ཕྱོགས་སྒྲིག་པའི་སྔོན་གླེང་།
བོད་ཟལ་མོ་སྒང་པ་ཞེས་སུ་གྲགས་པ་འཛམ་གླིང་གི་ཡང་སྟེང་དུ་གནས་པའི་བོད་མི་རིགས་འདི་ཉིད་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་སྔོན་བྱོན་དྲན་དབང་དམ་པ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལས། དམ་པའི་ཆོས་ཀྱིས་གཙོས་པའི་བཅུ་ཕྲག་རིག་པའི་གནས་ཀྱིས་ཡོངས་སུ་ཕྱུག་པའི་ཤེས་རིག་བང་མཛོད་ནི་སྲིད་པའི་མཐར་ཡང་ནུབ་པ་མེད་པ་ཞིག་མཆིས་པ་ལ་སུས་ཀྱང་བསྙོན་དུ་མེད་ཅིང་། དེ་ལས་རིག་གནས་བཅུའི་ཡ་གྱལ་གཞན་རྗེས་འཛིན་གྱི་ཐབས་མཆོག་དམ་པར་གྱུར་པའི་བོད་ཀྱི་གསོ་བ་རིག་པ་ནི།
རྗེ་གཡུ་ཐོག་ཆེན་པོས[1]། མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་གསུངས་པ་བཞིན་རིས་སུ་མ་ཆད་པའི་འགྲོ་བ་མིའི་རིགས་ལ་ཕན་པ་འབའ་ཞིག་སྒྲུབ་པའི་རིག་པ་ཞིག་སྟེ། དེར་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་ཞིང་། གཞུང་ལུགས་ཀྱི་ཆ་ལག་ཡོངས་སུ་ཚང་བར་མ་ཟད། སྨན་དཔྱད་ཀྱི་རིགས་ལམ་ཁྱད་དུ་འཕགས་པ་དང་། མན་ངག་ཉམས་མྱོང་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་ཞིག་ལྡན་ཡོད།
དེས་ན་དེང་སྐབས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཚན་རིག་པ་མཁས་ཅན་དག་གིས་ཀྱང་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཞིབ་འཇུག་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་པར་མ་ཟད། གཞིས་བྱེས་གཉིས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཁག་སྒོ་ཀུན་ནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་གནང་སྟེ་ཉམས་དགའི་ཡུལ་ཁམས་ཤིག་ཏུ་བསྐྱལ་ཡོད། འོན་ཀྱང་ཕྱི་ནང་གི་འགལ་རྐྱེན་དུ་མའི་དབང་གིས་རང་རེའི་གསོ་རིག་ཐད་ཀྱི་གཞུང་མན་ངག་གི་གདམས་པ་གང་མང་ཉམས་ཉེས་སུ་གྱུར་དང་འགྱུར་མུས་ཡིན་པའང་ང་ཚོས་མིག་མཐོང་ལག་ཟིན་དུ་འཁུམས་ཤིང་། བོད་ཀྱི་གསོ་རིག་འདི་ཉིད་གནའ་བོའི་རིག་གནས་ཤིག་སྟེ། རང་རེའི་ལོ་རྒྱུས་ཡིག་ཚང་དང་ད་ཡོད་བསྟན་བཅོས་ཀྱི་དཀར་ཆག་ལྟར་ན། སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུ་དང་། མགོན་པོ་ཀླུ་སྒྲུབ། ཕ་ཁོལ་ཏེ་སློབ་དཔོན་དཔའ་བོ། སློབ་དཔོན་པདྨ་འབྱུང་གནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་རྒྱ་གར་འཕགས་ཡུལ་གྱི་གསོ་རིག་མཁས་དབང་མང་དུ་བྱོན་པ་རྣམས་དང་། ལྷག་པར་གཡུང་དྲུང་བོན་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནས་སྨན་པ་དུང་གི་ཐོར་ཅོག་ཅན་བར་དང་། ཡང་སྒོས་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནས་གཏེར་སྟོན་གྲྭ་པ་མངོན་ཤེས་ཅན་བར། ལོ་ཆེན་བཻ་རོ་ཙ་ན་ནས་ལོ་ཆེན་རིན་ཆེན་བཟང་པོའི་བར། བྱང་ཟུར་རྣམ་གཉིས་ནས་ཀོང་སྤྲུལ་ཡབ་སྲས་བར། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནས་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུའི་བར་སོགས་དྲང་སྲོང་མཁས་གྲུབ་རིམ་བྱོན་བགྲང་གིས་མི་ལངས་པ་རྣམས་ཀྱི་སྐུ་དྲིན་ལས། དཔལ་ལྡན་རྒྱུད་བཞིའི་དགོངས་འགྲེལ་དང་། ཡན་ལག་བརྒྱད་པའི་དགོངས་འགྲེལ་གཙོ་གྱུར་གསོ་རིག་གི་བསྟན་བཅོས་རི་རྒྱལ་ལྷུན་པོའི་གཏོས་དང་མཉམ་པའི་གཞུང་མན་ངག་གི་གསུང་རབ་དེ་དག་སྔར་ལྷག་བདག་གཅེས་སྲུང་སྐྱོབ་དང་། འཚོལ་སྡུད་ལེགས་སྒྲིག་བཅས་བྱ་རྒྱུ་ནི་ཐོག་མར་བསྒྲུབ་དགོས་པའི་རྨང་གཞིའི་ལས་ཀ་གལ་ཆེན་ཞིག་སྟེ། ཚེ་རིག་འཛིན་པ་རྣམས་ཀྱི་ཕྲག་ལ་རང་བཞིན་གྱིས་བབས་པའི་དུས་རབས་ཀྱི་འགན་འཁྲི་ཞིག་ཡིན།
དེའི་ཕྱིར་ང་ཚོས་ལོ་རྒྱུས་ཀྱི་ལས་འགན་དང་དུས་རབས་ཀྱི་བླང་བྱ་ལྟར། མདོ་དབུས་མཐོ་སྒང་ཞེས་པའི་ཐུན་མིན་ཁོར་ཡུག་ཁྲོད་དུ་འཕེལ་རྒྱས་བྱུང་བའི་གནའ་བོའི་གསོ་དཔྱད་རིག་པའི་སྲོག་དབུགས་རྒྱུན་བསྲིངས་བྱེད་ཅིང་། བོད་ཀྱི་གསོ་དཔྱད་རིག་པར་སྦྱང་བརྩོན་དང་། ཞིབ་འཇུག་བྱེད་པར་སྤྲོ་བ་བརྟས་པའི་རྣམ་དཔྱོད་ཅན་མང་པོར་རྒྱུ་ཆ་མཁོ་སྤྲོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བ། རང་ལུགས་ཀྱི་གཞུང་རྐང་འཛིན་པ་ལ་སྔར་ལས་སྨན་ཐོགས་ཐུབ་པ། ཉམ་ཐག་ནད་པའི་ལུས་སྲོག་ལ་གཟིར་བའི་ནད་རིགས་རྩ་མེད་དུ་འཇོམས་པར་ནུས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་། མན་ངག་ཟབ་མོའི་གདམས་པ་ཆིག་ཐུབ་ཀྱི་སྐོར་མང་དུ་བཙལ་ནས། ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པར་རྔོ་ཐོགས་པ་བཅས། མདོར་ན། གངས་ཅན་གསོ་བ་རིག་པ་འདི་ཉིད་མིང་དོན་མཚུངས་པའི་སྒོ་ནས་རྒྱུད་འཛིན་ལེགས་པོ་ཞིག་བྱེད་སླད། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་གསོ་རིག་གི་གཞུང་ལུགས་ལག་ཏུ་སོན་ནོ་ཅོག་ཞུ་དག་དང་ཕྱོགས་སྒྲིག་ཞུས་པའོ།།
ཀླུ་སྒྲུབ་ཀྱིས་གསོ་རིག་གི་བསྟན་བཅོས་མཛད་དམ་སྙམ་ན། ཀླུ་སྒྲུབ་ཀྱི་རྣམ་ཐར་དང་འབྲེལ་ནས་དཔལ་མགོན་ཀླུ་སྒྲུབ་ཀྱིས་གསོ་རིག་གི་བསྟན་བཅོས་མཛད་ཚུལ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653- 1705) མཛད་པའི་གསོ་རིག་སྨན་གྱི་ཁོག་འབུབས་ལས[2]། ལངྐར་གཤེགས་པ་ནས། བློ་གྲོས་ཆེན་པོ་ཁྱོད་ཤེས་ཀྱི། །ལྷོ་ཕྱོགས་བེ་དྷའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་དེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལེའུ་རབ་འབྱམས་སོ་དྲུག་པ་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་གང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ན་ཡང་དག་ཐོབ། །ཅེས་དང་། གཞན་ཡང་སྤྲིན་ཆེན། དུས་འཁོར་གྱི་རྒྱུད་ཕྱི་མ་སོགས་དུ་མ་ནས་ལུང་གིས་ཟིན་ཅིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྟོན་པ་གཉིས་པར་གྲགས་པ་ཤིང་རྟ་ཆེན་པོ་དཔལ་མགོན་ཀླུ་སྒྲུབ་ནི། ལྷོ་ཕྱོགས་བཻ་དཏྟའི་ཡུལ་དུ་བྲམ་ཟེ་ཕུན་སུམ་ཚོགས་པ་ཞིག་ལ་བུ་མེད་པ་ན། རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་འབྱུང་བར་ལྷས་ལུང་བསྟན་པ་ལྟར་བྱས་པས། ཁྱེའུ་བྱད་གཟུགས་མཚར་བ་ཞིག་བཙས་ཏེ་མཚན་མཁན་ལ་བསྟན་པས། མཚན་བཟང་མོད་ཀྱི་འོན་ཀྱང་ཞག་བདུན་གྱི་ཚེ་ལས་མེད་པར་བསྟན། ཐབས་དྲིས་པ་ན། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་པས་ཟླ་བདུན། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་པས་ལོ་བདུན་ཐུབ་ཟེར་བ་ལྟར་བྱས། ལོ་རྫོགས་པར་ཉེ་བས་བུའི་རོ་ཕ་མས་མཐོང་མ་བཟོད་དེ་གཡོག་དང་བཅས་འཁྱམ་དུ་བཏང་བ། ནཱ་ལེནྡྲའི་སྒོ་དྲུང་ལ་བྱིས་པས་སྙན་ངག་གི་རིག་བྱེད་བསྒྲགས་པ་བྲམ་ཟེ་ས་ར་ཧས་གསན་དེ་ནང་དུ་ཁྲིད་ཚུལ་དེ་བཞིན་དུ་བཤད་ནས། རབ་ཏུ་བྱུང་ན་ཐབས་ཡོད་གསུངས་པ་བཞིན་རབ་ཏུ་བྱུང་། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་གཟུངས་འདོན་བཅུག་པས་འཆི་བདག་ལས་ཐར་བའི་མཚན་རྟགས་ཐོབ།
གསང་སྔགས་སྔ་འགྱུར་དུ་གསུང་གི་རིག་འཛིན་སོགས་གསང་སྔགས་གསར་རྙིང་གི་རྒྱུད་སྡེ་རབ་འབྱམས་རྒྱ་མཚོ་དང་། སྡེ་སྣོད་གསུམ་སོགས་ཤེས་བྱ་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས། སླར་ཕ་མ་དང་མཇལ་ཏེ་ཐོག་མར་ཕ་མ་ཡིད་མ་ཆེས་ཀྱང་རྗེས་སུ་ལོ་རྒྱུས་བཤད་པས་ཡིད་ཆེས་པར་གྱུར། ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་བསྙེན་པར་རྫོགས། མཚན་དགེ་སློང་དཔལ་ལྡན་དུ་གྲགས། དེ་ནས་རྨ་བྱ་ཆེན་མོ་དང་། ཀུ་རུ་ཀུ་ལླེ་དང་། གནོད་སྦྱིན་མོ་དགུ་དང་། ནག་པོ་ཆེན་པོ་རྣམས་བསྒྲུབས་པས། རི་ལུ། མིག་སྨན། རལ་གྲི། རྐང་མགྱོགས། བཅུད་ལེན། གཏེར་ལ་སོགས་པ་དངོས་གྲུབ་མང་པོ་དང་། ཚར་གཅོད་པ་དང་། སླར་གསོ་བ་ལ་སོགས་པའི་ནུས་པ་ཐམས་ཅད་གྲུབ། ཀླུ་དང་གནོད་སྦྱིན་ལ་སོགས་པ་མི་མ་ཡིན་ཐམས་ཅད་བྲན་དུ་འཁོལ། ཁྱད་པར་བཅུད་ལེན་གྲུབ་པས་རྡོ་རྗེའི་སྐུར་གྱུར། རྫུ་འཕྲུལ་དང་མངོན་ཤེས་ལ་མངའ་བརྙེས། མགོན་པོའི་རིགས་སྔགས་འགྲུབ་ནས་དྷ་ནྱ་ཀ་ཊ་ཀའི་གླིང་ན་ནག་པོ་ཆེན་པོའི་རྒྱུད་བཞུགས་པ་སྤྱན་འདྲེན་པར་དགོངས། གླིང་དེར་མི་གཡོ་བ་ལ་བརྟེན་ཏེ་སྒྱུ་མ་བསྒྲུབས། སྒྱུ་མས་མཁའ་འགྲོ་མ་རྣམས་མགོ་འཁོར་བའི་བར་ལ་ལྷ་མོ་ནག་མོ་དང་ནག་པོ་ཆེན་པོའི་རྒྱུད་བརྒྱད་དང་། ཀུ་རུ་ཀུ་ལླེའི་རྟོགས་པ་ལ་སོགས་པ་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་གདམས་པ་ཐོབ། སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་ཡང་གདན་དྲངས།
མ་ག་དྷར་ལོ་བཅུ་གཉིས་སུ་མུ་གེ་བྱུང་སྟེ་གྲོང་ཁྱེར་སྟོངས་པ་ཙམ་དུ་སོང་བ་ན་གསེར་འགྱུར་གྱི་སྦྱོར་བས་དགེ་འདུན་ཤིན་ཏུ་མང་བ་ལ་འཚོ་བ་སྦྱར་བ་སླར་ལོ་བཅུ་གཉིས་ལོན་ནས་སློབ་དཔོན་སྒྲ་གཅན་འཛིན་གྱིས་གསན་པས། མ་ལེགས་ཟས་ཀྱི་ཆར་འབེབས་པའི་ནུས་པ་ང་ལ་ཡོད་བཞིན་དུ་དགེ་འདུན་ལོག་འཚོ་ལ་སྦྱོར་བ་ཁྱོད་སྙིང་རྗེ་ཆུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ། ད་ནི་དེའི་སྡིག་སྦྱོང་ལ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང་། མཆོད་རྟེན་ཁྲི་ཕྲག་བཞེངས་དགོས་གསུངས་ལ། དགེ་སློང་མི་གཅིག་གིས་དེ་ལྟར་མི་འགྲུབ་པར་གཟིགས་ནས། གནོད་སྦྱིན་ཛམྦྷ་ལར་ནོར་གང་དགོས་བསླངས། ལས་གྲོགས་ཀླུ་རྣམས་ལ་འཆོལ་དགོངས་ཏེ། ཀུ་རུ་ཀུལླེའི་རིག་སྔགས་ཀྱིས་ཀླུ་རྒྱལ་འཇོག་པོའི་བུ་མོ་འཁོར་དང་བཅས་པ་བཀུག་པས། ཆོས་གསུང་བའི་ཚོགས་སུ་མིའི་བུ་མོའི་རྣམ་པ་གཉིས་འཁོར་མང་པོ་དང་བཅས་བྱུང་བས། དཔག་ཚད་ཙམ་ཙན་དན་ས་མཆོག་གི་དྲིས་ཁྱབ། བུ་མོ་གཉིས་ལ་སྒྲོལ་མའི་སྐུ་བཞེངས་པར་ཙན་དན་སྟེར་བ་དང་། གཙུག་ལག་ཁང་བཞེངས་པའི་གྲོགས་བྱེད་དགོས་སྩལ་པས། ཕ་ལ་དྲིས་ནས་ལན་འབུལ་ཟེར། དེའི་ནངས་པར་བུ་མོ་གཉིས་སྔར་བཞིན་བྱུང་། ཀླུའི་རྒྱལ་པོའི་མཆིད་ནས། སློབ་དཔོན་ཉིད་ཀླུ་ཡུལ་དུ་ཕེབས་ན་བཀའ་བཞིན་བྱེད། གཞན་སྒྲུབ་པར་མི་ནུས་ཟེར་བའི་ལན་ཕུལ། ཤེར་ཕྱིན་འབུམ་སྤྱན་འདྲེན་པ་སོགས་དགོས་པ་ཁྱད་པར་ཅན་གཟིགས་ཏེ་ཀླུའི་ཡུལ་དུ་ཕེབས། འོད་སྲུང་དང་གསེར་ཐུབ་ལ་སོགས་པའི་དུས་ཀྱི་དགེ་སློང་ལུས་གཞན་ལས་ཆེ་བ་མང་པོ་དང་། བདག་ཅག་གི་སྟོན་པའི་དགྲ་བཅོམ་པ་དུ་མ་ཀླུའི་མཆོད་གནས་སུ་འདུག་པ་རྣམས་ན་རེ། ངེད་རྣམས་ནི་དགྲ་བཅོམ་པ་ཡིན་ལ། ཁྱོད་དུག་གསུམ་དང་བཅས་པའི་མི་ཞིག་འདིར་འོང་བ་ལ་དུག་གིས་མི་གནོད་པ་ཅི་ཡིན་འདྲི་བར། ངས་རྨ་བྱ་ཆེན་མོའི་རིག་སྔགས་འགྲུབ་པ་ཡིན་གསུངས། ཀླུ་རྣམས་དམ་པའི་ཆོས་ཀྱིས་ཚིམ་པར་མཛད། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་གཟུངས་དང་རྟོག་པའི་རིགས་དུ་མ་སྤྱན་དྲངས། སའི་སྟེང་དུ་ཕེབས།
དགེ་སློང་བདེ་བྱེད་ལ་སོགས་པ་ཐེག་ཆེན་ལ་སྡང་བ་རྣམས་རྩོད་པས་སུན་དབྱུང་། ཉན་ཐོས་སེན་དྷ་པ་རྣམས་ཀྱིས་བརྩམས་པའི་རྟོག་གེ་ཐེག་ཆེན་ལ་རྩོད་པའི་གཞུང་མང་པོ་དར་བ་ཐམས་ཅད་ས་འོག་ཏུ་སྦས། ལྷོ་ཕྱོགས་ཛ་ཊ་སོ་གྷ་རའམ་རལ་པ་འཇོམས་པར་གྲགས་པའི་གནས་སུ་མུ་སྟེགས་ཀྱི་རྒོལ་བ་འདུས་པ་ལྔ་བརྒྱ་ཙམ་ཚར་བཅད་དེ་ནང་པའི་བསྟན་པར་བཅུག །དྲིལ་བུའི་བྲག་དང་བྱང་ཕྱོགས་དྷིང་ཀོ་ཊ་སོགས་རི་མང་དུ་གསེར་དུ་བསྒྱུར་བར་བཞེད་པ་ལ། རྗེ་བཙུན་སྒྲོལ་མས་མ་འོངས་པ་ན་རྩོད་པའི་གཞིར་འགྱུར་བས་མ་བྱེད་གསུངས་ཏེ་བཟློག །བྱང་སྒྲ་མི་སྙན་དུ་ཕེབས་པའི་ལམ་ཁར་བྱིས་པ་མང་པོ་རྩེ་བ་ལས་གཅིག་རྒྱལ་པོར་ལུང་བསྟན། མི་དང་མི་མ་ཡིན་གྱི་དོན་དུ་ལོ་བཅུ་གཉིས་ཙམ་ལོན་པ་ན་ཚུར་ཕེབས། སྔར་གྱི་བྱིས་པ་རྒྱལ་པོར་གྱུར་པ་བདེ་སྤྱོད་ཀྱིས་བསྙེན་བཀུར། གཞི་མེད་ཀྱི་སྐུར་བ་ཅུང་ཟད་བྱུང་བ་འཕགས་པ་ལྷའི་ཐབས་མཁས་ཀྱི་འཕྲུལ་ལ་བརྟེན་ནས་སངས། སྒྲོལ་མ་མངོན་སུམ་དུ་ཞལ་གཟིགས་ལུང་བསྟན།
ཀླུའི་སྐད་དོད་ནཱ་ག་ནི། ཆོས་དབྱིངས་སུ་སྐྱེས་པ་ལ་རྟག་ཆད་གཉིས་ཀྱི་མཐའ་མི་གནས་པ་དང་། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ་སྲེག་ཅིང་བསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨར་ཛུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱིས་རྒྱལ་སྲིད་སྐྱོང་བ་དང་ཉེས་པའི་དགྲ་ཕྱོགས་འདུལ་བར་སྲིད་སྒྲུབ་སྟེ། དེ་གཉིས་མཚམས་སྦྱར་བས་ནཱ་གཱ་རྫུ་ན་སྟེ་ཀླུ་སྒྲུབ་ཅེས་གྲགས། མཐའ་བྲལ་དབུ་མ་རིགས་ཚོགས་དྲུག །རྒྱུད་ཀུན་ལས་བཏུས་ལ་སོགས་པས་མཚོན་མདོ་སྔགས་རིག་གནས་ཀུན་ལ་བཀའ་དྲིན་ཆེ་ཞིང་། ཁྱད་པར་གསོ་རིག་ཏུ།
རིང་དུ་གྲགས་པའི་གསོ་དཔྱད་ནས། །མཐའ་ཡས་རྒྱུད་ཀྱིས་བཅོས་པ་བླངས། །
སྨན་པ་མཁས་པས་རབ་མཆོད་པའི། །སྦྱོར་བ་བརྒྱ་ཡིས་བཅིངས་པར་བྱ། །
ཞེས་བསྟན་བཅོས་སྦྱོར་བ་བརྒྱ་པ། སྨན་པའི་མཆོག་སྟེ་ཉོན་མོངས་ནད་སེལ་དེ་ལ་ཕྱག་འཚལ་ནས། །འཕགས་པའི་བརྟུལ་ཞུགས་དྲང་སྲོང་མ་གཏོགས་སྐྱེས་བུ་བློ་ལྡན་པས། །རླུང་མཁྲིས་བད་ཀན་གསུམ་དང་འཕྲོད་སྤྱད་བག་བྱ་སྤྱོད་ལམ་གྱིས། །མི་ལུས་འདི་ཐོབ་དོན་ཡོད་འཚོ་བའི་མདོ་ཙམ་བསྟན་པར་བྱ། །ཞེས་སོགས་འཚོ་བའི་མདོ་ཚིགས་སུ་བཅད་པ། རྩ་ཨ་བའི་ཆོ་ག །སྔོ་སྦྱོར་བདུད་རྩི་གསང་བ། སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ་རྣམས་དང་། གཞན་ཡང་ལྷོག་པ་སྤུན་བཞི་གཉན་བཅས་ཀྱི་བཅོས་སོགས་འདིས་མཛད་ཟེར་བ་ཤིན་ཏུ་མང་།
མཆོད་རྟེན་དང་ལྷ་ཁང་མང་པོ་བཏབ། རྡོ་རྗེ་གདན་ལ་དྲ་མིག་གི་རྭ་བས་བསྐོར། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་པ་བཞེངས། སྤྱི་ལུགས་ལ་ལོ་དྲུག་བརྒྱ་དང་སྔ་འགྱུར་ལྟར་ན་ལོ་སྟོང་གི་རིང་འགྲོ་དོན་མཛད། རྒྱལ་པོ་བདེ་སྤྱོད་ཀྱི་བུ་གཞོན་ནུ་ནུས་ལྡན་ཞེས་པ་རྒྱལ་སྲིད་ལ་རིངས་པའི་གཏམ་མ་ལ་སྨྲས་པ་དང་། དེ་ན་རེ་ཁྱོད་ཀྱི་ཡབ་དང་སློབ་དཔོན་ཀླུ་སྒྲུབ་སྐུ་ཚེའི་བཅུད་ལེན་སྟོབས་གཅིག་ཏུ་འགྲུབ་པས་འགྲོངས་རྒྱུ་མེད། རྒྱལ་སྲས་སྔ་མ་རྣམས་ཀྱང་རྒྱལ་སྲིད་མ་ཐོབ་པར་འདས་པ་མང་ཟེར་བས། ཤིན་ཏུ་ཡི་མུག་པའི་ཚེ། མ་ན་རེ། ཁྱོད་དེ་ལྟར་མི་དགའ་ཆེས་ན་སློབ་དཔོན་ལ་དབུ་སློངས། བྱང་ཆུབ་སེམས་དཔའ་ཡིན་པས་སྟེར། ཀླུ་སྒྲུབ་གཤེགས་པ་དང་ཡབ་ཀྱང་འགྲོངས་ཏེ་རྒྱལ་སྲིད་ཐོབ་ངེས། ཞེས་བསླབས་པ་ལྟར་གཞོན་ནུ་ནུས་ལྡན་གྱིས་དབུ་བསླངས་པ་རལ་གྲིས་བཅད་པ་མ་ཆོད་པར། ངས་སྔོན་རྩྭ་སྔོན་པོས་སྲོག་ཆགས་ཀྱི་སྐེ་བཅད་པའི་རྣམ་སྨིན་ཡོད་པས་ཀུ་ཤས་ཆོད་གསུངས་པ་ལྟར་བྲེགས་པའི་ཚེ། མགུལ་ནས་བྱང་ཆུབ་ཀྱི་སེམས་འཛགས་ཏེ།
ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །
ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །
ཞེས་གསུངས་ཏེ་སྐུ་ཚེ་འཕོས། སློབ་དཔོན་བཅུད་ལེན་འགྲུབ་པས་འགྲིག་གི་དོགས་ནས་དབུ་དཔག་ཚད་དུ་མའི་སར་འཁྱེར་བ་གནོད་སྦྱིན་མོས་འཕྲོག་ནས་བཤད་ཁུངས་དུ་མ་ཡོད་ཀྱང་ཕ་བོང་གཅིག་གི་ཁར་བཞག་པས་ཕ་བོང་གས་པའི་ས་དེར་འཕགས་པ་སྤྱན་རས་གཟིགས་ལྷ་ལྔའི་རྡོ་སྐུ་རང་བྱོན་བྱུང་། དབུ་དང་སྐུ་ལུས་གཉི་ག་ལ་ཡོན་བདག་གནོད་སྦྱིན་མོ་དེས་སོ་སོར་ལྷ་ཁང་བརྩིགས། དེ་གཉིས་ཀྱི་བར་དུ་སྔོན་དཔག་ཚད་བཞི་ཙམ་ཡོད་པ། ད་ལྟ་རྒྱང་གྲགས་གཅིག་ཀྱང་ཅུང་མི་ལོངས་པའི་ཁད་ཉེ་ཞིང་། ལྷ་ཁང་དེའི་རྡོ་བརྩིགས་རྣམས་འབྲེལ་བས་བྲག་ལྟ་བུར་སོང་བའི་ཆོ་འཕྲུལ་དང་གཉན་ཆ་ཆེ་བ། སྒོ་མེད་པའི་སྐར་ཁུང་ནས་བལྟས་ན། དབུ་དང་སྐུ་རྡོ་སྐུའི་དུམ་བུ་འདྲ་བ་རེ་ཡོད་པར་གྲགས་ལ། རིམ་གྱིས་སྐུ་ལུས་དང་ཇེ་ཉེར་སོང་སྟེ་མ་འོངས་པ་ན་འགྲོ་བའི་དོན་མཛད་པར་འདོད་དོ། །ཞེས་གསལ་ལོ།།
དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨན་དཔྱད་གསོ་རིག་གི་གསུང་འབུམ་གླེགས་བམ་གཉིས་པ་འདི་ཉིད་ནང་། དབུས་གྱུར་ལྷ་ས་སོགས་ནས་ལག་ཏུ་སོན་པའི་ལག་བྲིས་མའི་མ་ཡིག་འགའ་གཞིར་བྱས་ནས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནས་ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་པོད་ ༧༣ པར་ཕྱོགས་བསྒྲིགས་གནང་བའི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས་པོད་ཕྲེང་གཅིག་ཕྱོགས་བསྒྲིགས་ཞུས་པའི་ནང་། ༡༽ ཀླུ་རྒྱལ་ཞུས་ལན་དང་། ༢༽ ལྕགས་སྦུབ་མ་རྒྱ་ནག་གི་ལུགས། གཙང་པ་བསྒོམ་ཆུང་ནས་བརྒྱུད་པ། ༣༽ གསང་བའི་བདག་པོས་བདེ་བྱེད་མཁའ་འགྲོ་མ་ལ་གནང་བའི་མཛེ་བཅོས་དོན་པ། ༤༽ མཛེ་རིགས་བཅོ་བརྒྱད་ཀྱི་རྟགས་བཅོས་ཡོད་ལགས། རྡོ་རྗེ་བདེ་ཁྲོས་ཀྱི་དགོངས་པ་ལས་བྱུང་བ། ༥༽ དཔལ་མགོན་ཀླུ་སྒྲུབ་ཀྱི་མདོར་བསྡུས་གསང་ཏིག་སྒྲོན་མ། ༦༽ རིན་ཆེན་མདོ་རྒྱུད་གསོ་རིག་ལས་ཏི་ཀ་རྣམ་དྲུག །༧༽ རྩ་ཡིག་ཉི་ཟེར་སྒྲོན་མེ་བཅས་བསྟན་བཅོས་ཁག་བདུན།
༨༽ གཞན་ཡང་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༤ ལོར་པར་སྐྲུན་གནང་བའི་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་ཀྱི་པོད་ཕྲེང་ ༦ པར་མན་ངག་གསེར་བྲེ་མ་དང་དངུལ་བྲེ་མ་ཞེས་བྱ་བའི་ཤོག་གྲངས་ ༢༡༤ ནས་ ༢༡༦ བར་བཞུགས་པའི་ཀླུ་སྒྲུབ་ཀྱིས་མཛད་པའི་སྔོ་སྦྱོར་གསུམ་པ་དང་། ༩༽ བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་པོད། ༼ཏ༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ ༢༠༡༤ ལོར་པར་སྐྲུན་གནང་བ་བྲིས་མ། ཤོག་གྲངས་ ༥༣ན༡ ནས་ ༥༥བ༦ བར་བཞུགས་པའི་ཀླུ་སྒྲུབ་སྙིང་པོས་མཛད་པའི་རིན་པོ་ཆེའི་ཞལ་གདམས་ཆེན་མོ། ༡༠༽ བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། པོད། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོར་པར་སྐྲུན་གནང་བའི་བྲིས་མ་དཔེ་རྙིང་། འདྲ་བཤུས་ཡིག་ཆ། ཤོག་གྲངས་ ༡ ནས་ ༡༠ བར་བཞུགས་པའི་རེག་པ་རྩའི་པྲ་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ། ༡༡༽ འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོའི་ (དུས་རབས་14པ།) གསུང་འབུམ་པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་ནས་ ༢༠༠༥ ལོར་པར་སྐྲུན་གནང་བའི་དེབ་གཟུགས་ཤོག་གྲངས་ ༣༢༥-༣༢༦ བར་གསལ་བའི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནག་པོ་དགུ་སྦྱོར། ༡༢༽ བཀའ་བརྒྱུད་སྔགས་མཛོད། པོད་ ༼ཉ༽ མཛེ་ནད་གསོ་བའི་མན་ངག་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་ཞུ་ལན་སོགས་བཞུགས་སོའི་མཐའ་ཅན་ཤིང་པར་ཤོག་གྲངས་ ༢༦ ཅན་བཅས་གསོ་རིག་གི་བསྟན་བཅོས་ཁག་ ༡༢ ལག་སོན་བྱུང་བ་རྣམས་མ་དཔེ་གཞིར་བཟུང་ཕྱོགས་བསྒྲིགས་ཞུས་པའོ།།
དེ་ཡང་དང་པོ། སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས་སུ་བཞུགས་པའི་བསྟན་བཅོས་ཀྱི་རྣམ་གྲངས་ནི། དང་པོ། ཀླུ་རྒྱལ་ཞུས་ལན་ལ་མངོན་རྟོགས་གསུམ་ནང་ལེའུ་ང་དྲུག་ཅན་དང་། གཉིས་པ། ལྕགས་སྦུབ་མའི་རྒྱ་ནག་གི་ལུགས། གཙང་པ་སྒོམ་ཆུང་ནས་བརྒྱུད་པ་ལེའུ་བདུན། གསུམ་པ། གསང་བའི་བདག་པོས་བདེ་བྱེད་མཁའ་འགྲོ་མ་ལ་གནང་བའི་མཛེ་བཅོས་དོན་པ་བཞུགས་སོའི་མཐའ་ཅན། བཞི་པ། རྡོ་རྗེ་བདེ་ཁྲོས་ཀྱི་དགོངས་པ་ལས་བྱུང་བ་མཛེ་རིགས་བཅོ་བརྒྱད་ཀྱི་རྟགས་བཅོས་ཡོད་ལགས་སོའི་མཐའ་ཅན། ལྔ་པ། དཔལ་མགོན་ཀླུ་སྒྲུབ་ཀྱི་མདོར་བསྡུས་གསང་ཏིག་སྒྲོན་མ་ལེའུ་དོན་གཉིས་ཅན། དྲུག་པ། རིན་ཆེན་མདོ་རྒྱུད་གསོ་རིག་ལས་ཏི་ཀ་རྣམ་དྲུག་ལེའུ་ཉེར་གཅིག །བདུན་པ། རྩ་ཡིག་ཉི་ཟེར་སྒྲོན་མེ་ལེའུ་བཅོ་བརྒྱད་ཅན་བཅས་གསོ་རིག་གི་བསྟན་བཅོས་རྣམ་གྲངས་བདུན་བཞུགས་ཡོད།
གསུང་རྩོམ་འདི་དག་གི་བརྗོད་བྱ་ནི། ཐོག་མར་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀླུའི་རྒྱལ་པོ་འཇོག་པོ་ཏག་ཤ་ཀ་ལ་ཞུས་པའི་ལན་དུ་གླེང་གཞི་གླེང་སློང་དང་བཅས་ཏེ་ཀླུ་གདོན་གྱི་རིགས་ཀྱི་རྣམ་གྲངས་དང་། ཀླུ་རིགས་བཞིས་བཟུང་བའི་མཚན་ཉིད། མིའི་རིགས་ཀྱི་ཀླུ་དང་གནོད་སྦྱིན་བྱོལ་སོང་སོགས་ཀླུས་ཟིན་རྟགས། གདུག་པ་ཀླུ་བདུད་དང་འབྱུང་བའི་ཤིང་གཉན་ས་གཉན་མེ་གཉན་སོགས་ཀྱིས་གནོད་པའི་རྟགས། ཕོ་མོ་གདོན་གྱིས་ཟིན་པ་ལོ་དུས་ག་ཚོད་འགོར་བའི་བརྟག་ཚུལ་སོགས་ཞིབ་པར་བཀོད་ནས་དེ་དག་གསོ་རུང་མི་རུང་དང་། གྲོལ་དཀའ་སླ་སོགས་བསྟན། མཐའ་མར་ཀླུ་གདོན་དང་མཛེ་ནད་ཀྱིས་ཟིན་པ་མིག་དང་བྱད་མདོག་ལ་བརྟགས་ནས་གདོན་རིགས་དབྱེ་ཚུལ་དང་། དེ་གྲོལ་བ་ལ་སྔགས་བཟླས་པ་དང་། རང་ལ་གནོད་པའི་ཀླུ་ཡོད་སར་གཏོར་མ་བཏང་བ་སོགས་ཀྱི་གདམ་ངག་མང་པོ་གཞི་གཅིག་ཏུ་བསྡུས་ནས་ལེགས་པར་སྤྲོས་ཡོད།
བར་དུ་སྔགས་ཀྱི་རིམ་པ་དང་། དྲག་སྔགས་ཀྱི་ལས་སྒྲུབ་ཚུལ། ནད་ངོས་བཟུང་བའི་ཐབས་སོགས་དང་། དེ་བཞིན་མཛེ་བཅོས་དང་མཛེ་རིགས་བཅོ་བརྒྱད་ཀྱི་རྟགས་བཅོས་ཀྱི་རྣམ་གཞག །གཞན་ཡང་གསང་ཏིག་སྒྲོན་མའི་ནང་ཀླད་དོན་གྱི་ལོ་རྒྱུས་རིམ་པ་དང་། དེ་ནས་གཞོམ་བྱ་ནད་ཀྱི་གནས་དང་དབྱེ་བ། དེ་འཇོམས་བྱེད་ཀྱི་གཉེན་པོ་སྨན་གྱི་རོ་ནུས་ཞུ་རྗེས། དེ་མིན་ངོས་བཟུང་རྟགས་ཀྱི་ཐབས་སོ་སོ། ཞི་སྦྱོངས་ཀྱི་ལས་རེ་རེ། དཔྱད་ལྔའི་ལས་རེ་རེ། དོན་ལྔ་སྣོད་དྲུག་གི་ནད་ཀྱི་བཅོས་ཀ །རྨ་སྤྱི་དང་དེ་བཞིན་མགོ་དང་བྱང་ཁོག་སོགས་ཀྱི་རྨ་ཡི་བཅོས་རྣམས་རྒྱས་པར་གསུངས་ཡོད། ཡང་ཊཱིཀྐ་རྣམ་དྲུག་ལས་ནད་དེ་རྟོགས་བྱེད་ཀྱི་ཐབས་མཆོག་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་ནད་ངོས་འཛིན་ཚུལ་དང་། ཡང་ནད་དེ་འཇོམས་བྱེད་ཀྱི་གཉེན་པོ་ལག་ལེན་བཅོ་བརྒྱད་ལས་ཞི་དཔྱད་ཀྱི་ལས་རྣམས་སྐབས་འདིར་སྤྲོས་ཡོད། མཐའ་མར་རྩ་ཡིག་ཉི་ཟེར་སྒྲོན་མེའི་ནང་ལུས་རྟེན་གྱི་གནས་ལུགས་མདོར་ཙམ་བསྟན་ནས་བྱ་བ་སྤྱོད་ལམ་གྱི་ནང་བཞིན་བསྟུན་དགོས་ཚུལ་དང་། དེ་ནས་རྩ་ཡི་བལྟ་གནས་དང་། བལྟ་ཚུལ། བལྟ་དུས། བརྟག་ཐབས། གཞན་རྒྱུན་རྩ་དང་གདོན་རྩ། འཆི་རྩ་དང་ཚེ་རྩ་སོགས་རྩ་རིགས་མི་འདྲ་བའི་དབྱེ་སྒོ་ངེས་དགོས་ཚུལ་རྣམས་གསུངས་ནས། ནད་ཀྱི་གཞི་རྩ་རླུང་མཁྲིས་བད་ཀན་གསུམ་གྱི་ངོས་འཛིན་དང་། བཅོས་ཀ་རགས་བསྡུས་ཤིག་བཀོད་ཡོད།
སྨན་ཡིག་གཅེས་བཏུས་ཀྱི་བསྟན་བཅོས་མཛད་པ་པོ། སྨན་ཡིག་གཅེས་བཏུས་སུ་གསོ་རིག་གི་བསྟན་བཅོས་རྣམ་གྲངས་བདུན་བཞུགས་པ་ལས། ༡༽ ཀླུ་རྒྱལ་ཞུ་ལན་གྱི་བསྟན་བཅོས་ཀྱི་མཚན་དོན་ལས[3]། རྒྱ་གར་སྐད་དུ། ནཱ་ག་ར་ཙ་ཏག་ཤ་ཀ་མ་ཧཱ་ཧ་བྷི་ཀྵུ་པན་ན་ན་མ། བོད་སྐད་དུ། ཀླུའི་རྒྱལ་པོ་འཇོག་པོ་དང་། དགེ་སློང་ཆེན་པོའི་ཞུས་ལན་ཞེས་བྱ་བ། ཞེས་དགེ་སློང་ཆེན་པོ་སྟེ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཞུས་ནས་ཀླུའི་རྒྱལ་པོ་འཇོག་པོ་ཏག་ཤ་ཀ་ཞེས་བྱ་བས་ལན་དུ་གསུངས་པ་སྟེ། དེ་ཡང་མངོན་རྟོགས་ཕྱོགས་གསུམ་པ་ལས[4]། དགེ་སློང་དཔལ་དང་ལྡན་པ་ཡིས། །ཀླུའི་རྒྱལ་པོ་འཇོག་པོ་ལ། །འདི་སྐད་ཅེས་པའི་བཀའ་སྩལ་བ། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །རང་གི་རིགས་སྔགས་ཅི་ལྟར་གནས། །ཀླུ་སྒྲུབ་ཀྱིས་འགྲོ་བ་རྣམས་ལ་ཕན་སླད་དུ། །ཕྱི་ནང་གསང་བ་བརྟག་པའི་ཐབས། །དེ་དག་གོ་རིམ་དགེ་སློང་གིས་ཀླུའི་རྒྱལ་པོ་ལ་གསོལ་བ་བཤད་དུ་གསོལ། །ཀླུ་རང་སྲོག་ཕུལ་བ་ཡི་རྒྱལ་པོས་ཡང་གསོལ་བ། །ཞེས་འཕགས་པ་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་འཇོག་པོ་གཉིས་ཞུ་བ་ཞུ་ལན་གྱི་ལམ་ནས་མཛད་པར་གསུངས་སོ།།
དེ་བཞིན་གཅེས་པ་བསྡུས་པའི་སྒྲོན་མའི་གདམས་པ་ལས་[5]ཀྱང་། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། །ཀླུའི་རྒྱལ་པོའི་ནད་གསོས་ནས། །སློབ་དཔོན་གྱིས་སེམས་ཅན་རྣམས་ལ། ཐུགས་བརྩེ་བ་དང་ལྡན་པས། །འཛམ་བུ་གླིང་གི་མི་རྣམས་ལ། །ཀླུའི་ནད་ཀྱིས་བཟུང་བ་ལ། །གསོ་རུ་རུང་བ་དང་མི་རུང་བའི་མཚན་ཉིད་དང་། བཟློག་པ་དང་མི་བཟློག་པའི་མཚན་ཉིད་བསྟན་དུ་གསོལ། ཞེས་ཀླུའི་རྒྱལ་པོ་ལ་ཞུས་སོ། །ཀླུའི་རྒྱལ་པོས་གསུངས་པ་ནི། ཞེས་དང་། དེ་ཉིད་ཀྱི་མཛད་བྱང་ལས། གཅེས་པ་བསྡུས་པའི་སྒྲོན་མའི་གདམས་པ། སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ། །ཞེས་དང་། ཡང་དེ་ཉིད་ལས་[6]ཀྱང་། ལྷོ་ཕྱོགས་བེ་དའི་ཚལ་དུ་སྐུ་འཁྲུངས་པའི། །དགེ་སློང་དཔལ་ལྡན་ཆེར་གྲགས་ཀླུ་སྒྲུབ་སྙིང་པོ་ཡིན། ཀླུའི་རྒྱལ་པོ་འཇོག་པོ་ཉིད་དང་རྟོགས་པ་བསྡུར་བའི་མདོ་སྐོར་འཇུག་ལུགས་བཞི་པ་འདི། གདམ་ངག་གི་གནད་དུ་གདིགས་པ་རྫོགས་སྷོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་ཚུལ་གསལ་བར་བྱུང་ངོ་།།
༢༽ གཙང་པ་སྒོམ་ཆུང་ནས་བརྒྱུད་པའི་ལྕགས་སྦུབ་མ་རྒྱ་ནག་གི་ལུགས་ལེའུ་ལྔ་པ་རྒྱལ་མོ་མིག་གི་བརྟག་པ་ལས[7]། རྒྱལ་མོ་མིག་གི་བརྟག་པ་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ། བན་དྷེ་གྲུའོ་རྫོགས་སོ། །ཞེས་ཀླུ་སྒྲུབ་སྙིང་པོས་མཛད་པར་གསལ་ལོ།།
༣༽ དཔལ་མགོན་ཀླུ་སྒྲུབ་ཀྱི་མདོར་བསྡུས་གསང་ཏིག་སྒྲོན་མ་ལས[8]། ས་བརྒྱད་ནོན་པའི་ཀླུ་སྒྲུབ་ཀྱིས། །མདོར་བསྡུས་གསང་ཏིག་སྒྲོན་མ་བཤད། །ཅེས་དང་། དེ་ཉིད་ལས། ཁྱད་པར་བདག་འདྲ་ཀླུ་སྒྲུབ་ཀྱིས། །གསོ་བའི་བསྟན་བཅོས་བློ་སྦྱངས་བྱ། །ནད་རྣམས་གསོ་བའི་བདུད་རྩི་རུ། །རིན་ཆེན་གསང་ཏིག་སྒྲོན་མ་བརྩམས། །ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བརྩམས་པར་གསུངས་སོ།།
དེ་བཞིན་མདོར་བསྡུས་གསང་ཏིག་སྒྲོན་མ་ལས[9]། བརྒྱུད་ཁུངས་མུ་ཏིག་ཕྲེང་བ་བཤད། །བདེར་གཤེགས་ཐུགས་རྗེའི་བརྒྱུད་པ་ནི། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཡིས། །འགྲོ་བ་ནད་ཀྱིས་ཉེན་པ་ལ། །རིན་ཆེན་གསོ་བའི་བསྟན་བཅོས་གསུངས། །དེ་ཡིས་རིགས་གསུམ་མགོན་ལ་བཤད། །དྲང་སྲོང་བྱིན་རླབས་བརྒྱུད་པ་ནི། །ཚངས་པའི་རིག་བྱེད་དྲན་པ་དང་། །དེ་ཡིས་སྐྱེ་དགུའི་མཆོག་ལ་བཤད། །དེ་ཡིས་ཙ་ར་ཀ་ལ་བཤད། །དེ་ཡིས་ལྗང་སྔོན་དྲང་ལ་བཤད། །དེ་ཡིས་ཀུན་ཤེས་དྲང་ལ་བཤད། །དེ་ཡིས་ལྷ་སྨན་ཐ་སྐར་ལ། །དེ་ཡིས་དྲང་སྲོང་ཐང་ལ་འབར། །དེ་ཡིས་དྲང་སྲོང་མྱེ་བཞིན་འབར་ལ་བཤད། །དེ་ཡིས་ཀླུ་སྒྲུབ་སྙིང་པོ་ལ། །དེ་ཡིས་དྲང་སྲོང་མངོན་ཤེས་ལ། །གསོ་དཔྱད་རྒྱས་འབྲིང་གསུམ་དུ་གསུངས། །འདི་ནི་བསྡུས་པའི་དོན་ཡིན་ནོ། །ཀླུ་སྒྲུབ་ཉིད་ཀྱིས་མཛད་པའོ། །དེ་ནས་བར་ནི་མ་ཆད་པར། །མཁའ་འགྲོ་མུ་ཤི་ལས་གསུངས་སོ། །དེ་ནས་གང་ཟག་བརྒྱུད་པ་ནི། །དེ་ཡིས་རྒྱ་གར་མི་ཏྲ་ལ། །དེ་ཡིས་རྒྱ་གར་མྱེ་སྦལ་ལ། །དེ་ཡིས་ལོ་ཙཱ་ཙན་ཏྲ་ལ། །དེ་ཡིས་རྒྱ་ནག་ཧྭ་ཤང་ལ། །དེ་ཡིས་རྒྱ་ནག་དེ་ཝ་ལ། །དེ་ཡིས་ཁ་ཆེའི་པཎྜི་ཏ་ལས་བརྒྱུད་པའོ། །རིན་ཆེན་གསང་བའི་ཏི་ཀ་ལས། །བརྒྱུད་པའི་ཁུངས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །ཞེས་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གསུངས་སོ།།
༤༽ རིན་ཆེན་མདོ་རྒྱུད་གསོ་རིག་ལས་ཏི་ཀ་རྣམ་དྲུག་ལས[10]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །སེམས་ཅན་དུ་མའི་དོན་ཆེད་དུ། །རིན་ཆེན་མདོ་རྒྱུད་གསོ་རིག་ལས། །ཏི་ཀ་རྣམ་དྲུག་རྒྱན་གྱིས་བརྒྱན། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་སེམས་ཅན་དུ་མའི་ཆེད་དུ་མཛད་པར་གསུངས་ལ། གཞུང་འདིའི་མཇུག་མ་ཡིག་ཏུ་ཆད་པས་མཛད་བྱང་འགོད་ཐབས་བྲལ་བ་བཅས་སོ།།
༥༽ རྩ་ཡིག་ཉི་ཟེར་སྒྲོན་མེའི་བརྩམ་པར་དམ་བཅའ་ལས[11]། རྩ་དཔྱད་དམ་པ་ཉི་མ་སྒྲོན་མེ་འདི། །ཀླུ་སྒྲུབ་ལ་སོགས་ནང་པའི་བསྟན་བཅོས་དང་། །ཙ་ར་ཀ་སོགས་ཕྱི་པའི་གསོ་རིག་རྣམས། །སྐར་འཚོར་འཐོབ་ནས་གནས་པ་ལ། །བློ་དམན་རྣམས་ཀྱིས་གོ་བར་མི་འགྱུར་བས། རིན་ཆེན་དཔུང་བརྒྱན་ལྟ་བུ་བཀོད་ནས་ཀྱང་། །ཉི་མའི་སྒྲོན་མེ་ལྟ་བུ་གསལ་བར་བྲི། །ཞེས་དང་། མཛད་བྱང་ལས་ཀྱང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་ཡིག་ཉི་ཟེར་སྒྲོན་མེ་རྫོགས་སོ། །ཞེས་ཀླུ་སྒྲུབ་ཀྱིས་མཛད་པ་གསལ་བར་བྱུང་ངོ་།།
འོན་ཀྱང་། ༦༽ གསང་བའི་བདག་པོས་བདེ་བྱེད་མཁའ་འགྲོ་མ་ལ་གནང་བའི་མཛེ་བཅོས་དོན་པ་དང་། ༧༽ རྡོ་རྗེ་བདེ་ཁྲོས་ཀྱི་དགོངས་པ་ལས་བྱུང་བ་མཛེ་རིགས་བཅོ་བརྒྱད་ཀྱི་རྟགས་བཅོད་གཉིས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ཚུལ་མགོ་མཇུག་བར་གསུམ་དུ་མི་གསལ་ཡང་། འཕགས་པ་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས་སུ་བཀོད་པ་ལྟར་སོར་བཞག་ཞུས་པའོ།།
གཉིས་པ། ཀླུ་སྒྲུབ་ཀྱི་གསོ་རིག་གི་བསྟན་བཅོས་གཞན་རྣམས་ནི། ༡༽ ཀླུ་སྒྲུབ་ཀྱིས་མཛད་པའི་སྔོ་སྦྱོར་གསུམ་པ་ལས[12]། ཀླུ་སྒྲུབ་ཀྱིས་ལྡུམ་བུ་གསུམ་ལ་བསྟོད་པའོ། །ཞེས་དང་། དེ་ཉིད་ཀྱི་མཇུག་བྱང་ལས་ཀྱང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྔོ་སྨན་ཁྱད་པར་ཆིག་རྒྱུད་དུ་གྲགས་པ་འདི། སྔོ་སྨན་འཛུབ་ཁྲིད་དུ་བསླབ་ཅིང་གབ་ཡིག་ཏུ་བྲིས་འདུག་ནའང་། གཞན་ཕན་གྱི་བློས་འཛུབ་ཁྲིད་མི་དགོས་པར་གསལ་པོར་བྲིས་པ་ཡིན། ཞེས་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ལོ།།
༢༽ སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་རིན་པོ་ཆེའི་ཞལ་གདམས་ཆེན་མོ་ལས[13]། སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པའི་རིན་པོ་ཆེ་དངུལ་ཆུའི་སྦྱོར་བ་འདི་ལ། སྦྱར་ཐབས་དང་། རྣས་ཐབས་དང་། ལམ་ནས་ཕྱིར་ལོག་རྗེས་སྲུང་བ་དང་། ལོག་ནོན་དང་ནི་ཕན་ཡོན་དང་། །རྣམ་པ་དྲུག་ཏུ་མཁས་པས་བཤད། །ཅེས་དང་། མཛད་བྱང་ལས་ཀྱང་། སློབ་དཔོན་ནཱ་གཱ་རྫུ་ནས། དྲང་སྲོང་བཟྱལ་ལ། དེས་མྱ་ངན་མེད་པ་ལ། དེས་ཨ་ནན་དེ་བ་ལ། དེས་མི་སྒོམས་རས་པ་ལ། དེ་ལ་ཙངས་པས། དེ་ལ་འཆད་མི་རུང་བས། དེ་ལ་སྒོམས་རས། དེ་ལ་སྤྱལ་རིན་པོ་ཆེ། ཨཱི། རྒྱ་རྒྱ་རྒྱ། ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ལ། བོད་ཀྱི་སྨན་རྩིས་ཀྱི་དཔེ་དཀོན་དཔེ་རྙིང་ཕྱོགས་བསྒྲིགས། པོད། ༢༤ ༼ཡ༽ ཤོག་གྲངས་ ༢༨༥-༢༩༠ བར་བཞུགས་པའི་རི་བོའི་ཞལ་གདམས་ཆེན་མོ། ཞེས་བྱུང་བ་ཡང་འདི་དང་གཅིག་གོ།
༣༽ རེག་པ་རྩའི་པྲ་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ་ནི། གཞུང་དེ་ཉིད་ལས[14]། སྨན་བླ་དྲང་སྲོང་སྒྲུབས་ཐབས་འདི། །འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད། །ཅེས་བྱུང་། འོན་ཀྱང་བསྟན་བཅོས་འདིའི་མཆོད་བརྗོད་ནང་ཐོག་མར་སྨན་བླ་དང་། དེ་ནས་བྲང་ཏི་དཔལ་ལྡན་འཚོ་བྱེད་ཞབས་ལ་མཆོད་པར་བརྗོད་པ་སོགས་ལས། བསྟན་བཅོས་ཆ་ཚང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཞིག་མིན་པར། གཞུང་དེ་ཉིད་ལས། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་གསུང་ངག་ཕྱག་ལེན་ཇི་བཞིན་དུ་བྲང་ཏི་དཔལ་ལྡན་རྒྱལ་མཚན་དག་གིས་ཞུས་པའོ། །ཞེས་གསལ་བ་ལྟར། བྲང་ཏི་དཔལ་ལྡན་རྒྱལ་མཚན་ (དུས་རབས་13པ།) མཆོག་གིས་གུང་བསྒྲིགས་པ་ཞིག་མིན་ནམ་སྙམ་ལ། གཡག་གི་གཟུགས་ཞེས་བོད་ཀྱི་ཐུན་མོང་མིན་པའི་སྲོག་ཆགས་ཀྱི་མིང་ཡང་བྱུང་བས་དཔྱད་དགོས་སོ།།
ཡང་བོད་[15]ཀྱི་ཐུན་མིན་དུ་གྲགས་པའི་གཡག་ཅེས་གསལ་བ་ཙམ་གྱིས་རྒྱ་གཞུང་མིན་པར་བརྗོད་མི་ནུས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས[16]། ཇི་ལྟར་ལ་ལ་རྟོག་པ་ཅན། །བློ་ཡི་སྤྱོད་ཡུལ་རྣམ་འཁྲུལ་བ། །མ་ཧེ་དག་དང་བ་གླང་དང་། །གླང་པོ་དག་དང་བསེ་རྣམས་དང་། །རང་ག་ཀྲིཥྞ་ས་ར་དང་། །ཤ་ར་བ་དང་སུ་ར་དང་། །སྨྱན་དང་གཡག་ཀྱང་དེ་བཞིན་ཏེ། །མགོ་དཀར་རྣ་དང་ཁྱུ་མཆོག་གི །རུ་ཆེན་རྣམ་པར་མཐོང་བ་དང་། །འདི་བདེན་གཞན་དུ་མི་འགྱུར་ཞེས། །སེང་སྟག་བོང་བུ་སོགས་པ་ཡི། །རྭ་རྣམས་ལ་ནི་མེད་ཅེས་ཏེ། །ཡོད་དང་མེད་པའི་ལྟ་བ་ཡང་། །མི་མཁས་རྣམས་ལ་རབ་ཏུ་འབྱུང་། །ཞེས་གཡག་ཅེས་པའི་ཐ་སྙད་འབྱུང་ཞིང་། རྒྱན་སྟུག་པོ་བཀོད་པའི་མདོ་ནི་སྟོན་པ་ཉིད་ཀྱི་གསུང་འཁྲུལ་མེད་ཡིན་པས་སོ།།
བསྟན་བཅོས་འདིའི་བརྗོད་བྱར་མཚོན་ན། གཞུང་དེ་ཉིད་ལས[17]། གནས་ལྔ་དག་ལ་མཁས་པའི་ཀླུ་སྒྲུབ་ལ། །དྲང་སྲོང་ཉི་ཤུ་རྩ་གཅིག་གིས། །སྨན་གྱི་དངོས་གྲུབ་བྱིན་ནས་སུ། །གསོ་བའི་མཆོག་ཏུ་གྱུར་པ་ཡིས། །སྨན་དཔྱད་ཀུན་ལ་མཁས་བྱའི་ཕྱིར། །དྲང་སྲོང་མངོན་ཤེས་སྒྲུབ་པའི་ཐབས། །རྩ་དང་ཆུ་དང་ཕྱི་ཡི་ཡུལ། །ཀུན་ལ་མ་ལྟོས་ནད་ངོས་འཛིན། །མོ་དང་རྩིས་ལ་མ་ལྟོས་པར། །གདོན་ངོས་འཛུག་ཚུགས་འཛིན་པ་དང་། །རྒྱུད་གཞུང་མན་ངག་དཔེ་ལ་མ་ལྟོས་པར། །སྨན་སྦྱོར་མ་ལུས་ཤེས་དང་། །ལག་ལེན་ཉམས་ལ་མ་ལྟོས་པར། །གཏར་སྲེག་དཔྱད་རྣམས་ལེགས་ཤེས་པའི། །སྒྲུབ་པའི་མན་ངག་གདམས་པ་འདི། །དྲང་སྲོང་རྣམས་ཀྱིས་བདག་ལ་ཕུལ། །ཞེས་བྱུང་བ་ལྟར་རོ།།
བསྟན་བཅོས་འདིའི་མན་ངག་གི་བརྒྱུད་རིམ་ནི། དེ་ཉིད་ལས[18]། གུ་རུ་ན་ག་ཛུ་ནས་ཤིན་ཏུ་ཟབ་པར་དགོངས་ནས། པདྨ་འབྱུང་གནས་ལ། དེས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ། དེས་གནམ་སྟེངས་བཅུ་གསུམ་ཀ་ཤུའི་ནང་དུ་སྦས། དེས་བྲང་ཏི་རྒྱལ་མཉེས་མཁར་བུས་སྟོན་ནས་བསྒྲུབས་པས་གྲུབ་ཅིང་རྟགས་ཐོན་པའོ། །དེ་ནས་རིམ་པར་བརྒྱུད་དེ་བྲང་ཏི་འཇམ་དཔལ་བཟང་པོ། དེས་བྲང་ཏི་རྒྱལ་བ་བཟང་པོ། དེས་བྲང་ཏི་དཔལ་ལྡན་འཚོ་བྱེད། དེ་ལ་བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གིས་ཞུས་ནས། བུ་དང་སློབ་མའི་དོན་དུ་གབ་སྦས་སེར་སྣ་སྤངས་ནས་ཡི་གེར་བཀོད། ཅེས་དང་། དེ་ཉིད་ལས[19]། སློབ་དཔོན་བཻ་རོ་ཙ་ནས་རྒྱ་ནག་ཡུལ་ནས་བསྒྱུར། དེ་ནས་གྲྭ་པ་མངོན་ཤེས། དེ་ནས་གཡུ་ཐོག་མགོན་པོ་ནས་རིམ་པར་བརྒྱུད་དེ་བྲང་ཏི་འཇམ་དཔལ་བཟང་པོ། བྲང་ཏི་རྒྱལ་བ་བཟང་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད། དེ་ལ་བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གིས་ཞུས། བུ་རྣམ་རྒྱལ་དཔལ་བཟང་པོའི་ཆེད་དུ་ཡི་གེར་བཀོད་པ། ཞེས་བྱུང་ངོ་།།
སྐད་ཡིག་གང་ནས་ལོ་ཙཱ་བ་སུས་བསྒྱུར་བ་ནི། དེ་ཉིད་ལས། སློབ་དཔོན་བཻ་རོ་ཙ་ནས་རྒྱ་ནག་ཡུལ་ནས་བསྒྱུར། ཞེས་དང་། ཡང་དེ་ཉིད་ལས[20]། སློབ་དཔོན་བཻ་རོ་ཙ་ན་ཡིས། །རྒྱ་ནག་ཡུལ་ནས་བསྒྱུར་བ་ཡིས། །རྒྱུད་ནས་གསུངས་པའི་ངོ་མཚར་ཅན་གྱི་རྩ་བདུན་གསལ་བར་བྱེད་པའི་སྒྲོན་མེ་འདི། བཻ་རོ་ཙ་ནས་རྒྱུད་ཀྱི་བཙས་སུ་བཞག་གོ །ཞེས་ལོ་ཆེན་བཻ་རོ་ཙཱ་ནས་རྒྱའི་སྐད་ལས་བོད་སྐད་དུ་བསྒྱུར་བར་གསལ་ལོ། །གཞུང་འདི་ཉིད་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་གླེགས་བམ་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༤ ལོར་པར་སྐྲུན་གནང་བའི་བྲིས་མ་དཔེ་རྙིང་། འདྲ་བཤུས་ཡིག་ཆ། ཤོག་གྲངས་ ༡ ནས་ ༡༠ བར་བཞུགས་པ་ལས་ཟུར་འདོན་ཞུས་པའོ།།
༤༽ ནག་པོ་དགུ་སྦྱོར་ཞེས་བྱ་བ། དེ་ཡང་བསྟན་བཅོས་ཀྱི་མཚན་བྱང་ལས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནག་པོ་དགུ་སྦྱོར། ཞེས་བྱུང་ལ། བསྟན་བཅོས་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཀྱང་། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོའི་ (དུས་རབས་14པ།) གསུང་འབུམ་པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་ནས་ ༢༠༠༥ ལོར་པར་སྐྲུན་གནང་བའི་དེབ་གཟུགས་ཤོག་གྲངས་ ༣༢༥-༣༢༦ བར་གསལ་བ་ལས་བཏུས་ཤིང་། གཞུང་དེ་ཉིད་ལས[21]།
གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། །
ནག་པོ་དགུ་ཡི་སྦྱོར་བ་འདི། །རྒྱུད་སྡེ་ཀུན་ནས་བཏུས་པའོ། །
ཞེས་གསུངས་པ་ལྟར། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་རྒྱུད་སྡེ་ཀུན་ལས་བཏུས་པ་ཞིག་ཡིན་ལ། འདི་ནི་གསོ་བ་རིག་པའི་གཞུང་ཞིག་སྟེ། བསྟན་བཅོས་འདིའི་བརྗོད་བྱ་ནི། དེ་ཉིད་ལས། གིའུ་ཝང་དང་ནི་ཨ་རུ་ར། །བཙན་དུག་གླ་རྩི་ཤུ་དག་དང་། །གུར་གུམ་མུ་ཟི་ཤིང་ཀུན་རྣམས། །རྒྱུ་ཡི་སྣག་ཚས་གཞི་བླངས་ལ། ཕྱེ་མ་རིལ་བུ་གང་ཡང་རུང་། །ལུས་ལ་བྱུག་གམ་གདགས་པར་བྱ། །དགུ་ཡི་སྦྱོར་བ་འཚོགས་པ་ན། །གཅིག་ཏུ་ས་བདག་གཉེན་པོར་འགྱུར། །གཉིས་སུ་ཀླུ་ཡི་དུག་གསུམ་སེལ། །གསུམ་དུ་གཉན་གྱི་དུག་རྣམས་སེལ། །བཞི་རུ་ལྷོག་པ་དཀར་ནག་སེལ། །ལྔ་རུ་འབྲུམ་ནག་ཐུབ་པར་འགྱུར། །དྲུག་ཏུ་རྒྱུ་གཟེར་ཐུབ་པ་ཡིན། །བདུན་དུ་བལ་ནད་ཐུབ་པར་འགྱུར། །བརྒྱད་དུ་མཁྲིས་པ་རྩར་རྒྱུག་ཐུབ། །དགུ་རུ་འགོ་བའི་ནད་རྣམས་ཐུབ། །བྱིས་པའི་གདོན་ཆེན་བཅོ་ལྔ་ཐུབ། །ཅེས་ཕན་ཡོན་དང་བཅས་པ་གསལ་བ་འདི་ལྟར་རོ།།
༥༽ མཛེ་ནད་གསོ་བའི་མན་ངག་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་ཞུ་ལན་སོགས་བཞུགས་སོའི་མཐའ་ཅན། ཤིང་པར་ཤོག་གྲངས་ ༢༦ ཅན་ལས་བཏུས་ཤིང་། གཞུང་འདིའི་བར་མཚམས་རྣམས་སུ་ཡིག་ཆུང་མང་དུ་སྣང་བ་དེ་ཙམ་མི་གསལ་བས་སྐབས་འདིར་མ་ཡིག་ལས། ཡིག་ཆུང་རྣམས་མི་དགོས་པར་བྱས་ལ། བསྟན་བཅོས་ཀྱི་མཚན་བྱང་ལས་སློབ་དཔོན་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་ཞུ་བ་ཞུ་ལན་གྱི་ལམ་ནས་མཛད་པ་ཞིག་སྟེ། བསྟན་བཅོས་དེ་ཉིད་ལས[22]། དགེ་སློང་དཔལ་དང་ལྡན་པ་ཡི། །ནཱ་ག་ཛུ་ནས་ཡང་གསོལ་པ། །ཀྱཻ་ཀླུའི་རྒྱལ་པོ་སྟག་ཤ་ཀ །གོང་དུ་གསུངས་པ་ས་འོག་གདོན། །དེ་དག་ཕོ་ཡི་རིགས་རྣམས་ཏེ། །དེ་རྣམས་དག་དང་འབྲེལ་བ་ཡི། །མོ་ཡི་གདོན་རྣམས་བསྟན་དུ་གསོལ། །དེ་སྐད་ཅེས་ནི་བཀའ་སྩལ་པ། །ཀླུ་ཡི་རྒྱལ་པོས་ཡང་གསོལ་པ། །ཞེས་སོགས་བྱུང་བ་ལྟར་མགོན་པོ་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་སྟག་ཤ་ཀ་རྣམ་གཉིས་ཞུ་བ་ཞུ་ལན་གྱིས་མཛད་པའི་བསྟན་བཅོས་ལེའུ་སྟེ་སུམ་ཅུ་རྩ་བཞི་ཅན་ཞིག་གོ།
འདི་ལྟར་ཀླུ་སྒྲུབ་ཀྱི་གསུང་ནི་བསྟན་འགྱུར་གྱི་ཁྲོད་དང་། སྔོན་བྱོན་བོད་ཀྱི་མཁས་གྲུབ་དུ་མའི་གསུང་འབུམ་གྱི་ཁྲོད་དུ་ལོགས་བཀར་ཞུགས་པའམ། ཁོང་གསེབ་ཏུ་གནས་པ་སོགས་ཅི་རིགས་བྱུང་མོད། འོན་ཀྱང་མ་དཔེ་ཁག་གཅིག་ནི་རིང་ནས་ཁ་ཐོར་སིལ་བུར་ལུས་ཐོག །ད་ཆ་དཔེ་རྒྱུན་ཡང་ཤིན་ཏུ་དཀོན་པར་མ་ཟད། ཐ་ན་རྩ་སྟོངས་སུ་གྱུར་ཉེའི་མཚམས་སུ་གྱུར་པས། པཎ་གྲུབ་བཅུ་བདུན་གྱི་གསུང་རྣམས་ལོ་མང་རིང་འཚོ་བསྡུ་གང་ཐུབ་ཞུས་པ་ལས། གཙིགས་ཆེར་མངོན་པ་རྣམས་ཡལ་བར་ཕངས་ཏེ། ད་ལམ་གཅིག་ཏུ་བསྡེབས་ནས་པར་སྐྲུན་ཞུས་པ་འདི་དག་ཏུ་མཛད་བྱང་དང་མཛད་དུས་གསལ་མིན་སྣ་ཚོགས་བྱུང་ཡང་། གནའ་བོའི་དཔེ་རྙིང་ཁག་ཕྱོགས་བསྡུས་ཞུས་ཡོད།
གསུང་རྩོམ་འདི་དག་ཕྱོགས་སྒྲིག་ཞུ་ཚུལ་ནི། འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ། བསྟན་བཅོས་འདི་དག་ཏུ་ཡིག་ནོར་དང་། བརྡ་རྙིང་ཅུང་མང་བས་ཀློག་པ་པོར་བལྟ་བདེའི་ཆེད། སྫས་དང་སྫ། སྫོགས་དང་སྫུ། སྫུན་དང་སྫབ། བསྫངས་དང་སྨི་བཅས་ཀྱི་ས་མགོ་རྣམས་ཐད་ཀར་རྫས་དང་རྫ། རྫོགས་དང་རྫུ། རྫུན་དང་རྫབ། བརྫངས་དང་རྨི་རུ་རྣམས་སུ་དག་བཅོས་དང་། དེ་བཞིན་བཅྭ་བརྒྱད་ལྟ་བུ་བཅོ་བརྒྱད་ལ་དག་བཅོས་ཞུས་ཡོད་ལ། འ་མཐའ་སོགས་ནི་སྔར་ཡོད་སོར་བཞག་ཞུས་ཡོད་པ་ལགས་ན་དེ་དོན་དགོངས་འཇགས་འཚལ། དེ་ཡང་དཔེ་ཚོགས་འདི་ཉིད་དག་སྒྲིག་དང་རྩོམ་སྒྲིག་བྱེད་པའི་རྩ་འཛིན་འདི་ལྟར་ཡིན་ཏེ།
༡. ཡི་གེ་ནོར་བ་དང་དོགས་གཞི་ཅན་རྣམས་ལ་མིང་ཚིག་གང་དེའི་རྗེས་སུ་རྟགས་ [ ] འདིའི་ནང་དག་བཅོས་བྱས་ཡོད། ༢. གཞུང་ཚིག་ཆད་པར་འདོད་པ་རྣམས་རྟགས་ ( ) འདིའི་ནང་དུ་ཁ་སྐོང་བྱས་ཡོད། ༣. རྩོམ་པ་པོའི་མཆན་རྣམས་གཞུང་དངོས་ཀྱི་ཡིག་གཟུགས་ལས་ཆུང་ཙམ་བྱས་ནས་བཀོད་ཡོད། ༤. མ་ཡིག་མི་གསལ་བའམ་གཞུང་ཚིག་ཆད་པ་རྣམས་ལ་ཁ་སྐོང་བྱེད་མ་ནུས་པ་རྟགས་འདིས་མཚོན་པར་བྱས་ཡོད་ལ། གུག་རྟགས་ < > འདིའི་ནང་དུ་མ་ཡིག་གི་ཤོག་གྲངས་སམ་ཐིག་ཕྲེང་ཅི་ཙམ་ཞིག་ཆད་ཡོད་པ་གསལ་བཤད་བྱས་ཡོད། ༥. རྒྱ་ཚ་དང་རྒྱམ་ཚ་སོགས་ཚྭ་སྣའི་རིགས་རྣམས་དག་ཡིག་མཁས་པའི་ཁ་རྒྱན་ལྟར་ཏེ། སོག་ཚ་དང་རྒྱ་ཚ་ཞེས་ཚིག་གྲོགས་དང་བསྡེབས་ན་ཝ་བཏགས་མི་འདོགས་ཤིང་། སོག་པོའི་ཚྭ་དང་རྒྱ་མཚོའི་ཚྭ་ཞེས་པའམ་ཚྭ་མིང་རྐྱང་པའི་སྐབས་སུ་ཝ་བཏགས་འདོགས་ཞེས་པ་ལྟར་སྦྱར་ཡོད། ལན་ཚྭ་ཞེས་པ་ནི་བོད་ཀྱི་གསོ་བ་རིག་པའི་དཔེ་གཞུང་མང་ཆེ་བར་བསྟུན་ནས་དམིགས་བསལ་དུ་ཝ་ཟུར་སྦྱར་ནས་བཀོད་ཡོད། འོན་ཀྱང་འདིར་ཕྱོགས་སྒྲིག་ཞུ་མིའི་ཤེས་ཚད་དམན་ཞིང་། དཔེ་རྙིང་དག་སྒྲིག་གི་ཉམས་མྱོང་ཞན་པའི་དབང་གིས་མ་རྟོགས་འགལ་འཁྲུལ་གྱི་ཆ་མང་དུ་ཡོད་ངེས་པས། རྒྱ་ཆེའི་མཁྱེན་སྤྱན་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ་རྒྱུ་བཅས། གུས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༦ དགེ་བར།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱུད་བཞིའི་རྩ་བའི་འགྲེལ་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡
[2] གསོ་རིག་སྨན་གྱི་ཁོག་འབུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༨༦-༩༡ བར་གསལ།
[3] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡
[4] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༩
[5] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥༣
[6] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༧༥
[7] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༣
[8] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༨༠
[9] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༡
[10] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༠༩
[11] སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༠
[12] མན་ངག་གསེར་བྲེ་མ་དང་དངུལ་བྲེ་མ། མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༤ ལོ། ཤོག་ ༢༡༤ ནས་ ༢༡༦ བར།
[13] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼ཏ༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། བྲིས་མ། ཤོག་ ༥༣ན༡ ནས་ ༥༥བ༦ བར།
[14] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༥ན༡
[15] བོད་ཀྱི་ཡུལ་མིང་ལ་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད། ཁ་བའི་གནས། ཁ་བ་རི། གངས་ཅན། ཁ་བ་ཅན་རྣམས་ནི་རྒྱ་གར་གྱི་བསྟན་བཅོས་ལས་བྱུང་བའི་ཐ་སྙད་རིམ་བཞིན། ཧཱིམ་སྠན། ཧི་མཱ་དྲཽ། ཧི་མཱ་ལ་ཡའི་བོད་འགྱུར་ཡིན། དེ་དག་བོད་ཡུལ་གཅིག་པུར་ངོས་འཛིན་བྱེད་པ་ཡང་ཏག་ཏག་འཐད་པར་མ་མཐོང་། ཞེས་ (https://www.youtub.com/watch?v=sxNI4rxDhUM) ཝཱར་ཎའི་ལོ་རྒྱུས་སློབ་དཔོན་རྒན་བྱམས་པ་བསམ་གཏན་ལགས་ནས་གསུངས།
[16] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཆ༽ དེབ་ཨང་ ༥༠ པ། ༢༠༠༩ ལོ། ཤོག་གྲངས་ ༧༦
[17] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༡བ༤
[18] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༤ན༡
[19] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༦ན༥
[20] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༡༠བ༡
[21] འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོའི་གསུང་འབུམ། པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༣༢༥
[22] བཀའ་བརྒྱུད་སྔགས་མཛོད། ༼༨༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡༩ན༡
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༢༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།