མ༽ བཀའ་བསྟན་བོད་སྐད་དུ་བསྒྱུར་ཚུལ།
དེ་ཡང་བཀའ་བསྟན་བོད་སྐད་དུ་བསྒྱུར་ཚུལ་ཐད། ༸གོང་ས་མཆོག་གིས་ཆེད་དུ་སྩལ་པའི་སྔོན་གླེང་ལས[1]། གངས་ལྗོངས་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ནི་ས་ཁད་མཐོ་ཞིང་། འགྲུལ་ལམ་དཀའ་བས་རྒྱལ་ཁམས་གཞན་དང་འབྲེལ་མེད་གུད་དུ་ཡུན་རིང་གནས་པ་དང་། ཕྱི་ལོ་བརྒྱ་ཕྲག་ལྔ་པའི་ནང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་གསུང་རབ་ཀྱི་གླེགས་བམ་འབྱོར་བ་ནས་བཟུང་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བརྩིས།
ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སྔོན་ནས་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཟིན་པའི་རྒྱ་ནག་དང་བལ་ཡུལ་གྱི་རྒྱལ་པོའི་སྲས་མོ་ཁབ་ཏུ་བཞེས་ཏེ་སྟོན་པའི་སྣང་བརྙན་ཁྱད་པར་ཅན་བོད་ཡུལ་དུ་གདན་དྲངས་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང་། རྒྱས་བཏབ་ར་མོ་ཆེ་སོགས་བཞེངས་ཤིང་། ཕྱག་མཆོད་བྱ་བའི་སྲོལ་དར། ལྷག་པར་ཐུ་མི་ཨ་ནུ་སོགས་བོད་ཕྲུག་ཤེས་རབ་ཅན་དུ་མ་རྒྱ་གར་དུ་བརྫངས་ནས་ལེགས་སྦྱར་གྱི་སྐད་ཡིག་དང་། ཆོས་ཀྱི་སློབ་སྦྱོང་བྱེད་དུ་བཅུག་སྟེ་ཐུ་མི་སམ་བྷོ་ཊས་བོད་ཀྱི་ཡིག་གཟུགས་དང་། བརྡ་སྤྲོད་ཀྱི་རྣམ་གཞག་ལེགས་སྦྱར་གྱི་སྐད་ནས་དཔེ་བླངས་ཏེ་གསར་གཏོད་མཛད་པར་མ་ཟད། སྐད་ཡིག་དེ་ཉིད་ལེགས་སྦྱར་ལྷ་ཡི་སྐད་དང་དོ་མཉམ་པར་འཕེལ་རྒྱས་སུ་མཛད་པ་ལ་བརྟེན་ནས། རྒྱལ་བའི་གསུང་རབ་རྣམས་སྒྲ་དོན་གཉིས་ཐད་ནས་འཁྲུལ་བའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པར་བསྒྱུར་ཐུབ་པའི་སྐད་ཡིག་གི་སྒྱུ་རྩལ་ཡར་རྒྱས་ཀྱི་རྩེ་མོར་སོན་པར་མཛད། ཚུལ་འདི་ནི་བོད་མི་རིགས་ཀྱི་བྱུང་རབས་ནང་གཟི་བརྗིད་ལྡན་པའི་འགྱུར་བ་ངོ་མཚར་ཅན་ཞིག་ཡིན།
པུར་རྒྱལ་བོད་ཀྱི་ལྗོངས་ལ་ཆོས་ལྡན་གྱི་ཞིང་ཞེས་པའི་མིང་ཐོབ་ཅིང་། ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཡོངས་ལ་སྟོན་མཆོག་རྣམ་འདྲེན་བཞི་པའི་ལུང་རྟོགས་ཀྱི་བསྟན་པའི་བགོ་བཤའ་བྱེད་ནུས་པའི་རྒྱལ་ཁམས་ཁྱད་པར་ཅན་ཞིག་ཏུ་གནས་ཐུབ་པ་ནི་ཐུ་མིས་བོད་ཀྱི་ཡིག་གཟུགས་དང་། བརྡ་སྤྲོད་ཀྱི་རིག་པའི་གཞུང་ལུགས་ཁྱད་འཕགས་སྲོལ་བཏོད་པ་དང་ལོ་པཎ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཡིན།
ཐུ་མི་སམ་བྷོ་ཊས་བོད་ཀྱི་ཡིག་གཟུགས་དང་། བརྡ་སྤྲོད་ཀྱི་རྣམ་གཞག་གསར་གཏོད་མཛད་པའི་རྗེས་ཐུ་མི་རང་ཉིད་ཀྱིས་མདོ་རྒྱུད་ཇི་སྙེད་ཅིག་བསྒྱུར་བ་དང་། དེ་བཞིན་སྒྲ་སྒྱུར་མཁན་གཞན་རེ་ཟུང་ཡང་བྱུང་བར་མངོན་ཡང་། འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་སྒྲ་སྒྱུར་གྱི་ལས་རིམ་གཞི་རྒྱ་ཆེ་བ་དུས་ཡུན་གང་འཚམ་གྱི་རྗེས་སུ་བྱུང་ཞིང་། ཐུ་མི་རང་ཉིད་ཀྱིས་ཐོག་མར་བསྒྱུར་བའི་གསུང་རབ་ཁག་ནི་སྔོན་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བྱུང་བའི་མདོ་སྡེ་སྤང་སྐོང་ཕྱག་བརྒྱ་པ་དང་། ཟ་མ་ཏོག་བཀོད་པའི་མདོ། རྟེན་འབྲེལ་གྱི་མདོ་སོགས་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་རྒྱལ་པོས་བཀའ་ཕབ་པ་ལྟར་བསྒྱུར་བར་གྲགས་ཀྱང་། མདོ་རྒྱུད་དེ་དག་གང་དང་གང་ཡིན་མིན་ད་ཡོད་བཀའ་འགྱུར་ནས་ངོས་འཛིན་གསལ་པོ་བྱ་དཀའ་བར་སྣང་། བོད་ཀྱི་ལོ་ཙཱ་བ་ཐུ་མི་རང་ཉིད་དང་། དྷརྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ་བཅས་ནས་མདོ་སྡེ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་སོགས་ཀྱི་སྔ་འགྱུར། དེ་བཞིན་རྒྱ་ཡི་ཧྭ་ཤང་དང་མཉམ་དུ་སྨན་རྩིས་ཀྱི་གཞུང་ཅི་རིགས་རྒྱ་སྐད་ནས་བསྒྱུར་བར་གྲགས།
ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་མཆིམས་ཕུ་དང་། བྲག་དམར་མགྲིན་བཟང་། འཕང་ཐང་[2]སོགས་གཙུག་ལག་ཁང་རྣམས་བཞེངས་ཏེ་བྲན་ཀ་མུལ་ཀོ་ཥ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་བཅས་ནས་མདོ་སྡེ་ལས་བརྒྱ་པ་དང་། གསེར་འོད་དམ་པ་སོགས་བསྒྱུར། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སངས་རྒྱས་ཀྱི་བསྟན་པའི་གཞི་ལེགས་པར་ཚུགས་པ་ལ། བསྟན་པའི་འབྱུང་གནས་རྒྱ་གར་གྱི་ཡུལ་ནས་འགྲན་ཟླ་བྲལ་བའི་ནང་ཆོས་ཀྱི་མཁས་དབང་དགེ་འདུན་དང་བཅས་པ་གདན་དྲང་དགོས་པར་གཟིགས་ཏེ། སྐབས་དེའི་འཕགས་པའི་ཡུལ་གྱི་དཔལ་ན་ལེནྡྲའི་རྩོད་མེད་ཡོངས་གྲགས་ཀྱི་མཁས་དབང་ཟ་ཧོར་གྱི་རྒྱལ་རྒྱུད་ལས་རབ་ཏུ་བྱུང་ཞིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་འདུལ་བ་འཛིན་པ། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་གཤེགས་པའི་སྨྲ་བའི་དབང་ཕྱུག་ཆེན་པོ་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་ཐུགས་རྗེ་ཅན་རྣམ་གཉིས་གདན་དྲངས། སློབ་དཔོན་རིན་པོ་ཆེས་ཕྱི་ནང་གི་བར་ཆད་བཟློག་པར་མཛད་དེ་བསམ་ཡས་དཔལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ཕྱག་བཏབ།

མཁན་ཆེན་ཐུགས་རྗེ་ཅན་དེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་གཞི་བརྟན་པོ་ཚུགས་པར་འདོད་ན་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བོད་པ་རང་ཉིད་ཀྱི་སྐད་དུ་བསྒྱུར་དགོས་པ་དང་། བོད་རིགས་རང་གི་ནང་ནས་བློ་གསལ་ན་གཞོན་རབ་ཏུ་བྱུང་སྟེ་བོད་རང་གི་ཡུལ་མིའི་དགེ་འདུན་གྱི་སྡེ་ཚུགས་ཐུབ་པ་དགོས་རྒྱུ་གལ་གནད་ཆེ་ཞེས་བཀའ་སྩལ་པ་བཞིན། མཁན་ཆེན་ཐུགས་རྗེ་ཅན་གྱི་ལམ་སྟོན་འོག་བསམ་ཡས་གཙུག་ལག་ཁང་དུ་སྒྲ་སྒྱུར་རྒྱ་གར་གླིང་ཕྱག་བཏབ་སྟེ་རྒྱ་གར་གྱི་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་བརྒྱ་ཕྲག་མང་པོ་མཉམ་འཛོམས་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་བཀའ་བསྟན་བསྒྱུར་བའི་འགོ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་གླང་དར་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་རྒོལ་བའི་བྱ་བ་མ་བརྩམས་བར་སྒྲ་སྒྱུར་གྱི་ལས་དོན་རྒྱུན་ཆགས་སུ་མཛད་འདུག་གོ།
སྐབས་དེར་རྒྱ་གར་གྱི་པཎྜི་ཏ་ནི་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་གཙོར་མཛད་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་དང་། བི་མ་ལ་མི་ཏྲ་སོགས་དང་། བོད་ཀྱི་ལོ་ཙཱ་བ་སྦ་གསལ་སྣང་དང་། སྤ་གོར་བཻ་རོ་ཙ་ན་རཀྵི་ཏ། འཁོན་ཀླུའི་དབང་པོ་སྲུང་། རྨ་རིན་ཆེན་མཆོག །ངན་ལམ་རྒྱལ་བ་མཆོག་དབྱངས། རིན་ཆེན་ལེགས་གྲུབ། སྦ་ཡེ་ཤེས་དབང་པོ་བཅས་སད་མི་བདུན་དང་། གཞན་ཡང་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་སོགས་བརྒྱ་ལ་ཉེ་བ་བྱུང་། དེ་རྣམས་ཀྱིས་བཀའ་བསྟན་བསྒྱུར་བའི་ལས་རིམ་རྒྱུན་རིང་གནང་བའི་ཉམས་མྱོང་ལ་གཞི་བཅོལ། བོད་སྐད་ཀྱི་ཐ་སྙད་མི་ཉུང་བ་ཞིག་དུས་དང་བསྟུན་ཏེ་ལེགས་བཅོས་དགོས་པ་བཅས་དགག་དགོས་རྒྱུ་མཚན་དུ་མ་ལ་གཟིགས་ཏེ་མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་སྐབས་རྒྱ་གར་གྱི་མཁན་ཆེན་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ནཤཱི་ལ། བོ་དྷི་མི་ཏྲ་བཅས་དང་། བོད་ཀྱི་ལོ་ཙཱ་བ་རཏྣ་རཀྵི་ཏ་དང་། དྷརྨ་ཏཱཤཱིལ། ཛྙཱ་ན་སེ་ན། ཛ་ཡ་རཀྵི་ཏ། མཉྫུ་ཤྲཱི་ཝརྨཱ། རཏྣེནྡྲ་ཤཱི་ལ་སོགས་ཚོགས་ཏེ་ཆོས་ཚིག་གལ་ཆེ་བ་རྣམས་རྒྱ་སྐད་ནས་བོད་སྐད་དུ་ཇི་ལྟར་སྒྱུར་བའི་ཚུལ་ཚིག་མཛོད་དུ་བཀོད་པ་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་། བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་བཅས་མཛད་དེ་སྐད་གསར་བཅད་དང་། སྒྲ་སྒྱུར་གྱི་ལམ་སྲོལ་ཐབས་ལམ་བཅས་པ་ལེགས་པར་གཏན་ལ་འབེབས་པར་མཛད་པ་ནས་བཟུང་། ད་ལྟའི་བར་ལེགས་སྦྱར་གྱིས་མཚོན་རྒྱ་གར་གྱི་སྐད་རིགས་ཁག་ནས་བོད་སྐད་དུ་སྒྱུར་ཚུལ་སྐྱོན་དང་བྲལ་ཞིང་གཅིག་གྱུར་དེ་བྱུང་བ་ཡིན། བྱེ་བྲག་རྟོགས་བྱེད་ཆུང་ངུ་ཞེས་པ་ཞིག་ཀྱང་མཛད་མོད་དེང་སང་དཔེ་རྒྱུན་མི་སྣང་།
སྒྲ་སྒྱུར་གྱི་སྐོར་དེ་ལྟ་བུའི་ལམ་སྟོན་ནི་འཇིག་རྟེན་འདིའི་སྒྲ་སྒྱུར་གྱི་བྱུང་རབས་ནང་གཞན་སུ་ལའང་མཐོང་དཀོན་པའི་བོད་མིའི་དམིགས་བསལ་གྱི་རིག་རྩལ་དང་། སྒྲ་སྒྱུར་རིག་པར་ཞབས་འདེགས་རླབས་ཆེན་ཞིག་ཡིན་པ་སྨོས་མ་དགོས།
དེ་ལྟར་སྒྲ་སྒྱུར་གྱི་ལས་རིམ་ཡར་རྒྱས་འགྲོ་བཞིན་པ་དང་བསྟུན། སྐ་བ་དཔལ་བརྩེགས་དང་། བན་དེ་ཀླུའི་དབང་པོ་སོགས་ལོ་ཆེན་རྣམས་ཀྱི་གཟིགས་སྐྱོང་འོག་ཕོ་བྲང་ལྡན་དཀར་དུ་བཞུགས་པའི་བཀའ་བསྟན་བསྒྱུར་ཟིན་པ་རྣམས་དཀར་ཆག་ཏུ་བཀོད་པར་དཀར་ཆག་ལྡན་དཀར་མ་ཞེས་གྲགས་ཤིང་། བཀའ་བསྟན་ཟུར་དུ་མ་ཕྱེ་བར་སྡེ་ཚན་ ༢༧ དང་། ཆོས་ཚན་ ༧༢༥ ཐོ་འགོད་གནང་། འདི་ནི་གསུང་རབ་སྡེ་ཚན་དབྱེ་འབྱེད་ (Classification) དང་། དཀར་ཆག་ཏུ་བཀོད་པའི་ (Cataloguing) ལས་གཞི་ཐོག་མ་ལྟ་བུར་སྣང་ཞིང་། བོད་མིའི་གནའ་རབས་ཀྱི་རྣམ་དཔྱོད་ངོ་མཚར་བའི་མཚོན་རྟགས་ལྟ་བུར་སྣང་།
སླར་དུས་རབས་དགུ་པའི་ནང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཆོས་ཀྱི་སྙིང་པོ་སོགས་ཀྱིས་ཕོ་བྲང་མཆིམས་ཕུ་ན་བཞུགས་པའི་བཀའ་བསྟན་ཡོངས་རྫོགས་ཀྱི་དཀར་ཆག་བཀོད་སྒྲིག་མཛད་དེ་དཀར་ཆག་མཆིམས་ཕུ་མ་ཞེས་པ་ཞིག་ཡོད་ཚུལ་གསལ་ཡང་། དེང་སྐབས་དཔེ་རྒྱུན་མི་རྙེད། རིང་པོར་མ་ལོན་པར་ཕོ་བྲང་འཕང་ཐང་ཀ་མེད་ནང་བཞུགས་པའི་བཀའ་བསྟན་ཡོངས་ཀྱི་དཀར་ཆག་ཕྱོགས་སྒྲིག་མཛད་པ་ད་ལྟ་དཀར་ཆག་འཕང་ཐང་མ་ཞེས་གྲགས་པ་དེ་ཡིན་ཞིང་། དཀར་ཆག་འདི་གཉིས་སུ་བཀའ་བསྟན་གྱི་མཚན་དང་། བམ་པོ། ཤླཽ་ཀའི་གྲངས་སོགས་འཁོད་ཅིང་། སྡེ་ཚན་དབྱེ་ཕྱོགས་ནི་བརྗོད་བྱའི་སྒོ་ནས་ཕྱོགས་མཐུན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལྟ་བུར་སྣང་། ཕྱི་ལོ་བརྒྱ་ཕྲག་དགུ་པའི་དཀྱིལ་སྟོད་ནས་གླང་དར་གྱིས་བསྟན་ལ་རྒོལ་བའི་བྱ་བ་བརྩམས་པ་ནས་བཟུང་བོད་སིལ་བུར་ཐོར་ཅིང་། སྒྲ་སྒྱུར་གྱི་སྒྲིག་འཛུགས་ཐོར་ཞིག་ཏུ་སོང་ཐོག ། རྒྱ་བལ་གྱི་མཁས་པ་རྣམས་ཀྱང་ཐོར་གྱར་གྱིས་དུས་ཡུན་གང་འཚམ་སོང་བའི་སྐབས་སུའང་མངའ་རིས་སོགས་མཐའ་མཚམས་ཁག་ཏུ་སྒྲ་སྒྱུར་གྱི་བྱ་བ་ཉུང་ཤས་མུ་མཐུད་དུ་གནས་པར་སྣང་།
ཕྱི་ལོ་བརྒྱ་ཕྲག་བཅུ་པའི་ནང་ལྷ་བླ་མ་ཁུ་དབོན་གྱིས་བོད་ཕྲུག་མང་པོ་ཁ་ཆེའི་ཡུལ་དུ་ཆོས་སློབ་ཏུ་བརྫངས་པ་རྣམས་ཀྱི་ནང་ནས་ཕུལ་དུ་ཕྱིན་པ་ལོ་ཆེན་རིན་ཆེན་བཟང་པོ་དང་། རྔོག་ལེགས་པའི་ཤེས་རབ་སོགས་ལེགས་སྦྱར་དང་མདོ་སྔགས་ཡོངས་ལ་མཁས་པར་སྦྱངས་ཏེ་བོད་དུ་ཕྱིར་ཕེབས་ཀྱིས་རྒྱ་གར་གྱི་པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨཱ་སོགས་སྤྱན་དྲངས་ཏེ་མདོ་རྒྱུད་མང་པོ་བསྒྱུར་ཅིང་། ལྷག་པར་དཔལ་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་ཕེབས་རྗེས་རྒྱན་སྣང་དང་རྟོག་གེ་སྣང་བ་སོགས་གཞུང་མང་པོ་བསྒྱུར། ལྷག་པར་ལོ་ཆེན་རིན་ཆེན་བཟང་པོའི་རྨད་དུ་བྱུང་བའི་མཛད་བཟང་གཞན་ཞིག་ནི་བར་སྐབས་རྒྱལ་བསྟན་ཉམས་རྒུད་སོང་རིང་འགྱུར་དག་དང་མ་དག་ཅི་རིགས་བྱུང་ཡོད་པའི་དོགས་གཞིར་བརྟེན། སྔར་འགྱུར་ཟིན་པའི་བོད་དཔེ་ཡོངས་རྫོགས་ཀྱི་བསྒྱུར་གཞི་རྒྱ་དཔེ་འཚོལ་སྒྲུབ་གནང་སྟེ་རྒྱ་དཔེ་མ་རྙེད་པ་རྣམས་ཟུར་དབྱེ་གནང་བར་གྲགས་ཤིང་། ཁོང་གི་སྐུ་དུས་ནས་སྔ་འགྱུར་གསར་འགྱུར་གྱི་དབྱེ་མཚམས་ཀྱང་བཟུང་། གཞན་ཡང་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་དང་བཅུ་གཉིས་ནང་ལོ་ཆེན་རིན་བཟང་གི་རྗེས་སུ་བྱུང་བའི་ལོ་ཙཱ་བ་གྲགས་ཆེ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་དང་། སྟག་ཚང་ལོ་ཙཱ་བ་གཞོན་ནུ་བརྩོན་འགྲུས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་ཟོམ་ཆོས་བཟང་། འགོས་ཁུག་པ་ལྷས་བཙས། ལྷ་བླ་མ་ཞི་བ་འོད། ཀློག་སྐྱ་ཤེས་རབ་བརྩེགས། པ་ཚབ་ཉི་མ་གྲགས་སོགས་བཅུ་ཕྲག་དྲུག་སྐོར་བྱུང་རབས་རྣམས་སུ་གསལ་བ་ལྟར་ལགས།
ལྷག་པར་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་མཚན་ཉིད་རིག་པའི་གཞུང་སྤྱི་དང་། བྱེ་བྲག་བྱམས་ཆོས་དང་ཚད་མ་རིག་པའི་གཞུང་གལ་ཆེ་བ་རྣམས་གསར་དུ་བསྒྱུར་བ་དང་། སྔར་འགྱུར་ལ་ཞུས་བཅོས་དང་། བསྟན་བཅོས་གལ་ཆེ་བ་རྣམས་ལ་བསྡུས་དོན་བཀོད་པ་སོགས་ཀྱིས། བོད་དུ་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་རྐང་ཚུགས་པར་མཛད། དུས་སྐབས་དེ་དག་ཏུ་བོད་དུ་བྱོན་པའི་རྒྱ་གར་གྱི་པཎ་ཆེན་གྲགས་ཅན་དཔལ་མཉམ་མེད་ཇོ་བོ་ཆེན་པོ་གོང་དུ་ཕུད། པཎྜི་ཏ་གཡཱ་དྷར། པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟི་སོགས་ཡིན་ནོ།།
ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་ནས་བཅུ་དགུ་པའི་བར་དཔང་ལོ་བློ་གྲོས་བརྟན་པ་དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། བུ་སྟོན་རིན་ཆེན་གྲུབ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། འགོས་ལོ་གཞོན་ནུ་དཔལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ཇོ་ནང་པ་ཏཱ་ར་ནཱ་ཐ་སོགས་ཧ་ཅང་མང་པོ་བྱོན་པ་རྣམས་ཀྱིས་ཀྱང་མདོ་སྔགས་ཀྱི་གཞུང་དང་། བརྡ་སྤྲོད། གསོ་བ་རིག་པ། ཚིག་རྒྱན་སོགས་བཀའ་བསྟན་དུ་མ་ཞིག་བསྒྱུར་བར་མཛད་འདུག
དེ་ལྟར་ཕྱི་ལོ་བརྒྱ་ཕྲག་བདུན་པ་ནས་བཟུང་བརྒྱ་ཕྲག་བཅུ་བདུན་པའི་བར་མི་ལོ་ཆིག་སྟོང་བརྒལ་བའི་རིང་བོད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ནས་ཐེག་པ་གསུམ་དང་། རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་གསུང་རབ་དང་། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཕལ་མོ་ཆེ། གཞན་ཡང་སྒྲ་ཚད་བཟོ་གསོ་སོགས་ཐུན་མོང་བའི་རིག་གནས་ཀྱི་གཞུང་ལུགས་གལ་ཆེ་བ་ཕལ་མོ་ཆེ་བོད་སྐད་དུ་བསྒྱུར་གནང་མཛད་པའི་བཀའ་དྲིན་ནི་བོད་མི་ཙམ་མ་ཟད། རྒྱ་གར་འཕགས་པའི་ཡུལ་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་ཡོད་པའི་སྐྱེ་འགྲོ་ཡོངས་ཀྱིས་ནམ་ཡང་གཞལ་བར་དཀའ་བ་ཡིན་ནོ།།
གོང་གསལ་བཀའ་བསྟན་དེ་དག་ལས་ཡུལ་མི་རང་བཞིན་པའི་སྐད་ནས་བསྒྱུར་བའང་ཆོས་ཚན་རེ་ཟུང་ཡོད་པར་མངོན་ལ། རྒྱ་ནག་གི་སྐད་ནས་མདོ་མྱང་འདས་སོགས་མདོ་ཚན་ ༢༤ བསྒྱུར་བར་སྣང་ཞིང་། བསྟན་འགྱུར་དུའང་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་སོགས་བསྟན་བཅོས་གྲངས་ ༡༣ ཙམ་རྒྱ་ནག་གི་སྐད་ནས་བསྒྱུར་བར་གསལ། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་བུ་སྟོན་གྱི་བླ་མ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་སིངྒ་ལའི་སློབ་དཔོན་ཨཱནནྡ་ཤྲཱིའི་དྲུང་ནས་སྐྱེས་པའི་རབས་ཀྱི་གླེང་གཞི་དང་། མདོ་སྡེ་ཚངས་པའི་དྲ་བ་སོགས་མདོ་ཚན་ ༡༣ པཱ་ལི་ནས་བསྒྱུར་བ་ད་ལྟ་བཀའ་འགྱུར་དུ་བཞུགས་ཤིང་། དེ་ལས་གཞན་པའི་ཉན་ཐོས་སྡེ་པའི་མདོ་ད་ལྟ་པཱ་ལིའི་སྡེ་སྣོད་དུ་བཞུགས་པ་དང་མཚན་མཐུན་པ་མང་རབས་ཤིག་ཡོད་ཀྱང་། ནང་དོན་བརྗོད་བྱ་མི་མཐུན་པ་འདུག་པས་པཱ་ལི་ནས་བསྒྱུར་བ་མིན་པར་མངོན།
དེ་བཞིན་བཅོམ་ལྡན་རིགས་རལ་གྱི་དཀར་ཆག་ལྟར་ན་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་དང་། ལི་ཡུལ་ལུང་བསྟན་སོགས་མདོ་ཚན་ ༡༨ དང་། བསྟན་འགྱུར་ཁོངས་དབྱིག་གཉེན་གྱིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་དང་། ལང་གཤེགས་མདོ་འགྲེལ་བཅས་ལི་ཡུལ་གྱི་སྐད་ནས་བསྒྱུར་བར་གསལ། དེ་དག་ཕུད་པའི་བཀའ་བསྟན་གྱི་ཆོས་ཚན་སྤྱི་བྱིངས་ཏེ་གཞུང་གྲངས་སྡོམ་ ༥༨༩༢ ཕལ་ཆེ་བ་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་ཐད་ཀར་བསྒྱུར་ཡོད། ཅེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ༼༥༽ དགའ་ལྡན་ཕོ་བྲང་ཡིག་ཚང་། ༢༠༡༤ ལོ། ཤོག་གྲངས་ ༤༧
[2] འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ནི། འཇམ་དབྱངས་བླ་མ་མཆོག་ལྷ་འོད་ཟེར་གྱིས་དགོན་ཤུལ་དེ་ད་ལྟའི་དུས་སུ་འཇང་དགུན་ཆོས་ཚོགས་ས་ནས་བལྟས་ན་དབུས་ཆུའི་ཕ་རིའི་རྩ་ར་ཁང་ཆེན་གཅིག་ལ་མཆོད་རྟེན་བཞིས་བསྐོར་བ་བྱེ་མའི་དཀྱིལ་དུ་ཡོད་པ་མཐོང་གི་འདུག་པ་དེ་རེད་ཟེར། ཞེས་རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། པོད་གསུམ་པ། སྒོ་མང་དཔེ་མཛོད་ཁང་། ༢༠༠༣ ཤོག་གྲངས་ ༦༡༧ ཐོག་གསལ་ལོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༩ ནས་ ༤༤༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།