ཀྱང་། དེ་དག་ལས་སྡེ་ཚན་བྱེ་བྲག་པ་རྣམས་ལ་ང་ཚོས་སློབ་སྦྱོང་བྱེད་བཞིན་ཡོད།
སློབ་སྦྱོང་བྱེད་སྟངས་དེ་ཡང་། རྩ་བ་བློ་ངོར་འཛིན་ཅིང་། འགྲེལ་པ་དེ་ཡང་གཙོ་བོ་རྒྱ་འགྲེལ་ལ་ཁུངས་གཏུགས་ནས་ཚིག་འབྲུ་རེ་རེ་བཞིན་འགྲེལ་པ་བརྒྱབ། ཚད་མ་རིག་པའི་ལམ་ལ་བརྟེན་ནས་བརྡར་ཤ་གཅོད་པ་སྟེ། སློབ་དཔོན་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་ཀྱིས་མཛད་པའི་གཞུང་ལུགས་ཀྱི་ཐོག་ནས་བརྡར་ཤ་བཅད་ནས་སློབ་གཉེར་བྱེད་བཞིན་ཡོད། ང་ཚོའི་དཔེ་ཆའི་ནང་དུ་གཞན་ལུགས་དགག་པ་དང། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་ཞེས་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་ཐོན་པ་དེ་དག་གིས་ཧ་ཅང་ཞིབ་ཚགས་ཀྱི་ཐོག་ནས་འགྲོ་བཞིན་ཡོད། དེ་ལྟ་བུའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཞིབ་ཚགས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་སྲོལ་འདི་ལྟར་བོད་གཅིག་པུ་ལས་གཞན་ལ་མེད། མདོར་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བཞིན་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་དཀའ་ལས་བརྒྱབ་ནས་སློབ་སྦྱོང་བྱས་པའི་གྲུབ་དོན་སེམས་ལ་བང་རིམ་བསྒྲིགས་པ་ནི་བོད་པ་ཁོ་ན་ཡིན། སྔར་སོག་པོ་ཡོད་ཀྱང་བར་སྐབས་སོག་པོར་ཉམས་ཟིན་པ་རེད།
གཞན་ཡང་ང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་ནི། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་སློབ་སྦྱོང་བྱེད་སྐབས། བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་སྦྱོང་བྱེད་པ་ལས། ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་མི་དགོས་པ་ཞིག་ཡོད། བོད་ཀྱི་སྐད་ཡིག་ནི་བོད་མི་ས་ཡ་དྲུག་གིས་བེད་སྤྱོད་བྱེད་བཞིན་པར་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་པ་དག་གིས་བེད་སྤྱོད་བྱེད་བཞིན་ཡོད། དེས་ན་དེང་གི་སྤྱི་ཚོགས་ཐོག་བེད་སྤྱོད་བྱས་དང་བྱེད་བཞིན་པའི་ཡི་གེ་འདིའི་ཐོག་ནས་འགྲེལ་བཤད་ཆ་ཚང་བྱེད་ཐུབ་པ་ཞིག་ཆགས་ཡོད། ནཱ་ལེནྡྲའི་མཁས་པའི་དབང་པོས་མཛད་པའི་གཞུང་དུ་ལྟ་གྲུབ་ཀྱི་རྣམ་གཞག་དང་། སེམས་ཁམས་རིག་པའི་རྣམ་གཞག །ཚད་མ་རིག་པའི་རྣམ་གཞག་སོགས་བོད་ཀྱི་སྐད་ཡིག་ཐོག་ནས་འགྲེལ་བཤད་བྱ་རྒྱུ་ཞིག་ལས། ཧིན་དྷི་དང་དབྱིན་ཇིའི་སྐད་ཡིག་གི་ཐོག་ནས་འགྲེལ་བཤད་བྱེད་མི་ཐུབ་ལ། ལེགས་སྦྱར་གྱི་སྐད་ཡིག་ནི་དེང་སྐབས་བེད་སྤྱོད་བྱེད་མཁན་དེ་ཙམ་མེད། རྒྱ་ཡིག་གི་ཐོག་ནས་ཀྱང་ཧ་ཅང་ཁག་པོ་རེད། དེས་ན་ལོ་ངོ་སྟོང་ཕྲག་ལྷག་གི་རིང་འཛམ་གླིང་འདིིའི་ཐོག་ཆོས་བརྒྱུད་རིགས་པའི་ལམ་ནས་འགྲེལ་བཤད་བྱ་རྒྱུ་ཡོད་ཅིང་གཏིང་ཟབ་ཤོས་དེ་ང་ཚོ་བོད་པས་བདག་པོ་བརྒྱབ་ཡོད།
དེ་ནི་ངོས་ལ་ཉམས་མྱོང་ཡོད། འདས་པའི་ལོ་ངོ་སུམ་ཅུ་བཞི་བཅུའི་རིང་ལ་མཁས་དབང་མང་པོ་ཞིག་ཐུག་འཕྲད་བྱུང་ཡོད་ལ། ཚན་རིག་མཁས་ཅན་མང་པོ་ཞིག་དང་ངོས་རང་ཐུག་འཕྲད་བྱེད་མྱོང་ཞིང་། འདི་ལྟར་ཐུག་འཕྲད་བྱེད་སྐབས། གཞི་ནས་ང་ཚོས་སློབ་སྦྱོང་བྱས་པའི་ཐོག་ནས་ལོ་མང་བདག་གཅེས་ཉར་ཚགས་བྱས་པའི་ཤེས་ཡོན་དེ་དག་དེང་སྐབས་དུས་རབས་ཉེར་གཅིག་པའི་ནང་དུ་མཁས་དབང་དང་། ལྷག་པར་ཚན་རིག་པ་ཐུག་འཕྲད་ཡོང་སྐབས། ཚན་རིག་པ་རྣམས་དངོས་ཁམས་རིག་པའི་ཐོག་ལ་ཧ་ཅང་མཁས་པ་ཡིན་ལ། ང་ཚོས་ཚུར་སློབ་སྦྱོང་བྱ་རྒྱུ་མང་དུ་ཡོད། སེམས་ཁམས་རིག་པ་དང་། ཚད་མའི་རིག་པའི་རྣམ་གཞག་བརྗོད་དགོས་བྱུང་ཚེ་དེང་རབས་ཚན་རིག་པ་དང་དེང་གི་མཁས་དབང་རྣམ་པར་གང་ཡང་བརྗོད་རྒྱུ་མེད། ང་ཚོ་བོད་མིས་སློབ་སྦྱོང་བྱས་པ་དེ་དག་དེང་སྐབས་འཛམ་གླིང་འདིའི་ཐོག་དངོས་གནས་ངོམས་སུ་ཆོག་པ་ཞིག་དང་། གཞན་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་ཆགས་ཡོད།
དེས་ན་ང་ཚོ་བོད་མི་རིགས་འདི་བཞིན་འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་གིས་ཟིན་པ་ཞིག་ཡིན་པས་ང་ཚོ་སྐྱོ་པོ་གཏན་ནས་མིན། ཤེས་ཡོན་དང་རིག་གཞུང་གི་ཐོག་ནས་བརྗོད་དགོས་བྱུང་ནའང་། རྒྱ་ཡི་རིག་གཞུང་ལས་བོད་ཀྱི་རིག་གཞུང་རྣམས་རླབས་ཆེ་བ་ཡོད། དེར་བརྟེན་དེ་དག་ནི་བོད་མི་རིགས་ཀྱི་སྤོབས་པ་བྱེད་འོས་པ་ཞིག་ཡིན། ང་ཚོར་བོད་ཀྱི་སྐད་ཡིག་ཅིག་ཡོད་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་བོད་ཡིག་གསར་དུ་བཟོས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལུང་དང་རྟོགས་པའི་བསྟན་པ་དེ་ཡང་ཡར་རྒྱས་གོང་འཕེལ་ཤུགས་ཆེར་གཏོང་རྒྱུའི་དགོངས་བཞེས་གནང་སྐབས། རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་ལས། རྒྱ་ནག་ནས་ཧྭ་ཤང་གདན་ཞུ་གནང་མེད་ལ། ལྷག་པར་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་གནང་སྟེ། རྒྱའི་མཁན་པོ་དང་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པ་གནང་སྟེ་རྒྱའི་མཁན་པོ་རྣམས་བོད་ན་ཕྱིར་ཕུད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།
ཁྱིམ་མཚེས་རྒྱ་ནག་ལ་ཆ་མཚོན་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཡུམ་དེ་ཉིད་ཀྱང་རྒྱ་བཟའ་ཡིན་པའི་བརྗོད་ཚུལ་ཞིག་ཡོད། དེ་ལྟར་ཆོས་རྒྱལ་རིམ་པའི་སྐབས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་ཡོད་ཀྱང་། བོད་ཀྱི་རིག་གཞུང་རྣམས་རྒྱ་གར་རང་ནས་བཞེས་པ་གནང་ཡོད། སྐབས་དེར་ཆབ་སྲིད་ཀྱི་བསམ་བློ་ཡོད་མེད་ཇི་ལྟར་ཡང་། དངོས་ཡོད་གནས་ཚུལ་ལ་བོད་ཀྱི་སྐད་ཡིག་དང་། ཡི་གེའི་ཐོག་ཏུ་ཡོད་པའི་བཀའ་བསྟན་རྣམས་རྒྱ་གར་ལ་ཁུངས་གཏུགས་ནས་བཞེས་པ་གནང་ཡོད། ང་ཚོ་བོད་ཀྱི་མེས་པོ་རྣམས་བསམ་བློ་ཕུགས་རྒྱང་རིང་པོ་གཏོང་ཐུབ་མཁན་ཞིག་ཆགས་ཡོད། དེས་ན་ང་ཚོ་རང་ཉིད་ལ་རང་སྐྱ་འཕེར་བའི་སྐད་ཡིག་ཅིག་ཡོད་པར་མ་ཟད། འཛམ་གླིང་དེའི་ཐོག་རིན་ཐང་བརྩི་འོས་པའི་ཤེས་ཡོན་མང་པོ་ཞིག་སྐད་ཡིག་དེ་ཉིད་ཀྱི་ཐོག་ཏུ་གནས་ཡོད། འདི་ཡང་ང་ཚོ་སྤོབས་པ་བྱེད་འོས་པ་ཞིག་ཡིན།
ཡང་ངོས་ནས་སྦོ་ཤོབ་ཅུང་ཟད་བརྗོད་ཀྱི་ཡོད། ལོ་ཤས་སྔོན་ཨ་རིའི་ས་ཁུལ་ཞིག་ཏུ་བོད་རིགས་བརྒྱ་ཕྲག་འགའ་ཞིག་དང་། ཕྱི་རྒྱལ་བ་མང་པོ་ཞིག་འདུག་ཅིང། སྐབས་དེར་ངོས་ནས། སྔར་ང་ཚོ་བོད་ཀྱི་སངས་རྒྱས་ཆོས་འདི་ཉིད་བླ་མའི་ཆོས་ལུགས་ཞེས་པའི་མིང་ཞིག་ཁྱེར་བ་དང་། བླ་མའི་ཆོས་ལུགས་ཞེས་པའི་ཞྭ་མོ་གྱོན་ནས་བསྡད་པ་རེད། བར་སྐབས་ནས་དངོས་ཡོད་གནས་ཚུལ་འགྲེལ་བཤད་རིམ་པར་བརྒྱབ་རྗེས། བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་མིན་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་དེང་སྐབས་ངོས་འཛིན་བྱེད་བཞིན་ཡོད། དེ་ནི་ཨ་ཕོ་ངས་བྱས་པ་ཡིན་ཞེས་བརྗོད་པ་ཡིན། སྦོ་ཤོབ་ཅུང་ཟད་ཚ་དྲགས་འདུག་གམ། ངོས་ནས་གང་སར་ནཱ་ལེནྡྲ་དང་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བཤད་པར་བརྟེན། དེང་སྐབས་དོ་སྣང་ཡོད་མཁན་མང་པོ་ཞིག་ལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་པ་དེ་འཇགས་ཡོད། དེ་སྔ་ང་ཚོ་བོད་པའི་ཆོས་ཞེས་བརྗོད་སྐབས། བླ་མའི་ཆོས་ལུགས་ཞེས་བརྗོད་ཀྱི་ཡོད་པ་དེར་ཁག་དེ་ཙམ་མེད། ཕྱི་རྒྱལ་བ་རེ་ཟུང་བོད་ལ་སླེབས་སྐབས་བླ་མ་དང་སྤྲུལ་སྐུ་རེད་ཅེས་མཐོང་ཆེན་བྱེད་པ་དང་། དབང་དང་རྗེས་གནང་གནང་བ། རོལ་མོ་འབུད་དཀྲོལ་དང་གར་འཆམ་འཁྲབ་པ་ལས། དོན་ཉུང་བྱ་ཉུང་གི་ཐོག་ནས་བྱ་བཏང་རི་ཁྲོད་པ་ལུང་རྟོགས་ཀྱི་ཡོན་ཏན་ཡོད་མཁན་དག་ལ་ཆེ་མཐོང་དེ་ཙམ་མེད་པ་བཅས་ལ་བརྟེན་བླ་མའི་ཆོས་ལུགས་ཞེས་མིང་བཏགས་པ་དེར་ཁག་དེ་ཙམ་མེད་པ་ལྟ་བུ་ཞིག་འདུག །ཕྱི་རྒྱལ་བ་རྣམས་བོད་ཀྱི་ས་ཆ་གསར་པ་ཞིག་ལ་སླེབས་པ་དང་། སྤྱི་ཚོགས་དང་བླ་མ་དང་སྤྲུལ་སྐུར་བརྩི་མཐོང་ཆེན་པོ་བྱེད་པས་ན་བླ་མའི་ཆོས་ལུགས་ཞེས་པའི་མིང་ཞིག་བཏགས། བླ་མའི་ཆོས་ལུགས་ཞེས་པ་དེ་ཉིད་ནང་པའི་ཆོས་ལུགས་ངོ་མ་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་ལྟ་བུ་ཞིག་དང་། བོད་ལ་སྔགས་ཕྱོགས་དར་སོ་ཤུགས་ཆེ་ཡོད་སྟབས། དེ་ཡང་མུ་སྟེགས་པའི་སྔགས་དང་འདྲེས་པ་རེད་བརྗོད་པའི་གནས་ཚུལ་བྱུང་ཡོད།
ངོ་མ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཁུངས་གཏུག་ས་ནི། གཞུང་ཆེན་བཅུ་གསུམ་ལྟ་བུར་ཁུངས་གཏུག་བཞིན་ཡོད། གཉན་མགོན་གསུང་རབ་པ་ཧ་ཅང་མཁས་པ་ཆེན་པོ་ཞིག་ཡིན་ཅིང་། ཁོང་གི་གསུང་འབུམ་པར་དུ་བརྐོས་པ་གང་འཚམ་ཞིག་ངོས་ཀྱི་ལག་ཏུ་སླེབས་པ་ལྟར་མཇལ་བས་ཧ་ལས་པ་རེད་འདུག །ཁོང་གིས་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་པའི་ཐ་སྙད་གསར་པ་ཞིག་གསུངས་ཡོད། ཁོང་གིས་གསུངས་པ་དེ་ལས་ཅུང་ཟད་རྒྱ་བསྐྱེད་ནས་ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད། གསང་སྔགས་ཀྱི་ཆོས་འཁོར་རྣམས་གྲུབ་ཆེན་རྣམས་བརྒྱུད་ནས་ཡོང་གི་ཡོད། དཔེར་ན། བདེ་མཆོག་ལ་ཆ་མཚོན་ན། བདེ་མཆོག་ལཱུ་ཨི་པ་དང་། དྲིལ་བུ་ལྷ་ལྔ། ནག་པོ་པ་བཅས་ལཱུ་དྲིལ་ནག་གསུམ་གྲུབ་ཆེན་སོ་སོ་ནས་བརྒྱུད་ནས་བྱུང་བ་ཞིག་ཡིན།
ཡུམ་རྒྱན་འབྲིང་བསྡུས་གསུམ་ལ་ཆ་མཚོན་ན། སྤྱི་ཡོངས་ཀྱི་ཐོག་ནས་གསུངས་པ་ལས། དེ་ལྟ་བུའི་བླ་མ་བྱེ་བྲག་པ་ཞིག་བརྒྱུད་ནས་བྱུང་བ་ཞིག་མིན། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་སོགས་མཛད་ནས་ཀླུ་སྒྲུབ་ནས་ཟབ་མོ་ལྟ་བརྒྱུད་དང་། ཐོགས་མེད་སྐུ་མཆེད་ནས་རྒྱ་ཆེན་སྤྱོད་བརྒྱུད་དེ། རྗེ་བཙུན་བྱམས་མགོན་གྱིས་མངོན་རྟོགས་རྒྱན་གསུངས་ཤིང་། དེ་ནས་མར་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་བཅས་ཡོད་པ་ལས། དེ་མིན་བླ་མའམ་གྲུབ་ཆེན་བྱེ་བྲག་པ་གཅིག་ནས་བརྒྱུད་པ་ལྟར་མེད། དེས་ན་ངོས་ནས་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་བསྟན་པ་སྤྱི་བཙན་དང་། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གང་ཟག་སྒོས་བཙན་ལ་བརྩི་བཞིན་ཡོད།
ང་ཚོ་བོད་ལ་གང་ཟག་སྒོས་བཙན་གྱི་གསང་སྔགས་ཀྱི་སྐོར་ལ་དོ་སྣང་ཤུགས་ཆེ་བྱེད་པ་ལས། བསྟན་པ་སྤྱི་བཙན་གྱི་གཞུང་ཆེན་ལྟ་རྒྱུར་འཐུས་ཤོར་བཏང་འདུག །དེ་སྔ་དཔལ་ལྡན་ས་སྐྱར་ཆ་མཚོན་ན། མདོ་སྔགས་ལེགས་བཤད་འབྱུང་གནས་ས་སྐྱ་པ། །ཞེས་གསུངས་པ་ལྟར་ཧ་ཅང་ཡག་པོ་ཡོད། ཆོས་རྗེ་ས་པཎ་རང་ཉིད་ཀྱིས་ཀྱང་ཚད་མ་རིགས་གཏེར་མཛད་པ་སོགས་བོད་ལ་སྔ་མོ་ནས་ཚད་མར་ཐུགས་སྣང་ཆེན་པོ་གནང་འདུག །དེ་བཞིན་ཕྱྭ་པ་ཆོས་སེང་ཡབ་སྲས་ནས་བཟུང་སྟེ་རྩོད་པའི་འགྲོ་སྟངས་སོགས་ལ་ཐུགས་སྣང་ཤུགས་ཆེན་གནང་བ་ལྟ་བུ་ནི་བོད་གཅིག་པུ་ལས་གཞན་སུ་ལའང་མེད།
མདོར་ན་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ཉིད་འཛམ་གླིང་འདིའི་ཐོག་ཏུ་བླ་ན་མེད་པ་ཞིག་ཆགས་ཡོད་ལ། འཛམ་གླིང་གི་ཁྱད་ནོར་དུ་བརྩི་ཐུབ་པ་ཞིག་ཀྱང་ཡིན། དེས་ན་བོད་མི་ཚང་མས་འདི་ལྟ་བུའི་རིག་གཞུང་གཏིང་ཟབ་འདི་ཉིད་ང་ཚོའི་རིག་གཞུང་ཆགས་ཡོད་ཅིང་། རིག་གཞུང་འགྲེལ་བཤད་བྱ་རྒྱུ་ཡང་བོད་ཀྱི་སྐད་ཡིག་འགྲེལ་བཤད་ཆ་ཚང་བྱེད་ཐུབ་པ་ཞིག་ལས། སྐད་ཡིག་གཞན་དག་གི་ཐོག་ནས་འགྲེལ་བཤད་རྒྱག་མི་ཐུབ་པ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོའི་གཞོན་སྐྱེས་རྣམས་ནས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས། བོད་ཡིག་གིས་ཟ་སྐད་འཐུང་སྐད་ལས་ཕན་ཐོགས་མི་འདུག་བསམ་པ་དྲན་རྒྱུ་མེད། སྤྱིར་དེང་དུས་ཀྱི་ཤེས་ཡོན་ནང་དེ་སྔ་ནས་བོད་ཡིག་བེད་སྤྱོད་དེ་ཙམ་མ་བྱས་པར་བརྟེན་ཡར་རྒྱས་མ་ཕྱིན་པར་རྗེས་ལུས་ཐེབས་ཡོད་ལ། མིང་ཚིག་གིས་ཀྱང་འདང་གི་མེད། དེ་མིན་ལྟ་གྲུབ་དང་། སེམས་ཁམས་རིག་པ། ཚད་མ་རིག་པ་སོགས་གཏིང་ཟབ་ཀྱི་ཐོག་ཏུ་ཕྱིན་ན་དབྱིན་ཇི་དང་ཧིན་དྷིའི་སྐད་ཡིག་གིས་འདང་ཐབས་མེད་པར་བོད་ཡིག་གཅིག་པུ་ཡིན། བོད་ཀྱི་སྐད་ཡིག་ཧ་ཅང་གལ་གནད་ཆེན་པོ་ཡིན་པས། ཁྱེད་རང་ཚོས་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས།
དེང་སྐབས་ཚན་རིག་པའི་ཐོག་ནས་ཚད་རྡུལ་དངོས་ཁམས་རིག་པའི་རིག་གནས་འདི་ཉིད་གཏིང་ཟབ་ལ་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཚད་རྡུལ་དངོས་ཁམས་རིག་པར་ཆ་མཚོན་ན། སྔར་རྒྱ་གར་གྱི་རྡུལ་ཕྲན་ཚན་རིག་པ་རཱ་ཇ་རཱ་མ་ན་ཞེས་ཚན་རིག་པ་མཁས་པ་ཞིག་ཡོད་པ་ཁོང་གིས། ཚད་རྡུལ་དངོས་ཁམས་རིག་པ་ཞེས་པ་འདི་ཉིད་འཛམ་གླིང་འདིའི་ཐོག་དང་། ལྷག་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རིག་གནས་གསར་པ་ཞིག་ཆགས་ཡོད་ཀྱང་། རྒྱ་གར་འཕགས་ཡུལ་ནང་ལོ་ངོ་ ༢༠༠༠ ལྷག་གི་གོང་ནས་ཚད་རྡུལ་དངོས་ཁམས་རིག་པའི་ལྟ་གྲུབ་དེ་ཉིད་དར་འཕེལ་བྱུང་ཟིན་ཡོད་ཅེས་ངོས་ལ་བརྗོད་བྱུང་། དེ་ལྟར་ཡིན་པ་ཧ་ཅང་གསལ་པོ་རེད།
ང་ཚོས་རྟག་ཏུ་འདོན་བཞིན་པའི་ཤེས་རབ་སྙིང་པོ་ལས[2]། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པ་ནི། ཚད་རྡུལ་དངོས་ཁམས་རིག་པའི་རྩ་བ་འདིར་ཐུག་ཡོང་གི་ཡོད། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་གི་ཐོག་ནས་ཆ་ཚང་འགྲེལ་བཤད་བྱེད་ཐུབ་ཀྱི་མེད། རྟེན་འབྱུང་གི་དེ་ཉིད་ཁོ་ན་ཉིད་ཅེས་པ་དེ་ཉིད་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ད་ལྟ་ཤེས་ཀྱི་མེད་ལ། འགྲེལ་བཤད་ཀྱང་བྱེད་ཐུབ་ཀྱི་མེད། སངས་རྒྱས་པའི་གཞུང་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་གསུངས་པ་དེ་ཧ་ཅང་གཏིང་ཟབ་པོ་རེད་འདུག །དེ་ནི་རིག་པའི་རྣམ་གཞག་ཙམ་མིན་པར། སེམས་ལ་འགུལ་བསྐྱོད་ཐེབས་ཀྱི་ཡོད། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་ཉོན་མོངས་སྐྱེ་བཞིན་ཡོད་ལ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་བདེན་འཛིན་གྱི་སྤྲོས་པ་ལས་ཡོང་བས་ན། བདེན་འཛིན་གྱི་སྤྲོས་པ་ལ་དབུ་མའི་ལྟ་བས་དངོས་གནས་འགུལ་བསྐྱོད་ཐེབས་ཀྱི་ཡོད། འདི་དག་ནི་ཧ་ལས་པ་ཞིག་རེད་འདུག །དེ་དག་བོད་རིགགས་ཚང་མའི་སེམས་ལ་ངེས་པར་བྱེད་དགོས། ཞེས་བཀའ་སློབ་སྩལ་ཏོ།། །།
[1] https://www.youtube.com/watch?v=6HfVjLNDur4
[2] བཀའ་འགྱུར་དཔེ་བསྡུར་མ། ཤེས་རབ་སྣ་ཚོགས། ༼ཀ༽ དེབ་ཨང་ ༣༤ པ། ༢༠༠༩ ལོ། ཤོག་གྲངས་ ༤༠༣
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།