བདུན། སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་གསལ་བའི་ལོ་པཎ།

བདུན། སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་གསལ་བའི་ལོ་པཎ།

ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་བགྲངས་པའི་ལོ་པཎ་རྣམས་ཀྱི་མཚན་གཞུང་ནི། མདོར་ན། དེ་དག་གི་སྐབས་སུ་བོད་ཀྱི་ཡུལ་འཛིན་མའི་ཁྱོན་འདིར་ཞབས་ཀྱིས་བཅགས་ཤིང་བསྟན་པ་རྒྱས་པའི་རྩ་ལག་ཏུ་གྱུར་པའི་པཎྜི་ཏ་དང༌། སྐད་གཉིས་སྨྲ་བའི་དབང་པོ་སྤྲུལ་པའི་ལོ་ཙཱ་བ་གང་དག་བྱོན་པ་ཕལ་ཆེ་བ་རྣམས་ཀྱི་མཚན་གྱི་ཕྲེང་བ་རྟོགས་པར་སླ་བའི་ཕྱིར། ཚིགས་སུ་བཅད་པར་བསྡེབས་ན་འདི་ལྟ་སྟེ།

བོད་དུ་རྒྱལ་བའི་བསྟན་པ་སྔ་དར་དུས། །རྒྱ་བལ་ཁ་ཆེ་ནས་བྱོན་པཎྜི་ཏ། །ཀུ་ས་ར་དང་བྲམ་ཟེ་ཤངྐ་ར། །(བལ་པོ་)མཉྫུ་ཤྲཱི་དང་མཁན་ཆེན་ཞི་བ་འཚོ། །པདྨ་འབྱུང་གནས་སྔགས་འཆང་ཆོས་ཀྱི་གྲགས། །དྲི་མེད་བཤེས་གཉེན་དང་ནི་སངས་རྒྱས་གསང་། །ཤཱནྟི་(བསམ་ཡས་རབ་གནས་མཁན་)གརྦ་རྣམ་དག་སེང་གེ་དང་། །པདྨའི་ངང་ཚུལ་བྲམ་ཟེ་ཨཱ་ནནྡ། །ཀལྤ་མི་ཏྲ་ཛི་ན་མི་ཏྲ་དག །(ལྷ)སུ་རེནྡྲ་བོ་དྷི་(ལྷ་དབང་བྱང་ཆུབ་)ཤཱི་ལེནྡྲ་བོ་དྷི། །དཱ་ན་ཤཱི་ལ་བོ་དྷི་མི་ཏྲ་དང༌། །མུ་ནི་ཝརྨ་སརྦ་ཛྙཱ་དེ་ཝ། །བིདྱྭ་ཀ་ར་པྲ་བྷ་(རིག་བྱེད་འོད་ཟེར་)ཞེས་བྱ་ལ་སོགས་དང་། །རྒྱ་ནག་སློབ་དཔོན་མ་ཧཱ་དེ་ཝ་ཆེ། །མ་ཧཱ་ཡཱ་ན་ཞེས་བྱ་ལ་སོགས་བྱོན། །དེ་དེའི་སྐབས་སུ་སྐད་གཉིས་སྨྲ་བའི་དབང་། །ཀུན་གྱི་སྔོན་མ་ཐོན་མི་སམྦྷོ་ཌ། །དྷརྨ་ཀོ་ཥ་དང་ནི་རྡོ་རྗེ་དཔལ། །(བྲན་ཀ་)མཱུ་ལ་ཀོ་ཥ་ཡེ་ཤེས་གཞོན་ནུ་(གཉགས་)དང༌། །ངན་ལམ་རྒྱལ་བ་མཆོག་དབྱངས་(རྦ་)ཡེ་ཤེས་དབང་། །(འབའ་ཁྲི་བཞེར་)སཾ་ཤི་ཏ་དང་སྦྲང་རྒྱར་ལེགས་གཟིགས་མཚན། །སེང་གོང་ལྷ་ལུང་གཟིགས་དང་(རྦ་)གསལ་སྣང་དང་། །(སྣ་ནམ་)རྡོ་རྗེ་བདུད་འཇོམས་(ལྕེ་)ཛྷཱན་སིདྡྷིའི་མཚན། །(མཆིམས་)ཤཱཀྱ་པྲ་བྷཱ་(བྲང་ཏི་)ཛ་ཡ་རཀྵི་ཏ། །(ཤུད་བུ་)དཔལ་གྱི་སེང་གེ་མཉྫུ་ཤྲཱི་དབའ། །(རྩངས་)ལྷ་དབང་བསྲུངས་དང་བྲན་ཀ་མུ་ཏི་ཀ །(པ་གོར་)རྣམ་པར་སྣང་མཛད་བསྲུངས་དང་(འཁོན་)ཀླུ་དབང་སྲུངས། །(རྨ་)རིན་ཆེན་མཆོག་དང་(རྩངས་)རིན་ཆེན་ལེགས་པར་གྲུབ། །དྷ་རྨ་ལོ་ཀ་དྲན་པ་ནམ་མཁའ་དང༌། །རྣམ་པར་མི་རྟོག་ཤཱཀྱ་འོད་དང་ལྕེ། །ཁྱི་འབྲུག་དང་ནི་(ཁམས་པ་)གོ་ཆ་ཉང་ཛྙཱ། །དེ་ཝ་ཀོ་ཥ་རྒྱལ་ཉིན་(ཞང་)ཉ་བཟང་དང༌། །འགོས་ལོ་ཆོས་འགྲུབ་སྟོང་གི་ཨཱ་ཙཱརྱ། །དྷརྨ་ཤཱི་ལ་(ཅོག་རོ་)ཀླུ་ཡི་རྒྱལ་མཚན་དང་། །དཔལ་བརྩེགས་བསྲུངས་དང་རཏྣ་རཀྵི་ཏ། །ཡེ་ཤེས་སྡེ་དང་ཛ་ཡ་རཀྵི་ཏ། །འཇམ་དཔལ་གོ་ཆ་རཏྣེནྡྲ་ཤཱི་ལ། །བཟང་སྐྱོང་ལྷ་ཡི་ཟླ་བ་དཔལ་གྱི་ལྷུན། །དཔལ་གྱི་འབྱོར་པ་ཡེ་ཤེས་སྙིང་པོ་ཅན། །རྒྱལ་བ་ཤེས་རབ་ཤཱཀྱ་བཤེས་གཉེན་དང༌། །དགེ་བ་དཔལ་དང་ལེགས་སྡེ་(གནུབས་)ནམ་མཁའི་སྙིང་། །ཡིག་མཁན་དགོན་གླིང་རྨ་དང་གཞོན་ནུ་བསྲུངས། །ནམ་མཁའི་སྐྱོང་སྟེ་སྐད་གཉིས་སྨྲ་རྣམས་ཀྱིས། །དམ་པའི་ཆོས་མང་བོད་ཀྱི་སྐད་དུ་བསྒྱུར།།
བསྟན་པ་ཕྱི་དར་དུས་ཀྱི་པཎྜི་ཏ། །བུདྡྷ་པཱ་ལ་དྷརྨ་པཱ་ལ་དང༌། །པྲཛྙཱ་པཱ་ལ་དང་ནི་ལེགས་པར་བཤད། །ཤྲདྡྷ་ཀ་ར་ཝརྨ་པདྨ་སྦས། །མུཀྟི་མི་ཏྲ་སངས་རྒྱས་དཔལ་ཞི་བ། །ཤེས་རབ་གོ་ཆ་ཇོ་བོ་(རྗེ་དཔལ་ལྡན་)ཨ་ཏི་ཤ །(དེའི་དབོན་པོ་)དཱ་ན་ཤཱི་དང་དྲན་པ་ཡེ་ཤེས་གྲགས། །ཕྲ་ལ་རིང་བ་སུ་ནྱཱ་ཡ་ཤྲཱ་དང༌། །(ཁ་ཆེ་)ཛྙཱ་ན་ཤྲཱི་དང་ཙནྡྲ་རཱ་ཧུ་ལ། །(འབུམ་ཕྲག་གསུམ་པ་)དྷི་ར་པཱ་ལ་ཨ་ཏུ་ལྱ་ད་ཤ །བློ་བཟང་གྲགས་པ་ཨ་མ་ར་ཙནྡྲ། །ཐིག་ལེ་བུམ་པ་གཞོན་ནུ་བུམ་པ་དང༌། །གསེར་གྱི་གོ་ཆ་དམ་པ་རྒྱ་གར་བ། །ཛ་ཡཱ་ནནྡ་ག་ཡ་དྷ་རའི་ཞབས། །དོན་ཡོད་རྡོ་རྗེ་ཁ་ཆེ་ཟླ་བ་མགོན། །སྟོང་ཉིད་ཏིང་འཛིན་རྡོ་རྗེ་ཡེ་རྡོར་བ། །ཤེས་རབ་གསང་བ་མ་ཧཱ་ཛ་ན་དང༌། །སྟོབས་ཀྱི་ཟླ་བ་མནྡྲ་ཀ་ལཀྵུ། །ཀརྨ་བཛྲ་དང་ནི་ཛ་མཱ་རི། །དཔའ་བོ་རྡོ་རྗེ་སྒྲ་གཅན་འཛིན་སྦས་པ། །རྣམ་སྣང་རྡོ་རྗེ་མཉྫུ་གྷོ་ཥ་དང༌། །སཱུརྱ་ཀཱིརྟི་པྲཛྙཱ་ཤྲཱི་ཛྙཱ་ན། །གཾ་གཱ་དྷ་ར་དང་ནི་ནོར་སྦས་དང་། །ཀུན་བཟང་དཔལ་དང་ནིཥྐ་ལངྐ་ལྷ། །འགྲོ་བཤེས་དགའ་དང་བུདྡྷ་ཤྲཱི་ཛྙཱ་ན། །ཤཱཀྱ་ཤྲཱི་བཟང་རབ་འབྱོར་ཟླ་བ་དང༌། །སུ་ག་ཏ་ཤྲཱི་དཱ་ན་ཤཱི་ལ་དང༌། །ཛ་ཡ་དཏྟ་དང་སཾ་གྷ་ཤྲཱི། །བློ་བཟང་སྙིང་པོ་ཀཱ་ལ་ཙནྡྲ་དང་། །ཛི་ན་གུཔྟ་མ་ཧཱ་བོ་དྷི་པ། །ཛ་བྷ་མ་ཤྲཱི་འཇིག་རྟེན་གསུམ་ཀུན་དགའ། །ལོངས་སྤྱོད་རྡོ་རྗེ་དང་ནི་རཏྣ་ཤྲཱི། །བལ་པོ་མ་ཧཱ་པ་ན་བཛྲ་ཀཱིརྟི་དང་། །ཀ་ཡ་ཤྲཱི་དང་བལ་པོ་གྲགས་པ་དཔལ། །ཀུ་མཱ་ར་དང་ཐམས་ཅད་མཁྱེན་པའི་དཔལ། །སཱ་དྷུ་ཀཱིརྟི་བི་ན་ཡ་ཤྲཱི་དང༌། །ཤཱི་ལ་ཤྲཱི་དང་མངྒ་ལ་ཤྲཱི་དང༌། །བི་མ་ལ་ཤྲཱི་དཱར་པན་ཨཱ་ཙཱརྱ། །རྒྱལ་བའི་ལྷ་དང་ལཀྵྨཱི་ཀ་ར། །ཨཱ་ནནྡ་བྷི་རཱ་ཧུ་ལ་ཤྲཱི་དང༌། །ཟངས་གླིང་པ་དང་ཀཱིརྟི་པཎྜི་ཏ། །ཤ་རི་པུ་ཏྲ་ནགས་ཀྱི་རིན་ཆེན་དང༌། །བུདྡྷ་གུཔྟ་ཞེས་བྱ་ལ་སོགས་སོ།།
དུས་དེར་སྔ་ཕྱིར་བྱོན་པའི་ལོ་ཙཱ་བ། །ཆེན་པོ་ལྷ་ཡི་བླ་མ་ཡེ་ཤེས་འོད། །རིན་ཆེན་བཟང་པོ་གྲགས་འབྱོར་ཤེས་རབ་དང༌། །(འབྲོ་)སེང་དཀར་ཤཱཀྱ་འོད་དང་ལྷ་ཞི་བ་འོད། །(རྔོག་)ལེགས་པའི་ཤེས་རབ་(རྒྱ་)བརྩོན་འགྲུས་སེངྒེ་དང༌། །(ནག་ཚོ་)ཚུལ་ཁྲིམས་རྒྱལ་བ་ཁུ་ཡི་དངོས་གྲུབ་དང༌། །(འབྲོམ་)རྒྱལ་བའི་འབྱུང་གནས་ཤཱཀྱ་བློ་གྲོས་མཚན། །ཆོས་ཀྱི་ཤེས་རབ་(མར་ཐུང་)དད་པ་ཤེས་རབ་དང༌། །(རྨ་)དགེ་བའི་བློ་གྲོས་(ག་རོད་)ཚུལ་ཁྲིམས་འབྱུང་གནས་མཚན། །(ཁྱུང་པོ་)ཆོས་ཀྱི་བརྩོན་འགྲུས་སྟག་ལོ་གཞོན་བརྩོན་པ། །མགར་པ་ཆོས་བཟང་ཤེའུ་རྡོ་རྗེའི་ལྷ། །རབ་ཞི་བཤེས་གཉེན་(རྔོག་)བློ་ལྡན་ཤེས་རབ་ཅན། །(པུ་ཧྲང་)
ལེགས་པའི་ཤེས་རབ་(ཟངས་དཀར་)འཕགས་པ་ཤེས་རབ་དང༌། །(འབྲོག་མི་)ཤཱཀྱ་ཡེ་ཤེས་དགའ་བའི་རྡོ་རྗེ་གཟུ། །གྱི་ལྗང་དབུ་དཀར་ཆོས་ཀྱི་ཡོན་ཏན་དང་། །ཆོས་ཀྱི་རིན་ཆེན་(མར་པ་ལྷོ་བྲག་)ཆོས་ཀྱི་བློ་གྲོས་མཚན། །གཉན་ལོ་དར་མ་གྲགས་དང་འགོས་ལྷས་བཙས། །གྱི་ཇོ་ཟླ་བའི་འོད་ཟེར་(ཀློག་སྐྱ་)ཤེས་རབ་བརྩེགས། །(མལ་གྱོ་)བློ་གྲོས་གྲགས་དང་(སེ་ཙ་)བསོད་ནམས་རྒྱལ་མཚན་པ། །རོང་པ་ཆོས་བཟང་(ཡོལ་ལྕགས་)རྡོ་རྗེ་དབང་ཕྱུག་དང༌། །(མང་འོམ་)བྱང་ཆུབ་ཤེས་རབ་རྩ་མི་སངས་རྒྱས་གྲགས། །ཁེའུ་གད་འཁོར་ལོ་གྲགས་དང་(སྤང་ཞོ་)གསལ་བ་གྲགས། །དིང་རི་ཆོས་གྲགས་རྒྱུས་ཀྱི་སྨོན་ལམ་གྲགས། །པ་ཚབ་ཉི་གྲགས་བ་རི་རིན་ཆེན་གྲགས། །(འབྲོ་)ཤེས་རབ་གྲགས་དང་རྭ་ཆེན་རྡོ་རྗེ་གྲགས། །ཀྲེ་བོ་ཤེས་དཔལ་བཀྲ་ཤིས་རྒྱལ་མཚན་པ། །བ་རེག་ཐོས་དགའ་རྨ་བན་ཆོས་འབར་དང༌། །མཚུར་སྟོན་དབྱིག་གི་རྒྱལ་མཚན་མཚུར་དབང་ངེ་། །(དཔྱལ་པ་)ཀུན་དགའ་རྡོ་རྗེ་དང་ནི་(དཔྱལ་)ཀུན་དགའ་གྲགས། །མར་དོ་ཆོས་དབང་ཆོས་ཀྱི་སྙིང་པོ་དང༌། །(ཀམ་)ཆོས་ཀྱི་ཡེ་ཤེས་(ཕྱུགས་མཚམས་)དབང་ཕྱུག་རྒྱ་མཚོ་དང༌། །ཚུལ་ཁྲིམས་ཡོན་ཏན་ཁེའུ་གད་ཡོན་ཏན་དཔལ། །བསོད་ནམས་བཟང་པོ་སུམ་པ་དཔལ་མཆོག་གི །རྡོ་རྗེ་དང་ནི་ཉི་མ་རྡོ་རྗེ་དང་། །(ཁུ་)དགེ་བསྙེན་ནེ་ཙོ་གློག་སྐྱ་གཞོན་ནུ་འབར། །ལྷ་སྟོན་ཡེ་ཤེས་རྒྱལ་མཚན་བྱང་ཆུབ་འབྱུང༌། །(གླན་)ཆོས་ཀྱི་བློ་གྲོས་(ཅོག་གྲུ་)ཏིང་ངེ་འཛིན་བཟང་པོ། །ཤེས་རབ་ཡེ་ཤེས་རིག་པ་གཞོན་ནུ་དང༌། །གཞོན་ཚུལ་དང་ནི་ཁུ་ཡི་མདོ་སྡེ་འབར། །ཤེས་རབ་བརྩོན་འགྲུས་དང་ནི་གཡུང་དྲུང་འོད། །བསོད་ནམས་རྒྱལ་བ་(ཅོག་གྲུ་)ཤེས་རབ་བླ་མ་དང་། །(ཅོག་གྲུ་)མྱ་ངན་མེད་དཔལ་ལ་ཆིངས་ཡོན་ཏན་འབར། །བསོད་ནམས་མོས་པ་དགེ་ཚུལ་ཁྱུང་གྲགས་པ། །ཚུལ་ཁྲིམས་བརྩེགས་པ་དང་ནི་ལྷ་བཙུན་པ། །ལྷ་བཙན་མུ་ནི་རཱ་ཛ་(རྔོག་)སངས་རྒྱས་བསྐྱངས། །རྒྱལ་གྱི་ལོ་ཙཱ་(སྦལ་)རྡོ་རྗེ་རྒྱལ་པོ་དང༌། །དེ་ཝ་རིན་ཆེན་(ལྷ་)ཆོས་ཀྱི་རིན་ཆེན་དང༌། །ཚུལ་ཁྲིམས་འོད་ཟེར་(ཀྱུར་དགེ་སློང་)བྱ་ཡི་གདོང༌། །ད་བྱིད་ལོ་ཙཱ་དང་ནི་ཕུར་བུ་འོད། །(པ་ཚབ་)ཚུལ་རྒྱལ་ཤེས་རབ་ལེགས་དང་(ནག་ཚོ་)དྷརྨ་གྲགས། །མར་པ་བློ་གྲོས་བཟང་པོ་སེ་ལོ་ཙཱ། །ཟླ་བ་གྲགས་པ་གཉལ་མི་ཡེ་ཤེས་ཆོས། །ཆོས་ཀྱི་ཟླ་བ་དགེ་སློང་ཤེས་རབ་བསྐྱབས། །ནག་ཚོ་ཤེར་རྒྱན་འ་ཞ་རྒྱ་གར་བརྩེགས། །གཉན་སྟོན་བསོད་ནམས་བ་རི་ཆོས་གྲགས་དང་། །ཨོང་པོ་ལོ་ཙཱ་གཞོན་ནུ་ཤེས་རབ་དང་། །འགར་བ་ཤེས་འབྱུང་འཇམ་དཔལ་གཞོན་ནུ་དང་། །ཤེས་རབ་འོད་ཟེར་དང་ནི་(ལྕེ་)དགའ་བ་དཔལ། །ཡེ་ཤེས་འབྱུང་གནས་ཤཱཀྱ་བརྩོན་འགྲུས་པ། །རྭ་པ་ཆོས་རབ་(ལོ་བཙུན་ཆུང་)རྡོ་རྗེ་རྒྱལ་མཚན་དང་། །ཞ་མ་དགེ་བསྙེན་སེང་རྒྱལ་ལྕེ་བཀྲ་ཤིས། །ཆག་ལོ་དགྲ་བཅོམ་དཔྱལ་པ་ཆོས་ཀྱི་བཟང༌། །(གནུབས་)བྱམས་པའི་དཔལ་དང་ས་སྐྱ་པཎྜི་ཏ། །(ཆག་ལོ་)ཆོས་རྗེ་དཔལ་དང་(དཔྱལ་པ་)ཤེས་རབ་འོད་དང་ཞང༌། །གྲུབ་པ་དཔལ་དང་(གློ་བོ་)ཤེས་རབ་རིན་པོ་ཆེ། །འུ་རུ་དར་མ་སེང་གེ་(ལྷོ་བྲག་)མི་མཉམ་བཟང་། །ཤོང་སྟོན་རྡོ་རྗེ་རྒྱལ་མཚན་(ཤོང་)བློ་གྲོས་བརྟན། །ཨཽ་ཌྱཱ་ན་པ་རིན་ཆེན་དཔལ་དང་ཁམས། །བློ་གྲོས་རྒྱལ་པོ་ལྡན་མ་ཚུལ་སེང་དང༌། །ར་ས་གཞོན་བརྩོན་ཤུ་ཀེ་གྲགས་རྒྱལ་མཚན། །(ཐར་ལོ་)ཉི་མ་རྒྱལ་མཚན་དཔང་ལོ་བློ་གྲོས་བརྟན། །སྒྲ་ཚད་སྨྲ་བ་རིན་རྒྱལ་(དབུས་པ་)བློ་གསལ་དང༌། །ལེགས་པའི་བློ་གྲོས་ཡར་ལུང་གྲགས་རྒྱལ་མཚན། །(བུ་སྟོན་)རིན་ཆེན་གྲུབ་དང་རིན་ཆེན་རྣམ་རྒྱལ་བ། །(ཇོ་ནང་)བློ་གྲོས་དཔལ་དང་ཀུན་སྤངས་གྲགས་པའི་མཚན། །(ལོ་ཆེན་)བྱང་ཆུབ་རྩེ་མོ་བོ་དོང་གྲགས་རྒྱལ་མཚན། །སྣར་ཐང་སཾ་གྷ་ཤྲཱི་དང་སྐྱབས་མཆོག་དཔལ། །ཤེས་རབ་རིན་ཆེན་(ཆོས་འཁོར་སྒང་)འགོས་ལོ་གཞོན་ནུ་དཔལ། །(ཆག་ལོ་)རིན་ཆེན་ཆོས་རྒྱལ་བསོད་ནམས་རྒྱ་མཚོ་དང་། །(ཞ་ལུ་)ཆོས་སྐྱོང་བཟང་པོ་ཏཱ་ར་ནཱ་ཐ་དང༌། །ངག་དབང་ཕུན་ཚོགས་ལ་སོགས་སྐད་གཉིས་སྨྲ། །མང་པོས་བཀའ་དང་བསྟན་བཅོས་འདི་སྙེད་ཅིག །བསྒྱུར་དང་བཤད་པས་གཏན་ལ་ཕབ་པར་མཛད། །ཅེས་ཚིགས་བཅད་དུ་བསྡེབས་ནས་གསུངས་པ་ལྟར་པཎྜི་ཏ་ ༧༣ དང་། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ ༡༥༧ རིམ་པར་བྱོན་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་ཡོད་པ་བཅས་སོ།། །།

 

དཔྱད་གཞིའི་ཡིག་ཆ།

སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་ངོས་ ༡༥༨-༡༦༣ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༣ ནས་ ༣༢༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *