གསུམ་པ། རྒྱན་དྲུག་མཆོག་གཉིས་ཀྱི་འདྲེན་ཚུལ་ལ་དཔྱད་པ།

གསུམ་པ། རྒྱན་དྲུག་མཆོག་གཉིས་ཀྱི་འདྲེན་ཚུལ་ལ་དཔྱད་པ།

ཀ༽ ཐོག་མའི་གླེང་གཞི།

 

དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1758-1804) གྱིས་མཛད་པའི་སེམས་དང་སེམས་བྱུང་གི་ཚུལ་གསལ་བར་སྟོན་པ་བློ་གསལ་མགུལ་རྒྱན་ལས[1]།

བདེ་བར་གཤེགས་པ་ཉིད་ཀྱིས་ལུང་བསྟན་ཅིང་། །

ཟབ་དང་རྒྱ་ཆེ་ཐུབ་པའི་ལུགས་བཟང་པོ། །

གསལ་མཛད་ཤིང་རྟ་ཆེ་ཞེས་རབ་གྲགས་པ། །

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལ་ཕྱག་འཚལ། །

ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ནི། སྔར་ཡོད་རྒྱན་དྲུག་མཆོག་གཉིས་རྒྱུན་འཛིན་ཐོག །སྔར་མེད་པཎ་གྲུབ་གཞན་དགུ་གསར་དུ་བསྣན་ནས་པཎ་གྲུབ་བཅུ་བདུན་ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་བཟང་བཏོད་པས་ན། ཐོག་མར་སྔར་ཡོད་རྒྱན་དྲུག་མཆོག་གཉིས་རྣམས་ངོས་འཛིན་གསལ་པོ་ཞིག་དགོས་གལ་ཆེ་བར་བརྟེན། རྒྱན་དྲུག་མཆོག་གཉིས་ཀྱི་བཞེད་ལུགས་རྣམས་ངོ་སྤྲོད་ཞུ་བ་ལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་ལས[2]།

རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་འཕགས་པ་ལྷ། །

ཐོགས་མེད་ཞབས་དང་དེ་གཅུང་དབྱིག་གི་གཉེན། །

ཕྱོགས་ཀྱི་གླང་པོ་ཆོས་ཀྱི་གྲགས་པ་སོགས། །

འཛམ་གླིང་མཛེས་བྱེད་པཎ་གྲུབ་ཀུན་ལ་འདུད། །

ཅེས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་པོ་རྣམས་གང་དག་ཡིན་པ་ངོས་འཛིན་མཛད་ཅིང་། དེ་བཞིན།

ཀླུ་ཐོགས་ཡབ་སྲས་ཕྱོགས་གླང་ཆོས་གྲགས་དྲུག །

འཛམ་གླིང་མཛེས་པའི་རྒྱན་དྲུག་ཡོངས་སུ་གྲགས། །

ཤཱཀ་འོད་ཡོན་ཏན་འོད་གཉིས་འདུལ་བསྟན་གྱི། །

མཆོག་ཅེས་བསྔགས་པ་དེ་ལ་ཕྱག་འཚལ་ལོ། །

ཞེས་[3]གསུངས་པ་ལྟར། སྤྱིར་རྒྱ་གར་འཕགས་པའི་ཡུལ་འདི་ཉིད་ཆོས་ཀྱི་འབྱུང་གནས་ཡིན་པས། སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་ཐུགས་བཅུད་ཟབ་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་བར་མཛད་པའི་མཁས་གྲུབ་ལོ་པཎ་མཐའ་ཡས་པ་ཞིག་བྱོན་ཡོད་ཀྱང་། འཕགས་བོད་གཉིས་ཀར་གྲགས་ཆེ་བ་འཛམ་གླིང་[4]མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་ཀྱི་སྐུ་དུས་སོ་སོར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སྟེ་མཁས་པའི་ཚུལ་དགུ་དང་། གཞན་ཡང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཕགས་བོད་ཀྱི་ཞིང་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེར་བསམ་གྱིས་མི་ཁྱབ་པའི་མཛད་པ་བསྐྱངས་ཡོད།

དེ་ཡང་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ (1910-1985) མཆོག་གིས་མཛད་པའི་གསུང་རབ་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བློ་གྲོས་སྒོ་འབྱེད་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལས[5]།

ཆོས་ཀུན་བདེན་པས་སྟོང་པར་ལེགས་གཟིགས་པ། །

མགོན་པོ་ཀླུ་སྒྲུབ་དེ་སྲས་འཕགས་པ་ལྷ། །

མངོན་པའི་སྡེ་སྣོད་གསལ་མཛད་ཐོགས་མེད་དང་། །

སྐུ་མཆེད་དབྱིག་གཉེན་ཞབས་ཟུང་སྤྱི་བོར་འཛིན། །

བསྟན་དང་སྟོན་པ་ཚད་མར་སྒྲུབ་བྱེད་པའི། །

རིགས་པའི་སྒོ་འབྱེད་ཕྱོགས་གླང་ཆོས་གྲགས་ཞབས། །

སོ་ཐར་འདུལ་བའི་སྲོག་འཛིན་ཡོན་ཤཱཀ་སྟེ། །

འཛམ་གླིང་རྒྱན་གྱུར་རྣམས་ལ་གུས་པས་འདུད། །

ཅེས་གསུངས་པ་ལྟར། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ (1571-1626) གྱིས་མཛད་པའི་སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས་[6]ཀྱང་། རྒྱལ་བས་ལུང་བསྟན་པ་ཟབ་མོ་ལྟ་བའི་ཤིང་རྟ་ཆེན་པོ་ས་བརྒྱད་ཀྱི་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཅིག་ཏུ་གསལ་བར་མཛད་པ་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས། པདྨའི་སྡོང་པོ་ལས་རྫུས་ཏེ་འཁྲུངས་པ་རང་དང་གཞན་གྱི་གཞུང་ལུགས་ཐམས་ཅད་ལ་མཁས་པའི་དབང་པོ་ཕས་ཀྱི་རྒོལ་བའི་ཕྱོགས་ལས་རྣམ་པར་རྒྱལ་བ་འཕགས་པ་ལྷ། རྗེ་བཙུན་མ་ཕམ་པས་མངོན་སུམ་དུ་རྗེས་སུ་བསྟན་པ་དང་པོ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་དང་། ཕྱིས་ས་གསུམ་པ་འོད་བྱེད་པ་བརྙེས་པ་རྒྱ་ཆེན་སྤྱོད་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད། འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་སུ་ཆུད་པ་དམ་པའི་ཆོས་མངོན་པའི་སྒྲོན་མེ་སངས་རྒྱས་གཉིས་པར་གྲགས་ཤིང་གྲུབ་པ་སློབ་དཔོན་དབྱིག་གཉེན། ཐེག་པ་གསུམ་དང་ཚར་གཅོད་པའི་རིག་པ་ཚད་མ་ལ་མཁས་པའི་ཕུལ་འཇམ་པའི་དབྱངས་དང་དངོས་སུ་གླེང་བ་ཆོས་ཀྱི་སྤོབས་པས་རྒོལ་ངན་ཟིལ་གྱིས་གནོན་པའི་དཔའ་བོ་ཕྱོགས་ཀྱི་གླང་པོ། ཕྱི་ནང་གི་རྒོལ་བ་མ་ལུས་པ་ཚར་གཅོད་པ་རྟོག་གེ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་མཐར་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་བརྟེན་ནས་མཁའ་སྤྱོད་ཆེན་པོ་ཚེ་འདིར་གྲུབ་པ་ཆོས་ཀྱི་གྲགས་པའོ། །ཞེས་གསུངས་པ་ལྟར་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། གཞན་ཡང་དམ་ཆོས་འདུལ་བའི་བསྟན་པར་མཛད་རྗེས་ཆེ་ཞིང་། འདུལ་འཛིན་རྣམས་ཀྱི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད་དེ་མཆོག་གཉིས་བཅས་བོད་གངས་ཅན་གྱི་ལྗོངས་སུ་རླུང་ལྟར་གྲགས་པའི་འཕགས་ཡུལ་གྱི་པཎ་གྲུབ་རྣམ་བརྒྱད་ལ་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་སོ།།

དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག་བསྟན་པའི་མཛེས་རྒྱན་ཕུལ་བྱུང་གསེར་གྱི་ཕྲེང་བ་ལས[7]། དེ་ལྟར་རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་རྗེས་སུ་བསྡུ་བ་རིམ་པ་གསུམ་བྱུང་། དགྲ་བཅོམ་བདག་ཉིད་ཆེན་པོ་རྣམས་ཀྱིས་ཐུབ་པའི་བསྟན་པ་མ་ཉམས་པར་བཟུང་། དེ་ནས་རིམ་གྱིས་སེམས་ཅན་རྣམས་བསོད་ནམས་དམན་པས་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བ་སོགས་ཐུབ་པའི་བསྟན་པ་ཉམས་པར་གྱུར། དེའི་ནང་ནས་ཀྱང་ཐེག་པ་ཆེན་པོ་ཤིན་ཏུ་ཉམས་ཚབས་ཆེ་ཞིང་། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་མང་པོས་ཀྱང་ཐེག་ཆེན་བཀའ་མིན་པར་སྨྲ་བ་སོགས་ཕྱི་ནང་ཀུན་ནས་ཐེག་པ་ཆེན་པོའི་ཚུལ་ལ་སྡང་བར་གྱུར་པས་ཐེག་ཆེན་གྱི་ལམ་སྲོལ་མིང་ཙམ་ཡང་ནུབ་ཏུ་ཉེ་བ་ན། རྒྱལ་བས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ལྷ་དང་། འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། སློབ་དཔོན་ཆོས་ཀྱི་གྲགས་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་ཉམས་པ་རྣམས་གསོས། ལོག་པར་སྨྲ་བ་རྣམས་ཚར་བཅད། བསྟན་པའི་རྒྱུན་གནས་པ་རྣམས་ཆེས་ཆེར་འཕེལ་བར་མཛད་དེ། བདག་ཉིད་ཆེན་པོ་དྲུག་པོ་དེ་ལ་ནི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །ཅེས་སྔོན་གྱི་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། །སློབ་དཔོན་ཡོན་ཏན་འོད་དང་སློབ་དཔོན་ཤཱཀྱ་འོད་གཉིས་ཀྱིས་དམ་པའི་ཆོས་འདུལ་བ་རྒྱལ་བ་རང་ཉིད་ཀྱི་དགོངས་པ་བཞིན་དུ་ཆེས་ཆེར་དར་བར་མཛད་དེ། བདག་ཉིད་ཆེན་པོ་གཉིས་པོ་དེ་ལ་ནི་འདུལ་འཛིན་མཆོག་ཏུ་གྱུར་པ་རྣམ་གཉིས་ཞེས་སྔོན་གྱི་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། །ཞེས་གསུངས་སོ།།

གཏམ་དུ་ཇི་ལྟར་གྲགས་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1635) མཛད་པའི་རྒྱ་གར་ཆོས་འབྱུང་ལས[8]།

འཛམ་གླིང་རྒྱན་དྲུག་ཡོངས་སུ་གྲགས་པ་ཉིད། །

དཔའ་བོ་སྒྲ་གཅན་འཛིན་དང་ཡོན་ཏན་འོད། །

ཆོས་སྐྱོང་རྣམས་ལ་ཆེན་པོ་བཞི་ཞེས་གྲགས། །

ཞི་བ་ལྷ་དང་ཙནྡྲ་གོ་མི་ལ། །

རྨད་བྱུང་སློབ་དཔོན་གཉིས་ཞེས་མཁས་རྣམས་སྒྲོགས། །

མཆོག་གཉིས་རྒྱ་གར་ཡུལ་ན་གྲགས་པ་མེད། །

རྒྱན་དྲུག་མཆོག་གཉིས་ཞེས་བྱར་བོད་ཀྱིས་བཏགས། །

ཞེས་གསུངས་པ་ལྟར། རྒྱ་གར་འཕགས་ཡུལ་དུ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཡོངས་སུ་གྲགས་པ་དྲུག་དང་། སློབ་དཔོན་དཔའ་བོ་དང་། སྒྲ་གཅན་འཛིན་བཟང་པོ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཆོས་སྐྱོང་བཅས་ལ་སློབ་དཔོན་ཆེན་པོ་བཞི་ཞེས་གྲགས་པ་དང་། ངོ་མཚར་གྱི་གཏམ་བདུན་མངའ་བའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང་། རིག་པའི་གནས་ཡན་ལག་དང་བཅས་པ་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཙནྡྲ་གོ་མི་གཉིས་ལ་རྨད་བྱུང་གི་སློབ་དཔོན་གཉིས་ཞེས་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཀྱིས་སྒྲོགས་པར་མཛད་མོད། མཆོག་གཉིས་ཞེས་པའི་ཐ་སྙད་ནི་རྒྱ་གར་འཕགས་ཡུལ་དུ་མ་གྲགས་པས། རྒྱན་དྲུག་མཆོག་གཉིས་ཞེས་པ་ནི་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་བཏགས་པ་ཞིག་ཡིན་པར་གསུངས་སོ།།

དེ་ལྟར་རྒྱན་དྲུག་མཆོག་གཉིས་ཞེས་པའི་ཐ་སྙད་ནི། ཐོག་མར་རྗེ་བདག་ཉིད་ཆེན་པོའི་བླ་མ་དཔལ་ས་སྐྱ་པའི་མཁས་པ་ཆེན་པོ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ་ལྗགས་རྩོམ་མཛད་པ་ནས་ཡོངས་སུ་གྲགས་པ་ཞིག་ལ་ངོས་འཛིན་གནང་སྲོལ་ཡོད་ཀྱང་། ཞིབ་ཏུ་བཙལ་བར་དེ་ལས་ལོ་ངོ་ ༡༡༤ སྔོན་དུ་འཁྲུངས་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ནི། ཁོ་བོས་མཇལ་བའི་བོད་གངས་ཅན་ལྗོངས་ཀྱི་མཁས་པས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་སྔ་ཤོས་དེ་ཡིན་པས། དེའི་སྔོན་དུ་བྱོན་པའི་བོད་ཀྱི་མཁས་པས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པའི་རིགས་མ་མཇལ་ལ། རྒྱན་དྲུག་མཆོག་གཉིས་ཀྱི་སྐོར་ཞལ་གསལ་ཞིབ་ཕྲ་འཁོད་པའི་དཔྱད་རྩོམ་གྱི་རིགས་དེ་བས་ལག་ཏུ་མ་སོན་པས། ཁ་ཚོན་བཅད་ནས་ཞུ་དཀའ་ཡང་། འགྲོ་མགོན་ཆོས་འཕགས་ཀྱིས་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་མཛད་པ་ནས་བོད་གངས་ཅན་གྱི་ལྗོངས་ལ་ཡོངས་སུ་གྲགས་པ་ལྟ་བུར་གྱུར་པའོ།།

དེ་བཞིན་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུ་ཡི་ཡ་གྱལ་རྗེ་བཙུན་རེད་མདའ་བ་ཆེན་པོས་ (1349-1412) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མར་[9]རྒྱན་དྲུག་ལ་བསྟོད་པ་ཚིགས་སུ་བཅད་པ་རེ་རེ་ལྗགས་རྩོམ་མཛད་ཅིང་། མཇུག་མཐའི་བསྟོད་པ་ཚིགས་བཅད་གཉིས་ནི[10]།

ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །

འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །

རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །

མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །

ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་བཏོད་ནས། །

སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །

འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །

རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །

ཞེས་པ་ནི་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས་བཏུས་ཏེ་མཁའ་མཉམ་མའི་ཞལ་སྐོང་གི་ཚུལ་དུ་ནམ་རྒྱུན་ཞལ་འདོན་དུ་གསུང་སྲོལ་ཡོད་དོ།།  །།

 

ཁ༽ འཛམ་གླིང་མཛེས་རྒྱན་གྱི་སྒྲ་བཤད།

 

དེ་ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[11]།

ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་མཛེས་པའི་རྒྱན། །

འཕགས་མཆོག་ཀླུ་སྒྲུབ་ཐོགས་མེད་ཞབས་དང་དབྱིག་གི་གཉེན། །

འཕགས་པ་ལྷ་དང་ཕྱོགས་གླང་ཡབ་སྲས་དཔལ་ལྡན་ཆོས་སྐྱོང་སོགས། །

འཕགས་ཡུལ་ཆོས་ཀྱི་འབྱོར་པས་ཕྱུག་མཛད་རྣམས་ལ་དང་བས་འདུད། །

ཅེས་ཆེས་སྔ་ཤོས་ཀྱི་གྲས་སུ་གྱུར་པའི་འཛམ་གླིང་མཛེས་པའི་རྒྱན་མཆོག་རྣམས་ལ་བསྟོད་ཕྱག་མཛད་པ་ལྟར། འཛམ་གླིང་མཛེས་རྒྱན་གྱི་སྒྲ་བཤད་ནི། དེ་ཡང་རྒྱན་ཞེས་པ་ནི་མཛེས་པར་བྱེད་པའི་རྒྱན་ཆའམ་མཛེས་པར་བྱེད་པའི་ཆས་ཏེ། ཡོངས་གྲགས་སུ་རྒྱན་ཞེས་པ་མཛེས་བྱེད་ཀྱི་རྒྱན་གཅིག་པུར་གོ་བ་ལྟར་སྣང་ཡང་། སྤྱིར་བཏང་རྒྱན་ལ་དབྱེ་ན། རང་བཞིན་གྱི་རྒྱན་དང་། མཛེས་བྱེད་ཀྱི་རྒྱན། གསལ་བྱེད་ཀྱི་རྒྱན། དགའ་བའི་རྒྱན་དང་བཞི་ཡོད། དེ་ཡང་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་ལས[12]།

གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །

མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ། །

དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །

ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད། །

ཅེས་གསུངས་པ་ལྟར་རང་བཞིན་གྱི་རྒྱན་སྐྱེས་བུའི་ལུས་བཟང་པོ་ལ་མཛེས་བྱེད་ཀྱི་རྒྱན་གདུ་བུ་ལ་སོགས་པས་སྤྲས་པ་དེ་ཉིད་གསལ་བྱེད་ཀྱི་རྒྱན་མེ་ལོང་ལ་སོགས་པའི་ནང་དུ་ཤར་བ་ན་དགའ་བའི་རྒྱན་འདོད་པ་པོ་དགའ་བ་སྐྱེད་པ་ལྟ་བུའོ།།

དེ་བཞིན་སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[13]། འཛམ་གླིང་མཛེས་པར་བྱེད་པའི་ཆ་ནས་རྒྱན་ཞེས་བརྗོད་ཀྱང་། དོན་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བྱེད་པས་རྒྱན་ཞེས་བྱའོ། །སྤྱིར་རྒྱན་ལ་རང་བཞིན་གྱི་རྒྱན། མཛེས་བྱེད་ཀྱི་རྒྱན། གསལ་བྱེད་ཀྱི་རྒྱན། དགའ་བའི་རྒྱན་དང་བཞི་ཡོད་པའི་ནང་ནས་གསལ་བྱེད་ཀྱི་རྒྱན་ཡིན་ནོ། །ཞེས་གསལ་བ་ལྟར་ས་ཆེན་པོ་འདི་རིན་པོ་ཆེའི་མེ་ཏོག་གིས་བརྒྱན་པ་ལས་ཀླུ་སྒྲུབ་ཐོགས་མེད་ལ་སོགས་པའི་སྐྱེས་མཆོག་རེ་བྱོན་པས་ཐུབ་བསྟན་གསལ་བྱེད་ཀྱི་རྒྱན་དང་། ལྷ་མིའི་དབུས་ན་རང་བཞིན་གྱི་རྒྱན་འགྲན་ཟླ་དང་བྲལ་བ་ཡིན་པ་ནི། བཀའ་ཐམས་ཅད་ཀྱི་སྙིང་པོ་རྣམས་ངོ་བོ་དང་། གོ་རིམ། གྲངས་ངེས་གསུམ་དང་། ལུང་རིགས་དཔེ་གསུམ། ཚད་མ་གསུམ་དང་། རིགས་པ་བཞིས་གཏན་ལ་ཕབ་ཚུལ་དེ་དག་གིས་ཀྱང་ངེས་ཤེས་འདྲོངས་པར་འགྱུར་ལ། དྲུག་ཅེས་པ་ནི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་སྟེ་སློབ་དཔོན་ཆེན་པོ་དྲུག་ཡོད་པས་གྲངས་ཀ་དྲུག་མཚོན་པའོ།།

གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[14]། དེ་ལྟར་ན་རྒྱན་དྲུག་པོ་དེ་དག་ལས། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་ཡིན་ལ། འཕགས་པ་ལྷ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་བྱེད་ཡིན་ནོ། །དེ་རྣམས་སོ་སོའི་དུས་སྐབས་ལ་ལྟོས་ཏེ། བསྟན་པ་གསལ་བར་བྱེད་པའི་མཛད་པ་མཉམ་པས་རྒྱན་དྲུག་ཅེས་གྲགས་སོ། །ཞེས་གསུངས་ལ། ལམ་རིམ་མཆན་བཞི་སྦྲགས་མ་ལས[15]། ཤིང་འཛམྦུས་མཚན་པས་འཛམ་བུའི་གླིང་དུ་དོན་གཉིས་སྣང་བྱེད་རྒྱན། ཞེས་གསུངས་པ་ལྟར་རོ།།

རབ་འབྱམས་ལེགས་བཤད་རྒྱ་མཚོས་ (1903-1960) མཛད་པའི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ལ་བསྟོད་པ་ལས[16]།

དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱིས། །

དཔལ་གྱི་མགུལ་ནས་གསལ་བར་ལུང་བསྟན་པ། །

ཀླུ་སྒྲུབ་ཡབ་སྲས་ཟབ་མོ་ལྟ་བའི་རྒྱན། །

ཐོགས་མེད་སྐུ་མཆེད་རྒྱ་ཆེན་སྤྱོད་པའི་རྒྱན། །

ཡོན་ཤཱཀ་རྣམ་གཉིས་བསླབ་པ་འདུལ་བའི་རྒྱན། །

ཕྱོགས་གླང་ཆོས་གྲགས་ཚར་གཅོད་ཚད་མའི་རྒྱན། །

ཁྱད་པར་ཀླུ་ཐོགས་ལྷ་ཀླུར་ཆེ་བའི་མཆོག །

འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ལ་འདུད། །

ཅེས་གསུངས་པ་ལྟར་ལྟ་བའི་རྒྱན་དང་། སྤྱོད་པའི་རྒྱན། འདུལ་བའི་རྒྱན། ཚད་མའི་རྒྱན་བཅས་དང་། ལྷག་པར་ཀླུ་སྒྲུབ་ཀླུ་ཡུལ་དང་། ཐོགས་མེད་ལྷ་ཡུལ་དུ་ཕེབས་ནས་ཤེར་ཕྱིན་དང་། བྱམས་ཆོས་གདན་དྲངས་ཤིང་། དབུ་སེམས་ཀྱི་ཤིང་རྟའི་སྲོལ་བཏོད་པ་སོགས་ཀྱིས་ཆེ་བའི་མཆོག་གཉིས་སུ་གསུངས་ལ། བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས[17]། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་སྟེ། དབུ་མའི་རྒྱན་ཀླུ་སྒྲུབ་དང་འཕགས་པ་ལྷ། མངོན་པའི་རྒྱན་ཐོགས་མེད་དང་དབྱིག་གཉེན། ཚད་མའི་རྒྱན་ཕྱོགས་གླང་དང་ཆོས་གྲགས་བཅས་རྒྱ་གར་དུ་བྱོན་པའི་སློབ་དཔོན་ཆེན་པོ་དྲུག་ཅེས་གསུངས་པ་ལྟར་གྱི་དབུ་མའི་རྒྱན་དང་། མངོན་པའི་རྒྱན། ཚད་མའི་རྒྱན་བཅས་ཀྱི་སློབ་དཔོན་དྲུག་ལ་རྒྱན་དྲུག་དང་། དེ་བཞིན་འདུལ་བའི་རྒྱན་ཡོན་ཏན་འོད་དང་ཤཱཀྱ་འོད་རྣམ་གཉིས་དང་། གཞན་ཡང་འཕགས་སེང་རྣམ་གཉིས་ཕར་ཕྱིན་གྱི་རྒྱན་ལྟ་བུ་དང་། ཡང་ན་རྩ་བ་དང་འགྲེལ་པ་མཛད་པ་པོའི་ཆ་ནས་རྒྱན་དྲུག་མཆོག་གཉིས་དང་མཚུངས་ནའང་། སྔར་དེ་ལྟར་སྲོལ་བཟང་གཏོད་མཁན་མ་བྱུང་བ་ལྟ་བུར་ལུས་པས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་མཛད་པ་པོའི་པཎ་གྲུབ་གྲགས་ཅན་ཉི་ཟླ་དང་མཚུངས་པ་རྣམས་འབུར་དོད་དུ་བཏོན་ནས་པཎ་གྲུབ་བཅུ་བདུན་ཞེས་སྲོལ་བཟང་གསར་གཏོད་མཛད་དེ་འཕགས་སེང་རྣམ་གཉིས་ཕར་ཕྱིན་གྱི་རྒྱན་ལྟ་བུར་བགྲངས་པར་མཛད་དོ།།

དེ་བཞིན་སྒོ་ཤེས་རབ་རྒྱ་མཚོས་བརྩམས་པའི་སྐྱེས་ཆེན་གྱི་བཞུད་ལམ་ལས[18]། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་གསུང་ལ་རིས་ཆད་དུ་མ་སོང་ཞིང་། བམ་བཤད་དང་རགས་བཤད་ཀྱིས་མ་ཚིམ་པར་ཞིབ་ཏུ་སྦྱངས་པ་ཡིན་གསུངས་པའི་རྒྱན་དྲུག་མཆོག་གཉིས་ནི། ཁྱེད་རྣམ་པ་ཚང་མས་མཁྱེན་གསལ་ལྟར། ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་ལ་མཆོག་གཉིས་ཟེར་ཞིང་། རྒྱན་དྲུག་ནི་སྲོལ་གཏོད་པ་པོ་གསུམ་དང་། དགོངས་པ་འགྲེལ་མཁན་གསུམ་ཡིན་ཏེ། ཀླུ་སྒྲུབ་ནི་མཐའ་བྲལ་དབུ་མའི་གྲུབ་མཐའི་སྲོལ་གཏོད་པ་པོ་དང་། འཕགས་པ་ལྷ་ནི་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་མཁན་རྣམས་ཀྱི་གཙོ་བོ་ཡིན་པ་རེད། དེ་བཞིན་དུ་ཐོགས་མེད་ནི་ཆོས་ཐམས་ཅད་རྣམ་རིག་ཙམ་དུ་སྨྲ་བའི་སེམས་ཙམ་པའི་ཤིང་རྟའི་སྲོལ་གཏོད་པ་པོ་དང་། དབྱིག་གཉེན་ནི་དེའི་དགོངས་པ་འགྲེལ་མཁན་ལྟ་བུར་གྱུར་ཡོད། ཡང་དེ་བཞིན་དུ་ཕྱོགས་གླང་ནི་ནང་པའི་གཏན་ཚིགས་རིག་པའི་སྲོལ་གཏོད་པ་པོ་དང་། ཆོས་ཀྱི་གྲགས་པ་ནི་དེའི་དགོངས་པ་འགྲེལ་མཁན་གྱི་གཙོ་བོ་རེད། དེ་ལྟར་སྲོལ་གཏོད་པ་པོ་གསུམ་དང་། དགོངས་པ་འགྲེལ་མཁན་གསུམ་བཅས་ལ་རྒྱན་དྲུག་ཟེར་ཞིང་། དགོངས་པ་འགྲེལ་ཚུལ་དེ་ཡང་བསྐྱར་ཟློས་ཡང་ཟློས་བྱས་པ་ལྟ་བུ་མ་ཡིན་ཏེ། ཁྱེད་རྣམ་པས་ཀྱང་མཁྱེན་གསལ་ལྟར། དཔེར་ན། ཚད་མ་རྣམ་འགྲེལ་ནི་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་ཡིན་ཡང་། དེ་གཉིས་བསྡུར་ཏེ་བལྟས་ན། རྣམ་འགྲེལ་ནི་ཀུན་བཏུས་བསྐྱར་པར་བྱས་པ་ལྟ་བུ་ཞིག་གཏན་ནས་མིན་པར་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཡོད་པ་དེ་རེད།

རྒྱན་དྲུག་མཆོག་གཉིས་ཞེས་པའི་བརྩི་སྲོལ་འདི་སྔོན་རྒྱ་གར་དུ་གྲགས་པ་ཞིག་གམ། ཡང་ན་བོད་པའི་བརྩི་ལུགས་ཤིག་ཡིན་མིན་གྱི་གསལ་ཁ་ནི་དཔྱད་གཞི་ཚད་ལྡན་ལས་ངས་མ་མཐོང་། རེད་མདའ་བའི་མཁའ་མཉམ་མ་རུ་རྒྱན་དྲུག་མཆོག་གཉིས་ཞེས་བགྲངས་ཡོད་ཀྱི། རྒྱ་གཞུང་གང་ནས་ཀྱང་གྲངས་དེ་མ་མཐོང་མོད། རང་ཉིད་ལྟ་རྒྱ་ཆུང་བའི་སྐྱོན་ཡིན་ཡང་སྲིད། དེང་སང་བླ་མ་བདག་ཉིད་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་ཞེས་བགྲང་གི་འདུག་ཅིང་། རྒྱུ་མཚན་ནི་བོད་དུ་འགྱུར་བའི་བསྟན་འགྱུར་ལ་གཟིགས་ཚེ། དེའི་ནང་ན་རྒྱ་གར་གྱི་པཎྜི་ཏ་མང་པོའི་གསུང་རྩོམ་ཡོད་མོད། དེ་ཐམས་ཅད་ལས་བོད་ལ་བཀའ་དྲིན་ཆེ་ཤོས་ཟེར་ནའང་འདྲ། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་རིས་སུ་མ་མཆིས་པའི་མཁས་གྲུབ་རྣམས་ཀྱིས་སློབ་གཉེར་གནང་ས་གཙོ་བོ་ནི། པཎྜི་ཏ་བཅུ་བདུན་པོ་དེ་དག་གི་གསུང་ཡིན་ཕྱིར་ཁོང་རྣམ་པ་ནི་བོད་པའི་ནང་བསྟན་གྱི་ཁུངས་གཏུག་ས་རུ་གྱུར་ཡོད་པར་དགོངས་ནས། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་ཞེས་གྲངས་མཛད་པ་ཡིན་ཚོད་དེ། དེ་ནི་ཁོང་གིས་གསར་དུ་སྲོལ་བཏོད་པའི་བརྩི་སྟངས་ཤིག་རེད། ཅེས་གསལ་ལོ།།

གཞན་ཡང་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་ལས[19]།

ཐོས་པ་མང་ཞིང་ཆོས་འཛིན་དང༌། །ཤེས་རབ་ལྡན་ཞིང་མཉམ་གཞག་པ། །

དེ་དག་སུས་ཀྱང་སྨད་འོས་མིན། །འཛམ་བུའི་གླིང་གི་གསེར་རྒྱན་བཞིན། །

ཞེས་གསུངས་པ་ལྟར་སློབ་དཔོན་ཤེས་རབ་གོ་ཆས་ (དུས་རབས་9/10པ།) མཛད་པའི་ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ལས་[20]ཀྱང་། གང་ཞིག་གི་མིག་གཉི་ག་སྐྱོན་མེད་པ་དེ་ནི་ཤིན་ཏུ་མཛེས་པའི་མིག་ཡིན་ཏེ། དེ་ཡང་འཇིག་རྟེན་ན་ཤིན་ཏུ་བསྔགས་པ་ཡིན་པ་དེ་བཞིན་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་ནི་རབ་ཏུ་མཛེས་པ་ཡིན་ནོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ཉིད་གསལ་བར་བྱེད་པ་དེ་ཐོས་པ་མང་བ་ནི་གསུང་རབ་ཐམས་ཅད་ཀྱི་དོན་དང་ཚིག་འབྲུ་རྟོགས་པའི་ཕྱིར་རོ། །ཆོས་འཛིན་པ་དང་ཞེས་བྱ་བ་ནི་དྲན་པའི་ཁྱད་པར་དང་ལྡན་པའི་ཕྱིར་ཏེ། དེ་ཡོངས་སུ་ཉམས་པ་མེད་པར་བསྟན་པའོ། །ཤེས་རབ་ལྡན་ཞིང་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་སོགས་པ་འཐོབ་པའི་ཕྱིར་རོ། །མཉམ་པར་གཞག་པ་ནི་བསླབ་པ་ལ་གུས་པ་སྟེ། མདོ་ལས་དེའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་དག་སུས་ཀྱང་སྨད་འོས་མིན། །ཞེས་བྱ་བ་ནི་ལྷ་དང་མི་དང་དེ་ལས་གཞན་པ་དག་གིས་ཀྱང་དེ་དག་ལ་ནམ་ཡང་སྨོད་པ་ལ་འཇུག་པར་མི་འགྱུར་ཏེ། གང་ཞེ་ན། འཛམ་བུའི་གླིང་གི་གསེར་རྒྱན་བཞིན། །ཞེས་བྱ་བ་སྨོས་ཏེ། རྒྱན་ནི་དགེ་བའི་མགར་བས་བྱས་པའི་རྒྱན་ནོ། །ཞེས་གསལ་བ་ལྟར་རོ།།  །།

 

ག༽ རྒྱན་དྲུག་མཆོག་གཉིས་ཀྱི་འདོད་ཚུལ།

༡༽ ཀླུ་ཐོགས་གཉིས་མཆོག་གཉིས་ལ་བཞེད་ཚུལ།

 

དང་པོ། ཀླུ་ཐོགས་རྣམ་གཉིས་མཆོག་གཉིས་དང་། ཡོན་ཤཱཀ་རྣམ་གཉིས་རྒྱན་དྲུག་གི་ཡ་གྱལ་དུ་བཞེད་པའི་ལུགས་ཏེ། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[21]། བོད་གཞན་རྣམས་ཡོན་ཤཱཀ་གཉིས་མཆོག་གཉིས་དང་། གཞན་དྲུག་རྒྱན་དྲུག་ཏུ་འདོད་ཀྱང་ཤེས་བྱེད་མེད་ལ། ཀླུ་སྒྲུབ་ཐོགས་མེད་གཉིས་མཆོག་དང་། གཞན་དྲུག་རྒྱན་དྲུག་ཏུ་རྗེ་ཆོས་གྲགས་རྒྱ་མཚོ་བཞེད་པ་ཉིད་ལེགས་ལ། ཀླུ་སྒྲུབ་ཐོགས་མེད་ནི་ལུང་བསྟན་མང་ཞིང་། ཤིང་རྟའི་སྲོལ་འབྱེད་ཡིན་པས་མཆོག་ཏུ་གྲུབ་ཅིང་། མགོན་པོ་མངོན་བྱུང་གི་རྒྱུད་ཀྱི་ལུང་བསྟན[22]། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་བོ། །ཞེས་པ་འདིས་རྒྱན་དྲུག་ཐོན་ནོ། །དེས་ན་ཨཱརྱ་དེ་ཝ་དང་དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་ཡོན་ཤཱཀ་གཉིས་ཏེ་དྲུག །ཀླུ་སྒྲུབ་ཐོགས་མེད་དེ་མཆོག་གཉིས་སོ། །ཞེས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་མཆོག་གཉིས་སུ་བཞེད་ཅིང་། སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་རྒྱན་དྲུག་གི་ནང་དུ་བགྲངས་པར་མཛད་ལ། མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[23]། ཡང་མདོ་སྡེ་སྐུ་གསུང་ཐུགས་ཀྱི་སྒྲོན་མེ་བལྟམས་པ་ཞེས་བྱ་བ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནས། འཛམ་བུའི་གླིང་གི་རྒྱན་ལུང་བསྟན། །ཉི་མ་ཟླ་བ་ལྟ་བུ་རུ། །སངས་རྒྱས་བསྟན་པ་གསལ་བྱེད་པ། །འཇིག་རྟེན་ཁམས་འདིར་འཛམ་བུ་ཡི། །གླིང་གི་རྒྱན་དྲུག་འབྱུང་བར་འགྱུར། །གཉིས་ཀྱིས་སངས་རྒྱས་བསྟན་པ་བསྲུངས། །གཉིས་ཀྱིས་ཡིད་ཆེས་ལུང་དོན་འགྲོལ། །གཉིས་ཀྱིས་ཐུགས་ཀྱི་སྒྲོན་མེ་ལྷམ། །གཉིས་ནི་རྒྱུད་པའི་སློབ་དཔོན་ཏེ། །གཉིས་ནི་དངོས་ཀྱི་སློབ་མའོ། །ཞེས་གསུངས་སོ།།

དེ་རྣམས་ཀྱི་ནང་ནས་ཀླུ་སྒྲུབ་མཆོག་ཏུ་བསྟན་ཏེ། རིན་ཆེན་ཕུང་པོ་བཀོད་པའི་མདོ་སྡེ་ལས། འགྲོ་ལྡིང་ཞེས་བྱའི་གྲོང་ཁྱེར་དུ། །རྒྱལ་པོ་ཀི་ཏ་ཀ་དང་ནི། །བྲམ་ཟེ་གྷ་ཏ་མ་ཡི་སྲས། །ཀླུ་སྒྲུབ་ཅེས་བྱ་འབྱུང་འགྱུར་ཏེ། །ཀླུ་རྣམས་ཀུན་གྱི་སློབ་དཔོན་ནོ། །ཞེས་གསུངས་པ་ལྟར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ནི། སློབ་དཔོན་ཨཱརྱ་དེ་ཝ་དང་། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཤཱཀྱ་འོད་བཅས་དྲུག་དང་། མཆོག་གཉིས་ནི་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་ཡིན་པར་གསུངས་ལ། དེ་བཞིན་དཔལ་ཡུལ་དགོན་དུ་བཞུགས་པའི་ཡིག་རྙིང་ལས་བྱུང་བའི་འཕགས་ཡུལ་རྒྱན་དྲུག་མཆོག་གཉིས་ནི[24]།

འདུལ་བའི་གཞུང་འབྱེད་ཡོན་ཏན་འོད། །

དེ་ཡི་འགྲེལ་མཛད་ཤཱཀྱ་འོད། །

ཚད་མའི་གཞུང་འབྱེད་ཕྱོགས་གླང་པོ། །

དེ་ཡི་འགྲེལ་མཛད་ཆོས་ཀྱི་གྲགས། །

ཟབ་མོའི་གཞུང་འབྱེད་ཀླུ་སྒྲུབ་ཞབས། །

དེ་ཡི་འགྲེལ་མཛད་འཕགས་པ་ལྷ། །

མངོན་པའི་སྲོལ་འབྱེད་ཐོགས་མེད་ཞབས། །

དེ་ཡི་འགྲེལ་མཛད་དབྱིག་གཉེན་ཏེ། །

ཀླུ་ཐོགས་གཉིས་ལ་མཆོག་གཉིས་དང་། །

གཞན་དྲུག་འཛམ་གླིང་རྒྱན་དུ་གྲགས། །

ཞེས་གསལ་བ་ལྟར། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (1904-1987) མཆོག་གིས་མཛད་པའི་བདུད་འཇོམས་ཆོས་འབྱུང་ལས་[25]ཀྱང་། ཕལ་ཆེར་དུ་ཀླུ་ཐོགས་གཉིས་ལ་མཆོག་གཉིས་སུ་གྲགས་ཤིང་། ཕྱི་མ་རྣམས་ཀྱི་སྟེང་དུ་སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་བསྣན་པས་རྒྱན་དྲུག་ཏུའང་བྱེད་དོ། །ཞེས་གསུངས་པ་ལྟར་རྗེ་ཆོས་གྲགས་རྒྱ་མཚོ་དང་། དཔའ་བོ་གཙུག་ལག་ཕྲེང་བ། བདུད་འཇོམས་རིན་པོ་ཆེ་རྣམ་པ་གསུམ་གྱིས་ཡོན་ཤཱཀ་རྣམ་གཉིས་རྒྱན་དྲུག་གི་ཡ་གྱལ་དང་། ཀླུ་ཐོགས་གཉིས་མཆོག་གཉིས་ཡིན་པར་གསུངས་པ་ནི་དཔལ་ས་སྐྱ་པ་དང་རི་བོ་དགེ་ལྡན་པའི་མཁས་པའི་བཞེད་ཚུལ་དང་མི་མཐུན་པའི་བཞེད་པ་ཐུན་མོང་མ་ཡིན་པ་ཞིག་དང་། དེ་མིན་གོང་དུ་དྲངས་པའི་སྐད་གཉིས་ཤན་སྦྱར་[26]དང་། དུང་དཀར་ཚིག་མཛོད་ཆེན་མོ་[27]གཉིས་སུ་ཡང་ཡོན་ཤཱཀ་གཉིས་རྒྱན་དྲུག་གི་གྲས་སུ་བགྲངས་ནས་ཀླུ་ཐོགས་གཉིས་མཆོག་གཉིས་སུ་བཞེད་པའི་ཚུལ་ཡང་བཀོད་ཡོད་དོ།།  །།

 

༢༽ རྒྱན་དྲུག་ལས་མཆོག་གཉིས་བཞེད་ཚུལ།

 

གཉིས་པ། དེ་ཡང་འཇུ་མི་ཕམ་རིན་པོ་ཆེས་ (1846-1912) མཛད་པའི་སྐད་གཉིས་ཤན་སྦྱར་ལས[28]། ཡང་ཁ་ཅིག་མཆོག་གཉིས་ཤིང་རྟ་གཉིས་དང་། དེའི་རྗེས་སུ་འཕགས་པ་ལྷ་སོགས་རྒྱན་དྲུག་གཞན་བཞེད་པ་དང་། ཡོན་ཏན་འོད་དང་ཤཱཀྱ་འོད་རྣམ་པ་གཉིས་ལ་འདུལ་འཛིན་མཆོག་གཉིས་ཞེས་འདོད་པ་སོགས་ཡོད། ཅེས་དང་། ཡང་དེ་ཉིད་ལས[29]། ཀླུ་སྒྲུབ། ཨཱརྱ་དེ་བ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དཔལ་ཆོས་ཀྱི་གྲགས་པ་དང་དྲུག་གོ །མཆོག་གཉིས་ནི་དེ་དྲུག་གི་ནང་ནས་ཤིང་རྟ་ཀླུ་ཐོགས་གཉིས་ལ་འདོད། །ཅེས་གསུངས་ལྟར་ན། རྒྱན་དྲུག་གི་འདོད་ཚུལ་ཡོངས་གྲགས་དང་མཐུན་ནའང་མཆོག་གཉིས་སློབ་དཔོན་ལོགས་སུ་མི་བཞེད་པར་རྒྱན་དྲུག་གི་ནང་ནས་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་ལ་མཆོག་གཉིས་སུ་ངོས་འཛིན་ཅིང་། སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད་རྣམ་གཉིས་འདུལ་འཛིན་མཆོག་གཉིས་ལས་རྒྱན་དྲུག་མཆོག་གཉིས་ལ་མི་བཞེད་པས། དེ་ལྟར་ན་མིང་གི་ཆ་ནས་རྒྱན་དྲུག་མཆོག་གཉིས་ཞེས་སྨོས་ཀྱང་། དོན་ལ་རྒྱན་དྲུག་གི་སློབ་དཔོན་ཆེན་པོ་དྲུག་ལས་སློབ་དཔོན་བརྒྱད་མེད་པར་བཞེད་དོ།།  །།

 

༣༽ ཡོན་ཤཱཀ་གཉིས་མཆོག་གཉིས་ལ་བཞེད་ཚུལ།

 

གསུམ་པ། དེ་ཡང་མཆོག་གཉིས་ཞེས་པ་ནི། དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད་གཉིས་ཏེ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ་ལས[30]།

ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་བཏོད་ནས། །

སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །

འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །

རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །

ཞེས་པའི་བསྟོད་པ་དེ་དང་། ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་གཉིས་ཀར།

ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །

འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །

རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །

མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །

ཞེས་པ་ཙམ་ལས་མ་བྱུང་ཡང་། དོན་ཐོབ་ཀྱིས་སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད་གཉིས་ལ་གོ་དགོས་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[31]། མཆོག་གཉིས། ༡) སྔར་རྒྱ་གར་གྱི་སློབ་དཔོན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་གྲས་ཀྱི་མཆོག་གཉིས་ཏེ་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས། ༢) ཟབ་མོ་ལྟ་བའི་སྲོལ་འབྱེད་ཀླུ་སྒྲུབ་དང༌། རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་ཐོགས་མེད་གཉིས་ནི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་ནས་མཆོག་ཏུ་གྱུར་པའི་སློབ་དཔོན་ཤིང་རྟ་ཆེན་པོ་གཉིས་ཡིན། ཞེས་གསལ་ལ། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས་[32]ཀྱང་།

དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །

ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །

ཞེས་ཀྱང་གསུངས་ལ། ཡོན་ཤཱཀ་རྣམ་གཉིས་མཆོག་གཉིས་སུ་འདོད་པ་གཙོ་ཆེ་ལ། ཞིབ་ཕྲ་སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་ཡོད་རྣམ་གཉིས་ཀྱི་རྣམ་ཐར་རྒྱས་པ་ཟུར་དུ་བསྒྲིགས་པར་གཟིགས་པར་འཚལ་ལོ།།  །།

 

༤༽ དཔལ་ལྡན་ཆོས་སྐྱོང་མཆོག་ལ་བཞེད་ཚུལ།

 

བཞི་པ། དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[33]། ཀླུ་སྒྲུབ་ཡབ་སྲས་གཉིས་དང་། ཐོགས་མེད་སྐུ་མཆེད་གཉིས། རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས་གཉིས་བཅས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཡོངས་གྲགས་དང་མཐུན་ཞིང་། དེ་དག་ལ་བསྟོད་པ་ཚིགས་སུ་བཅད་པ་རེ་རེ་དང་། དེ་རྗེས་མཆོག་གཉིས་ངོས་འཛིན་དང་དེ་དག་གི་བསྟོད་པ་ལ།

རིང་དུ་སྦྱངས་པས་ཤེས་བྱ་ཀུན་མཁྱེན་ཅིང་། །

བརྩོན་པས་བསྒྲུབས་པས་ཟབ་མོའི་དངོས་གྲུབ་བརྙེས། །

མཐུ་དང་ནུས་པས་མུ་སྟེགས་བདུད་ལས་རྒྱལ། །

འཇིགས་མེད་དཔལ་ལྡན་ཆོས་སྐྱོང་ཞབས་ལ་འདུད། །

འདུལ་བ་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། །

དུལ་བའི་ཡོན་ཏན་དཔལ་གྱི་གཟི་ཆེ་བས། །

འཆལ་ཚུལ་སྨག་རུམ་སེལ་བའི་འོད་མཛད་པ། །

ལྷ་ཡི་ཚོགས་ཀྱིས་བཏུད་པ་དེ་ལ་འདུད། །

ཅེས་དཔལ་ལྡན་ཆོས་སྐྱོང་དང་། སློབ་དཔོན་ཡོན་ཏན་འོད་གཉིས་ལ་ཚིགས་སུ་བཅད་པ་རེ་རེ་ལྗགས་རྩོམ་མཛད་ལུགས་ལ་དཔགས་ན། དེ་དག་ལ་དམིགས་བསལ་རྒྱན་དྲུག་དང་མཆོག་གཉིས་ཀྱི་ཐ་སྙད་མ་མཛད་ཀྱང་གསོལ་འདེབས་མཛད་པ་ལྟར་དུ་རྒྱན་དྲུག་མཆོག་གཉིས་ཀྱི་ཚུལ་དུ་བགྲངས་འདུག་ལ། བསྟོད་པའི་མཚན་ལའང་། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ། ཞེས་དང་། གསུང་འབུམ་དངོས་ནང་མཆོག་བརྒྱད་ཀྱི་བསྟོད་པ[34]། ཞེས་གསལ་བ་ལྟར་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ཀྱི་ཚབ་ཏུ་དཔལ་ལྡན་ཆོས་སྐྱོང་བགྲངས་པ་ནི་ཐུན་མོང་མ་ཡིན་པ་ཞིག་དང་། སློབ་དཔོན་ཤཱཀྱ་འོད་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མི་བཞེད་པ་འདྲའོ།།

གཞན་ཡང་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཞེས་པ་འདི་ཉིད་རྗེ་བཙུན་རེད་མདའ་བས་ཐོག་མར་སྲོལ་གཏོད་པ་ལྟ་བུར་བཞེད་ནའང་། དེའི་སྔོན་དུ་བྱོན་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་མཛད་པ་དང་། དེའི་ཡང་སྔོན་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བསྟོད་པ་ཚིགས་སུ་བཅད་པ་གཅིག་མཛད་པ་ལྟར་ན། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་བཅུ་ཕྲག་གསུམ་ལྷག་བཞུགས་པ་དེ་དག་གི་ཁྲོད་ནས་ཁོ་བོས་མཇལ་བའི་ཆེས་སྔ་ཤོས་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པ་འདི་ལགས་སོ།།  །།

 

ང༽ ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་བཞེད་ཚུལ།

 

དེ་ཡང་དཔའ་རིས་བློ་བཟང་རབ་གསལ་ (1840-1910) གྱིས་མཛད་པའི་རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་བའི་ཆོ་ག་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ལས[35]།

འཛམ་གླིང་བསྟན་པའི་མཛེས་རྒྱན་རྣམ་པ་དྲུག །

འདུལ་བ་འབུམ་སྡེའི་མངའ་བདག་མཆོག་རྣམ་གཉིས། །

བསྟན་པའི་སྙིང་པོ་གསལ་མཛད་ཟླ་བའི་ཞབས། །

པཎ་གྲུབ་རིམ་བྱོན་རྣམས་ལ་སྙིང་ནས་འདུད། །

ཅེས་གསུངས་པ་ལྟར། འཛམ་གླིང་བསྟན་པའི་མཛེས་རྒྱན་རྣམ་པ་དྲུག་ནི། ཡོངས་གྲགས་ཟབ་དོན་ལྟ་བའི་མིག་འབྱེད་ཀླུ་སྒྲུབ་ཡབ་སྲས་གཉིས་དང་། རྒྱ་ཆེན་མངོན་པའི་གསལ་བྱེད་ཐོགས་མེད་སྐུ་མཆེད་གཉིས། དྲི་མེད་རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས་རྣམ་གཉིས། འདུལ་བ་འབུམ་སྡེའི་མངའ་བདག་ཡོན་ཤཱཀ་རྣམ་གཉིས་བཅས་ལ་རྒྱན་དྲུག་མཆོག་གཉིས་སུ་འདོད་པ་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་མཆོད་བརྗོད་ལས[36]།

བདེར་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །

ལེགས་པར་ཕྱེ་བས་རྒྱལ་བའི་བསྟན་པ་མཆོག །

ས་གསུམ་འགྲོ་ན་ཉི་ལྟར་གསལ་མཛད་པ། །

ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད། །

ཤིང་རྟ་ཆེན་པོའི་སྲོལ་གཉིས་ལེགས་བཟུང་ནས། །

འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །

འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །

ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །

དབྱིག་གཉེན་ཞབས་དང་བློ་བརྟན་ཕྱོགས་གླང་སོགས། །

ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །

ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །

མཁས་པའི་དབང་པོ་རྣམས་ལ་གུས་པས་འདུད། །

ཅེས་གསུངས་པ་ལྟར། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་པ་སློབ་དཔོན་གང་དག་ལ་བཞེད་དམ་སྙམ་ན། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[37]།

མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །

ཡང་དག་རིགས་པས་རྒོལ་ངན་དྲེགས་པ་འཇོམས། །

དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །

འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །

རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །

རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །

རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །

ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །

གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །

ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །

སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །

རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །

ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །

འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །

རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །

མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །

ཞེས་གསུངས་ལ[38]། སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[39]། འདིར་ཚིག་ཟིན་ལ་རྒྱན་ལྔ་དང་མཆོག་གཉིས་མ་གཏོགས་མི་གསལ་ལོ། །ཞེས་གསལ་ཡང་། ཚིགས་བཅད་དང་པོར་ཀླུ་སྒྲུབ་ཡབ་སྲས་ཅེས་པས་ཡབ་མགོན་པོ་ཀླུ་སྒྲུབ་དང་། སྲས་སློབ་དཔོན་ཨཱརྱ་དེ་ཝ་གཉིས་ཏེ་དེ་གཉིས་བླ་སློབ་ཡིན་པས་ཡབ་སྲས་ཞེས་བྱ་བ་དང་། ཚིགས་བཅད་གཉིས་པར་ཐོགས་མེད་སྐུ་མཆེད་ཅེས་པས་གཅེན་སློབ་དཔོན་ཐོགས་མེད་དང་། གཅུང་སློབ་དཔོན་དབྱིག་གཉེན་གཉིས་ཏེ་ཐོགས་མེད་སྐུ་མཆེད་གཉིས་བསྟན། ཚིགས་བཅད་གསུམ་པར་རིགས་པའི་དབང་ཕྱུག་གཉིས་ཞེས་པས་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་གཉིས་བསྟན། ཚིགས་བཅད་བཞི་པར་མཆོག་གཉིས་ཞེས་པས། བསྟན་པའི་རྩ་བ་མཆོག་ཏུ་གྱུར་པ་འདུལ་བའི་སྡེ་སྣོད་ལ་ཤིན་ཏུ་མཁས་པའི་སློབ་དཔོན་སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་བཅས་རྒྱན་དྲུག་མཆོག་གཉིས་ཆ་ཚང་གསལ་བར་བསྟན་འདུག་སྙམ་ལ། གཞན་ཡང་ཕྱོགས་གཞན་ཞིག་ནས་བསམས་ཚེ། དེ་ལྟར་རྒྱན་དྲུག་གསལ་བར་གསུངས་ཀྱང་། མཆོག་གཉིས་གྲངས་འདྲེན་ཙམ་ལས་སློབ་དཔོན་གང་དག་ཡིན་མིན་ཚིག་ཟིན་ལ་མི་གསལ་ལོ།།

དེ་དང་འདོད་ཚུལ་ཕྱོགས་མཚུངས་པ་གཅིག་ནི། ཀརྨ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[40]། རྒྱན་དྲུག་ཡོངས་གྲགས་དང་། མཆོག་གཉིས་ཀྱང་ཡོན་ཏན་འོད་དང་། ཤཱཀྱ་འོད་གཉིས་ལ་ངོས་འཛིན་གྱིས་བསྟོད་ཕྱག་མཛད་པ་དང་། མཇུག་མཐར། འཛམ་གླིང་གསལ་བྱེད་རྒྱན་དྲུག་ཡོངས་གྲགས་དྲུག །ཁྱད་པར་རྒྱལ་བས་ཡང་ཡང་ལུང་བསྟན་པའི། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་ནས། །བརྒྱུད་པའི་གསུང་རབ་ཆུ་བོ་ཀུན་འདུས་ཏེ། །གཅིག་ཏུ་བབས་པ་བཀའ་བརྒྱུད་ཅེས་གྲགས་པ། །སྐྱེ་དགུའི་མགོན་དུ་གྱུར་པ་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་རྟག་ཏུ་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར་རི་བོ་དགེ་ལྡན་པའི་བཞེད་སྲོལ་ལྟར་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད། རིགས་པའི་དབང་ཕྱུག་རྣམ་གཉིས། ཡོན་ཤཱཀ་རྣམ་གཉིས་བཅས་ལ་འདོད་དོ།།

དེ་བཞིན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[41]། བསྟན་རྩ་ཚུལ་ཁྲིམས་བསིལ་ཁང་དམ་པའི་གཞིར། །འདུལ་བ་རྒྱ་མཚོའི་ལེགས་བཤད་ཟླ་བའི་ཟེར། །ཐུབ་བསྟན་ཀུན་ནས་མཛེས་པའི་རྒྱན་གཅིག་པུ། །བྱེད་པོ་རྣམ་སད་སྲས་པོ་མཆོག་གཉིས་ཞབས། །ཞེས་གསུངས་པ་ལྟར། རྒྱན་དྲུག་མཆོག་གཉིས་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བཞེད་ལུགས་དང་མཚུངས་པར་གསུངས་ཤིང་། རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་ལས་[42]ཀྱང་།

མཐའ་བྲལ་དབུ་མའི་སྲོལ་འབྱེད་ཀླུ་སྒྲུབ་ཞབས། །

ཟབ་མོའི་གནས་ལུགས་དོན་གཟིགས་འཕགས་པ་ལྷ། །

འདུལ་བ་འབུམ་སྡེའི་མངའ་བདག་ཡོན་ཏན་འོད། །

ལུང་རྟོགས་ཆོས་ཚུལ་གསལ་བྱེད་ཤཱཀྱ་འོད། །

རྣམ་རིག་ལམ་སྲོལ་འབྱེད་མཁས་ཐོགས་མེད་ཆེ། །

གངས་ཅན་བསྟན་པའི་རྩ་ལག་ཞི་བ་འཚོ། །

ཡང་དག་རིགས་པའི་གཏེར་ཆེན་ཕྱོགས་ཀྱི་གླང་། །

སྨྲ་ངན་འབུམ་ཕྲག་ཟིལ་གནོན་ཆོས་ཀྱི་གྲགས། །

ཞེས་མཆོག་གཉིས་ཡོན་ཤཱཀ་གཉིས་ལ་བཞེད་ནའང་། འདིར་མངོན་པའི་རྒྱན་གྱུར་སློབ་དཔོན་དབྱིག་གཉེན་གྱི་ཚབ་ཏུ་མཁན་ཆེན་ཞི་འཚོར་བསྟོད་ཕྱག་མཛད་པ་ཞིག་ཀྱང་སྣང་ངོ་།།  །།

ཕྱི་ལོ་ ༡༩༥༦ ལོར་ལྷ་ལྡན་ནོར་གླིང་དུ་ཨ་མདོ་སྦྱིན་པ་ལགས་ཀྱིས་བཞེངས་པའི་སྣུམ་ཚོན་ཅན་གྱི་རྒྱན་དྲུག་མཆོག་གཉིས།

 

ཅ༽ རྒྱན་དྲུག་མཆོག་གསུམ་དུ་བཞེད་ཚུལ།

 

དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་རིན་ཆེན་སྤུངས་པ་ལས[43]།

འདུལ་བ་རྒྱ་མཚོའི་དོན་ལ་དབང་འབྱོར་ཞིང་། །

ཉེས་ལྟུང་དྲི་མ་མེད་པའི་ཐུགས་མངའ་བས། །

འདུལ་བའི་གཞུང་ལུགས་མཆོག་ཏུ་རྒྱས་མཛད་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །

འདུལ་བ་རྒྱ་མཚོའི་དབུས་ན་ཆེར་གནས་ཤིང་། །

བསླབ་གསུམ་ཡོན་ཏན་བང་རིམ་གྱིས་མཛེས་པ། །

ཤཱཀྱ་འོད་དང་འཕགས་པ་ས་གའི་ལྷར། །

རབ་ཏུ་དང་བའི་བློ་ཡིས་ཕྱག་འཚལ་ལོ། །

རྒྱན་དྲུག་མཆོག་གསུམ་བསྟོད་པའི་དགེ་ཚོགས་ཀྱིས། །

མི་ཤེས་དྲི་མ་རིང་དུ་རབ་སྤངས་ཏེ། །

མཁྱེན་རབ་དྲི་མ་མེད་པའི་བློ་ཐོབ་ནས། །

ཤེས་བྱ་ཀུན་ལ་བློ་གྲོས་རྒྱས་གྱུར་ཅིག །

ཅེས་གསུངས་པ་ལྟར་རོང་སྟོན་ཆེན་པོས་རྒྱན་དྲུག་མཆོག་གསུམ་སྟེ། སློབ་དཔོན་ཡོན་ཏན་དང་། སློབ་དཔོན་ཤཱཀྱ་འོད་བཅས་ཡོངས་གྲགས་མཆོག་གཉིས་ཀྱི་ཐོག་ཏུ་འཕགས་པ་ས་གའི་ལྷ་བསྣན་ནས་མཆོག་གསུམ་ཞེས་སློབ་དཔོན་དགུར་བགྲངས་ཡོད། འོན་ཀྱང་རོང་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་འཛམ་གླིང་རྒྱན་དྲུག་གི་བསྟོད་པ་ཐར་པའི་ཐེམ་སྐས་ལས[44]། རྣམ་དག་ཚུལ་ཁྲིམས་དག་པའི་ཁྱོན་ཡངས་སུ། །འདུལ་བའི་དོན་རྟོགས་བློ་གྲོས་པདྨོ་རྒྱས། །འོད་ཀྱི་མིང་གི་མཐའ་ཅན་རྣམ་གཉིས་ལ། །རབ་ཏུ་དང་བའི་བློ་ཡིས་གུས་ཕྱག་འཚལ། །རྒྱན་དྲུག་མཆོག་གཉིས་གུས་པས་རབ་བསྟོད་པའི། །སྙན་ངག་མེ་ཏོག་ཕྲེང་བ་སྤེལ་བ་ལས། །དགེ་ཚོགས་སྒྲུབ་པ་གང་གིས་རིག་གནས་ཀུན། །ལེགས་བཤད་རྟོགས་པའི་བློ་གྲོས་རྒྱས་གྱུར་ཅིག །ཅེས་རྒྱན་དྲུག་མཆོག་གཉིས་དང་། མཆོག་གཉིས་ཀྱང་འོད་ཀྱི་མིང་གི་མཐའ་ཅན་རྣམ་གཉིས་ཞེས་ཡོན་ཤཱཀ་རྣམ་གཉིས་ལ་བཞེད་པ་སྤྱི་དང་མཚུངས་སོ།།  །།

 

ཆ༽ རྒྱན་དྲུག་མཆོག་བརྒྱད་དུ་བཞེད་ཚུལ།

 

དེ་ཡང་སྔ་འགྱུར་རྙིང་མའི་མཁས་པ་ཆེན་པོ་རྣམས་ཀྱི་བཞེད་ཚུལ་ལ་མཚོན་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ (1308-1363) མཛད་པའི་ཀློང་ཆེན་མཛོད་བདུན་གྱི་ཡ་གྱལ་གྲུབ་མཐའ་མཛོད་ལས[45]། མཁས་ཤིང་གྲུབ་པ་བརྙེས་པ་ཚད་མེད་ཀྱང་། ཡོངས་སུ་གྲགས་པ་དྲུག་དང་། མཆོག་བརྒྱད་ནི་ཉི་ཟླ་དང་ནོར་བུ་ལྟ་བུའོ། །རྒྱན་དྲུག་ནི། ཀླུ་སྒྲུབ་སྙིང་པོ་དང་། ཐོགས་མེད། དབྱིག་གཉེན། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། ཡོན་ཏན་འོད་དོ། །མཆོག་བརྒྱད་ནི། དེ་རྣམས་ཀྱི་སྟེང་དུ། འཕགས་པ་ལྷ། ཙནྡྲ་གོ་མི། དཔའ་བོ་གསུམ་བསྣན་ནས། ཕྱོགས་གླང་ཕྲི་བའོ། །ཞེས་གསུངས་པ་ལྟར། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་སློབ་དཔོན་ཨཱརྱ་དེ་བ་རྒྱན་དྲུག་གི་ཁོངས་སུ་མི་འདོད་ལ། དེའི་ཚབ་ཏུ་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཡོན་ཏན་འོད་རྒྱན་དྲུག་གི་ཁོངས་སུ་བཞེད་པ་དང་། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད་པའི་ཙནྡྲ་གོ་མི་སྟེ་བཙུན་པ་ཟླ་བ་དང་། སློབ་དཔོན་དཔའ་བོ་སྟེ་མུ་སྟེགས་རྟ་དབྱངས་གཉིས་བསྣན་ནས་རྒྱན་དྲུག་མཆོག་བརྒྱད་ཅེས་དམིགས་བསལ་གྱི་འདོད་ཚུལ་ཞིག་ཀྱང་བཞེད་ཅིང་། རི་བོ་དགེ་ལྡན་པའི་ཕྱོགས་ལ་རྒྱན་དྲུག་མཆོག་གཉིས་ལས་རྒྱན་དྲུག་མཆོག་བརྒྱད་ཀྱི་ཐ་སྙད་མ་གྲགས་སོ།།

དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ལས་[46]ཀྱང་། རྒྱན་དྲུག་མཆོག་བརྒྱད་ལས། མཆོག་བརྒྱད་ནི། ཟབ་མོ་ལྟ་བའི་རྒྱན་གྱུར། ཀླུ་སྒྲུབ་དང་ཨཱརྱ་དེ་བ་ཡབ་སྲས་གཉིས། རྒྱ་ཆེན་སྤྱོད་པའི་རྒྱན་གྱུར། ཐོགས་མེད་སྐུ་མཆེད་དབྱིག་གཉེན། རྣམ་དག་རིགས་པའི་རྒྱན་གྱུར་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ། འདུལ་བ་བདུད་རྩིའི་རྒྱན་གྱུར་ཡོན་ཏན་འོད་དང་ཤཱཀྱ་འོད་དོ། །རྒྱན་དྲུག་ནི། ཀླུ་སྒྲུབ་དང་། ཐོགས་མེད། དབྱིག་གཉེན། (ཁ་ཆེའི་) (ཨུ་རྒྱན་མཁན་པོ་) ཕྱོགས་གླང་། ཆོས་གྲགས། ཡོན་ཏན་འོད་ཅེས་ལུགས་གཅིག་ལ་སྣང་ངོ་། །ཞེས་དང་། ཡང་དེ་ཉིད་ལས[47]། ཡང་ན་ཨཱརྱ་དེ་བ་དང་། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས། ཡོན་ཏན་འོད། ཤཱཀྱ་འོད་དེ་རྒྱན་དྲུག་གོ །ཀླུ་སྒྲུབ་ (ཀླུ་ཡུལ་ནས་འབུམ་གདན་དྲངས་པ་)
དང་། ཐོགས་མེད་རྣམ་གཉིས་མཆོག་གཉིས་སོ། །དེ་ལ་མཆོག་བརྒྱད་ནི། དེ་རྣམས་ཀྱི་སྟེང་དུ་འཕགས་པ་ལྷ་དང་། བཙུན་པ་ཟླ་བ། དཔའ་བོ་གསུམ་བསྣན་ནས་ཕྱོགས་གླང་འཕྲི་བའོ། །ཞེས་གསལ་ལོ།།  །།

 

ཇ༽ ཟླ་གྲགས་མཆོག་བརྒྱད་དུ་བཞེད་ཚུལ།

 

དེ་ཡང་ས་བཅུའི་དབང་ཕྱུག་དཔལ་ལྡན་ཟླ་བ་གྲགས་པ་མཆོག་བརྒྱད་ཀྱི་ཡ་གྱལ་དུ་བཞེད་པ་ནི། ཚལ་པ་ཀུན་དགའ་རྡོ་རྗེས་ (1309-1364) མཛད་པའི་དེབ་ཐེར་དམར་པོ་ལས[48]། བཅོམ་ལྡན་འདས་ཀྱིས་ལུང་རིམ་པར་བསྟན་ཏེ། འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། དེས་ཀུན་དགའ་བོ་ལ། དེས་ཤ་ནའི་གོས་ཅན་ལ། དེས་ཉེར་སྦས་ལ། དེས་དྷི་དྷི་ཀ་ལ། དེས་བྷི་བྷི་ཀ་ལ། དེས་སུ་ན་ཤ་ཏ་ལ། དེས་རྟ་སྐད་ལ། དེས་ཤི་པ་ལ། དེས་ཀླུ་སྒྲུབ་ལ། དེས་ཨརྱ་དེ་བ་ལ། དེས་ར་ཏུ་ན་ལ། དེས་སང་གྷ་ནན་ཏི་ལ། དེས་དགེ་སློང་དགྲ་བཅོམ་ལ། དེས་གྷུ་ཡ་ཤ་ལ། དེས་ཀུ་མ་ར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བནྡྷུ་ལ། དེས་མ་ནེ་ཏ་ལ། དེས་ཧ་ཀ་ལི་ཀ་ན་ཡ་ཤ་ལ། དེས་དགེ་སློང་སེངྒེ་ལ་བསྟན་པ་གཏད་པར་བཤད་དོ། །དེ་ནས་རིམ་གྱིས་ཀླུ་སྒྲུབ་དང་། ཟླ་བ་གྲགས་པ། ཡོན་ཏན་འོད་དང་། ཤཱཀྱ་འོད་བསྣན་པས་མཆོག་བརྒྱད། ཅེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་བརྒྱད་ཀྱི་གྲས་སུ་བགྲངས་འདུག་ཀྱང་། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་སློབ་དཔོན་ཨརྱ་དེ་བ་བགྲངས་པ་ལས། སློབ་དཔོན་འདི་ཟླ་བ་གྲགས་པ་བགྲང་སྲོལ་མེད།[49] ཅེས་ཚལ་པའི་བཞེད་པར་གསལ་ཁ་བཏོན་ནས་དགག་ཕྱོགས་མཛད་དོ།།

དེ་བཞིན་དཔའ་རིས་བློ་བཟང་རབ་གསལ་ (1840-1910) གྱིས་མཛད་པའི་རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་བའི་ཆོ་ག་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ལས[50]། མཁྱེན་གཏེར་ངག་ལ་དབང་བ་ཀླུ་སྒྲུབ་དང༌། །རང་གཞན་གྲུབ་མཐའི་མཐར་སོན་འཕགས་པ་ལྷ། །མི་ཕམ་ཆོས་ཀྱི་སྲས་པོ་ཐོགས་མེད་ཞབས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སྨྲ་བའི་སྤོབས་པ་ཟླ་མེད་དབྱིག་གི་གཉེན། །འཕགས་པས་རྗེས་བཟུང་ཕྱོགས་ཀྱི་གླང་པོ་དང་། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པའི་ཞབས། །ཀུན་བཟང་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །འཕགས་ཡུལ་མཁས་གྲུབ་རྒྱུ་སྐར་བྱེ་བའི་དབུས། །ཚུལ་ཁྲིམས་གཟི་བྱིན་ཆེར་འཕགས་མཆོག་གཉིས་དང་། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བའི་ཞབས། །བརྩེ་ཆེན་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །ཞེས་རྒྱན་དྲུག་མཆོག་གཉིས་ཀྱི་མཇུག་ཏུ་དཔལ་ལྡན་ཟླ་བ་གྲགས་པར་བསྟོད་ཕྱག་མཆོད་འབུལ་མཛད་པ་འདིར་ཡང་དཔྱད་དགོས་པ་ཞིག་གོ།  །།

 

ཉ༽ རྒྱན་དྲུག་ལས་མཆོག་གཉིས་མི་བཞེད་པའི་ཚུལ།

 

དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1894) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[51]།

མདོར་ན་འཛམ་གླིང་རྒྱན་དྲུག་ཆེན་པོ་བཞི། །

རྨད་བྱུང་གཉིས་སོགས་རྒྱལ་བས་ལུང་བསྟན་བཞིན། །

བསྟན་པ་བསྐྱངས་པའི་རྣམ་ཐར་དཔག་པར་དཀའ། །

མདོར་ན་འཕགས་པའི་ཡུལ་དུ་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནས་བཟུང་། ཕྱིས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཀླ་ཀློས་བཅོམ་གྱི་བར་དུ་མཁས་པ་དང་གྲུབ་པའི་སྐྱེ་བོ་ཁྱད་པར་འཕགས་པ་བར་མ་ཆད་དུ་བྱོན་པ་ལས་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གཙོ་བོར་གྱུར་པ་སློབ་དཔོན་ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་དང་། ཨཱརྱ་དེ་བ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་པ་བྱེད་པ་པོ་སྟེ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་པ་དང་། དཔའ་བོ། སྒྲ་གཅན་འཛིན་བཟང་པོ། ཡོན་ཏན་འོད། ཆོས་སྐྱོང་སྟེ་སློབ་དཔོན་ཆེན་པོ་བཞི། ཞི་བ་ལྷ་དང་། ཙནྡྲ་གོ་མཱི་སྟེ་རྨད་དུ་བྱུང་བའི་སློབ་དཔོན་གཉིས། གཞན་ཡང་ཤཱཀྱ་འོད་དང་། སེངྒེ་བཟང་པོ་སོགས་དུ་མ་བྱོན་པ་དེ་དག་ཕལ་ཆེར་རྒྱལ་བས་མདོ་རྒྱུད་རྣམས་སུ་བསྟན་པ་སྤེལ་ཞིང་། མཐར་བྱང་ཆུབ་བརྙེས་པར་ལུང་བསྟན་པ་བཞིན་དུ། ངོ་མཚར་བའི་འཕྲིན་ལས་ཀྱིས་བསྟན་པ་བསྐྱངས་པའི་རྣམ་པར་ཐར་པ་རེ་རེའི་ཚུལ་ཡང་དཔག་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་བོ། །ཞེས་གསལ་བ་ལྟར་རྒྱན་དྲུག་ཡོངས་གྲགས་དང་བཞེད་ལུགས་མཐུན་ཡང་། མཆོག་གཉིས་ཀྱི་ཐ་སྙད་དང་བཞེད་ལུགས་སྐོར་མ་གསུངས་སོ།།

དེ་བཞིན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (1904-1987) མཆོག་གིས་མཛད་པའི་བདུད་འཇོམས་ཆོས་འབྱུང་ལས[52]། སྟོན་པ་ཉིད་ཀྱིས་ལུང་བསྟན་པ་ལྟར་བྲམ་ཟེ་ཆེན་པོ་ས་ར་ཧའི་སློབ་མ་ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་འབྱེད་པ་པོ་སངས་རྒྱས་གཉིས་པ་ཀླུ་སྒྲུབ། རྗེ་བཙུན་བྱམས་པའི་སློབ་མ་རྒྱ་ཆེན་སྤྱོད་པའི་རིང་ལུགས་ཀྱིས་འཛམ་བུ་གླིང་ཐམས་ཅད་ཁྱབ་པར་མཛད་པ་པོ་འཕགས་པ་ཐོགས་མེད། འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བརྙེས་པས་དངོས་སྟོབས་རིགས་པའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྟེ། གཞུང་བྱེད་པ་པོ་གསུམ་དང་། ཀླུ་སྒྲུབ་ཀྱི་སློབ་མ་པདྨའི་སྙིང་པོ་ལས་བརྫུས་ཏེ་འཁྲུངས་པ་སློབ་དཔོན་ཨཱརྱ་དེ་ཝ། ཐོགས་མེད་ཀྱི་གཅུང་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་ཞིང་། མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་པ་སློབ་དཔོན་དབྱིག་གཉེན། ཕྱོགས་ཀྱི་གླང་པོའི་སློབ་མ་རྒོལ་བ་དབང་ཕྱུག་སྡེའི་རྗེས་སུ་ཞུགས་པའི་ཕྱི་རོལ་པ་ཐམས་ཅད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པའི་བྱེད་པོ་དཔལ་ཆོས་ཀྱི་གྲགས་པ་སྟེ། འགྲེལ་པ་བྱེད་པ་པོ་གསུམ་ཞེས་འཛམ་བུ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །ཅེས་གསུངས་པ་ལྟར་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོའི་སློབ་དཔོན་གསུམ་དང་། སློབ་དཔོན་ཨཱརྱ་དེ་བ་དང་། སློབ་དཔོན་དབྱིག་གཉེན། དཔལ་ལྡན་ཆོས་གྲགས་བཅས་ནི་འགྲེལ་བྱེད་གསུམ་སྟེ་རྒྱན་དྲུག་དང་། ཡང་ན་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཡོན་ཏན་འོད་བཞི་ནི་རྩ་བའི་མཁན་པོ་དང་། སློབ་དཔོན་ཨཱརྱ་དེ་བ་དང་། སློབ་དཔོན་དབྱིག་གཉེན། དཔལ་ལྡན་ཆོས་གྲགས། ཤཱཀྱ་འོད་བཞི་ནི་འགྲེལ་པ་མཛད་མཁན་གྱི་སྒོ་ནས་ཀྱང་གཞག་ཏུ་རུང་ངོ་།།

མདོར་ན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[53]། འཛམ་གླིང་རྒྱན་དྲུག་ཆེན་པོ་བཞི་རྨད་བྱུང་གཉིས་ཏེ་བཅུ་གཉིས་ནི། སློབ་དཔོན་ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་དང་། ཨཱརྱ་དེ་བ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་པ་བྱེད་པ་པོ། དཔའ་བོ། སྒྲ་གཅན་འཛིན་བཟང་པོ། ཡོན་ཏན་འོད། ཆོས་སྐྱོང་སློབ་དཔོན་ཆེན་པོ་བཞི། ཞི་བ་ལྷ། ཙནྡྲ་གོ་མཱི་སྟེ་རྨད་དུ་བྱུང་བའི་སློབ་དཔོན་གཉིས་བཅས་སོ། །ཞེས་གསུངས། དེས་ན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ (1737-1802) མཆོག་གིས་མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[54]།

འཕགས་ལྷ་དཔའ་བོ་ལེགས་ལྡན་སངས་རྒྱས་བསྐྱངས། །

ཟླ་གྲགས་ཞི་ལྷ་དབྱིག་གཉེན་སེང་གེ་བཟང༌། །

བློ་བརྟན་ཕྱོགས་གླང་ཆོས་གྲགས་ཡོན་ཤཱཀ་སོགས། །

འཛམ་གླིང་མཛེས་རྒྱན་རྣམས་ལ་གུས་པས་འདུད། །

ཅེས་གསུངས་པ་ལྟར་སློབ་དཔོན་དཔའ་བོ་དང་། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་སངས་རྒྱས་བསྐྱངས། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་བློ་ལྡན་བཅས་ཀྱང་འཛམ་གླིང་མཛེས་རྒྱན་དུ་འདྲེན་པར་མཛད་སྣང་བས། དོན་ལ་སློབ་དཔོན་དེ་དག་འཛམ་གླིང་མཛེས་རྒྱན་ཡིན་པ་བསྙོན་དུ་མེད་ཀྱང་། ཡོངས་གྲགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་འདྲེན་པ་ཤིན་ཏུ་ཉུང་། འོན་ཀྱང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) མཆོག་གིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རིན་ཆེན་སྤུངས་པ་ལས[55]།

སངས་རྒྱས་བསྟན་ལ་ཀླན་ཀའི་དྲི་མ་རྣམས། །

རྣམ་པར་བསལ་ནས་ཡོན་ཏན་ཕུལ་བྱུང་བརྙེས། །

འཛམ་གླིང་མཁས་པའི་རྒྱན་དུ་གྱུར་པ་པོ། །

མཁས་མཆོག་རྒྱན་དྲུག་གཞན་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་རྒྱ་གར་འཕགས་ཡུལ་དུ་རྒྱན་དྲུག་བཞུགས་པའི་དུས་ན། ཐེག་ཆེན་གྱི་སློབ་དཔོན་རྣམས་ཆེས་མཁས་ཤིང་། དགེ་འདུན་ཡང་བཟང་པོར་ཡོད་ཚུལ་རྒྱ་གར་ཆོས་འབྱུང་དུ་གསལ་བ་ལྟར། རྒྱལ་བའི་གསུང་རབ་ཀྱི་དོན་ལ་དབང་འབྱོར་པའི་སློབ་དཔོན་མཐའ་ཡས་པ་བྱོན་ཏེ་གཙོ་བོར་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གསལ་བར་མཛད་པ་ལགས་སོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡

[2] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣

[3] རྒྱ་གར་པཎ་གྲུབ་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༧༩

[4] སྐབས་འདིའི་འཛམ་གླིང་ཞེས་པ་ནི། སྔོན་གྱི་ཡིག་རྙིང་ཁག་ཏུ་གསལ་བ་ལྟར་རྒྱ་གར་འཕགས་ཡུལ་ལ་གོ་འོ།།

[5] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༧༽ ཐོར་བུ། དཔེ་རིང་། ཤོག་གྲངས་ ༣ན༢

[6] སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། ༼ང༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༤༥

[7]  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༢༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ ༢༤༦

[8] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༧

[9] རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༧བ༣ ནས་ ༨ན༥ བར།

[10] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། བློ་གླིང་དཔེ་མཛོད། ༡༩༩༤ ལོ། ཤོག་ ༤༡༥

[11] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། པོད། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡

[12] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༨༠༥

[13] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་དང་པོ། ཐེ་ཝན་པར་མ། ༢༠༡༣ ལོ། ཤོག་ ༤༡༧

[14] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༢༢༨

[15] ལམ་རིམ་མཆན་བཞི་སྦྲགས་མ། བླ་བྲང་བཀྲ་ཤིས་འཁྱིལ་པར་མ། ཤོག་གྲངས་ ༣བ༣

[16] པདྨ་འཕྲིན་ལས་སྙིང་པོའི་བཀའ་འབུམ། ༼ཨོཾ༽ དཔེ་གཟུགས། ཤོག་ ༨བ༤ ནས་ ༩ན༢ བར།

[17] བོད་ཡིག་ཚིག་གཏེར་རྒྱ་མཚོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༠༩

[18] སྐྱེས་ཆེན་གྱི་བཞུད་ལམ། པེ་ཅིང་ཀྲིན་ཞིན་པར་ཁང་། ༢༠༡༤ ལོ། ཤོག་གྲངས། ༩༣

[19] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཏུ༽ དེབ་ཨང་ ༨༣ པ། ༢༠༠༨ ལོ། ཤོག་གྲངས་ ༤༩

[20] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཐུ༽ དེབ་ཨང་ ༨༣ པ། ༢༠༠༨ ལོ། ཤོག་གྲངས་ ༧༡༦

[21] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་ ༡༤༦༦

[22] བཀའ་འགྱུར་དཔེ་བསྡུར་མ། རྒྱུད། ༼ཅ༽ དེབ་ཨང་། ༨༡ པ། ༢༠༠༩ ལོ། ཤོག་གྲངས་ ༢༠༨

[23] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༩༠

[24] དཔལ་ཡུལ་དགོན་དུ་བཞུགས་པའི་དཔེ་རྙིང་། པོད། ༼༣༢༽ དབུ་མེད། ཤོག་གྲངས་ ༢༩༥

[25] བདུད་འཇོམས་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་ ༥༠

[26] འཇུ་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར། ཤོག་གྲངས་ ༡༢ མདུན་ཕྲེང་ ༦ པ།

[27] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༧༤༣

[28] འཇུ་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར། ཤོག་གྲངས་ ༡༢ མདུན་ཕྲེང་ ༦ པ།

[29] འཇུ་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར། ཤོག་གྲངས་ ༡༢ མདུན་ཕྲེང་ ༦ པ།

[30] རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༧བ༣ ནས་ ༨ན༥ བར།

[31] བོད་རྒྱ་ཚིག་མཛོད་ཆེན་མོ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༥༣

[32] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག །༼༢༽ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་། ༢༠༡༢ ལོ། ཤོག་ ༣༨༨

[33] ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༨

[34] ས་སྐྱ་བཀའ་འབུམ། ཆོས་འཕགས་དང་པོ། ༼པ༽ དཔེ་རིང་། ཤོག་གྲངས་ ༢༡བ༥

[35] དཔའ་རིས་བློ་བཟང་རབ་གསལ་གྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ༡༩༩༡ ལོ། ཤོག་ ༡༣

[36] དྲང་ངེས་ལེགས་བཤད་སྙིང་པོ། འབྲས་སྤུངས་བློ་གསལ་གླིང་། ༡༩༩༡ ལོ། ཤོག་ ༡

[37] རྗེའི་གསུང་པོད་གསུམ་པ། གསུང་ཐོར་བུ། བཀྲས་ལྷུན་པར་མ། ཤོག་གྲངས་ ༥བ༤

[38] འདི་ནི་རིགས་རུས་ཕུན་སུམ་ཚོགས་པའི་མངའ་བདག་བདག་པོ་གྲགས་པ་རྒྱལ་མཚན་པས་བསྐུལ་བའི་དོན་དུ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།།

[39] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་དང་པོ། ཐེ་ཝན་པར་མ། ༢༠༡༣ ལོ། ཤོག་གྲངས་ ༤༡༨

[40] ཀཾ་ཚང་ཆོས་སྤྱོད་རབ་གསལ། དཔེ་གཟུགས། ཤོག་གྲངས་ ༡༢༤ན༡

[41] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། པོད་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༡

[42] དགེ་བཤེས་གྲགས་པ་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༥༦༢

[43] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༩༩

[44] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༢༠༦

[45] ཀུན་མཁྱེན་གསུང་འབུམ། པོད། ༼ཙ༽ བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༣༢

[46] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༧༤༣

[47] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༧༤༣

[48] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༨

[49] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༨༡༦

[50] དཔའ་རིས་བློ་བཟང་རབ་གསལ་གྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ༡༩༩༡ ལོ། ཤོག་ ༡༣

[51] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༠༩

[52] བདུད་འཇོམས་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་ ༥༠

[53] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༧༤༣

[54] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིག་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡

[55] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༣ ནས་ ༡༠༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *