ཁ༽ སྒྲ་སྒྱུར་གྱི་རྨང་གཞི་དང་། ལོ་པཎ་བསྐོ་གཞག་མཛད་ཚུལ།
བོད་གངས་ཅན་གྱི་ལྗོངས་སུ་སྒྲ་སྒྱུར་གྱི་བྱེད་སྒོ་ཐོག་མར་དར་ཚུལ་ནི། རྡོ་ཡི་དུས་རབས་སྔ་ཕྱི་གཉིས་ལས། ཕྱི་མའི་དུས་མཇུག་ཙམ་ནས་ཡི་གེའི་སྲོལ་དར་བ་དང་ཆབས་ཅིག་ཏུ་སྒྲ་སྒྱུར་གྱི་བྱེད་སྒོ་ཡང་རིམ་བཞིན་དར་འཕེལ་བྱུང་ཚུལ་དེབ་ཐེར་ཁག་ཏུ་གསལ་ཡོད། དེ་ཡང་བན་བོན་གྱི་ལུགས་གཉིས་ལས། དང་པོ། གཡུང་དྲུང་བོན་ལུགས་སུ་བོད་ཀྱི་ལོ་རྒྱུས་ཐོག་སྒྲ་སྒྱུར་གྱི་ལས་དོན་སྔ་ཤོས་ནི།
རང་གྲོལ་བློ་གྲོས་རྒྱལ་མཚན་ (འཁྲུངས་ལོ། 1328-) གྱིས་མཛད་པའི་དེབ་ཐེར་རྒྱལ་རབས་བོན་གྱི་འབྱུང་གནས་ལས[1]། འཛམ་གླིང་འདི་ན་སྐད་རིགས་མི་མཐུན་པ་སྟོང་མཆིས། དེ་ལ་འགྱུར་སྐད་སུམ་བརྒྱ་དྲུག་ཅུ་ཡོད། དེའི་ནང་ན་རྒྱ་དཀར་ནག་གཉིས། སྟག་གཟིག་བོད་དང་། ཁྲོམ་དང་། ཞང་ཞུང་ཡུལ་གྱི་སྙིང་པོ་དྲུག་གོ །ཞེས་དང་། ཡང་དེ་ཉིད་ལས། གཉའ་ཁྲི་བཙན་པོའི་རིང་ལ། རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ། སྲས་མུ་ཁྲི་བཙན་པོའི་རིང་དུ་བསླབ་པའི་དོན་གོ །བསྒྲུབ་པའི་དོན་གྲུབ། བསྒོམ་པའི་དོན་རྟོགས་ནས་སྟག་གཟིག་ལ་སོགས་འཛམ་གླིང་གི་ལོ་ཙཱ་བསྒྱུར། ཞེས་བྱུང་བ་ལྟར། བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲིའི་སྐུ་དུས་ནས་བོད་གངས་ཅན་གྱི་ལྗོངས་སུ་སྒྲ་སྒྱུར་གྱི་བྱེད་སྒོ་ཐོག་མར་དབུ་ཚུགས་པར་གསུངས་ལ། དེ་བཞིན་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། བོན་གྱི་ལོ་ཙཱ་བ་ཆེན་པོ་བཞི་སྟེ། ཁྱུང་པོ་སྟག་སྒྲ་དོན་གཙུག་དང་། གཉན་མི་ཤུ་སྟག་རིང་། བྷེ་ཤོད་ཀྲམ། གཙོ་བོན་ཁྲི་གཙུག་བཅས་བཞིས་རིན་ཆེན་གསེར་ཕྱེ་ཁྱེར་ནས་སྐད་རིགས་མི་མཐུན་པའི་ཡུལ་མང་པོར་བགྲོད། བོན་རྣམས་ཞུས། ལི་ཤུ་སྟག་རིང་སོགས་མཁས་པ་མི་བཞི་ལ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཞིར་གྲགས་སོ།།
བོད་ཀྱི་བོན་པོ་རིག་པ་གསལ་བ་ཁྱུང་པོ་སྟག་སྒྲ་དོན་གཙུག །གཉན་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ། གཙོ་བོན་ཁྲི་གཙུག་བཞི་ལ་གསེར་ཕྱེ་འབྲོང་རུ་གང་བསྐུར་ནས་ཞང་ཞུང་ལ་བོན་འཚོལ་བཏང་བས་གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་པ་བཞི་ལ་གཏུགས་ཏེ་གསེར་ཕུལ་ནས་བོན་ཞུས། བོན་རྣམས་རྗེ་ལ་གཟིགས་ཕུལ་བས་རྗེ་ཡང་དགྱེས་སོ། །[2]ཞེས་བྱུང་བ་ལྟར། གཤེན་པོ་དེ་བཞི་ལ་བོན་གྱི་ལོ་ཙཱ་བ་ཆེན་པོ་བཞིར་གྲགས་སོ།།
ལོ་པཎ་བསྐོ་གཞག་གནང་སྲོལ་ཐད་གཡུང་དྲུང་བོན་གྱི་གཞུང་། མཉམ་མེད་ཤེས་རབ་རྒྱལ་མཚན་ (1356-1415) གྱིས་མཛད་པའི་གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས[3]།
རྗེ་གཅིག་གཉའ་ཁྲི་བཙན་པོ་མན་ཆད་དུ། །ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། །
ཐར་ལམ་འདྲེན་པའི་སྐུ་གཤེན་རེ། །སྐད་ཡིག་བསྒྱུར་བའི་ལོ་པཎ་རེ། །
བྱ་ཐབས་གསུང་རབ་རེ་རེ་བཞག །
ཅེས་གསུངས་པ་ལྟར། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བར་བཙན་པོ་སོ་སོར་སྐད་ཡིག་བསྒྱུར་བའི་ལོ་པཎ་རེ་བསྐོ་གཞག་གནང་བའི་ལམ་སྲོལ་བྱུང་བར་མ་ཟད། སྐབས་དེར་ལོ་ཙཱ་བ་མང་དུ་བྱོན་ཏེ་ཏ་གཟིག་གི་ཡུལ་ནས་གཡུང་དྲུང་བོན་གྱི་གཞུང་ལུགས་མང་པོ་སྔ་རྗེས་སུ་བོད་བསྒྱུར་གནང་སྟེ། སྒྲ་སྒྱུར་གྱི་བྱེད་སྒོ་སྤེལ་བའི་ཐོག་མའི་རྨང་གཞི་ཚུགས་པར་གྲག །འོན་ཀྱང་སྐབས་དེར་བོད་བསྒྱུར་གནང་ཞེས་པ་སྐད་དང་ཡི་གེ་གཉིས་ལས་གང་ཡིན་དང་། ཡིག་སྒྱུར་ཡིན་ན་སྐབས་དེར་བོད་ལ་ཡི་གེ་ཡོད་མེད་སོགས་ལའང་དཔྱད་དགོས་པར་སྣང་ངོ་།།
དེ་བཞིན་མཉམ་མེད་ཤེས་རབ་རྒྱལ་མཚན་ (1356-1415) གྱིས་མཛད་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས[4]། མཁས་པའི་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ། རྫུ་འཕྲུལ་གྱི་ཞབས་དང་ལྡན་པ། སྟག་གཟིག་གི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེར་པེ། ཞང་ཞུང་ལ་ཁྲི་ཐོག་སྤ་ཙ། སུམ་པ་ལ་གུ་ཧུ་ལི་སྤར་ལེགས། རྒྱ་གར་ལ་ལྷ་བདག་སྔགས་དྲོ། རྒྱ་ནག་ལ་ལེགས་ཏང་སྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དྲུག་གོ །ཞེས་གསུངས་པ་ལྟར། གཡུང་དྲུང་བོན་གྱི་དཔེ་རྙིང་གཞན་དག་ལས་གཉའ་ཁྲི་བཙན་པོའི་དུས་ནས་བོད་ལ་ཡི་གེ་ཡོད་པར་མ་ཟད། སྒྲ་སྒྱུར་གྱི་ལམ་སྲོལ་ཡང་དར་ཟིན་ཚུལ་གསུངས།
དེ་བཞིན་གཡུང་དྲུང་ཕུན་ཚོགས་ (དུས་རབས་19པ།) ཀྱིས་བརྩམས་པའི་གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ་ལས[5]། དེ་འོག་དུས་ཀྱི་ཀལྤ་དེ་ཙམ་ན། །ཞང་ཞུང་མཁས་པ་མཐུ་ཆེན་མི་དགུ་དང་། །སྒྲ་སྒྱུར་མཁས་པ་ལོ་པཎ་གཤེན་ཆེན་རྣམས། །རྫུ་འཕྲུལ་གྲུབ་པ་དངོས་གྲུབ་ཐོབ་གྱུར་ནས། །སྟག་གཟིག་ཞང་བོད་སྒྲ་སྒྱུར་བོན་བསྟན་སྤེལ། །ཞེས་བྱུང་བ་ལྟར་ཞང་ཞུང་གི་སྐད་ནས་བོད་དུ་བསྒྱུར་བའི་རིམ་པ་ཡང་། གཡུང་དྲུང་བོན་གྱི་བསྟན་འབྱུང་ཉུང་བསྡུས་ལས། སྟག་གཟིག་དང་ཞང་ཞུང་རྒྱ་གར་བྲུ་ཤ་སོགས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་དྲུང་དུ་བློ་གྲོས་ཀྱི་རྩལ་རྫོགས་པའི་ཞང་ཞུང་གི་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་སྨར་གྱི་སྐད་ལས་སྤུར་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོན་གྱི་འཁོར་ལོ་བསྐོར་རོ། །ཞེས་དང་། ཇི་ལྟར་བསྒྱུར་བའི་ཚུལ་ནི། སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ་ལས། ཅི་ལྟར་བསྒྱུར་ན། བོད་དང་ཞང་ཞུང་གི་ཚིག་གི་ཚོམ་བསྡེབས་ནས་ཏེ། མདོ་རྒྱས་འདྲེས་མ་དང་། ཟུར་སྡོང་ཡ་བྲལ་དང་། ཐད་ལོག་ཐད་ཀམ་དང་། དོན་འགྱུར་དང་། ཚིག་འགྱུར་ལ་སོགས་སུ་བསྡེབས་ནས་སོ། །ཞེས་གསུངས། འོན་ཀྱང་གོང་སྨྲས་འདི་དག་ནི་ལོ་རྒྱུས་ཀྱི་ཐོ་བཀོད་ཙམ་ལས་སྒྱུར་ཡིག་འདི་དང་འདིའོ་ཞེས་བསྟན་རྒྱུ་ཤིན་ཏུ་དཀའ་ལ། ད་ལྟ་ང་ཚོས་མིག་མཐོང་ལག་ཟིན་དང་། དངོས་སུ་མཇལ་རྒྱུ་ཡོད་པ་ནི། ལོ་རྒྱུས་ཐོག་བོད་ཀྱི་སྒྲ་སྒྱུར་ཀུན་ལས་དཔེ་མཚོན་རང་བཞིན་ནི། བཀའ་འགྱུར་དང་བསྟན་འགྱུར་རྣམས་ཡིན་ནོ།།
གཞན་ཡང་གཡུང་དྲུང་བོན་གྱི་ལོ་རྒྱུས་མདོ་འདུས་ལས། སྟག་གཟིགས་འོལ་མོ་གླིང་གི་བཀའ་དང་བོན་རྣམས་ལོ་ཙཱ་བ་ ༡ ཞང་ཞུང་ཁྲི་ཐོག་སྤ་ཙ། ༢ བོན་པོ་མུ་ཕོད། ༣ རྒྱ་གར་གྱི་གཤེན་པོ་ལི་ཤ །༤ ཁ་ཆེའི་གཤེན་པོ་བྲ་བ་མེད་རེ་ཅན། ༥ ཐོ་གར་གྱི་གཤེན་པོ་ལ་ཝང་ཤང་། ༦ བྲུ་ཤ་གེ་ཏེ་ནི་ལོ་ཙཱ་རྣམས་ཀྱིས་བོན་བསྒྱུར་ཅིང་བཤད། ཅེས་དང་། རྒྱུ་ཉི་སྒྲོན་ལས། ཁྱུང་ཕོ་སྟག་སྒྲ་དོན་གཙུག །བླ་ཆེན་ལི་ཤོ་སྟག་རིང་། བྷེ་ཤོ་ཁྲམ། གཙོ་ཁྲི་གཙུག་བཅས་བཞིས་ཞང་ཞུང་གི་མཁས་པ་མི་བཞི་ལ་གཏུགས་ཏེ་བོན་ཞུས་པས་བོན་གྱི་གསང་སྡེ་ཆེན་པོ་བཞི། འབུམ་སྡེ་ཆེན་པོ་ལྔ། ཕྱི་ནང་རྒྱས་བསྡུས་ཀྱི་བོན་ལ་སོགས་པ་བོད་སྐད་དུ་བསྒྱུར་ནས་རྒྱལ་པོ་ལ་ཕུལ་བས་རྗེ་ཡང་ཐུགས་དགྱེས་སོ། །ཞེས་གསལ་བ་ལྟར་ན། སྐབས་དེར་བོད་ཀྱི་མངའ་ཁོངས་གཅིག་གྱུར་མ་བྱས་གོང་གི་བོད་ཀྱི་ལོ་ཙཱ་བ་ཡིན་པ་གསལ་པོ་ཡིན་པར་མ་ཟད། རྒྱལ་པོ་གྲི་གུམ་བཙན་པོས་བོན་མ་བསྣུབས་གོང་གི་བོད་ཀྱི་ལོ་ཙཱ་བ་རེད[6]། ཅེས་གསུངས་པ་ལྟར་དང་། བོན་གྱི་བསྟན་པ་དར་བར་གྱི་སྐབས་སུ་ཞང་ཞུང་སྟོང་རྒྱུང་མཐུན་ཆེན་དང་། བོད་ཀྱི་ཤ་རི་དབུ་ཆེར་ཟེར་བའི་ལོ་ཙཱ་བ་ཆེན་པོ་གཉིས་གྲགས་ཆེ་བར་བཞེད་ལ། དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོ་གཉིས་ཀྱིས། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་སུ་རྩོམ་པ་པོས་མཐོང་ཐོས་སུ་གྱུར་པའི་ལོ་ཙཱ་བ་ཉེར་གསུམ་གྱི་མཚན་བཀོད་ཡོད་[7]པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱལ་རབས་བོན་གྱི་འབྱུང་གནས། ཤིང་དཔར་། དཔེ་ཐུང་། ཤོག་གྲངས་ ༦ན༥
[2] དྲིས་ལན་བརྒྱ་རྩ་བརྒྱད་པའི་བདག་ཉིད་ཅན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༠༩
[3] གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ། ༼ཅ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༥
[4] ཤར་རྫ་བཀྲིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་ ༡༥༠
[5] བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ། དཔེ་གཟུགས། ཤོག་གྲངས་ ༡༦ན༡
[6] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༠༦
[7] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༨༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༩ ནས་ ༢༢༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།