བ༽ ལོ་པཎ་གྲངས་འདྲེན་གྱི་འཁྲུལ་གཞི་བྱུང་རིགས།

བ༽ ལོ་པཎ་གྲངས་འདྲེན་གྱི་འཁྲུལ་གཞི་བྱུང་རིགས།

 

དེ་ལྟར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཇི་ཙམ་བྱོན་མིན་དེབ་ཐེར་ཁག་ཏུ་གསལ་བའི་གྲངས་ལ་མང་ཉུང་གི་ཁྱད་པར་ཆེན་པོ་བྱུང་བ་ནི། དེབ་ཐེར་དེ་དག་གི་གཞི་འཛིན་སའི་ཡིག་ཆའི་ཁུངས་མི་འདྲ་བའི་དབང་གིས་ཡིན་ལ། ཡིག་ཚང་ཕལ་མོ་ཆེར་ལོ་ཙཱ་བའི་ཐོག་མ་ཐོན་མི་སམ་བྷོ་ཊ་ནས་ནམ་མཁའ་སྐྱོང་བར་བསྟན་པ་སྔ་དར་སྐབས་བྱོན་པའི་ལོ་ཙཱ་བ་ཇི་ཙམ་བྱོན་པ་བརྩི་ཚུལ་མཐུན་པར་བྱུང་ལ། དེ་དག་ལས་ཞལ་གསལ་ཞིང་ཆ་ལག་ཚང་བ་ནི།

བུ་སྟོན་ཆོས་འབྱུང་སྟེ་བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་དུ་གསལ་བ་དེ་ཉིད་ཡིན་ལ། ཕྱིས་ཀྱི་དེབ་ཐེར་ཕལ་མོ་ཆེས་ཀྱང་དེ་ལ་ཕྱི་མོར་མཛད་པ་རྟོགས་ཐུབ་པ་ཞིག་དང་། གོང་གསལ་དེབ་ཐེར་ཁག་ཏུ་མ་ཚུད་པའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མི་ཉུང་བ་ཞིག་ཀྱང་ལྷག་ལུས་སུ་གྱུར་ལ། ལོ་ཙཱ་བ་འགའ་ཞིག་ལ་མཚན་གྱི་རྣམ་གྲངས་མང་དུ་ཡོད་པའི་དབང་གིས་ཐ་དད་དུ་བརྩི་བ་དང་། ལ་ལ་ལོ་ཙཱ་བ་གཉིས་གཅིག་ཏུ་ངོས་འཛིན་མཛད་པ་སོགས་ཀྱི་འཁྲུལ་གཞི་ཡང་མི་ཉུང་བ་ཞིག་བྱུང་ཡོད།

དེ་ཡང་བཀའ་ཐང་སྡེ་ལྔ་[1]དང་། ཀློང་ཆེན་ཆོས་འབྱུང་[2]། མཁས་པའི་དགའ་སྟོན་[3]སོགས་སུ་སྦ་ཁྲི་གཞེར་སང་ཤི་ཏ་ཞེས་སྦ་ཁྲི་གཞེར་དང་སང་ཤི་ཏ་གཉིས་ལོ་ཙཱ་བ་གཅིག་ཏུ་ངོས་འཛིན་གྱིས་གྲངས་འདྲེན་གནང་ཡོད་ཀྱང་། ཚལ་པ་ཀུན་དགའ་རྡོ་རྗེས་ (1309-1364) མཛད་པའི་དེབ་ཐེར་དམར་པོ་ལས[4]། བོད་འབངས་ནང་སྦ་གསལ་སྣང་། དབས་ཁྲི་ཤེར། སང་ཤི་ཏ། སད་མི་བདུན་སོགས་རབ་ཏུ་བྱུང་། ཞེས་ལོ་ཙཱ་བ་སོ་སོར་ངོས་འཛིན་མཛད་ཡོད་ལ། བུ་སྟོན་ཐམས་ཅད་མཁྱེན་པས་སད་མི་བདུན་ངོས་འཛིན་མཛད་སྐབས་ཁྲི་གཟིགས་དང་པོ་དང་། དེ་ནས་རྦ་གསལ་སྣང་། རྦ་ཁྲི་བཞེར་ཞེས་བགྲངས་པར་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྦ་ཁྲི་གཟིགས་དང་པོ་དང་གསུམ་པ་གཉིས་ཀར་ལན་རེ་གྲངས་འདྲེན་མཛད་དེ་ཁྲི་གཟིགས་དང་ཁྲི་བཞེར་གཉིས་ལོ་ཙཱ་བ་གཅིག་ཏུ་ངོས་འཛིན་ཅིང་། ཡང་དེ་ཉིད་ལས། ཁྲི་བཞེར་གྱི་བུ་སང་ཤི་ཏ་ཞེས་པའི་བུ་དང་རྣམ་དབྱེ་ཆད་པས། གཅོད་མཚམས་ཉམས་པའི་དབང་གིས་མཚན་གཉིས་སུ་སོང་[5]ཞེས་པས་ཁྲི་བཞེར་དང་སང་ཤི་ཏ་གཉིས་ལོ་ཙཱ་བ་ཐ་དད་ཡིན་པ་ར་འཕྲོད་ཅིང་། གཞན་ཡང་ཆོས་འབྱུང་དེ་ཉིད་ལས། རྦ་ཁྲི་བཞེར་གྱི་བུ་ཁྲི་གཟིགས་སམ་སང་ཏི་ཤ་ཞེས་བྱུང་བར་གཞིགས་ཚེ་ཁྲི་བཞེར་དང་ཁྲི་གཟིགས་གཉིས་ལོ་ཙཱ་བ་ཐ་དད་དང་། ཁྲི་གཟིགས་ནི་སང་ཤི་ཏའི་མཚན་གཞན་དུ་ངེས་པར་མ་ཟད། ཁྲི་བཞེར་དང་ཁྲི་གཟིགས་སམ་སང་ཤི་ཏ་ནི་ཕ་བུའམ་ཡང་ན་བུ་སློབ་ཀྱི་འབྲེལ་བ་ཡིན་དགོས་ལ། གོང་གི་བཞེད་ཚུལ་དང་འགལ་ཡོད་པ་ལྟ་བར་སྣང་སྟེ། མདོར་ན། ཁྲི་བཞེར་དང་སང་ཤི་ཏ་གཉིས་དེབ་དམར་དང་བཅས་པའི་སྔོན་གྱི་ཡིག་ཚང་རྣལ་མ་འགའ་ཞིག་ཏུ་ལོ་ཙཱ་བ་གཉིས་སུ་ངེས་པར་ར་འཕྲོད་པར་འགྱུར་ལ། ཁྲི་གཟིགས་སམ་སང་ཤི་ཏ་དང་བུ་སྟོན་ཐམས་ཅད་མཁྱེན་པས་གྲངས་ ༥༥ བགྲངས་པའི་ཁྲོད་དུ་རཏྣ་རཀྵི་ཏ་གཉིས་ལོ་པཎ་གཅིག་ཏུ་ངེས་པ་དང་། ལོ་ཁྱི་ཆུང་དང་། ཁྱི་ཆུང་། ལོ་ཀྱི་ཆུང་བཅས་གཅིག་དང་ཐ་དད་གང་ཡིན་མི་མཐུན་པ། རླངས་དཔལ་གྱི་སེངྒེ་དང་། རླངས་ཆུང་སེངྒེ་དཔལ་གཉིས་གཅིག་ཏུ་འཁྲུལ་བ། འབྲེ་རྒྱལ་བའི་བློ་གྲོས་དང་ལང་འགྲོ་དཀོན་མཆོག་འབྱུང་གནས་གཉིས་རུས་མཚན་འགོད་ལུགས་མི་འདྲ་བ་ལས་ལོ་ཙཱ་བ་གཅིག་ཡིན་པ་དང་། ལ་ལ་ལོ་ཙཱ་བའི་མཚན་འདྲ་བའི་ཆ་ནས་གཅིག་ཏུ་ངོས་འཛིན་ཅིང་། མཚན་གྱི་རྣམ་གྲངས་ཀྱི་ཆ་ནས་སོ་སོར་ངོས་འཛིན་མཛད་པ། ལོ་ཙཱ་བ་གཅིག་གི་མཚན་འདྲེན་ལུགས་མང་དུ་ཡོད་པ་སོ་སོར་ངོས་བཟུང་བ་སོགས་ཀྱི་འཁྲུལ་གཞི་མང་དུ་བྱུང་བ། རྒྱ་གར་གྱི་པཎ་གྲུབ་ཀྱི་མཚན་བོད་སྐད་དུ་བསྒྱུར་བ་དང་། བོད་ཀྱི་ལོ་ཙཱ་བའི་མཚན་ལེགས་སྦྱར་དུ་བསྒྱུར་བ་དེས་ཀྱང་འཕགས་བོད་ཀྱི་ལོ་པཎ་བར་འཁྲུལ་གཞི་བྱུང་བ། ལོ་ཙཱ་བ་ཕལ་མོ་ཆེ་རྟེན་རབ་བྱུང་ཡིན་སྟབས། འདུལ་བའི་བསླབ་སྡོམ་བཞེས་རྗེས་མཚན་མི་འདྲ་བ་གསོལ་བ། ཆོས་ལུགས་གྲུབ་མཐའ་གང་ཡིན་གྱི་ཆ་ནས་དེ་མཐུན་མཚན་སྦྱར་བཀོད་པས་ཀྱང་འཁྲུལ་གཞི་མི་ཉུང་བ་ཞིག་བྱུང་ཡོད།

གཞན་ཡང་གཅིག་ནས་གཉིས་སུ་བྱས་ཏེ་འགོད་ཐབས་བྲལ་ཡང་། དཔེ་མཚོན་འགའ་ཞིག་ཞུས་ན། སྟག་ཚང་ལོ་ཙཱ་བ་དང་འཇམ་དཔལ་ཡེ་ཤེས་དང་ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་གཉིས་གཅིག་དང་ཐ་དད་ཀྱི་འཁྲུལ་གཞི་བྱུང་བ་དང་། ས་པཎ་ཀུན་དགའ་སྙིང་པོ་དང་ཇོ་ནང་ཀུན་དགའ་སྙིང་པོའི་བར་འཁྲུལ་གཞི་བྱུང་བ། རྨ་ཤཱཀྱ་འོད་དང་། མཆིམས་ཤཱཀྱ་འོད། འབྲོ་སེང་དཀར་ཤཱཀྱ་འོད། དགེ་སློང་འོད་བཅས་ཀྱི་བར་འཁྲུལ་གཞི་བྱུང་བ། ག་རོད་ཚུལ་ཁྲིམས་འབྱུང་གནས་དང་སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་བར་འཁྲུལ་གཞི་བྱུང་བ། ལོ་ཙཱ་བ་ནམ་མཁའི་སྐབས་དྲན་པ་ནམ་མཁའ་དང་། གནུབས་ནམ་མཁའི་སྙིང་པོ། ནམ་མཁའ་སྐྱོང་། ནམ་མཁའ་རྡོ་རྗེ། ལོ་ཆེན་ནམ་མཁའ་བཟང་པོ་བཅས་ཀྱི་བར་འཁྲུལ་གཞི་བྱུང་བ། ལོ་ཙཱ་བ་བ་རིའི་མཚན་ཅན་སྐབས་བ་རི་ཆོས་གྲགས་དང་། བ་རི་རིན་ཆེན་གྲགས། ཁམས་པ་ལྡི་རི་ཆོས་གྲགས་བཅས་ཀྱི་བར་འཁྲུལ་གཞི་བྱུང་བ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་སྐབས་ཐར་ལོ་ཉི་མ་རྒྱལ་མཚན་དང་། གནས་བརྟན་ཉི་མ་རྒྱལ་མཚན་བར་འཁྲུལ་གཞི་བྱུང་བ། ཤཱཀྱ་བློ་གྲོས་སྐབས་འབྲོག་མི་ཤཱཀྱ་བློ་གྲོས་དང་། ཨི་བུ་ཤཱཀྱ་བློ་གྲོས་བར་འཁྲུལ་གཞི་བྱུང་བ། གཞོན་ནུ་དཔལ་གྱི་སྐབས་འགོས་ལོ་གཞོན་ནུ་དཔལ་དང་། རྒྭ་ལོ་གཞོན་ནུ་དཔལ་བར་འཁྲུལ་གཞི་བྱུང་བ་དང་། རྒྭ་ལོ་ལའང་རྒྭ་ཆེན་དང་རྒྭ་ཆུང་བར་འཁྲུལ་གཞི་བྱུང་བ། ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་དང་སེ་ལོ་ཙཱ་བ་སོ་སོར་འདྲེན་པའི་འཁྲུལ་གཞི་བྱུང་བ། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོ་དང་། ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེ། ལོ་ཙཱ་བ་ཁྲིམས་ཁང་པ་བསོད་ནམས་རྒྱ་མཚོ། ཁྲུས་ཁང་ལོ་ཙཱ་བ་བཅས་ལོ་ཙཱ་བ་གཅིག་ཡིན་ནའང་གཉིས་གསུམ་དུ་ངོས་འཛིན་མཛད་པའི་འཁྲུལ་གཞི་བྱུང་བ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་། གནུབས་བྱམས་པའི་དཔལ། ཁྲོ་ཕུ་ཚུལ་ཁྲིམས་ཤེས་རབ། གནུབས་ཚུལ་ཁྲིམས་ཤེས་རབ་བར་ལོ་ཙཱ་བ་གཉིས་སམ་བཞིར་ངོས་འཛིན་མཛད་པའི་འཁྲུལ་གཞི་བྱུང་བ། ཞང་ལོ་གྲུབ་པ་དཔལ་དང་། ཕུར་པ་སྐྱབས་སོ་སོར་ངོས་འཛིན་པ་སོགས་མགོ་རྙོག་ཆེ་ལ་འཁྲུལ་གཞི་བྱུང་བ་མང་དུ་སྣང་བས་རྒྱས་པ་གཞན་ལས་ཤེས་པར་བྱའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༡༡

[2] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༧༩

[3] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༧༡

[4] ཚལ་པའི་དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༣༧

[5] ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༩༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༧ ནས་ ༣༦༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *