༤༽ བསྟན་པའི་ལྕགས་རི་ཚད་མ།

༤༽ བསྟན་པའི་ལྕགས་རི་ཚད་མ།

 

དེ་ཡང་མཁས་པའི་དབང་པོ་ལྡན་མ་དགེ་བཤེས་སྟོང་དཔོན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཆོས་གྲུབ་ (1889-1949) མཆོག་གིས་མཛད་པའི་གཞུང་བཀའ་པོད་ལྔ་ཡི་སྨོན་ལམ་མཁས་པའི་ཡིད་འཕྲོག་ལས[1]།

ཚུལ་དང་ཚུལ་མིན་རྣམ་འབྱེད་ཚད་མ་ཡི། །

ཆོས་ཚུལ་མཆོག་ཏུ་རྒྱས་པའི་གཟི་འོད་ཀྱིས། །

མུན་སྟུག་ཀུན་བསལ་ཤེས་རབ་སྒྲོན་མེ་ཡི། །

བྱང་ཆུབ་བར་དུ་གྲགས་པ་འབར་གྱུར་ཅིག །

ཅེས་གསུངས་པ་ལྟར་ཚད་མ་རིག་པ་ནི། སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་ཚད་མའི་གཞུང་ལུགས་དངོས་སུ་མ་གསུངས་ཀྱང་། རྒྱལ་བའི་བཀའ་འགྱུར་ནང་གཏན་ཚིགས་ཀྱི་སྐོར་མང་དུ་བྱུང་བ་དག་ནི་ནང་པའི་ཚད་མ་རིག་པའི་ཁུངས་ཡིན། དེ་ཡང་ཚད་མ་ནི་གསར་དུ་རྟོགས་པའི་བློ་མི་བསླུ་བ་ཞིག་ལ་བྱ་ཞིང་། དེ་བརྗོད་བྱར་བྱས་པའི་བསྟན་བཅོས་ལ་ཚད་མ་རིག་པ་ཞེས་བྱ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། སྤྱིར་བཏང་ལ་ཚད་མའི་དོན་ནི་བསླུ་བ་མེད་པའམ་མི་བསླུ་བ་སྟེ་རང་གིས་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ཟེར་ཞིང་། དེ་ཡང་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང་། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན་ལ། བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་ཡང་བསམ་བློ་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན།

སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་པ་ལྟར། རྟོག་གེའི་རིག་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང་། དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་ལས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས། དེ་ནས་མུ་སྟེགས་པའི་སྟོན་པ་དྲང་སྲོང་སེར་སྐྱ་ཞེས་པས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་རྩ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས། ཞེས་བྱུང་ངོ་།།

དེ་བཞིན་སློབ་དཔོན་སེམས་དཔའ་རྡོ་རྗེ་མཆོག་གིས་མཛད་པའི་ཚད་མ་རིགས་པ་ལ་འཇུག་པའི་དཀའ་གནས་གསལ་བའི་ཟླ་ཟེར་ལས[3]། སྤྱིར་ཚད་མའི་གཞུང་ངམ་ཚད་མ་རིག་པའི་གཞུང་ནི། སྒྲ་གཞུང་ལྟར་ཕྱི་ནང་ཐུན་མོང་བ་ཡིན་པ་ལ། རྒྱུད་འཛིན་པ་སོ་སོའི་བཞེད་པ་དང༌། བཤད་སྲོལ་ལྟར་ན། རང་རང་གི་གཞུང་དང༌། དེའི་བཤད་སྲོལ་དང༌། དེ་དག་གི་རྒྱུད་པ་གང་ལ་ཐུག་པའི་ཁུངས་དང་བྱུང་རབས་སོགས་རང་རང་གི་འདོད་མོས་ལྟར་བཤད་པ་མང་ཞིང་། ཕྱི་རོལ་བ་རྣམས་གཏན་ཚིགས་རིག་པའམ་ཚད་གཞུང་གི་རྩ་བ་སྟོན་པ་འུག་པ་ལ་ཐུག་པ་དང་། འུག་པ་དང༌། གཟེགས་ཟན་སོགས་མིང་གི་རྣམ་གྲངས་སུ་འདོད། དེ་ཡང་དྲང་སྲོང་གཟེགས་ཟན་འུག་པའི་སྐད་ཐོས་པ་ན། དེ་ལ་དབང་ཕྱུག་ཆེན་པོའི་གསུང་དུ་བསམས་ནས་བརྟགས་པས་དེ་ལས་ཚིག་གི་དོན་དྲུག་བྱེ་བྲག་ཏུ་གོ་རྟོགས་བྱུང་ཞིང་། དེ་རྣམས་ལས་བརྩམས་ཏེ་གཞུང་གཏན་འབེབས་བྱས་པ་ལས་བྱེ་བྲག་པའི་གྲུབ་མཐའ་དང༌། དེ་ནས་དྲང་སྲོང་གཽ་ཏམ་གྱིས་རྟོག་གེ་ཚིག་དོན་བཅུ་དྲུག་ཏུ་བྱས་ཏེ་རིགས་པ་ཅན་པའི་མདོ་བརྩམས་པ་ལས། གཏན་ཚིགས་རིག་པའི་སྲོལ་དར་བར་འདོད།

ཚད་རིག་བྱུང་བ་མདོར་བསྡུས་ནི། སངས་རྒྱས་པ་འགའ་ཞིག་ཚད་རིག་གི་བྱུང་བ་སྨྲ་བ་ན། དང་པོ་སངས་རྒྱས་ཀྱིས་འཕགས་པ་འཇམ་དཔལ་དང༌། དེས་དགྲ་བཅོམ་པ་ཆོས་སྐྱོབ་ལ་གསུངས། དེས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོམ་ཞེས་པ་ཞིག་མཛད། དེ་ཉིད་མཁས་པ་མི་དབང་ལྷ་ (མེ་ཝཾགྷ[4]) ལ་གསུངས། དེས་མཁས་མཆོག་དབྱིག་གཉེན་ལ་བཤད། དེས་ཚད་མའི་བསྟན་བཅོས་རྩོད་པ་སྒྲུབ་པ་མཛད་དེ། དེས་ཚད་མ་རང་ལས་མཁས་པར་གྲགས་པའི་སློབ་མ་ཕྱོགས་ཀྱི་གླང་པོ་ལ་བཤད་ཅེས་བཞེད།[5] གཏམ་འདི་ཕྱིས་བྱུང་ཡོངས་གྲགས་ལྟར་བྱས་འདུག་[6]ཀྱང་། འདི་བོད་སྔ་རབས་པ་འགའ་ཞིག་གི་བཤད་སྲོལ་ཡིན་པར་པཎ་ཆེན་ཤཱཀ་མཆོག་གི་ཚད་མའི་བྱུང་བར་གསལ། གོང་གི་བཤད་སྲོལ་དེ་ལ་གནའ་རབས་ཀྱི་ཁུངས་ཚད་ཐུབ་ཡོད་པའང་མི་གསལ་བས་ཞལ་རྒྱུན་ཙམ་ཡིན་ནམ་དཔྱད།

མདོ་ཚད་མར་བྱས་ན། དམ་པ་ཏོག་དཀར་གྱིས་དགའ་ལྡན་ནས་མི་ཡུལ་དུ་འཕོས་དགོས་ཚུལ་ལྷ་རྣམས་ལ་བསྒྲགས་པ་ན། དེ་དུས་མི་ཡུལ་ཏེ་རྒྱ་གར་ན་འོད་སྲུང་རྫོགས་བྱེད་ལ་སོགས་པའི་རྟོག་གེ་བའི་སྟོན་པ་དྲུག་ཡོད་པར་མངོན་པར་བྱུང་བའི་མདོ་ལས་[7]བཤད། ལང་གཤེགས་སོགས་མདོ་མང་པོ་ཞིག་ལས་རྟོག་གེ་བ་ལ་དེ་ཁོ་ན་ཉིད་རྟོགས་པ་མེད་པ་དང་། དེ་དག་ལ་ཐར་པ་མེད་པར་བཤད་པ་མང་བས་རྟོག་གེའམ་གཏན་ཚིགས་རིག་པ་འདི་སྟོན་པ་ཤཱཀྱ་མུ་ནི་ལས་སྔ་ཙམ་ན་ཡོད་པར་གྲུབ་ཅིང༌། དུས་དེ་ཙམ་ནས་ཕྱིས་ལེགས་ལྡན་དང༌། ཐོགས་མེད་སྐུ་མཆེད་ཀྱི་སྐུ་ཚེའི་སྨད་ཙམ་གྱི་བར་ཚད་གཞུང་ངམ་གཏན་ཚིགས་རིག་པ་འདི་ཕྱི་ནང་ཐུན་མོང་བར་གནས་པ་དང་། དེ་ལྟར་ཡིན་པའང་ཀླུ་སྒྲུབ་ཡབ་སྲས་དང༌། བྱམས་ཆོས་[8]དང་། སྐུ་མཆེད་ཀྱི་གཞུང་ལས་ཤེས།[9]

ཚད་གཞུང་སོ་སོར་གྱེས་ཚུལ་ནི། སྐུ་མཆེད་ཀྱི་དུས་ཏེ་སྐུ་ཚེའི་སྨད་ཙམ་ན་རིག་པའི་གཞུང་རྣམས་ཀྱི་དགོངས་པ་འགྲེལ་ཚེ་ཕྱི་རོལ་པ་རྣམས་རང་རང་གི་ལྟ་གྲུབ་ཀྱི་རྗེས་སུ་འབྲངས་ནས་འགྲེལ་ལ། སློབ་དཔོན་ཕྱོགས་གླང་གིས་ཡང་དག་པའི་ཤེས་པ་ལ་ཚད་མ་ཞེས་པའི་ཐ་སྙད་མཛད་དེ། དེ་གཏན་ལ་འབེབས་བྱེད་ཀྱི་རིག་པ་ལ་རྟོག་གེ་ཚིག་དོན་བརྒྱད་དུ་མཛད་དེ་གཏན་ཚིགས་རིག་པའམ་ཚད་མ་རིག་པའི་གཞུང་གི་སྲོལ་གསར་དུ་བཏོད། སྲོལ་འདི་ནང་པའི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལྟ་བུ་ལ་གཙོ་བོར་བརྟེན་པས། ཕྱིས་སུ་དེ་ལ་ནང་པའི་ཚད་མ་རིག་པ་ཞེས་པའི་ཐ་སྙད་ཡོངས་སུ་གྲགས། ཚད་མ་ཞེས་པའི་མིང་དེ་ཡང་ཡང་དག་པའི་ཤེས་པ་ཁོ་ན་ལ་དངོས་མིང་དུ་བཤད་པ་འདི་ཕྱོགས་གླང་ཉིད་ཀྱི་ཁྱད་ཆོས་དང་། དེའི་གོང་གི་གསུང་རབ་གཞན་ལས་ཐ་སྙད་དེ་གསལ་བར་མི་བྱུང་བར་པཎ་ཆེན་ཤཱཀྱ་མཆོག་གིས་བཤད་ཀྱང་།[10] ཚད་མ་དང་། ཚད་མའི་ཐ་སྙད་ནི་ཟླ་བ་སྒྲོན་མེའི་མདོ་དང་།[11] ལང་གཤེགས་སོགས་ལས་མང་དུ་བྱུང་ཞིང་། ཐོགས་མེད་ཀྱི་འབེལ་གཏམ་རྣམ་པར་ངེས་པ་དང་། རྣམ་པར་བཤད་པའི་སྒོ་བསྡུ་བ་སོགས་སུའང་མངོན་རྗེས་ཀྱི་ཚད་མ་ལ་མི་བསླུ་བའི་མཚན་ཉིད་ཡོད་པ་སོགས་ཀྱི་བཤད་པ་མཛད་ཡོད་པས་དཔྱད། དེས་ན་འཕགས་ཡུལ་གྱི་ནང་པའི་རྟོག་གེ་སྨྲ་བ་ལ་སྔ་རབས་པ་ནི། འཕགས་པ་ཀླུ་སྒྲུབ་ཡབ་དང་། ཐོགས་མེད་སྐུ་མཆེད་དང་། ལེགས་ལྡན་འབྱེད་ལ་སོགས་པ་རྣམས་དང་། ཕྱི་རབས་པ་ནི་ཕྱོགས་གླང་རྗེས་འབྲང་དང་བཅས་པ་རྣམས་སོ།།

བོད་དུ་ཚད་མ་དར་ཚུལ་ནི། བོད་ལྗོངས་སུ་དེ་སྔ་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་ནང་ཙམ་ནས་མཁན་ཆེན་ཞི་ (ཕྱི་ལོ་༧༧༥) འཚོ་ཡབ་སྲས་ཀྱིས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང༌། དེའི་དཀའ་འགྲེལ་སོགས་ལ་འཆད་ཉན་སྤེལ་ཏེ་ཚད་མའི་འཆད་ཉན་གྱི་སྲོལ་བཏོད། སྡེ་བདུན་ཕྱི་མ་ (རིགས་ཐིགས་དང་འདུལ་ཊཱིཀ) རྩ་འགྲེལ་གྱི་ཆ་ཤས་ལོ་ཆེན་ཡེ་ཤེས་སྡེ་ (ཕྱི་ལོ་༨༡༤) སོགས་ཀྱིས་བསྒྱུར་བ་ལ་བརྟེན་ནས་ལྷ་ས་དང་། བསམ་ཡས་རྣམས་སུ་ཚད་གཞུང་གི་འཆད་ཉན་ཆ་ཙམ་བྱུང་བར་གྲགས་ཀྱང་རྒྱུན་ཆགས་སུ་མ་བྱུང་བར་བཤད།[12] རྔོག་ལོ་ཆེན་ (ཕྱི་ལོ་༡༠༤༠-༡༡༠༩) པོས་ཀྱང་།

གཞུང་རྩོམ་རྣམས་ཀྱི་བློ་ལ་ཡང་། །ཇི་བཞིན་ལེགས་པར་མི་གསལ་བས། །

ཚད་མའི་དེ་ཉིད་དཀའ་བ་རྣམས། །ཇི་བཞིན་དུ་ནི་འདིར་ངེས་བྱ། །

ཞེས་རྣམ་ངེས་ཀྱི་འགྲེལ་པ་རྩོམ་པའི་དམ་བཅར་གསུངས་ཤིང་། འདི་ཡང་བོད་ཀྱི་འགྲེལ་བྱེད་རྣམས་ཀྱི་ཐུགས་ལ་གཞུང་གི་དགོངས་དོན་མི་གསལ་བ་ལ་དགོངས་པར་ཤཱཀ་མཆོག་ཚད་བྱུང་ལས་བཤད།[13] བོད་དུ་རྟོག་གེ་སྲོལ་འབྱེད་ཀྱི་གཞུང་རྩོམ་པ་བྱུང་བའི་ཐོག་མ་ནི་ལོ་ཆེན་ཉིད་ནས་ཡིན་ལ། དེས་རྣམ་ངེས་ཀྱི་འགྲེལ་པ་མཛད་ཅིང་། ཚད་གཞུང་གཞན་ལའང་འཆད་ཉན་རྒྱས་པར་མཛད། དེའི་སྔོན་ལ་དེ་ལྟར་བྱུང་བ་མི་གསལ་[14]ལོ།།

ལོ་ཙཱ་བ་ཆེན་པོའི་སྲོལ་འཛིན་གྱི་གཙོ་བོ་ནི་ཀུན་མཁྱེན་ཕྱྭ་པ་ཆོས་སེང་སོགས་ཡིན། ཕྱྭ་པས་རྣམ་འགྲེལ་རྣམ་ངེས་གཉིས་ཀར་འགྲེལ་པ་མཛད། འདི་ཕལ་ཆེར་རྣམ་འགྲེལ་གྱི་བོད་འགྲེལ་ཐོག་མ་ཡིན། ཕྱྭ་པས་ཚད་གཞུང་ཆེན་མོ་རྣམས་གཞིར་བྱས་ཏེ་བསྡུས་གཞུང་རྒྱས་འབྲིང་བསྡུས་གསུམ་མཛད་དེ་བོད་དུ་བསྡུས་གྲྭའི་སྲོལ་གསར་དུ་བཏོད། དེ་ནས་རིམ་གྱིས་བོད་དུ་རྣམ་འགྲེལ་རྣམ་ངེས་སོགས་ཀྱིས་གཙོས་ཚད་མ་སྡེ་བདུན་གྱི་འཆད་ཉན་ཤིན་ཏུ་དར་ཁྱབ་ཆེ་བ་བྱུང་། ཕྱོགས་གླང་གི་གཞུང་བོད་དུ་བསྒྱུར་བ་སྔ་ཤོས་ནི་མཁན་ཆེན་ཞི་འཚོ་དང༌། ལོ་ཙཱ་བ་དྷརྨཱ་ལོཀ་སྟེ་ཆོས་འོད་ནས་བསྒྱུར་བའི་གཏན་ཚིགས་ཀྱི་འཁོར་ལོ་ཞེས་པ་འདི་ཡིན་ལ། འོན་ཀྱང་ཚད་མ་མདོ་སོགས་ཕྱོགས་གླང་གི་གཞུང་ཕྱིས་འགྱུར་རྣམས་ཀྱི་འཆད་ཉན་དང་། དེའི་རྒྱུད་པ་ཆེས་དར་བ་ཞིག་མ་བྱུང་ཞིང༌། ཚད་མ་མདོ་རྩ་འགྲེལ་དང་། དམིགས་བརྟག་སོགས་ཕྱོགས་གླང་གི་གཞུང་ཉུང་ཤས་ཤིག་ལས་གཞན་བོད་དུ་བསྒྱུར་བ་མ་བྱུང་། བསྒྱུར་བ་རྣམས་ཀྱི་བཤད་རྒྱུན་ལུང་རྒྱུན་ཙམ་ཡང་ད་ཆ་ཤིན་ཏུ་དཀོན་པ་ཞིག་གི་གནས་སུ་སོང་ཡོད། ཅེས་གསུངས་པ་ལྟར་རོ།།

སུ་མ་ཏི་དྷརྨ་དྷ་རས་མཛད་པའི་བཀའ་པོད་རྣམ་ལྔའི་བཤད་སྒྲུབ་སོགས་ཆོས་སྲིད་དགེ་མཚན་སྤེལ་བའི་བྱིན་འབེབས་གསོལ་འདེབས་པདྨ་རཱ་གའི་དོ་ཤལ་ལས[15]།

ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ། །

ལེགས་སྦྱངས་ཡང་དག་རིགས་པའི་མཚོན་ཆ་ཡིས། །

ཕ་རོལ་ལོག་རྟོག་དུམ་བུར་གཅོད་པ་ལ། །

རྣོ་ཞིང་ཆེས་མྱུར་སྤོབས་པའི་ཕྱྭ་གཡང་སྩོལ། །

ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[16]། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་གཞག་སྐོར་བསྟན། རྗེས་སུ་དུས་རབས་བདུན་པའི་འགོ་ཙམ་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ནང་ཚན་ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་དམིགས་པ་བརྟག་པ་དང་། སེལ་བ་བརྟག་པ་སོགས་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད། རྗེས་སུ་བསྟན་བཅོས་དེ་དག་གི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་བསྟན་བཅོས་བརྩམ་པར་བཞེད་ནས་ཚད་མ་ཀུན་བཏུས་མཛད། འདི་ལ་ལེའུ་དྲུག་སྟེ། མངོན་སུམ་ལེའུ། རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ། དཔེ་དང་དཔེ་ལྟར་སྣང་བ་བརྟག་པའི་ལེའུ། གཞན་སེལ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་བཅས་དྲུག་ཡོད།

སློབ་དཔོན་ཕྱོགས་གླང་སྐུ་གཤེགས་རྗེས་སློབ་དཔོན་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ཚད་མ་ཀུན་བཏུས་ཚར་གསུམ་གསན་ནས་སློབ་དཔོན་གྱི་གནང་བ་ཐོབ་པ་ལྟར་ཚད་མ་སྡེ་བདུན་བརྩམས་པར་མཛད་ཅིང་། ཚད་མ་སྡེ་བདུན་ནི་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། རྒྱས་པར་སྟོན་པ་ཚད་མ་རྣམ་འགྲེལ། འབྲིང་དུ་སྟོན་པ་ཚད་མ་རྣམ་ངེས། བསྡུས་ནས་སྟོན་པ་ཚད་མ་རིགས་ཐིགས་བཅས་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི། རང་དོན་ལེའུ་ལས་འཕྲོས་པ་གཏན་ཚིགས་ཐིགས་པ་དང་། ལྟག་ཆོད་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་བ་བརྟག་པ། གཞན་དོན་ལེའུ་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་། རྩོད་པའི་རིགས་པ་གཉིས་བཅས་བཞི་ཡོད།

དེ་དག་གི་ནང་ནས་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་སྟེ། རང་དོན་ལེའུ། ཚད་མ་གྲུབ་པའི་ལེའུ། མངོན་སུམ་ལེའུ། གཞན་དོན་ལེའུ་བཅས་ཡོད། ཚད་མ་རྣམ་ངེས་ལ་ལེའུ་གསུམ་སྟེ། མངོན་སུམ་ལེའུ། རང་དོན་ལེའུ། གཞན་དོན་ལེའུ་བཅས་ཡིན། ཚད་མ་རྣམ་འགྲེལ་ལ་སློབ་དཔོན་ལྷ་དབང་བློ་དང་། ཤཱཀྱ་བློ་གཉིས་ཀྱི་འགྲེལ་པ་ཡོད་ཅིང་། སློབ་དཔོན་དུལ་བ་ལྷས་ཚད་མ་སྡེ་བདུན་ཀ་ལ་འགྲེལ་པ་ཡོད་ལ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་རྣམ་འགྲེལ་ལ་འགྲེལ་པ་མཛད། སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་འཐད་ལྡན་ཆེན་མོ། རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་ཕན་པ་སོགས་ཚད་མའི་གཞུང་མང་པོ་ཡོད།

ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་ནི། ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར། རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཅིང་། ཚད་མ་རྣམ་ངེས་ལ་འགྲེལ་བཤད་མཛད། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་འགྲེལ་པ་དང་བཅས་པ་མཛད། གཞན་ཡང་ས་སྐྱའི་མཁས་པ་ཆེན་པོ་གཡག་རོང་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། འུ་ཡུག་པ་རིགས་པའི་སེང་གེ །ཉ་དབོན་ཀུན་དགའ་དཔལ་བ། རྗེ་བཙུན་རེད་མདའ་བ་སོགས་དང་། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། པཎ་ཆེན་མཆོག་ལྷ་འོད་ཟེར། གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོ། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ། དྲུང་ཆེན་ལེགས་པ་བཟང་པོ། པཎ་ཆེན་བསོད་ནམས་གྲགས་པ། འཇམ་དབྱངས་དགའ་བའི་བློ་གྲོས། ཐོས་བསམ་གླིང་པཎ་ཆེན་བསོད་ནམས་རྒྱལ་མཚན། དཔག་ཐོག་པ་སངས་རྒྱས་དཔལ་རིན། བྱང་སྟོན་བློ་གྲོས་རྒྱ་མཚོ། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་། རྟ་ནག་དགེ་འདུན་བློ་བཟང་། ཐོས་བསམ་གླིང་དྲི་མེད་བཤེས་གཉེན། ཀ་བཞི་འཛིན་པ་དགེ་འདུན་བསམ་གྲུབ། ཀུན་མཁྱེན་བསྟན་པ་དར་བཟང་། ཁྲི་སྨོན་སྨོན་ལམ་དཔལ་བ། གངས་ཅན་སྟོབས་ལྡན་འོད་ཟེར། པཎ་ཆེན་བྱམས་པ་ཆོས་མཆོག །གངས་ཅན་ཆོས་སྐུ་དཔལ་འབྱོར། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། མུས་པ་བློ་གྲོས་སེང་གེ །འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་སོགས་ཀྱིས་མཛད་པ་སོགས་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་མང་པོས་མཛད་པ་ཡོད། ཅེས་གསུངས་པ་ལྟར་ནང་པའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བརྩམས་པའི་སྨྲ་བའི་སྒྲོམ་ཡིན་ཅིང་། དེ་རྗེས་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་མཛད། དེ་ལ་དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མ་སྡེ་བདུན་མཛད་ཅིང་། དེ་དག་གི་དགོངས་པ་མཐར་ཐུག་པ་ནི་སེམས་ཙམ་པའི་ལུགས་ཡིན་ལ། རིགས་པའི་གནད་མང་དུ་ཕྱེ་བ་ལས་ཚད་མ་རིག་པ་དར་ཁྱབ་ཤུགས་ཆེ་བྱུང་ངོ་།།

དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་ལས[17]།

བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །

སྒྲུབ་བྱེད་ཚད་མ་སྡེ་བདུན་མདོ་དང་བཅས། །

ཇི་བཞིན་ཁོང་དུ་ཆུད་ནས་རྒོལ་བ་ཀུན། །

གཞོམ་ལ་སྨྲ་བའི་ཁྱུ་མཆོག་ཐོབ་པར་ཤོག །

ཅེས་གསུངས་པ་ལྟར། པཎ་གྲུབ་བཅུ་བདུན་གྱི་དབང་དུ་བྱས་ཚེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་པ། དུས་གསུམ་བརྟག་པ། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ། གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་བཅས་བསྟན་བཅོས་བརྒྱད། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་དང་། ཚད་མ་རྣམ་པར་ངེས་པ། རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། གཏན་ཚིགས་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ། འབྲེལ་བ་བརྟག་པའི་འགྲེལ་པ། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཅས་བསྟན་བཅོས་དགུ། གཞན་ཡང་མཁན་ཆེན་ཞི་བ་འཚོས་མཛད་པའི་རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་དང་། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་བཅས་བསྟན་བཅོས་གཉིས་དང་། ཀ་མ་ལ་ཤཱི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་དང་། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་གཉིས་བཅས། བསྟན་འགྱུར་དུ་ཚད་མའི་སྐོར་བསྟན་བཅོས་ཉེར་གཅིག་བཞུགས་སོ།།

མདོར་ན། ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་ཟབ་ཅིང་བརླིང་བའི་ཚད་མའི་བསྟན་བཅོས་དུ་མ་མཛད་པས། དེས་ཕྱི་རོལ་རྟོག་གེ་སྡེ་ལྔའི་མཁས་པ་རྣམས་ལའང་གཤན་ཤུགས་ཆེན་པོ་ཐེབས་ཏེ་དེ་དག་གིས་ཀྱང་ཚད་མའི་བསྟན་བཅོས་མང་དུ་མཛད་པ་སོགས། ཕྱི་ནང་མཁས་པའི་བར་ལྟ་གྲུབ་ཀྱི་དཀའ་གནད་ལས་བརྩམས་པའི་ཕན་ཚུན་དགག་སྒྲུབ་ཀྱི་རིམ་པ་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་བྱུང་བའི་དབང་ལས། རྒྱ་གར་འཕགས་ཡུལ་ནང་འཛམ་གླིང་ཡུལ་གྲུ་གཞན་དང་མི་འདྲ་བར་ཚད་མ་རིག་པའི་རྣམ་གཞག་འཕེལ་རྒྱས་ཤུགས་ཆེ་བྱུང་ཞིང་། དེ་ནས་རིམ་བཞིན་བོད་གངས་ཅན་གྱི་ལྗོངས་སུའང་ས་པཎ་གྱིས་ཚད་མ་རིགས་གཏེར་མཛད་པ་སོགས་ཚད་མ་རིག་པའི་དར་འཕེལ་རྒྱུད་ཆད་མེད་པར་ད་ལྟའི་བར་བྱུང་བ་འདིའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༤༡

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༦༩༣

[3] དཀའ་གནས་གསལ་བའི་ཟླ་ཟེར། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༩༦ ལོ། ཤོག་གྲངས་ ༧

[4] ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼ཛ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༦

[5] ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼ཛ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༦

[6] ཚད་གཞུང་བདམ་བསྒྲིགས་གླེང་གཞི། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ཤོག་ ༥

[7] མངོན་འབྱུང་མདོ། ཤོག་ ༤༠ མདོ། ལ། སྡེ་བཀའ། ལྷ་སའི་བཀའ་འགྱུར་དཀར་ཆག །ཤོག་གྲངས་ ༡༡༢

[8] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ཤླཽ་ཀ ༦༠/ ལེ། ༡༢

[9] འབེལ་གཏམ་རྣམ་ངེས། ས་བཟང་མ་ཏི་པཎ་ཆེན། མངོན་པ་ཀུན་བཏུས། པོད། ༼༢༽ ཤོག་གྲངས་ ༦༦༡

[10] ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼ཛ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༥

[11] ཟླ་སྒྲོན་ལེགས། ཀ-अप्रमाणे हि धर्मेहि प्रमाणं तत्र कल्पितम् ।। परिवर्त- २२. श्लोक-३६ ।। ཁ-न चक्षु प्रमाणं न श्रोत्र घ्राणं० ९-२३ ।

[12] ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼ཛ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༢

[13] ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼ཛ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༩

[14] ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼ཛ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༠

[15] འབྱིན་འབེབས་གསོལ་འདེབས། ༼༡༽ གཡང་འབོད། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢ན༢

[16] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༦༩༣

[17] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༢༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༥ ནས་ ༡༤༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *