ང༽ སྐུ་འཁྲུངས་ཤིང་རབ་ཏུ་བྱུང་སྟེ་གསན་བསམ་མཛད་ཚུལ།

ང༽ སྐུ་འཁྲུངས་ཤིང་རབ་ཏུ་བྱུང་སྟེ་གསན་བསམ་མཛད་ཚུལ།

 

དེ་ཡང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་ལས[1]། འཕགས་པའི་ཡུལ་གྱི་གྲོང་ཁྱེར་བཅོམ་བརླག་ཏུ། །བྲམ་ཟེ་ཟླ་བས་བྱིན་དང་ལེགས་བྱིན་མའི། །

སྲས་སུ་བསམ་བཞིན་འཁྲུངས་ཤིང་ཆུང་ངུ་ནས། །རིག་བྱེད་ཡན་ལག་བཅས་པ་ལེགས་པར་བསླབས། །ཡབ་ཀྱིས་ཁྱིམ་འཛིན་གསོལ་ཀྱང་མ་བཞེད་པས། །ཡུམ་གྱིས་དགྱེས་བཞིན་ལེགས་ཀྱིས་དེ་ལྟར་ན། །བུ་ཁྱོད་འདི་ནས་གྲོང་ཁྱེར་ས་ག་རིར། །ཐོགས་མེད་སྐུ་མཆེད་བཞུགས་པའི་ཞབས་དྲུང་དུ། །རབ་ཏུ་བྱུང་ལ་སྡེ་སྣོད་སློབས་ཞེས་གདམས། །བཤུལ་ལམ་རིང་བས་བཞེད་པ་མ་གྲུབ་ཀྱང་། །ཡབ་ཀྱིས་ཁྱིམ་སོ་འཛིན་པར་བསྐུལ་དོགས་ནས། །རིངས་པའི་ཚུལ་གྱིས་ཡུལ་དེར་རབ་བྱུང་སྟེ། །ཐོས་བསམ་སྒོམ་ལ་བརྩོན་པ་རབ་ཏུ་བསྟེན། །ཕྱིས་སུ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་དྲུང་། །སྡེ་སྣོད་གསུམ་དང་རང་གཞན་གྲུབ་པའི་མཐའ། །སྡེ་བཞིའི་ལུང་ལ་མཁས་པའི་མཐར་སོན་པས། །གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཞལ་འདོན་མཛད། །

ཅེས་གསུངས་པ་ལྟར། ཆབ་ཚང་འཇམ་དཔལ་ལགས་ཀྱིས་བྲིས་པའི་སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར་ལས[2]། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་གྲགས་ཅན་བཞི་སྟེ། ཚད་མ་རང་ལས་མཁས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་བཅས་ལས། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཁོང་ནི། རི་ཁ་བ་ཅན་གྱི་རྒྱུད། དར་གྱི་ཡོལ་བ་ལྟ་བུ་ཤར་ནས་ནུབ་ཏུ་བརྒྱངས་པ་རྒྱ་བོད་ས་མཚམས་ཀྱི་ལྷོ། རི་བོ་འབིགས་བྱེད་ཀྱིས་བཅད་པའི་བྱང༌། ཨ་སམ་དང་བྷངྒལ་ནས་བཟུང་མ་གྷ་དྷ་དང་རྡོ་འཇོག་སོགས་ནས་སིནྡྷི་ལ་ཐུག་གི་བར་ཐང་ཆེན་གཅིག་གི་རྒྱུད་དུ་ཆགས་པའི་ཀོ་ཤམྦྷི་ནས་ནུབ་བྱང་ཕྱོགས་ཀྱི་ཡ་མུ་ནའི་ཆུ་འགྲམ་གྱི་ལྷོ་ངོས་ཀྱི་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་གྱུར་པ་ཡབ་ཟླ་བས་བྱིན་དང་། ཡུམ་ལེགས་བྱིན་མ་གཉིས་ཀྱི་སྲས་སུ་མཚན་དཔེའི་མེ་ཏོག་མངོན་པར་བཞད། སྐུ་ན་ཕྲ་མོའི་དུས་ནས་ཡུལ་དེར་གྲགས་པ་ཤིན་ཏུ་ཆེ་བའི་ཕྱི་རོལ་པའི་རིག་བྱེད་དང་གྲུབ་མཐའ་འདྲ་མིན་ལ་ལེགས་པར་སྦྱངས་ཏེ་མཁས་པའི་རྩེ་མོར་སོན་པར་མཛད། འོན་ཀྱང་ཡབ་ཀྱིས་ཡང་ནས་ཡང་དུ་རང་གི་རིགས་ཀྱི་ཆོས་སྒྲུབ་པར་སྐུལ་ཡང་ཚེ་རབས་སྔོན་མའི་བག་ཆགས་ཟབ་མོས་ཐུགས་རྒྱུད་ཡོངས་སུ་བསྐུལ་ཏེ་ཡབ་དམ་པའི་དགོངས་ཚུལ་ལ་ཞལ་བཞེས་མ་གནང་བར། ཡུལ་དེ་ཉིད་ཀྱི་ནང་པའི་གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་བཞེས་གནང་མཛད། ཅེས་གསལ་བ་ལྟར་རོ།།

དེ་བཞིན་རིག་འཛིན་འཇིགས་མེད་གླིང་པས་ (1729/1730-1798) མཛད་པའི་རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག་ལས[3]། དེར་རིགས་ཀྱི་ཆོས་རིག་བྱེད་ཡན་ལག་དང་བཅས་པ་ལ་ལེགས་པར་བྱང་བའི་དུས་ཤིག་ན། དེ་ཉིད་ཀྱི་གཙུག་ལག་ཁང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སློབ་དཔོན་ཆེན་པོ་དབྱིག་གཉེན་ལས་སྡེ་སྣོད་གསུམ་དང་། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་སྦྱངས་པ་ཕུལ་དུ་ཕྱིན། སྡེ་པ་ཐ་དད་པའི་འདུལ་བའི་བསྟན་བཅོས་དང་བཅས་པ་མཐའ་དག་ལ་མཁྱེན་པའི་སྤྱན་དང་ལྡན། རྟག་ཏུ་འདུལ་བ་འབུམ་སྡེ་ཐུགས་ལ་འདོན་པར་མཛད་ཅིང་། ལྷན་ཅིག་གནས་པའི་དགེ་སློང་སྟོང་ཕྲག་ལྔ་ཡོད་པའང་མ་བསྡམས་པའི་ཉེས་བྱས་ཕྲ་མོ་ཙམ་དང་ཡང་མཛའ་བར་མི་བྱེད་ཅིང་། གལ་ཏེ་བྱུང་སྲིད་ནའང་ཕྱིར་བཅོས་ཀྱིས་དེ་མ་ཐག་ཏུ་སོར་ཆུད་པར་བྱེད་པས་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་བསྟན་པ་སྐྱོང་བའི་དུས་བཞིན་དུ་ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བའི་རྒྱན་དམ་པར་མཛེས་པ་ཉིད་དོ། །ཞེས་གསལ་བ་ལྟར་དང་། སློབ་དཔོན་གང་གི་དྲུང་ནས་རབ་ཏུ་བྱུང་མིན་གསལ་ཁ་མི་སྣང་ངོ་།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།

[2]  http://tibettimes.net/blog/ སློབ་དཔོན་ཡོན་ཏན་འོད།

[3]  རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༣ ནས་ ༢༤༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *