ཉ༽ བཙན་པོའི་གཟིགས་སྐྱོང་དང་ལོ་ཙཱ་བའི་གསོལ་ཕོགས། ཏ༽ ལོ་ཙཱ་བའི་དབྱེ་བ་དང་སོ་སོའི་ལས་འགན།

ཉ༽ བཙན་པོའི་གཟིགས་སྐྱོང་དང་། ལོ་ཙཱ་བའི་གསོལ་ཕོགས།

 

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལོ་ཙཱ་བ་རྣམས་ཀྱི་འཚོ་བའི་ཐད་དམིགས་བསལ་གཟིགས་སྐྱོང་ཇི་ལྟར་གནང་ཡོད་ཅེ་ན། སྐབས་དེར་ལོ་ཙཱ་བའི་གསོལ་ཐང་ (གསོལ་ཕོགས་) ཞེས་འཚོ་བའི་ཐོབ་ཐང་བློན་ཆེན་དང་མཉམ་པ་ཡོད། དེ་ཡང་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[1]། སྒྲ་སྒྱུར་གྱི་ལོ་ཙཱ་བ་དེ་ལ་གསོལ་ཐང་ནི། བློན་ཆེན་པོ་ཀུན་དང་མཉམ་མོ། །བློན་ཆེན་པོའི་ཟ་ཐང་ནི། རྒྱལ་པོས་གསོལ་བའི་གསུམ་ཆ་གཅིག་ཡིན་ནོ། །

རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་ན་མ་རེ་རེ་ལ་ཡོད་དོ། །ཞེས་གསལ་བ་ལྟར། སྐུ་སྲུང་དམག་མི་ ༡༠༠ ཐམ་པའི་ཕོགས་ཐོབ་དང་། རྒྱལ་པོའི་གསོལ་ཐང་མཉམ་པ་དང་། བློན་ཆེན་དང་། སྒྲ་སྒྱུར་ལོ་ཙཱ་བའི་གསོལ་ཐང་མཉམ་པས། དེའི་སུམ་ཆ་གཅིག་སྟེ་བརྒྱ་ཆ་ ༣༣༌༣༣ ཙམ་ཡིན་པས། སྐུ་སྲུང་དམག་མི་ ༣༣ ཙམ་གྱི་ཕོགས་ཐོབ་ལོ་ཙཱ་བ་གཅིག་ལ་གསོལ་སྩལ་གནང་བཞིན་ཡོད། མདོར་ན། རྒྱལ་པོའི་ཉིན་རེའི་གསོལ་ཟས་ཀྱི་འབྲུ་རིགས་དང་། གསོལ་མར། གསོལ་ཇ། བཞེས་སྣུམ། གསོལ་དཀྲུམ། ཤིང་ཏོག་སོགས་བསྡོམས་འབོར་གྱི་གསུམ་ཆ་གཅིག་གི་ཐོབ་ཐང་དང་མཉམ་པ་རྒྱལ་པོའི་བང་མཛོད་ནས་སྐད་གཉིས་སྨྲ་བའི་ལོ་ཙཱ་བར་གནང་སྲོལ་ཡོད་པར་མ་ཟད། ལོ་ཙཱ་བ་སློབ་སྦྱོང་དུ་འགྲོ་མཁན་བོད་ཕྲུག་ཚང་མའི་འགྲོ་གྲོན་སློབ་ཡོན་དང་། ལམ་ཆས། གསེར་ཕོན་ཆེན། ཚ་བའི་སྨན་སོགས་བཙན་པོ་རང་ཉིད་ཀྱི་བང་མཛོད་ནས་སྩལ་ཏེ་རྒྱ་གར་འཕགས་ཡུལ་དང་། བལ་པོའི་རྒྱལ་པོར་ངོ་སྤྲོད་བཀའ་ཡིག་དང་། ཕྱག་རྟགས་བཅས་བསྐུར་ནས་བརྫངས་པ་གནང་ཡོད་ཚུལ་དུང་དཀར་རིན་པོ་ཆེའི་གསུང་འབུམ་དུ་གསལ་བ་ལྟར་རོ།།  །།

 

ཏ༽ ལོ་ཙཱ་བའི་དབྱེ་བ་དང་། སོ་སོའི་ལས་འགན།

དེ་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[2]།

ལོ་ཙཱ་ཆེ་འབྲིང་ཆུང་དང་གསུམ༔ མདོ་རྒྱུད་བསྟན་བཅོས་མང་བསྒྱུར་བ༔

དར་གྱི་གབ་ཙེའི་ཁྲིར་བཞུགས་པ༔ ལོ་ཙཱ་མཁས་པ་བརྒྱ་རྩ་བརྒྱད༔

ཅེས་གསུངས་པ་ལྟར། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ལ་དབྱེ་ན་ཆེ་འབྲིང་ཆུང་གསུམ་སྟེ། ཞུས་ཆེན་གྱི་ལོ་ཙཱ་བ་དང་། བར་ཞུས་ཀྱི་ལོ་ཙཱ་བའམ་ལོ་ཙཱ་བ་འབྲིང་བ། མཆན་བུའི་ལོ་ཙཱ་བ་སྟེ་ལོ་ཆུང་དང་གསུམ་ཡོད། དེ་ཡང་པདྨ་བཀའ་ཡི་ཐང་ཡིག་ལས[3]། དེ་དུས་སྔགས་དང་མཚན་ཉིད་ལོ་ཙཱ་བ༔ ཆེ་གསུམ་ཆུང་གསུམ་འབྲིང་དགུ་རུ་ཕྱེ༔ རྒན་གསུམ་གཞོན་གསུམ་དྲུག་ཏུ་ཕྱེ་བ་ལ༔ བཻ་རོ་ཙ་ན་ཀླུའི་དབང་མེས་བཀོལ་གསུམ༔ ལོ་ཙཱ་ཆེ་གསུམ་ཡིན་ཏེ་ཆུང་གསུམ་ནི༔ སྐ་བ་རྨ་རིན་སྦ་མི་ཁྲི་གཞེར་གསུམ༔ འབྲིང་གསུམ་གཉགས་བན་ཛྙཱ་ན་ཀུ་མཱ་ར༔ ཞང་ལོ་སེ་བཙན་ཤུད་བུ་ཁོང་སླེབས་གསུམ༔ རྒན་པ་གསུམ་ནི་ལྷ་ལུང་ཡུལ་སྐོང་དང་༔ ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚན༔ གཞོན་པ་གསུམ་ནི་གཡུ་སྒྲ་སྙིང་པོ་དང་༔ ལེགས་སྦྱིན་ཉི་མ་ནམ་མཁའི་སྙིང་པོ་འོ༔ མཆན་བུ་ཡོན་ཏན་སྙིང་པོ་རྩེ་མང་དང་༔ དེ་བ་བྱང་སྙིང་དམ་པ་འདུལ་ལ་སོགས༔ འདིར་མ་བཀོད་པ་གཞན་དག་ཐམས་ཅད་དོ༔ ཞེས་ལོ་ཙཱ་བ་ཆེ་འབྲིང་ཆུང་གསུམ་དང་། རྒན་གཞོན་བར་གསུམ་དུ་ཕྱེ་བར་གསུངས་པ་ལྟར། མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[4]། ལོ་ཙཱ་བའི་མཆན་བུ་འདན་མ་རྩེ་མང་དང༌། ལེགས་སྦྱིན་ཉི་མ་དང༌། རྩངས་དྷེ་ཝེནྡྲ་དང༌། རྣམ་པར་མི་རྟོག་པ་དང༌། ཁ་ཆེ་སྐྱེས་བཟང་གི་བླ་མ་ཨ་ནན་ཏ། གོ་གོམ་ཆོས་སྒྲུབ་དང༌། ལོ་ཀྱི་ཆུང༌། འཁོན་ཀླུའི་དབང་པོ་སྲུང་བ་དང༌། དེ་བ་ཙནྡྲ། གྲུ་གུ་ཨུ་པེ་ཤ་དང༌། རུ་གྱོང་བྷིརྱ་ར་ཛ་དང༌། དེ་བ་ཙནྡྲ་དྷརྨ་ཙརྱ་དང༌། དེ་ལ་སོགས་པའི་ལོ་པཎ་མང་པོ་དང༌། ཁྱད་པར་གྱི་བུ་མོ་དྲུག་དང༌། དེ་ལ་སོགས་པ་གྲུབ་ཆེན་ཉི་ཤུ་རྩ་ལྔ་དང༌། ལོ་ཙཱ་བ་དང༌། ལོ་ཙཱ་བའི་མཆན་བུ་རྣམས་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་པདྨ་དང་གསུམ་སྨོན་ལམ་ལྷན་ཅིག་བཏབ་པ་དང༌། གཞན་གྲུབ་པ་ཐོབ་པ་དང༌། བརྟུལ་ཞུགས་ཀྱིས་འགྲོ་བ་རྣམས་ཆོས་ལ་བཙུད་པའི་རབས། ཐུགས་རྗེ་ཆེན་པོའི་གསུང་ཡི་གེ་དྲུག་པའི་ཡོན་ཏན་ཡི་གེ་རིགས་སུ་བཀོད་པ་རྣམས་གཏེར་དུ་སྦས་པ་དང༌། གཞན་བཀའི་ཡིག་རྩིས་ཆེ་ཆུང༌། བཀའི་ཐང་ཡིག་ཆེ་ཆུང༌། བཀའི་གཙིགས་ཀྱི་ཡི་གེ་མང་དུ་ཡོད་དོ། །ཞེས་ལོ་ཙཱ་བ་དང་། ལོ་ཙཱ་བའི་མཆན་བུ་ཞེས་ཆེ་ཆུང་གི་རྣམ་དབྱེ་གསལ་ལ། ཡོངས་གྲགས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་གྲགས་འབྱོར་ཤེས་རབ་ཅེས་ཆེ་ཆུང་གི་རྣམ་གྲངས་གསལ་བར་མཆིས་སོ།།

དེ་བཞིན་ལོ་ཙཱ་བ་ཆེ་འབྲིང་ཆུང་གསུམ་གྱི་གནས་ཚད་ལ་མཚོན་ནའང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། ལོ་ཙཱ་བ་ཆེན་པོ་དང་། མཆན་བུའི་ལོ་ཙཱ་བ་སྟེ་ལོ་ཆུང་གཉིས་ཡོད། ལོ་ཙཱ་བ་ཆེན་པོ་ནི་མི་རིགས་གཞན་གྱི་སྐད་ཡིག་ནས་རང་མི་རིགས་ཀྱི་སྐད་ཡིག་ཐོག་བསྒྱུར་ཐུབ་པར་མ་ཟད། གཞན་གྱིས་བསྒྱུར་བའི་ཡི་གེར་འགྱུར་བཅོས་དང་ཞུས་དག་མཛད་ཐུབ་པ་ཞིག་ཡིན། ཞེས་གསུངས་པ་ལྟར་རོ།།

དེ་ལྟར་དུས་རབས་བརྒྱད་པའི་འགོར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་དབང་བཟུང་རིང་བསམ་ཡས་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་རྗེས་གླིང་བཅུ་གཉིས་ཀྱི་ནང་ཚན་སྒྲ་སྒྱུར་རྒྱ་གར་གླིང་དུ་སྒྲ་སྒྱུར་ཁང་གསར་འཛུགས་གནང་ཐོག །ཤེས་རིག་གསལ་ཞིང་སྨྲ་བརྗོད་བདེ་བའི་བོད་ཕྲུག་ ༡༠༨ བསྡུས་ནས་ལོ་ཙཱ་བ་གསོ་སྐྱོང་གནང་སྟེ། དེ་ནས་ཐོན་པ་རྣམས་ལ་མཁྱེན་ཡོན་གྱི་གནས་ཚད་རིམ་པ་གསུམ་དུ་ཕྱེ་ནས་བསྒྱུར་ཞུས་ཀྱི་ལས་བགོས་མཛད་པ་སྟེ། ༡ ཞུས་ཆེན་གྱི་ལོ་ཙཱ་བ། ༢ བར་ཞུས་ཀྱི་ལོ་ཙཱ་བ། ༣ མཆན་བུའི་ལོ་ཙཱ་བ་བཅས་གསུམ་མོ།།

དང་པོ། ཞུས་ཆེན་གྱི་ལོ་ཙཱ་བ་ནི། ལོ་ཙཱ་བ་གཞན་དག་གིས་སྒྲ་སྒྱུར་བྱས་ཟིན་པའི་མ་ཡིག་ལ་ཚིག་དོན་གཉིས་ཀའི་ཐད་ནས་ཞུས་དག་མཐའ་མ་དེ་གནང་ནས་འགྲེམས་སྤེལ་བྱེད་ཆོག་པའི་གཏན་འབེབས་མཛད་མཁན་ཡིན། དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལོ་ཙཱ་བ་ ༡༠༨ གསོ་སྐྱོང་གནང་བའི་ཁྲོད་ནས་ཞུས་ཆེན་གྱི་ལོ་ཙཱ་བའི་མཚན་གནས་ཡོད་པ། ༡ ལྕེ་ཛྙཱ་ན་སི་དྷི་དང་། ༢ བྲང་ཏི་ཛ་ཡ་རཀྵི་ཏ། ༣ པ་གོར་བཻ་རོ་ཙ་ན། ༤ གཉགས་ཛྙཱ་ན་ཀུ་མ་ར། ༥ འཁོན་ཀླུའི་དབང་པོ། ༦ རྨ་རིན་ཆེན་མཆོག ༧ ཁ་ཆེ་ཨ་ནནྟ། ༨ སྐ་བ་དཔལ་བརྩེགས། ༩ ཅོག་རོ་ཀླུའི་རྒྱལ་མཚན། ༡༠ ཞང་ཡེ་ཤེས་སྡེ། ༡༡ དབས་འཇམ་དཔལ་གོ་ཆ། ༡༢ རཏྣ་ཨིནྡྲ་ཤཱི་ལ། ༡༣ སྣ་ནམ་རྡོ་རྗེ་བདུད་འཇོམས། ༡༤ ངན་ལམ་རྒྱལ་བ་མཆོག་དབྱངས། ༡༥ ཉང་ཏིང་འཛིན་བཟང་པོ་བཅས་ཞུས་ཆེན་འཕེར་བའི་ལོ་ཙཱ་བ་ཞལ་གྲངས་ ༡༥ བྱུང་བ་ཉང་ཆོས་འབྱུང་དང་། ཀློང་ཆེན་ཆོས་འབྱུང་། བཀའ་འགྱུར་དཀར་ཆག །བསྟན་འགྱུར་དཀར་ཆག་བཅས་སུ་གསལ་ལོ།།

གཉིས་པ། བར་ཞུས་ཀྱི་ལོ་ཙཱ་བའམ་ལོ་ཙཱ་བ་འབྲིང་བ་ནི། ལོ་ཙཱ་བ་གཞན་དག་གིས་ཐེངས་དང་པོར་བསྒྱུར་ཟིན་པའི་མ་ཡིག་ཁག་ལ་ཞུས་དག་ཐེངས་གཉིས་པ་གཏོང་མཁན་ཡིན། གསུམ་པ་མཆན་བུའི་ལོ་ཙཱ་བ་ནི། གོང་རིམ་ལོ་ཙཱ་བའི་འགོ་ཁྲིད་ནས་ལས་བགོས་གནང་བའི་མ་ཡིག་ནས་བོད་སྐད་ཐོག་ཐེངས་དང་པོར་སྒྱུར་མཁན་གྱི་ལོ་ཙཱ་བ་ཡིན་ཅིང་། མཚན་གཞན་ལ་ལོ་ཆུང་ཡང་ཟེར། དཔེར་ན། ལོ་ཆུང་གྲགས་འབྱོར་ཤེས་རབ་དང་། རྔོག་ལོ་ཆུང་ལེགས་པའི་ཤེས་རབ། ལོ་ཆུང་གནུབས་ཚུལ་ཁྲིམས་ཤེས་རབ་ལྟ་བུ་རྣམས་སོ། །ལོ་ཙཱ་བ་ལས[6]། སྤྱིར་ལོ་ཙཱ་བའི་ལས་དོན་ལ་ནང་གསེས་ཡིག་སྒྱུར་དང་། ངག་སྒྱུར་གཉིས་ཡོད་ཅིང་། ཡིག་སྒྱུར་གྱི་ནང་དུ་ད་དུང་དོན་སྒྱུར་དང་། ཐད་སྒྱུར་(ཐད་ལོག་སྒྱུར།)སྒྲ་སྒྱུར། གཟུགས་སྒྱུར་(གྲངས་སྒྱུར་) བཅས་བཞི་དབྱེ་འབྱེད་བྱེད་ཆོག་ཅེས་གསལ་ལོ།།

མདོར་ན། ལོ་ཙཱ་བའི་རིམ་པ་གསུམ་སོ་སོའི་ལས་ཀའི་གོ་རིམ་དང་། ལས་འགན་ནི། ཞུས་ཆེན་གྱི་ལོ་ཙཱ་བས་གཤམ་འོག་ལ་བསྒྱུར་བྱའི་གཞུང་གི་ལས་བགོས་གནང་བ་ལྟར་མཆན་བུའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་རྗེས་བར་ཞུས་ལོ་ཙཱ་བར་ཕུལ། བར་ཞུས་ལོ་ཙཱ་བས་ལེགས་བཅོས་དང་ཞིབ་བཤེར་གྲུབ་རྗེས་ཞུས་ཆེན་གྱི་ལོ་ཙཱ་བ་ལ་ཕུལ་ནས་ཞུས་ཆེན་ཞེས་མཐའ་མའི་ཞུས་དག་གནང་ནས་གཏན་འཁེལ་མཛད་དགོས་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསལ་ལ། སྔར་བོད་ཀྱི་ལོ་པཎ་རྣམ་པས་བཀའ་བསྟན་གསུང་རབ་རི་བོའི་གཏོས་དང་མཉམ་པ་ལེགས་སྦྱར་ནས་བོད་ཡིག་ཏུ་སྒྱུར་སྐབས་འཕགས་བོད་ལོ་པཎ་རྣམ་གཉིས་སྟན་ཐོག་གཅིག་ཏུ་བཞུགས་ཏེ་གོ་བསྡུར་ཞིབ་ལྷུག་མཛད་པ་དང་། སྒྲ་སྒྱུར་གྱི་ལམ་ལུགས་གཞིར་བཟུང་ལོ་ཙཱ་བ་ཆེ་འབྲིང་ཆུང་གསུམ་གྱིས་བསྒྱུར་ཞུས་དག་བཅོས་རིམ་པར་བརྒྱུད་ནས་སྒྲ་སྒྱུར་གནང་ཞིང་། མཐར་ཡོངས་སུ་གྲུབ་རྗེས་ཞུས་ཆེན་གྱིས་ཞུ་དག་གནང་སྟེ། དེ་ཡང་སྔོན་གྱི་བཀའ་བསྟན་གསུང་རབ་རྣམས་བསྒྱུར་ཞུས་གཏན་འབེབས་ཇི་ལྟར་མཛད་པ་ནི། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་འགྱུར་བྱང་ལས[7]། དེ་ལྟར་ན་དང་པོའི་གཞི་འགྱུར་དང་། ཞུ་ཆེན་དང་། ཚིག་དོན་གྱི་འབྲེལ་དཔྱད་པ་དང་། ཞུ་ཆུང་དང་། ཡང་འབྲེལ་དཔྱད་པ་དང་ལྔར་ཞུས་ཤིང་གཏུགས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་བ་ལྟར། ཞུ་དག་གི་རིམ་པ་རྣམས་ལེགས་པར་བརྒྱུད་རྗེས་པར་སྐྲུན་གནང་ལམ་ཡོད་སྟབས། སྒྲ་སྒྱུར་གནང་བ་རྣམས་ནང་དོན་རིག་པའི་དོན་དང་མི་འགལ་ཞིང་། བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་ལ། གོ་བདེ་ལ་སྙན་ཆ་ལྡན་པར་མ་ཟད། ཆད་ལྷག་ནོར་གསུམ་གྱི་ཉེས་སྐྱོན་དང་བྲལ་བ་རྒྱ་གཞུང་ཞེས་མིག་དཔེ་འོས་པ་འདི་ལྟར་བྱུང་བ་ཡིན་ནོ།།

སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་སྐུ་དབང་ལ་ཆ་མཚོན་ནའང་། སྔོན་གྱི་ལོ་ཆེན་རྣམས་ཀྱིས་བཀའ་བསྟན་གསུང་རབ་སྒྲ་སྒྱུར་མཛད་སྐབས་རང་དབང་གིས་སྒྲ་སྒྱུར་མི་ཆོག་པར་བཙན་པོའི་བཀའ་འཁྲོལ་ལྟར་སྒྱུར་དགོས་པ་སྟེ། དེ་ཡང་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[8]། འཕྲོ་ཆོད་ལ་ཁྱེད་རང་ཡང་སྒོམས་ཤིག །ད་ཕྱིན་ཆད་ལྟ་བ་ནི་ན་ག་ཛུ་ནའི་ལྟ་བ་བཟུང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གྱིས། ཆོས་སྤྱོད་བཅུ་ཉམས་སུ་ལོངས། སྒོམ་པ་ཤེས་རབ་གསུམ་གྱིས་བློ་སྦྱོངས། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གྱིས་ལ་སྒོམས། ད་ཕྱིན་ངའི་བོད་འབངས་རྗེ་བློན་གང་གིས་ཀྱང་ཆོས་བྱེད་པར་འདོད་པ་རྣམས་ཀྱིས་བོད་མཐའ་འཁོབ་ཏུ་གྱུར་པ་དང༌། རིག་པ་བླུན་ཞིང་རང་ཁ་མང་སྟེ། ཆོས་རྟོགས་པར་དཀའ་ཞིང་ཟབ་པར་གྱུར་པས། རྒྱ་གར་གྱི་མཁས་པར་རབ་ཏུ་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ། ལོ་ཙཱ་མཁས་པས་གཏན་ལ་ཕབ་པ་དེ་ལ་འཇུག་པར་བྱའོ། །ཞེས་གསུངས་ནས་བཀའ་ནན་དུ་སྩལ་ཏོ། །བོད་ཁམས་ཀུན་ལ་དྲིལ་བསྒྲགས་སོ། །ཞེས་བྱུང་ངོ་།།

དེ་བཞིན་སྦ་བཞེད་ཞབས་བཏགས་མ་ལས་[9]ཀྱང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས། ད་སླན་ཆད་ངའི་བོད་ཀྱི་འབངས་རྗེ་བློན་གང་དང་གང་ཆོས་བྱ་བ་རྣམས་ཀྱིས་བོད་མཐའ་འཁོབ་ཏུ་གྱུར་པ་དང་། རིག་པ་བླུན་ཞིང་རང་དགའ་བ་མང་སྟེ། ཆོས་རྟོགས་པར་དཀའ་ཞིང་ཟབ་པར་གྱུར་པས། རྒྱ་གར་གྱི་མཁས་པར་རབ་ཏུ་གྲགས་པ། རྒྱལ་པོས་སྤྱན་དྲངས་ཏེ། ལོ་ཙཱ་མཁས་པས་གཏན་ལ་ཕབ་པ་དེ་ལ་འཇུག་པར་བྱའོ། །རྒྱལ་པོས་ཡོན་བདག་མ་བྱས། ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་གང་ལ་ཡང་འཇུག་པར་མི་བྱ་བ་བཀའ་ནན་དྲག་ཏུ་གསལ་ནས། བཀའ་ཚིགས་ཀྱི་ཡི་གེ་ཞིབ་མོ་ནི་གཡུང་དྲུང་མཆིས་ཏེ། ཞེས་བཀའ་ནན་དུ་ཕབ་པ་ལ་དཔྱད་ན་ལོ་ཙཱ་བའི་འགན་དབང་ཆེ་ཤོས་ནི་བཙན་པོའི་གཞུང་གི་ལམ་སྟོན་གཙོ་བཟུང་གནང་བ་ལས། རང་འདོད་བྱུང་རྒྱལ་དུ་སྒྲ་སྒྱུར་མི་ཆོག་པའི་ཆོས་རྒྱལ་གྱིས་བཀས་བཅད་ཀྱང་མཛད་ཡོད། དེ་ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ལས[10]། གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཅིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ། སྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་ཏུ་མི་གནང་ངོ་། །ཞེས་གསལ་བ་ལྟར་གཏན་འབེབས་མཛད་ཡོད།

དེ་ཡང་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[11]། ཞུ་ཆེན་ལོ་ཙཱ་བས་བོད་དཔེ་ལ་བཀླགས། རྒྱ་དཔེ་ལ་པཎྜི་ཏས་ཞུ་ཏིག་བྱེད་པ། ལོ་ཙཱ་བས་ཚེག་བར་བདུན་ལ་ཚིག་རྐང་གཅིག །ཚིག་རྐང་བཞི་ལ་ཤོ་ལོ་ཀ་གཅིག །ཤླཽ་ཀ་སུམ་བརྒྱ་ལ་བམ་པོ་གཅིག །བམ་པོ་ཞེས་པའི་ཚད་ནི་ཤླཽ་ཀ་སུམ་བརྒྱ་དང་སུམ་ཅུ་རྩ་གཅིག །ཚིག་རྐང་སྟོང་གཅིག་གི་སུམ་ཆ་ལ་བམ་པོ་གཅིག་ཏུ་བཤད་དོ། །སློབ་དཔོན་ཞི་བ་ལྷ་ལ་སོགས་པས་བམ་པོ་ཞེས་པའི་ཚད་ནི་ཤླཽ་ཀ་སྟོང་གི་སུམ་ཆ་ལ་འདོད་དེ། ཆེ་ཆུང་གི་ཚད་ནི་ཚིག་རྐང་རིང་ཐུང་དང་མང་ཉུང་ལ་རྣམ་པར་བཞག་པར་བཤད་དོ། །དེ་རྣམས་ནི་བསྟན་བཅོས་རིན་པོ་ཆེའི་མཚོ་ལས་བཤད་དོ། །དེའི་དུས་སུ་ཆོས་ཀྱི་མཚན་ཐམས་ཅད་རྒྱ་དཔེ་ལ་ལེའུ་མཚམས་དང༌། ཞབས་ན་ཡོད་པ་ལ་དམ་པ་ཡི་ཆོས་ཁུངས་བཙུན་པ་དང་རྒྱལ་པོ་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན་པ་དང༌། དམ་པ་ཆོས་ཀྱི་སྐབས་ངོས་བཟུང་བ་དང༌། སྐབས་བཙལ་སླ་བའི་མཚན་ཆེད་དུ་སྨོས་པ་དང༌། གོ་སླ་བའི་དགོས་པ་ཡོད་པའི་སྐད་དུ་བསྟན་པ་ལགས་སྐད་དོ། །ཞེས་གསུངས་པ་ལྟར། སྒྲ་སྒྱུར་གནང་བའི་གསུང་རབ་རྣམས་ཀྱང་ངེས་པར་དུ་བཙན་པོ་དང་འཕགས་བོད་ལོ་པཎ་རྣམས་ཀྱི་མདུན་སར་སྤྱན་བསྟར་ཞུས་ནས་བརྟག་ཞིབ་ཀྱིས་གཏན་འབེབས་བཀའ་འཁྲོལ་ཞུ་དགོས་ཤིང་། བསྒྱུར་བྱའི་ནང་དོན་ཡང་ནང་ཆོས་ཤ་སྟག་ཡིན་ལ། སྒྲ་སྒྱུར་གྱི་སྤུས་ཚད་ཤིན་ཏུ་མཐོ་བ། བཀའ་བསྟན་གསུང་རབ་ཀྱི་རྒྱ་གཞུང་བོད་སྐད་དུ་བསྒྱུར་བར་སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་རྣམ་དཔྱོད་རྐྱང་པས་སྒྲ་སྒྱུར་མི་ཆོག་སྟེ། རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་གཉིས་སྟན་ཐོག་གཅིག་ཏུ་མཉམ་རུབ་ཀྱིས་སྒྱུར་དགོས་པར་མ་ཟད། སྒྲ་སྒྱུར་ཟིན་རྗེས་ཞུས་ཆེན་དང་། ཞུས་ཆུང་། ཡང་ཞུས། སུམ་ཞུས། བཞི་ཞུས། ལྔ་ཞུས། སོགས་གནང་སྟེ། འགྱུར་བྱང་ཁག་ཏུའང་བསྒྱུར་ཞུས་གཏན་ལ་ཕབ་ཅེས་གསལ་བ་ལྟར། ལོ་ཆུང་གིས་བསྒྱུར། བར་ཞུས་ཀྱི་ལོ་ཙཱ་བས་ཞུ་དག་གནང་། ཞུ་ཆེན་གྱི་ལོ་ཙཱ་བས་མཐའ་མའི་ཞུ་དག་མཛད་དེ་ཆོས་རྒྱལ་ལོ་པཎ་ལྷན་འཛོམས་མདུན་སར་གཏན་ལ་ཕབ་པ་བཅས་བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་བརྟགས་ནས་ནན་གྱིས་འཇུག་པར་མཛད་པ་སོགས། འདི་ལྟ་བུའི་འཆར་གཞི་དང་། གོ་རིམ། སྒྲིག་གཞི་ལྡན་པའི་སྒྲ་སྒྱུར་གྱི་ལམ་སྲོལ་འདི་ཉིད་བཙན་པོ་གླང་དར་གྱི་སྐུ་དུས་བར་དུ་རྒྱུན་འཁྱོངས་གནང་ཡོད།

དེ་བཞིན་ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ལས[12]། ཞུ་དག་ལ་མཚོན་ན། སྔར་བཙན་པོའི་དུས་བསྒྱུར་བའི་བཀའ་དང་བསྟན་བཅོས་གང་ཡིན་ལ་ཞུ་དག་སྔ་རྗེས་བཞི་བརྒྱུད་དགོས་པ་སྟེ། ༡ སྒྱུར་བ་པོ་ལོ་ཙཱ་བ་དང་། ཞུ་དག་པ་པཎྜི་ཏ་གཉིས་ཀྱིས་མ་དཔེ་དང་ཞུ་དག་རགས་པ་ཞིག་གཏོང་བར་དེ་ལ་སྨར་ཞུས་ཟེར། ༢ བསྒྱུར་ཞུས་གཉིས་ཀྱིས་ཡང་བསྐྱར་སྔར་བས་ཞིབ་ཆ་ཆེ་བའི་ཞུ་དག་བཏང་བ་དེར་ཡང་ཞུས་ཟེར། ༣ སྔར་གྱི་བསྒྱུར་ཞུས་གཉིས་ཀྱི་ཁར་ཆེད་མངགས་གདན་ཞུས་པཎྜི་ཏ་དང་བཅས་པས་ཚིག་དོན་རེ་རེར་ཞིབ་ཕྲའི་ཞུ་དག་ནན་ཏན་གཏོང་བ་དེར་བསྐྱར་ཞུས་ཟེར། ༤ བསྒྱུར་ཞུས་ལོ་པཎ་ཁར་བསྒྱུར་གྲྭའི་པཎྜི་ཏ་ཚང་འཛོམས་སར་ཚིག་དོན་རེ་རེར་ཞུ་དག་བཏང་བར་ཚང་མས་མོས་མཐུན་བྱུང་བའི་ཞུ་དག་མཐའ་མཇུག་དེར་གཏན་ལ་ཕབ་པའི་ཞུ་དག་ཟེར་བ་བཅས་དེ་ལྟ་བུའི་ཞུ་དག་སྔ་རྗེས་བཞི་བརྒྱུད་པའི་མཐར་རྒྱལ་བློན་ཚང་འཛོམས་སར་བསྒྱུར་ཞུས་ཀྱི་གནད་དོན་གསལ་པོ་ཞུས་རྗེས་བཙན་པོས་དེ་ལྟར་ཆོག་པའི་བཀའ་ཕབ་རྗེས་གཞི་ནས་བཀའ་བསྟན་བཅོས་ཀྱི་གྲངས་སུ་བརྩི་བའི་སྲོལ་ཡོད་ལུགས་མཁས་པའི་གསུང་ལས་ཐོས་པ་འདིར་ཟུར་ཙམ་དྲངས་པའི་དགོས་པ་ཡང་ང་ཚོའི་བོད་ཡིག་དཔེ་རྙིང་ཁྲོད་བཞུགས་པའི་བསྒྱུར་མ་རྣམས་ནི་མ་དཔེ་དང་གཉིས་སུ་མེད་པའི་ཁུངས་བཙན་པོ་ཡོང་བའི་རྒྱུ་མཚན་འདི་ལྟར་ཡིན་པར་མ་ཟད། དེང་སྐབས་ཕྱི་ཕྱོགས་ཀྱི་མི་སྣ་མང་པོས་ཀྱང་བོད་ཡིག་གི་དཔེ་རྙིང་ལ་གཙིགས་མཐོང་ཆེན་པོ་བྱེད་པ་དང་། བསྒྱུར་ཡིག་ནི་ཆེས་ཁུངས་ལྡན་ལ་བརྩི་བ་ཡང་བསྒྱུར་ཞུས་ནན་ཏན་ཆེ་ལ་ཡང་དག་པའི་སྲོལ་རྒྱུན་འདི་ཚོར་ཐུག་ཡོད།

སྐབས་འདིར་དཔེ་མཚོན་ཙམ་དུ། འཕགས་ཡུལ་གྱི་སྙན་ངག་མཁན་དགེ་དབང་ཡབ་སྲས་ཀྱིས་བརྩམས་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་སྙན་ཚིག་ཤོང་ལོས་བོད་སྐད་དུ་བསྒྱུར་གནང་བ་དེ་ནི་འཕགས་ཡུལ་གྱི་སྙན་ངག་མཁན་གྱི་བརྩམས་ཆོས་ཤིག་ཡིན་པ་ལ་བོད་ཀྱི་སྙན་ངག་མཁན་ཆེན་པོ་ཞིག་གིས་བྲིས་པ་ལྟ་བུ་དང་། རྒྱ་ཡིག་ནས་བསྒྱུར་བའི་མདོ་མཛངས་བླུན་ལ་ཆ་བཞག་ནའང་རྒྱ་ཡིག་ནས་བསྒྱུར་བའི་ཚོར་སྣང་གང་ཡང་མི་སྐྱེ་བར་བོད་རང་གི་མཁས་པས་ཟིན་བྲིས་བཏབ་པ་ཞིག་ཡིན་སྙམ་པའི་ཚོར་སྣང་སྐྱེ་བ་ལྟ་བུའོ། །ཞེས་བྱུང་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩༤

[2] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༡༢

[3] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༠༤

[4] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩༣

[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༧༣

[6] ལོ་ཙཱ་བ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཞོན་ནུ་རུ་ཁག་ ༢༠༡༥ ལོ། ཤོག་གྲངས་ ༦༩

[7] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་ ༧༡ པ། ༢༠༠༩ ལོ། ཤོག་གྲངས་ ༥༣༧

[8] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༤༠༦

[9] རྦ་བཞེད་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༥༤

[10] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༣

[11] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩༣

[12] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༤༧༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༦ ནས་ ༢༧༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *