༄༅། །ཆོས་འབྱུང་མཁས་པའི་དགའ་སྟོན་ལས་བྱུང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།[1]
༼དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད།༽
སྔོན་ཚེ་རྒྱལ་སྲས་གཙོ་བོ་བཟང་སྐྱོང་ནི། །ཟ་ཧོར་རྒྱལ་པོའི་སྲས་འཁྲུངས་སྔགས་སྤྱོད་གྲུབ། །སླར་ཡང་ཕལ་ཆེན་སྡེ་ལས་རབ་ཏུ་བྱུང་། །རིག་གནས་སྡེ་སྣོད་མདོ་རྒྱུད་མ་ལུས་མཁྱེན། །བྱང་ཆུབ་སེམས་ཀྱིས་འགྲོ་ཀུན་དབང་དུ་འདུས། །གྲུབ་ཐོབ་རྣལ་འབྱོར་དབང་ཕྱུག་དུ་མའི་མགོན། །འཛམ་གླིང་ཀུན་ན་ཕུལ་བྱུང་ཨ་ཏི་ཤ །
དཔལ་ལྡན་མར་མེ་མཛད་དཔལ་ཡེ་ཤེས་དེ། །ལྷ་བཙུན་བྱང་ཆུབ་སེམས་དཔའ་ཁུ་དབོན་གྱིས། །དཀའ་བ་ཆེན་པོས་ནན་གྱིས་སྤྱན་དྲངས་ཤིང་། །ལྷག་པའི་ལྷ་ཚོགས་དུ་མས་བསྐུལ་བ་ལས། །བྱང་ཕྱོགས་གངས་ཅན་ཁྲོད་འདིར་གཤེགས་མཛད་དེ། །ཆོས་ཀྱི་རྩ་བ་ལས་འབྲས་བླང་དོར་བསྟན། །ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་འགྲོར་བཀོད། །རབ་ཏུ་བྱུང་རྣམས་ཚུལ་ཁྲིམས་གནས་ལ་སྦྱར། །ཐོས་ལྡན་རྣམས་ཀྱི་ལྟ་བ་དྲང་པོར་མཛད། །བསམ་གཏན་པ་རྣམས་ཞི་ལྷག་གཉིས་ལ་སྦྱར། །སྔགས་ལ་ཞུགས་རྣམས་དམ་ཚིག་དག་པར་བཀོད། །ཀུན་ཀྱང་བྱང་ཆུབ་སེམས་ཀྱི་ཐེག་པས་ཁྲིད། །ཆོས་མིན་ཆོས་ལྟར་བཅོས་པ་ཀུན་ནུབ་སྟེ། །སངས་རྒྱས་བསྟན་པའི་ཉིན་བྱེད་རབ་ཏུ་གསལ། །བཀའ་གདམས་བསྟན་པའི་ཤིང་རྟ་ཆེན་པོ་ནི། །རྒྱལ་བས་བསྟན་པ་འཛིན་པར་ལུང་བསྟན་པ། །དགེ་བསྙེན་ཆེན་པོ་འབྲོམ་སྟོན་རྒྱལ་བ་ཡི། །འབྱུང་གནས་དམ་པའི་ཕྱག་ཏུ་བཞག་མཛད་དེ། །དགའ་ལྡན་དུ་གཤེགས་ནམ་མཁའ་དྲི་མེད་ཅེས། །མི་ཕམ་མགོན་གྱི་འཁོར་གྱི་གཙོ་བོར་གྱུར། །རིགས་གསུམ་མགོན་པོས་རྣམ་པར་སྤྲུལ་པ་ཡི། །སྐུ་མཆེད་གསུམ་སོགས་སྐྱེས་ཆེན་མཐའ་ཡས་ཀྱིས། །གཞུང་དང་མན་ངག་རབ་ཏུ་རྒྱས་མཛད་ནས། །མཐའ་ཡས་འགྲོ་བ་ངལ་གསོའི་སྟེགས་སུ་གྱུར། །དེ་བས་བོད་ཡུལ་བསྟན་པ་ཕྱི་དར་ལ། །བཀའ་དྲིན་འདི་དང་མཚུངས་པ་གཞན་ཡོད་མིན། །རིན་ཆེན་བྱང་ཆུབ་སེམས་ཀྱི་གྲ་ཆེན་པོ། །བསླབ་གསུམ་ཚགས་ཀྱིས་བསྡམས་པ་ལེགས་བཤམས་ཏེ། །འགྲོ་ཀུན་སྡུག་བསྔལ་མཚོ་ལས་སྒྲོལ་བརྩོན་པ། །ཇོ་བོ་ཡབ་སྲས་རྒྱུད་པར་བཅས་ལ་འདུད།།
དེ་ཡང་བསྟན་པ་ཕྱི་དར་ལ་བོད་ལ་བཀའ་དྲིན་ཆེ་བ་ཇོ་བོ་ཨ་ཏི་ཤ་ནི། རྒྱ་གར་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གྱི་བྱེ་བྲག་ཟ་ཧོར་ཞེས་བྱ་བ་མི་ཁྱིམ་འབུམ་ཕྲག་ཉི་ཤུ་རྩ་བདུན་ཡོད་པའི་གྲོང་ཁྱེར་གྱི་དབུས་ན་ཕོ་བྲང་གསེར་གྱི་རྒྱལ་མཚན་ཞེས་བྱ་བ་རྒྱ་ནག་སྟོང་ཀུན་དང་ལོངས་སྤྱོད་མཉམ་པ་དེར་སྔོན་མཁན་པོ་ཞི་བ་འཚོ་བྱོན་པའི་གདུང་རིགས་ཡབ་རྒྱལ་པོ་དགེ་བའི་དཔལ་དང་། བཙུན་མོ་འོད་ཟེར་ཅན་ལ་སྲས་གསུམ་ལས་ཆེ་བ་པདྨའི་སྙིང་པོས་རྒྱལ་སྲིད་བཟུང་། ཆུང་བ་དཔལ་གྱི་སྙིང་པོ་རབ་བྱུང་མཛད་དེ་དགེ་སློང་བཱིརྱ་ཙནྡྲ་ཞེས་བྱ་བ་བསྐྱེད་རིམ་བརྟན་པ་ཅིག་བྱོན། འབྲིང་པོ་ཟླ་བ་སྙིང་པོ་ནི་ཇོ་བོ་འདི་ཡིན་ཏེ་འཁྲུངས་ནས་ཞག་བདུན་ན་སྒྲོལ་མ་ཞལ་གཟིགས་དེ་ཕྱིན་ཆད་ཅི་འདོད་སྒྲོལ་མ་ལ་གསོལ་བ་བཏབ་པས། དངོས་སུ་ཆོས་མི་གསུང་ཡང་སྤྲོས་པ་ནང་ནས་ཆོད་དེ་འོང་བ་ཡིན་གསུངས། །ལོ་བཅུར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་བཟོ་དང་གསོ་བ་སྦྱངས། ལོ་བཅུར་ཕྱི་ནང་གི་སྒྲ་ཚད་བསླབས། རཱ་ཧུ་ལ་གུཔྟ་བཛྲ་ལ་དབང་ཞུས་པའི་ཚེ་དགྱེས་རྡོར་ཞལ་གཟིགས་རྟོགས་པ་རྒྱུད་ལ་སྐྱེས་ཏེ། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེར་བཏགས། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཆང་འོ་མར་བསྒྱུར་ཞིང་། གངྒཱ་ལ་གདིང་བ་བཏིང་ནས་འབྱོན་པ་ཀ་མ་ལ་རཀྵི་ཏ་ལས་གསང་སྔགས་ཀྱི་བཀའ་དྲིན་ཕལ་ཆེར་བརྙེས། བླ་མ་དེ་སེམས་ཙམ་རྣམ་རྫུན་པ་ཡིན། ཇོ་བོ་དབུ་མ་བཞེད་པ་ལ་མི་མཉེས། གསང་སྔགས་ཀྱི་སྒོ་ནས་ཚོགས་བསགས་པས་ཕྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་རྗེས་ཐོབ་ལ་གཟིགས་པས་ཆོས་རྣམས་ཀྱི་རང་བཞིན་ཁྱོད་ཀྱི་ལྟར་འདུག་གསུངས་ནས་དབུ་མ་བར་འགྱུར། ཨ་ཝ་དྷཱུ་ཏི་པ་ལོ་དགུ་བསྟེན། དེ་ཐ་མལ་གྱི་གཏམ་མི་གསུང་རེས་གསེར་གྱི་མཎྜལ་ཕུལ་ནས་ཆོས་ཞུས་ཀྱང་མི་གསུང་། རེས་ལོང་མེད་པའི་དུས་ན་ཡང་མ་ཞུས་པར་གསུང་། དཔོན་སློབ་གཉིས་ཟམ་པ་དོག་མོ་ཡ་ང་བ་ཞིག་ལ་འབྱོན་འཕྲོ་ལ་ཞལ་ལོག་མཛད་ནས་བུ་བདག་འཛིན་དང་མ་བྲལ་བར་དུ་ལས་འབྲས་ཕྲ་བ་ལ་ཡང་འཛེམས་ཤིག་པཎྜི་ཏ་དང་ནུས་པ་ཅན་འདི་དང་འདི་འདྲ་ཡང་ལས་འབྲས་ཕྲ་མོ་ལ་མ་འཛེམས་པས་ངན་སོང་གི་སྡུག་བསྔལ་འདི་འདྲ་བ་མྱོང་ཞིང་འདུག་གོ་གསུངས།
ཆོས་ཀྱི་ཕྱིར་རྒྱ་མཚོ་ཆེན་པོར་ཡང་ལན་གསུམ་ཞུགས་ཏེ་བསོད་སྙོམས་པ་ཆེན་པོ་སོགས་ལས་དབང་རྒྱུད་གདམས་པ་མང་དུ་གསན། སྤྱོད་པའི་ཚད་དུ་ལོངས་ཏེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་མཛད། ཤར་ཕྱོགས་བྷ་དུ་རའི་གྲོང་ན་བཞུགས་པ་ནཱ་རོ་བའི་སློབ་མ་ཨ་ཝ་དྷཱུ་ཏི་པ་མངོན་ཤེས་ཅན་ལ་བྲི་ཀ་མ་ལར་ཡང་དབང་གསན་ཏེ་གསང་མཚན་སྔ་མ་དེ་ཁོ་ན་བཏགས། བུད་མེད་གཅེར་བུ་རུས་རྒྱན་ཅན་རེས་ངུ་རེས་རྒོད་པ་ཅིག་གཟིགས་ནས་ཡིད་ཀྱིས་གསོལ་བ་བཏབ་པས་ད་རེས་ངུ་རེས་རྒོད་པའི་དོན་ཤེས་སམ་གསུངས། མ་འཚལ་ཞུས་པས་སེམས་ཅན་རྣམས་རང་རྒྱུད་ཀྱི་ཡེ་ཤེས་མ་རྟོགས་པར་འཁོར་བའི་སྡུག་བསྔལ་སྤྱོད་པས་ངུ་བ་ཡིན། རྟོགས་ན་ད་ལྟ་ཉིད་སངས་རྒྱས་ཡིན་པས་རྒོད་པ་ཡིན་གསུངས་ནས། རྡོ་རྗེ་རྣལ་འབྱོར་མའི་དབང་ཚེགས་ཆུང་ལ་དོན་ཆེ་བ་བྱིན་རླབས་ཀྱི་ལུགས་བྱ་བ་བསྐུར་ནས་རྣལ་འབྱོར་མའི་ཞལ་ཇི་ལྟ་བར་གཟིགས་གདམས་ངག་མ་ལུས་པར་ཞུས། དེའི་ཚེ་བྷ་ག་ལར་ཕྱི་ནང་གི་རྩོད་པ་ཆེན་པོ་བྱུང་ནས་བསྟན་པ་ཕལ་ཆེར་མུ་སྟེགས་ལ་ཤོར་ནས། རྩོད་པ་ཟློག་ནུས་པ་མེད་པའི་ཚེ་བུ་མོ་གཅིག་གིས་ཇོ་བོའི་སྐུ་ལས་འོད་འཕྲོ་བ་མཐོང་ནས་གནས་བརྟན་ལ་སྤྲང་པོ་འོད་འཕྲོ་བ་ཞིག་འདུག །རྣལ་འབྱོར་པ་ཡིན་ཏེ་འོང་རྩོད་པ་ཟློག་པར་ཞུས་ཟེར་ནས་ཞུས་པས་ཞལ་གྱིས་བཞེས། མུ་སྟེགས་ཐམས་ཅད་ཚར་བཅད་ནས་སྔར་ཤོར་བའི་གནས་དང་པཎྜི་ཏ་ཐམས་ཅད་ཚུར་ཐོབ། ཕྱི་རོལ་པ་ཐམས་ཅད་ནང་པར་བཅུག །གནས་བརྟན་དེས་རབ་ཏུ་འབྱུང་བ་དང་བཞུགས་པར་ཞུས་པས་ཀྱང་མ་གནང་། གསང་སྔགས་ཀྱི་མཁྱེན་པ་དང་ནུས་པ་ལ་ང་བས་ཆེ་བ་མེད་སྙམ་དུ་ཐུགས་རྒྱལ་ཅུང་ཟད་བྱུང་བ་ན་མནལ་ལམ་དུ་མཁའ་འགྲོ་རྣམས་ཀྱིས་ནམ་མཁའ་ལ་གླེགས་བམ་དཔག་མེད་བཙེར་རྒྱུད་འདི་ཇི་སྐད་བྱ་བ་ཡིན། འདི་ཁྱོད་ཀྱིས་ཤེས་སམ་ཞེས་དྲིས་ཏེ་སྔོན་མཚན་ཡང་མ་གསན་པའི་རྒྱུད་མཐའ་ཡས་པ་འདུག །ལོགས་ཤིག་ན་པོ་ཏི་ནག་ཆུང་ཁ་ཤས་འདུག་པ་ལ་འདི་ཁྱོད་ཀྱིས་ཤེས་པའི་རྒྱུད་རྣམས་ཡིན་ཟེར།
ཡང་ཇོ་མོ་སྒྲོལ་མ་བྱོན་ནས་ཁྱོད་པཎྜི་ཏ་སྔགས་མཁན་ཡིན་ནམ་གསུངས། ལགས་ཞུས་པས་འོ་ན་སྒྲུབ་ཐབས་འདི་དང་འདི་མཁྱེན་ནམ་གསུངས། དེ་ཀུན་དཔེ་ཡང་མཐོང་མ་མྱོང་ཞུས་པས་འོ་ན་ཁྱོད་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆེ་ན། ཁྱེད་མིའི་ཡུལ་ན་རྟའི་སྤུ་རྩེ་གཅིག་ཙམ་ལས་མེད། སྔགས་ཀྱི་དཔེ་དོན་མང་པོ་མཁའ་འགྲོ་མའི་ལག་ན་ཡོད་པ་ཡིན་གསུངས་ནས་ཡལ། དེར་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆག །འོན་ཀྱང་སྔགས་སྤྱོད་ཀྱིས་ཚེ་འདིར་འཚང་རྒྱ་བ་ཞིག་བྱ་དགོས་དགོངས་པ། དཔལ་ཧེ་རུ་ཀ་བྱོན་ཏེ་ཨ་ཝ་དྷཱུ་ཏི་བའི་སྤྱོད་པས་གར་ཡང་མི་ཕྱིན་པས་ཁྱོད་རབ་ཏུ་བྱུང་ཞིག །ཕྱི་ཞིག་ན་རབ་བྱུང་གི་གདུལ་བྱ་མང་བར་འབྱུང་ངོ་ཞེས་ལུང་བསྟན། ཡང་མནལ་ལམ་ན་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བའི་གྲལ་མཐའ་ན་ཇོ་བོ་ཉིད་འདུག་པ་ལ་སྟོན་པའི་ཞལ་ནས་མི་མ་གི་ཅི་ལ་ཆགས་ནས་ཁྱིམ་མི་སྤོང་བ་ཡིན་གསུང་བ་རྨིས། ཡང་གཙུག་ལག་ཁང་ཞིག་ན་བྱམས་པ་དགེ་སློང་གི་ཆ་བྱད་དུ་འདུག་པའི་དྲུང་དུ་འབྱོན་པར་བརྩམས་པས་འདི་རབ་ཏུ་བྱུང་བའི་ས་ཡིན་ཁྱོད་ཁྱིམ་པའི་ས་མིན་པས་མ་འོང་ཞིག་གསུང་བ་རྨིས། རང་བཞིན་གྱི་རྣལ་འབྱོར་མ་ཞིག་དང་མཇལ་བས་ཀྱང་ཨ་ཝ་དྷཱུ་ཏིའི་སྤྱོད་པ་མ་བྱས་ཚེ་འདི་ལ་བདེན་པ་མི་མཐོང་བར་ཆད་འོང་རབ་ཏུ་བྱུང་ན་བསྟན་པ་ལ་ཕན་ཞེས་གསུང་བས་བསྐུལ་ཏེ་དགུང་ལོ་ཉེར་དགུ་ལ་རྡོ་རྗེའི་གདན་མ་ཏི་བེ་ཧ་རའི་གཙུག་ལག་ཁང་དུ་ཕལ་ཆེན་སྡེ་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་རྒྱུད་སྦྱོར་ལམ་པ་ཤཱི་ལ་རཀྵི་ཏས་མཁན་པོ་མཛད་དེ་རབ་ཏུ་བྱུང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དཔལ་མར་མེ་མཛད་ཡེ་ཤེས་སུ་མཚན་བཏགས་ནས་བསྙེན་པར་རྫོགས།
དེའི་ཚེ་མཁན་པོས་མུ་སྟེགས་ཤིག་དང་རྩོད་པ་བྱས་པས་སྨྱོ་འབོག་ཡོར་བ་ལངས་ནས་འཕྲོ་ལ་ལུས། ཇོ་བོས་འཕྲོ་བླངས་ནས་བརྩད་པས་ཇོ་བོ་རྒྱལ། མུ་སྟེགས་ན་རེ་སྔར་མ་ཐོས་པའི་པཎྜི་ཏ་འདི་ཇི་ལྟ་བུ་ཡིན་ཟེར། ཇོ་བོས་པཎྜི་ཏ་ཙམ་མིན། སྒྲ་ཚད་ལ་བྱང་བར་བྱས་པ་ཅིག་ཡིན་ཏེ་བྱས་པས། འོ་ན་ངལ་དུ་འཕངས་རིག་པ་སློབས་ཟེར། དེ་ལ་བསྟེན་ནས་མཁན་པོས་ཀྱང་བསྐུལ་ཏེ་སླར་ཡང་བྱ་ཀ་ར་ཎ་སྡེ་བརྒྱད་དུ་གྲགས་པ་འཇམ་དཔལ་གྱི་སྒྲ་མདོ་སརྦ་ཛྙཱ་ན་ཨིནྡྲ་པཱ་ཎི་ཀ་ཙ་ན་མ་ཎི་བྱ་ཀཱ་ར་ཎ་ཀུན་ཏུ་བཟང་པོ་སོགས་སྒྲའི་གནས་མཐའ་དག་དང་། བྲམ་ཟེ་ནོར་ལྷས་བྱས་པ་ཚིག་གི་སྒྲོན་མ་སོགས་ཕྱི་རོལ་བའི་སྒྲ་མདོ་མཐའ་ཡས་སྦྱངས། རྐང་མིག་པའི་རིགས་པའི་ལྟ་བ་དང་། ནང་པའི་སྡེ་བདུན་མདོ་བཅས་སོགས་ཚད་མའི་ཕུལ་དུ་ཕྱིན། རྡོ་རྗེ་གདན་དུ་སྒྲ་ཚད་ལ་ཤིན་ཏུ་མཁས་པའི་མུ་སྟེགས་པ་གདུགས་བཅུ་གསུམ་ཕུབ་པ་ཅིག་དང་ཕྱི་ལོ་གདུགས་བདུན་ཕུབ་པ་ཅིག་བྱུང་བ་ཇོ་བོས་ཚེགས་མེད་པར་བཏུལ། ཕྱི་ལོ་གདུགས་ལྔ་ཕུབ་པ་ཅིག་བྱུང་བ་སྒྲ་ཚད་ལ་ཆེར་མཁས་པས་དང་པོར་པཎྜི་ཏ་ཀུན་གྱིས་གོ །དེ་ནས་རིམ་གྱིས་གོ་བ་ཇེ་ཉུང་དུ་སོང་སྟེ་ཤིན་ཏུ་མཁས་པ་ལྔ་ཙམ་ལས་གཞན་གྱིས་མ་གོ །དེ་ནས་ཤིན་ཏུ་ཕྲ་བས་ཁོང་རང་གཉིས་མ་གཏོགས་པས་མ་གོ །དེ་ནས་མུ་སྟེགས་དེས་སྒྲའི་ཚིགས་བཅད་གཅིག་གི་དོན་ཇོ་བོ་ལ་དྲིས་པས་ལན་མ་ཐེབས་ནས་ཁྱོད་ཅུང་ཞིག་སྡོད་ཅིག་གསུངས་ཏེ་ནང་དུ་བྱོན་སྒྲོལ་མ་ལ་གསོལ་བ་བཏབ་པས་ཐུགས་ལ་གསལ་ལེར་བྱུང་སྟེ་ལན་བཏབ་ནས་ཚར་བཅད་གདུགས་ལྔ་པོ་ཇོ་བོ་ལ་ཕུལ་ཞབས་སྤྱི་བོར་བླངས་ཏེ་ནང་པ་ལ་བཀོད་དོ།།
རྩིས་ཀྱི་གཙུག་ལག་ལུགས་ཀྱི་བསྟན་བཅོས་གསོ་བའི་གཞུང་ཕྱི་ནང་གི་རྟེན་འབྲེལ་གྱི་གནས་མ་ལུས་པ་ལ་འགྲན་པའི་ཟླ་མེད། ནང་རིག་པ་ལ་ཐེག་པ་ཆུང་ངུའི་སྡེ་བཞིའི་རྩ་བའི་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་པོ་བམ་པོ་སུམ་བརྒྱ་ཡོད་པ་དེ་ཨོ་ཏྱནྟ་པུ་རིར་དྷ་རྨ་རཀྵི་ཏ་ལས་གསན་ཏེ་སྔགས་ཀྱི་སྦོམ་པོ་མི་འབྱུང་བའི་ཕྱིར་ཞག་དྲུག་ནང་དུ་བཞུགས་བདུན་པ་ལ་ཕྱིར་བྱོན། དེ་ལྟ་བུས་ལོ་བདུན་ལ་ཚར། གཞན་བརྩོན་འགྲུས་ཅན་གྱིས་ཀྱང་ལོ་བཅུ་གཉིས་དགོས་སྐད། སྡེ་པ་བཅོ་བརྒྱད་པོ་སོ་སོའི་སྡེ་སྣོད་གསུམ་པོ་མང་དུ་གསན་ཞིང་། ཕལ་ཆེར་གཟིགས་པས་མཁྱེན་ཏེ་སྡོམ་པའི་གཏོང་ཐོབ་རྟེན་འབྲེལ་གྱི་འཁོར་ལོ་སོགས་རེ་རེ་ཞིང་མ་འདྲེས་པར་འབྱེད་པ་ལ་མཁས། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་ལ་བདེན་བཞིའི་སྒོར་ཞུགས་པའི་ཐེག་ཆེན་ནི་ལུང་དབྱུག་པ་གསུམ་གྱི་ཕྲེང་བ་དང་། རིགས་པ་རྟ་དབྱངས་ཀྱི་མདོ་སྡེ་རྒྱན་དང་། ལྟ་བ་བྱེ་སྨྲ་དང་ཐུན་མོང་དུ་བྱས་ནས་བློ་སྦྱོང་བ་རྣམས་དྷརྨ་རཀྵི་ཏ་སྙིང་རྗེ་ཆེན་པོ་མངའ་བ་མི་གསོན་པོའི་ཤ་མིན་པས་མི་སོས་ཟེར་བའི་ནད་པ་ཅིག་ལ་རང་གི་བརླ་ལས་ཤ་བཅད་དེ་བྱིན་པས་སོས་ནས་ན་ཚ་བྱུང་བའི་ཚེ་མནལ་ལམ་དུ་མི་དཀར་པོ་ཅིག་གིས་བྱང་ཆུབ་འདོད་པས་བརྩོན་འགྲུས་འདི་ལྟ་བུ་བརྩམ་པར་བྱའོ་ཞེས་ཕྱག་གིས་བྱུགས་པའི་མོད་ལ་རྨ་སོས་པ་དེ་ལ་གསན། ལུང་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་དང་། རིགས་པ་བྱང་ས་ལྟ་བ་སེམས་ཙམ་ལ་བསྟེན་ནས་སྤྱོད་པ་ཕྱིས་གསེར་གླིང་པ་ལས་གསན། ལུང་ནམ་མཁའ་སྙིང་པོའི་མདོ་དང་རིགས་པ་བསླབ་སྤྱོད་གཉིས་ལྟ་བ་མདོ་སྡེ་པ་ལ་བསྟེན་ནས་སྤྱོད་པ་བྱམས་པའི་རྣལ་འབྱོར་པ་ཞེས་བྱ་བ་བྱམས་པས་དངོས་སུ་རྗེས་སུ་བཟུང་བ་དེ་ལ་གསན།
ཡང་དགེ་བསྙེན་ཞིག་འཁོར་འགའ་ལ་ཆོས་འཆད་སར་མི་ཞིག་གིས་ཁྱི་ལ་རྡོ་བརྒྱབ་པས་བླ་མ་ཨ་ན་ཟེར་ནས་ལིང་བོག །ཁྱི་ལ་རྡོ་ཕོག་སར་སྨུག་ཁྱུར་གྱིས་སྲངས་འདུག་སྐད་དེ་བདག་གཞན་བརྗེ་ནུས་པ་དེ་དང་། རི་དྭགས་དམན་མ་ཐམས་ཅད་སྐྱབས་ཞུ་བའི་བྱང་ཆུབ་སེམས་དཔའ་ཞིག་ལའང་བྱང་ཆུབ་ཀྱི་སེམས་ཀྱི་བཀའ་དྲིན་ཞུས། མདོ་སྡེ་སྣ་ཚོགས་པའི་ཐེག་ཆེན་ནི་མདོ་མང་འདི་རྣམས་ཏེ་རེ་རེ་ཞིང་ཉམས་སུ་ལེན་པའི་གདམས་པ་དང་བཅས་པ་གསན་ཞིང་མཁྱེན། ཤེར་ཕྱིན་གྱི་སྒོར་ཞུགས་པའི་ཐེག་ཆེན་ནི་ལྟ་བ་སེམས་ཙམ་དུ་བཀྲོལ་བ་ཤཱནྟི་པའི་ལུགས་དང་། དབུ་མར་བཀྲོལ་བ་སེང་བཟང་གི་ལུགས་དང་། མདོར་ན་ཐེག་ཆེན་གྱི་སྡེ་སྣོད་བསྟན་བཅོས་ཐམས་ཅད་བྲི་ཀ་མ་ལར་བཞུགས་པ་དེ་ཐམས་ཅད་རྫོགས་པར་མཁྱེན།
གསང་སྔགས་རྟོགས་པའི་རྒྱུད་བྱ་བ་སྤྱོད་པ་གཉིས། རྣལ་འབྱོར། རྣལ་འབྱོར་ཆེན་པོ་རྣལ་འབྱོར་བླ་མེད་དང་བདུན་དུ་བཞེད་པའི་རེ་རེའི་ཡང་རྒྱུད་སྡེ་མཐའ་ཡས་པ་གསན་ཞིང་མཁྱེན། ད་ནི་རྒྱུད་ཐམས་ཅད་མཁྱེན་སྙམ་པ་ན་མནལ་ལམ་དུ་གོ་སོ་མ་པུ་རིའི་སྒོ་སྲུང་ངག་དབང་གྲགས་པ་དང་མཇལ་བས་དོན་དམ་པའི་རྒྱུད་དྲུག་ཅེས་པ་མཐར་ཐུག་འབའ་ཞིག་སྟོན་པའི་རྒྱུད་སོགས་རྒྱུད་འབུམ་ཕྲག་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན་ཏེ་མནལ་སད་པ་ན་ཐམས་ཅད་མཁྱེན་ནས་གདའ་སྐད། ཕྱི་རིག་པ་ཞེས་བྱ་བ་ཕྱི་རོལ་པའི་གཞུང་ལུགས། རིག་བྱེད་པ། གྲངས་ཅན་པ། བྱེ་བྲག་པ། དཔྱོད་པ་པ་ཞེས་བྱ་བ་རྩ་བའི་སྡེ་བཞི་ལ་བསྟེན་ནས་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་གིས་བྱས་པར་སྨྲ་བའི་གཞུང་དང་། དྲང་སྲོང་སེར་སྐྱས་བྱས་པའི་གྲངས་བདུན་ཅུ་པ་ལ་སོགས་བསྟན་བཅོས་དང་། རྣལ་འབྱོར་སྙིང་པོ་སོགས་ཕྱི་རོལ་པའི་གསང་སྔགས་མང་དུ་ཡོད་པ་དེ་ཐམས་ཅད་མ་ལུས་པར་མཁྱེན།
ཨོ་རྒྱན་དུ་བྱོན་ནས་གཞན་ལ་གྲགས་པ་དང་མ་གྲགས་པའི་བླ་མ་མང་དུ་བསྟེན་ཏེ་གསང་སྔགས་གསན། ཟངས་གླིང་དང་ནས་གླིང་ལ་སོགས་པའི་རྒྱ་མཚོའི་གླིང་ཕྲན་དུ་ཡང་ཆོས་རེ་རེའི་ཕྱིར་བྱོན། ཁྱད་པར་དུ་གསེར་གླིང་པའི་སྙན་པ་གསན་པས་མི་བཟོད་པའི་དད་པ་འཁྲུངས་ཏེ་རྒྱ་མཚོ་ནས་ནོར་བུ་ལེན་པའི་ཚོང་པ་དང་ལྷན་དུ་གྲུ་བོ་ཆེར་ཞུགས་ཏེ་ཟླ་བ་བདུན་ཙམ་དུ་བྱོན། དུང་གི་མཚོ་དང་འོ་མའི་མཚོ་དང་མཚོ་ས་ནོན་ལ་སོགས་པར་གཟིངས་རླུང་གིས་དེད་དེ་ཁྱེར། ཆུ་སྲིན་ཉ་མིད་དང་ཉ་མིད་ཆེན་པོ་སོགས་དབུ་རུ་གཡོ་རུའི་བར་གྱི་རི་ཙམ་པ་གཟིགས། དབང་ཕྱུག་ཆེན་པོས་བར་ཆད་བརྩམས་པ་བཤེད་དམར་གྱི་ཏིང་ངེ་འཛིན་གྱིས་བཏུལ། གངས་ཅན་མཚོ་རྒྱལ་གྱི་སྐུའི་དབུ་གཙུག་ནས་ཆུ་ཆེན་པོ་འབབ་པ་ཡང་གཟིགས། གསེར་གླིང་དུ་བྱོན་པས་ལྷའི་ཡུལ་འདྲ་ཞིང་བསྟན་པ་དར་བར་འདུག །བླ་མས་སྣོད་བརྟག་པའི་ཕྱིར་ཟླ་བ་བཅུ་གཉིས་སུ་མ་མཇལ། མཆོད་པ་ཅིག་གི་སར་མཇལ་བས་ཚེ་རབས་སྔོན་གྱི་དཔོན་སློབ་ཡིན་པས་གཉིས་གས་ངོ་མཁྱེན་ཏེ་བླ་མས་ཇོ་བོའི་དབུ་ལ་ཕྱག་བཞག་ནས་ཤིས་པ་མང་དུ་བརྗོད། ཁྱོད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་ནུས་སམ། ལོ་བཅུ་གཉིས་སྡོད་ནུས་སམ་གསུངས་ནས་ཁོང་རང་གིས་རྙེད་པའི་སྟོན་པའི་གསེར་སྐུ་དེ་གནང་། ལོ་བཅུ་གཉིས་སུ་དབུ་སྔས་སྤྲད་པར་ཡོལ་བས་བཅད་དེ་བཞུགས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཤེགས་ཤུལ་བསྟན་པའི་རིམ་པ་དང་བསླབ་བཏུས་སྤྱོད་འཇུག་ལ་སོགས་པའི་སྤྱོད་པའི་གཞུང་མཐའ་དག་དང་། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདག་གཞན་བརྗེ་བའི་བློ་སྦྱོང་གི་གདམས་པ་གཞན་ལ་མེད་པ་གསན་པས། བླ་མ་གཞན་ཐམས་ཅད་ལས་ཁྱད་པར་དུ་དྲིན་ཆེ་བར་མཛད་དེ་ཕྱིས་གཞན་ལ་ལོ་མཆོད་ཙམ་མཛད་གསེར་གླིང་པ་ལ་ཟླ་མཆོད་མཛད། བླ་མ་གཞན་གྱི་མཚན་གསན་ཚེ་ཕྱག་ཐུགས་ཀར་ཐལ་མོ་སྦྱོར། གསེར་གླིང་པའི་མཚན་གསན་ཚེ་སྤྱི་བོར་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་ཤར་གྱིས་འོང་། ང་ལ་ཡོན་ཏན་དུ་བྱས་པ་བསམ་པ་བཟང་པོ་སྤྲིང་ཙམ་ཞིག་ཡོད་འདི་མགོན་པོ་གསེར་གླིང་པའི་བཀའ་དྲིན་ཡིན་གསུང་སྐད། གསེར་གླིང་པའི་སློབ་མ་ཛྷ་ན་ཤྲཱི་མི་ཏྲ་དང་། ཤཱནྟི་པ་དང་། རཏྣ་ཀིརྟི་གསུམ་ལ་ཆོས་གང་མངའ་བ་གསན་ཏེ་དེ་གསུམ་ཇོ་བོ་དང་བཞི་ལ་གསེར་གླིང་པའི་བུ་ཆེན་བཞིར་བྱེད། མདོར་ན་ཀུ་སཱ་ལི་ཆེ་ཆུང་ནི་རྫོགས་པའི་སངས་རྒྱས་དང་ཡོན་ཏན་མཉམ་ཞིང་། བརྒྱད་པའི་བཀའ་བབས་མཐའ་ཡས་པ་མངའ་ལ། དེའི་ཡོན་ཏན་ཐམས་ཅད་གསེར་གླིང་པ་ལ་མངའ། དེའི་ཡོན་ཏན་ཐམས་ཅད་བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་ཇོ་བོ་ལ་རྫོགས་ཏེ་སྤྱིར་ལོ་གསུམ་ན་འཛམ་གླིང་གི་ཚོང་པ་གསེར་གླིང་དུ་ལན་རེ་ཡོང་བ་ལས་དེའི་ཚེ་གྲུ་བོ་ལན་གསུམ་དུ་བུབ་ནས་ལོ་བཅུ་གཉིས་པ་ལ་གྲུ་བོ་ཆེ་བྱུང་བའི་ཚེ་རྒྱ་གར་དུ་བྱོན།
ནཱ་རོ་པ་ལ་བྱིན་གྱིས་རློབ་པར་ཞུས་པས་ངའི་སློབ་མ་ཌོམྦི་པ་ལ་གསོལ་བ་ཐོབ་ཅིག །དེས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན། དེ་བཙལ་བས་མ་རྙེད་མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས། དགེ་སློང་ཤ་ནའི་གོས་གྱོན་པ་ཅིག་མི་ཤ་ལག་པ་ཅིག་ཟ་ཞིང་བྱུང་། སྦོམ་པོ་མི་འོང་ངམ་བྱས་པས་སངས་རྒྱས་ལ་འཁྲུལ་པ་མངའ་འམ་གསུངས། དེ་ག་ལ་མངའ་བྱས་པས་འོ་ན་ཁྱོད་ཀྱང་ཅིག་འདོད་དམ་གསུངས་ནས་སྲིན་ལག་བཅད་ནས་བྱིན། དེ་ཟོས་པས་རོ་དཔེ་མེད་པ་ཅིག་བྱུང་སྟེ་སང་དྲོའི་གཎྜི་ལ་ཐུག་གི་བར་ཏིང་ངེ་འཛིན་བཟང་པོ་གཅིག་ལ་སོང་། ཌོམྦི་པའི་བྱིན་རླབས་ཡིན་ནམ་སུའི་ཡིན་སྙམ་པ་ལས་སང་ལོ་དུས་ན་སྔགས་པ་ཅིག་གིས་ཌོམྦི་པ་ལ་གསོལ་བ་བཏབ་པས་ང་དང་ལས་འབྲེལ་མེད། ངས་ན་ནིང་འདི་ཙམ་ན་འདི་ལྟར་བྱིན་གྱིས་བརླབས་པའི་པཎྜི་ཏ་དཱི་པཾ་ཀ་རའི་དྲུང་དུ་སོང་ཞིག་གསུངས་ཏེ་འོངས་ནས་མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས་ཞག་འགའ་ན་བཀའ་དྲིན་གྱིས་ཁྱབ། ཧེ་རུ་ཀའི་དཀྱིལ་འཁོར་མངོན་སུམ་དུ་གྱུར་གསུངས་ཏེ་ན་བཟའ་འདྲ་མངའ་བ་གོ་ལང་བཙོངས་ནས་དགེ་འདུན་ལ་བསྙེན་བཀུར་བྱས་ཏེ་བཞུད། ཇོ་བོ་དེ་ནམ་གཟིགས་བཞེད་ཙམ་ན་ང་འདི་ན་ཡོད་གསུང་གིན་ལམ་གྱིས་བྱོན། ཕྱིས་བོད་དུ་འབྱོན་ཀར་ངའི་སློབ་མ་དེ་གར་ཡོད་དམ་དགོངས་ཙ་ན་གཅེར་བུ་རུས་རྒྱན་ཅན་དུ་ལམ་བྱུང་སྟེ་ཁོ་བོ་འདི་ན་མཆིས་གསུངས། དེ་ཕྱིན་བོད་དུ་མ་བྱོན་ཏེ་ཡུལ་མི་གཅིག་པས་ལན་ནམ་ཞིང་ཁམས་གཞན་དུ་བཞུད་དམ་གསུང་སྐད།
གཞན་ཡང་ལྟ་བ་ལུང་སྟོན་པའི་བླ་མ་ནཱ་རོ་པ། བརྟུལ་ཞུགས་བྱིན་གྱིས་རློབ་པ་ཌོམྦི་བ། ལས་ཚོགས་བྱིན་རླབས་སྟེར་བ་བ་ལི་ཨཱ་ཙརྱ། རྫུ་འཕྲུལ་བྱིན་རླབས་སྟེར་བ་མཁས་པ་མི་ཆེན་པོ། ཕག་མོའི་བྱིན་རླབས་སྟེར་བ་བྷཱུ་ཏ་ཀོ་ཊི། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བ་མཁས་པ་རྟ་མཆོག །བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ཤེས་རབ་བཟང་པོ། ཚིག་དོན་རྒྱས་པར་བྱེད་པ་ཤཱནྟི་པ། བསྟན་པའི་སྒོ་འབྱེད་བློ་སྦྱོང་གི་རིམ་པ་སྟེར་བ་གསེར་གླིང་པ་སྟེ། བཀའ་དྲིན་ཆེ་བ་དགུ། དེའི་སྟེང་དུ་བྱང་ཆུབ་བཟང་པོ། ཛེ་ཏ་རི། དྷརྨ་རཀྵི་ཏ་བསྣན་པས་རྩ་བའི་བླ་མ་བཅུ་གཉིས། གཞན་ཡང་དུ་ཧ་ར་ནག་པོ། རཱ་ཧུ་ལ། ནཱ་རོ་པའི་སློབ་མ་མངོན་ཤེས་ཅན་སྟེ། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་གསུམ། ཨ་ཝ་དྷཱུ་ཏི་པ་དང་། ཀ་མ་ལ་རཀྵི་ཏ་སྟེ་ཕྱག་རྒྱ་ཆེན་པོ་གྲུབ་པ་གཉིས། གཞན་ཡང་ཨ་ཝ་དྷཱུ་ཏི་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། ཌོམྦི་པ། རབ་ཏུ་འབྱིན་པར་བསྐུལ་བའི་རྣལ་འབྱོར་མ། སྒྲོལ་མ། ཛྙཱ་ན་ཤྲཱིས་ལུང་བསྟན་པའི་རྣལ་འབྱོར་མ་གཉིས། ཕག་མོའི་བྱིན་རླབས་སྟེར་བའི་རྣལ་འབྱོར་མ། རྡོ་རྗེ་གདན་གྱི་ལམ་དུ་ལུང་སྟོན་པའི་རྣལ་འབྱོར་མ། བོད་དུ་བཀའ་ཆེམས་ལུང་སྟོན་པའི་རྣལ་འབྱོར་མ། མངོན་ཤེས་ཅན་གསུམ་རྣམས་ལ་ལུང་རྟོགས་གཉིས་ཀ་དང་ལྡན་པའི་བླ་མ་བཅུ་གསུམ་དུ་གྲགས་ཤིང་། གསེར་གླིང་པ། ཤཱནྟི་པ། ཛེ་ཏ་རི། བྱང་ཆུབ་བཟང་པོ་སྟེ་རྟག་དུ་བསྟེན་པའི་བླ་མ་བཞིའོ། །
དེ་ཐམས་ཅད་ཀྱི་ཡོན་ཏན་བུམ་པ་གཅིག་ནས་གཅིག་དུ་བྱོ་བ་ལྟར་ཇོ་བོ་ལ་མངའ་ཞིང་། འཇམ་དབྱངས། ཀླུ་སྒྲུབ་ཡབ་སྲས། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་ཆེ་ཆུང་། ཨ་ཝ་དྷཱུ་ཏི་པ་ཆེ་ཆུང་སྟེ་ལྟ་བ་རྣམ་པར་དག་པ་ཟབ་མོ་དབུ་མའི་བརྒྱུད་པ་དང་། བྱམས་པ། ཐོགས་མེད་སྐུ་མཆེད། འཕགས་གྲོལ། བཙུན་གྲོལ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་བ་རིན་ཆེན་བཟང་པོ། ཆུང་བ་རིན་ཆེན་སྡེ། གསེར་གླིང་པ། ཡང་ན་དབྱིག་གཉེན་གྱི་སློབ་མ་བློ་བརྟན་ལ་ཀུ་སཱ་ལི་གཉིས་ཀས་ཐུག་སྟེ་སྤྱོད་པ་རྣམ་པར་དག་པ་རྒྱ་ཆེན་ཕ་རོལ་ཏུ་ཕྱིན་པའི་བརྒྱུད་པ་དང་། རྡོ་རྗེ་འཆང་། ཏེ་ལོ། ན་རོ། ཌོམྦི་པ་སྟེ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་སྟེ་གཙོ་བོར་བྱིན་རླབས་ཀྱི་བརྒྱུད་པའི་ཆུ་བོ་གསུམ་མངའ་ཞིང་། གཞན་དུ་མདོ་རྒྱུད་མན་ངག་གི་བཀའ་བབས་བརྗོད་ཀྱིས་མི་ལང་པ་གཅིག་ཏུ་འདུས་པ་སྟེ་བརྒྱུད་པ་དེ་ཐམས་ཅད་ཀྱི་ཡོན་ཏན་ཇོ་བོ་ལ་མངའ་འོ།།
ང་ལ་སོ་ཐར་གྱི་སྡོམ་པ་ལ་ཉེས་པས་ཡེ་མ་གོས་བྱར་བཏུབ། བྱང་སྡོམ་ལ་ཉེས་བྱས་སྣ་རེ་ཙམ་འོང་། སྔགས་སྡོམ་ལ་ལྷུང་བ་ཆེ་རེ་ཉེ་རེ་འོང་། འོན་ཀྱང་དེ་མ་ཐག་བཤགས་ཏེ་ལྟུང་བ་དང་ཞག་ཏུ་འགྲོགས་མ་མྱོང་གསུང་སྟེ་བཙུན་པའི་མཐར་ཐུག །ཐུགས་དམ་གྱི་ལྷ་དཔག་མེད་ཞལ་གཟིགས། གསེར་གླིང་ནས་རྡོ་རྗེ་གདན་དུ་བྱོན་པའི་ཚེ་རང་བྱུང་ཁཱར་ས་པཱ་ཎ་གཅིག་ལ་རབས་ཆད་རྒན་གོན་གཉིས་ཀྱིས་མཆོད་པ་ཆེན་པོ་བྱ་བར་ཡོད་པའི་ཚེ་རྒན་པོའི་རྨི་ལམ་དུ་ང་ལ་མཆོད་པ་མ་བྱེད་པར་འདི་ན་དགེ་སློང་དཱི་པཾ་ཀ་ར་ཡོད་པ་ལ་གྱིས་བསོད་ནམས་དེ་ཆེའོ་ཞེས་ལུང་བསྟན། སྡེ་པ་བཞི་ཀའི་ཁྲོད་དུ་བཙལ་བས་མ་རྙེད། ཁ་སང་མགྲོན་བཙུན་ཞིག་འདུག་པ་དེ་ཡིན་ནམ་ཟེར་ནས་བཙལ་བས་བཞུགས་འདུག་སྟེ་རྡོ་རྗེ་གདན་དུ་དེའི་བསྙེན་བཀུར་བཞེས་ཤིང་བཞུགས། ད་ནི་རྩེ་གཅིག་ཏུ་མཉམ་པར་བཞག་ལ་མྱུར་དུ་འཚང་རྒྱ་བར་བྱའོ། །ཞེས་དགོངས་ཚེ་བླ་མ་རཱ་ཧུ་ལ་སྐད་ཅིག་གིས་བྱོན་ཏེ་ཡི་དམ་གྱི་ཞལ་མཐོང་བ་དང་། དཀྱིལ་འཁོར་མང་པོ་མངོན་སུམ་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་དུ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུན་ཙམ་ཡོད་པ་སོགས་ཁྱོད་ཀྱི་ཡོན་ཏན་དེ་རྣམས་ཀྱིས་གར་ཡང་མི་ཕྱིན་གྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་བཟུང་ལ། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་ཆོས་ཤིག་གསུངས། རྡོ་རྗེ་གདན་གྱི་འཁོར་ས་ལ་སྐོར་བ་མཛད་པའི་ཚེ་ལྡེར་ཚོ་མང་དུ་བཞུགས་པའི་གཅིག་བཞེངས་ནས་གཞན་གཅིག་ལ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཆོས་གང་ལ་བསླབ་པར་བགྱི་ཞེས་དྲིས་པས་གཞན་དེ་ན་རེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུངས་ནས་ཕར་ཕྱིན་ཐེག་པའི་ལུགས་ཀྱི་སེམས་སྦྱང་ཐབས་ཤིག་གསུངས།
ཡང་སྐོར་བ་མཛད་དུས་ཅིག་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་བུ་མོ་ལྷའི་ལུས་རྒྱན་གྱིས་བརྒྱན་པ་གཉིས་བྱུང་ནས་གཅིག་གིས་གཅིག་ལ་སྔ་མ་ལྟར་དྲི་ལན་བྱས་ཏེ་སྔགས་ལུགས་ཀྱི་སེམས་སྦྱང་ཐབས་ཤིག་གསུངས་ཏེ་སྒྲོལ་མ་དང་ཁྲོ་གཉེར་ཅན་ཡིན་སྐད། ཡང་བདུད་འདུལ་མཆོད་རྟེན་གྱི་དྲུང་ན་བུད་མེད་གཉིས་དང་། སྒྲོལ་མའི་ལྷ་ཁང་དུ་བུད་མེད་རྒན་གཞོན་གཉིས་ཀྱི་དྲི་ལན་དང་། བྱ་མདབ་ཀྱི་འོག་ན་བཞུགས་པའི་དེ་བཞིན་གཤེགས་པའི་སྐུ་དང་། རྡོ་རྗེའི་ར་བའི་ལོགས་ཀྱི་བ་སོའི་ཐུབ་པ་དང་། རྡོ་རྗེ་གདན་དུ་བུད་མེད་ཅིག་གིས་འཆགས་བྱས་ནས་ལོ་བཅུ་གཉིས་བསྒྲུབས་པས་གྲུབ་པ་ཐོབ་པ་སྟེ། དེ་རྣམས་རེ་རེ་ཞིང་མྱུར་དུ་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཞེས་ཁོ་ན་མགྲིན་གཅིག་ཏུ་གསུང་བ་གསན་པས། སྔར་བླ་མ་གསེར་གླིང་པས་ངེས་པར་མཛད་པའི་སྟེང་དུ་ལྷག་པར་ཡང་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་པར་གྱུར། དེའི་ཚེ་དགེ་ཚུལ་ཞིག་གིས་བ་ཅི་གེ་རའི་གླིང་ན་སྐྱེས་པ་དང་བུད་མེད་ཐམས་ཅད་རང་བཞིན་གྱི་རྣལ་འབྱོར་ཕོ་མོ་ཤ་སྟག་ཡིན་ཟེར་བ་ཐོས་ནས་བལྟར་ཕྱིན་པས་སངས་རྒྱས་བྱོན་ནོ་བཞུད་དོ་ཟེར་ནས་སྨྱོས་པ་འདྲ་བ་མ་གཏོགས་ཡིད་འཆེས་པ་མ་མཐོང་། སུམ་མདོ་ཅིག་ན་ཐམས་ཅད་ལ་ལུང་བསྟན་བྱེད་པ་ཅིག་འདུག་པ་ལ་ཕྱག་ཅིག་ཀྱང་བྱས། ལོག་འོངས་པའི་ལམ་གར་ཚོང་པ་མང་པོ་ངོ་མཚར་གྱི་གཏམ་གླེང་བ་ལ་དགེ་ཚུལ་དེས་ཟེར་ཚད་མི་བདེན། བ་ཅི་གེ་རའི་གླིང་ན་གྲུབ་ཐོབ་ཤ་སྟག་ཡིན་ཟེར་ནས་ངས་བལྟར་ཕྱིན་པས་མི་བདེན་པར་འདུག་ཟེར། ཀུ་སཱ་ལི་དགེ་བ་བྱ་བའི་རྣལ་འབྱོར་པ་ཅིག་ཚོང་པའི་ཁྲོད་ན་ཡོད་པས་དགེ་ཚུལ་དེའི་ལོག་རྟོག་བསལ་བའི་ཕྱིར་གུད་དུ་ཁྲིད་ནས་རྣལ་འབྱོར་པ་ནང་ཕན་ཚུན་ཤེས་པ་ཡིན་ཁྱོད་ཀྱིས་མི་ཤེས་དེ་ཐམས་ཅད་རྣལ་འབྱོར་པ་ཤ་སྟག་ཡིན། ཁྱོད་ཀྱིས་ཕྱག་བྱས་པ་དེ་ནི་ཚེ་འདི་དོན་དུ་གཉེར་བ་ཡིན་གྱིས་རྣལ་འབྱོར་པ་མ་ཡིན། ངས་ཀྱང་དངོས་གྲུབ་ཕྲ་མོ་ཐོབ་ཟེར་ནས་ཀ་ཝ་ལི་ན་མདོ་དང་གསེར་དང་སྤུ་གྲི་འདུག་པ་མངོན་པར་ཤེས་ནས་བཤད་པས་ཡིད་ཆེས་ཏེ་གུས་པ་བྱས་ནས་འགྲོགས་ཏེ་འོངས། ཡུལ་དབུས་ན་གང་ཟག་ཁྱད་པར་ཅན་ཅི་འདྲ་ཡོད་གསུངས།
རྡོ་རྗེ་གདན་ན་ཇོ་བོ་ཨ་ཏི་ཤ་ཞེས་བྱ་བ་བཞུགས་བྱས་པས། རྣལ་འབྱོར་པའི་ཞལ་ནས་སྐྱེས་བུ་དམ་པ་མཐོང་བར་དཀའ་བས་ཞལ་བལྟར་འདོད་གསུངས་ནས་བྱོན། དགེ་ཚུལ་དེས་ཇོ་བོ་ལ་ཞུས་པས་སྐྱེས་བུ་དམ་པ་མཐོང་བ་ནི་དོན་དང་ལྡན་པ་ཡིན་གྱིས། ཞལ་བལྟ་བར་བྱའོ་གསུངས་ནས་རྣལ་འབྱོར་པ་དེ་ནྱ་གྲོ་དྷའི་སྡོང་པོ་ཅིག་གི་རྩ་བར་དེ་ནུབ་ཉལ་བའི་ཤིང་ལོ་འཕྱག་ཅིང་འདུག་པར་བྱོན། རྣལ་འབྱོར་པ་དེས་ཇོ་བོ་ལ་ལུས་ཐམས་ཅད་ས་ལ་ཕབ་སྟེ།
ཛམྦུའི་གླིང་གི་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །
སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་ལོ། །
ཞེས་ཕྱག་བྱས། ཁོང་རྟེན་ཁྱིམ་པར་བཞུགས་པས་ཇོ་བོས་དངོས་སུ་ཕྱག་མ་མཛད་ཡིད་ཀྱིས་ཕྱག་མཛད་དེ་མཁས་པ་བྱ་བ་ཁྱེད་ཡིན་ཏེ་དོན་ལ་མཁས་པ་ཡིན། ང་ནི་ཚིག་ལ་མཁས་པར་ཟད་གསུངས་ནས་མཁས་དང་བྱིས་པ་འབྱེད་པ་ཅེས་བྱ་བའི་བསྟན་བཅོས་བརྩམས། པཎྜི་ཏ་གྲགས་པའི་ཆ་ཞེས་བྱ་བས་རྣལ་འབྱོར་པ་དེ་ལ་མྱུར་དུ་འཚང་རྒྱ་བར་འདོད་པས་གང་ལ་བསླབ་དྲིས་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུངས། ཡིད་མ་ཆེས་པས་འོ་ན་ཁྱེའུ་གཙང་མ་ཞིག་ཁྲིད་ཤོག་གསུངས་ཏེ་པྲ་ཕབ་ནས་སྒྲོལ་མ་དང་། རིགས་གསུམ་མགོན་པོ་རྒྱལ་བ་རིགས་ལྔ་སོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྣང་བ་རིམ་པར་བསྟན་ནས་དྲིས་པས་ལན་དེ་ཁོ་ན་བྱུང་བས་གདོད་ཡིད་ཆེས། ཐེག་པ་ཆེ་ཆུང་ཡང་ལྟ་བས་མ་ཕྱེ་སྙིང་རྗེས་ཕྱེ་བ་ཡིན། ཆོས་ཟབ་མོ་ལ་ཡིད་ཆེས་པ་ལ་ཚོགས་དཔག་མེད་གསོག་དགོས་ཞེས་ཇོ་བོ་གསུང་སྐད། རྣལ་འབྱོར་པ་དེ་ལ་པཎྜི་ཏ་ཆེན་པོ་གཞན་ཞིག་གིས་མངོན་པར་ཤེས་པ་འཆར་བའི་ཐབས་དྲིས། གཅིག་གིས་ཚུལ་ཁྲིམས་དག་པའི་རྒྱུ་དྲིས་པས་ཀྱང་བྱང་ཆུབ་ཀྱི་སེམས་ཁོ་ན་སྦྱོངས་ཤིག་གསུངས།
དེ་ལྟར་སངས་རྒྱས་བྱང་སེམས་དང་། གྲུབ་ཐོབ་ཕོ་མོ་དཔག་ཏུ་མེད་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱར་བས་ད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་བསྐང་བ་དང་། བླ་མ་རྣམས་ཀྱི་གསུང་སྒྲུབ་པ་དང་། རང་གཞན་གྱི་ཕུན་ཚོགས་སྒྲུབ་པ་གང་ལའང་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མི་འདུག་པས། ད་ནི་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལས་མེད་དོ་སྙམ་དུ་དགོངས་ནས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་མེད་ཀྱི་ལྷ་ཁང་ཡོད་པར་བྱམས་པ་ལ་བཞུགས་པའི་ཚེ། སངས་རྒྱས་དང་བྱང་སེམས་མཐའ་ཡས་པ་དང་། ཁྱད་པར་ཐུགས་རྗེ་ཆེན་པོ་དངོས་སུ་བྱོན་ཏེ་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་བྱ་བ་བྱས་སོ། །སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་ཁྱོད་ཀྱིས་ཤེས་སོ། །
འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ལྷ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན། དེའི་ཚེ་རྒྱལ་པོ་མ་ཧཱ་པཱ་ལས་བྲི་ཀ་མ་ལ་ཤཱི་ལར་སྤྱན་དྲངས་ཏེ་རྩ་བའི་སྡེ་བཞི་པཎྜི་ཏ་ལྔ་བཅུ་རྩ་བདུན་དང་བཅས་པའི་གཙུག་གི་ནོར་བུ། ཐམས་ཅད་ཀྱི་ཐེ་ཚོམ་དྲི་བའི་གནས་སུ་བཞུགས་ཤིང་། མུ་སྟེགས་མང་པོ་ཚར་བཅད། དེའི་ངོས་གཅིག་ལ་པཎྜི་ཏ་རྣམས་དང་། ངོས་གཅིག་ན་གྲུབ་ཐོབ་རྣམས་བྲིས་ཡོད་པ་ལ་ཇོ་བོ་གཉིས་ཀར་དུ་བྲིས། སྔ་གདོང་གཡས་ལ་ཀླུ་སྒྲུབ་དང་གཡོན་ལ་ཇོ་བོ་བྲིས་ཏེ་ཀླུ་སྒྲུབ་དང་མཉམ་པར་བྱེད་སྐད། ཇོ་བོས་ཅི་བདེར་སྤྱོད་པ་ཤས་གཅིག་གནས་ནས་ཀྱང་ཕྱུང་། ཁྱད་པར་མི་ཞུ་པཎྜི་ཏས་རྣལ་འབྱོར་མའི་དམ་རྫས་ཆང་ཞིག་ཁྱེར་བ་གཞན་གྱིས་མཐོང་ནས་འདི་ཁྱེད་ལ་མི་གནོད་ཀྱང་། གཞན་ལ་གནོད་པས་བཞུད་པར་ཞུ་གསུངས་ནས་ཕྱུང་བས་ཉམས་པ་སྒོ་ལ་འགྲོར་མི་བཏུབ་གསུངས་ནས་རྩིག་པ་ལ་མ་ཐོགས་པར་བཞུད། ཇོ་བོས་ལེགས་སམ་མ་ལེགས་སྙམ་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས་བུ་མ་ལེགས་སོ་ཞེས་པའི་སྒྲ་ལན་གསུམ་བྱུང་སྟེ་གཟིགས་པས་སྒྲོལ་མའི་ཞལ་ནས་མཻ་ཏྲི་པ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡིན། བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་པ་རྣམ་སྨིན་ཤིན་ཏུ་ཆེ་སྟེ། རི་རབ་ལ་ལན་གསུམ་བསྐོར་བའི་སེམས་ཅན་ཆེན་པོ་ཅིག་ཏུ་སྐྱེས་ཏེ་བྱ་སྣ་ཚོགས་ཀྱིས་ཟ་བར་འགྱུར། བོད་དུ་ཕྱིན་ནས་ཐེག་ཆེན་དར་བར་བྱས། ཉིན་རེ་ལ་སཱ་ཚ་བདུན་རེ་བཏབ་ན་ལས་འབྱང་གསུངས། དེ་སྐད་བླ་མ་ག་ག་པཱ་ལ་ལ་ཞུས་པས་ཁྱོད་ཀྱིས་ཕན་སེམས་ཀྱིས་བྱས་པས་ཉེས་པ་ཆུང་སྟེ་འོན་ཀྱང་འབྲས་ཆན་བྲེ་གང་སྦྱིན་པར་བཏང་བ་ཞིག་བོད་ན་རྒྱལ་པོ་བྱེད། ཁྱོད་དེའི་མཆོད་གནས་ལ་འགྲོ་དགོས་པར་འདུག་གསུངས།
དེ་ནས་སྲས་ནིརྱ་པཱ་ལས་མ་ག་དྷའི་རྒྱལ་པོ་བྱེད་པའི་ཚེ། དེ་དང་ནུབ་ཕྱོགས་ཀུརྞའི་མུ་སྟེགས་ཀྱི་རྒྱལ་པོ་མ་མཐུན་ནས་མུ་སྟེགས་ཀྱི་རྒྱལ་པོས་མ་ག་དྷར་དམག་དྲངས་པས་གྲོང་མ་ཐུབ་པར་བྲི་ཀ་མ་ལར་དྲངས་ཏེ་རབ་བྱུང་བཞི་དགེ་བསྙེན་གཅིག་དང་ལྔ་བསད། ཡོ་བྱད་མང་པོ་ཁྱེར་བའི་ཚེ་ཇོ་བོ་ཐུགས་འཁྲུག་པ་མེད་པར་བྱམས་སྙིང་རྗེའི་ཏིང་ངེ་འཛིན་ལ་བཞུགས་པས། དེའི་མཐུས་ཕྱིས་དམག་ལོག་སྟེ་མུ་སྟེགས་ཀྱི་དམག་ཐམས་ཅད་གསོད་དུ་ཆ་བའི་ཚེ་སྲོག་བསྐྱབས་ནས་བཏང་བས། ཀུརྞའི་རྒྱལ་པོ་དད་དེ་ནུབ་ཕྱོགས་སུ་སྤྱན་དྲངས་ནས་བསྙེན་བཀུར་ཆེན་པོ་བྱས། ཇོ་བོས་ཀྱང་ལམ་བར་ན་ཆུ་བོ་ཆེན་པོ་ཡོད་པ་ལ་ལུས་སྲོག་ལ་མ་གཟིགས་པར་ཡང་ཡང་བརྒལ་ཏེ་ཡོ་བྱད་ཐམས་ཅད་བསྡུམས་ཀྱི་ཕྱིར་བཏང་ནས་རྒྱལ་པོ་གཉིས་བསྡུམས་ནས་མཛའ་བོར་མཛད།
དེའི་ཚེ་བོད་ཀྱི་རྒྱལ་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོའི་སྙན་པ་གསན་ནས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་འཁོར་བརྒྱ་ཙམ་དང་བཅས་པ་ལ་གསེར་ལིང་བ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པ་ཅིག་གིས་སྣ་དྲངས་མང་དུ་བསྐུར་ཏེ་ཇོ་བོ་སྤྱན་འདྲེན་དུ་བཏང་བས་ཇོ་བོའི་ཞལ་ནས་བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན། ཡང་ན་གསེར་འདོད་ནས་འགྲོ་བ་ཡིན་ཏེ་ང་ལ་གསེར་གྱི་དགོས་པ་མེད། ཡང་ན་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་ཡིན་ཏེ་དེ་ཡང་ང་ལ་མེད། ད་མི་འགྲོ་གསུངས་ནས་གསེར་ཚུར་གཏད། ལོ་ཙཱ་བའི་འཁོར་ཕལ་ཆེར་ཡང་ཤི། གསེར་སིལ་མ་རྣམས་ཀྱང་བརླག་པས་ལོ་ཙཱ་བ་ཚུར་ལོག་སྟེ་གསེར་ལིང་བ་རྒྱལ་པོ་ལ་གཏད། རྒྱ་བརྩོན་སེང་ཇོ་བོ་ལ་ཆོས་ཉན་དུ་ལོག་པའི་ཕྱི་ལ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བ་ཡུལ་གུང་ཐང་གདུང་ནག་ཚོ་ཆུང་ངུ་ནས་རབ་ཏུ་བྱུང་སྟེ་ཤིན་ཏུ་བཙུན་པའི་འདུལ་བ་འཛིན་པ་དེ་ཡང་མངོན་པ་ཉན་ཅིང་འབྲེངས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་སྒྲུབ་ཏུ་མཐའ་འཁོབ་ཅིག་ཏུ་བྱོན་པས་གར་ལོག་གི་རྒྱལ་པོས་ཤེས་ཏེ་བཙོན་དུ་བཟུང་། ཁྱོད་རང་གི་རྒྱལ་ཁམས་མུ་སྟེགས་ལ་འགོད་ན་བྱ་དགའ་ཆེན་པོ་སྟེར། ཐ་ན་ཡང་སྐྱབས་འགྲོ་གཏོང་ན་བླུད་མ་མི་འདོད། གཞན་དུ་གསེར་ལུས་ཚད་དང་མཉམ་པ་མ་བྱུང་ན་མི་གཏོང་ཟེར། དཔོན་པོ་ལྷ་བླ་མ་ཞི་བ་འོད་ཀྱིས་བོད་ཁམས་གསུམ་གླིང་དགུ་ལ་གསེར་བསྡུས་ནས་སྐུ་ལུས་ཙམ་ཞིག་རྙེད་དེ་བླུ་བར་བརྩམས་པས་ད་དུང་དབུའི་ཚད་མ་ལོངས་ན་མི་གཏོང་ཟེར་ནས་མ་བཏང་། ཁོང་རང་གི་གསུངས་ནས་ང་རྒས་ཤིང་མུ་སྟེགས་ཀྱིས་སྨན་ལོག་དཔྱད་ལོག་མང་པོས་ཤེས་པ་ཡང་མི་གསལ་བས་བླུས་ཀྱང་བསྟན་པའི་དོན་མི་ནུས། གསེར་དེས་ཇོ་བོ་སྤྱན་དྲོངས་ལ་བོད་དུ་བསྟན་པ་དར་བར་གྱིས། ངས་ཁྱེད་ཀྱི་ཆེད་དུ་ལུས་སྲོག་གར་ལོག་གི་རྒྱལ་པོ་ངན་པ་ལ་བྱིན་ཡོད་པས། དེ་ལ་དགོངས་ནས་ཁྱེད་བོད་དུ་བྱོན་ཏེ་བསྟན་པ་དར་བ་ཞིག་མཛད་པར་ཞུ། དེའི་ཚེ་ང་ཡང་ཁྱེད་ཀྱི་དྲུང་དུ་སྐྱེས་ནས་ཐེག་ཆེན་གྱི་ཆོས་སྤྱོད་པར་སྨོན་ལམ་འདེབས་སོ་ཞེས་ཇོ་བོའི་སྙན་དུ་ཐོང་ཞིག་གསུངས་ཏེ་རིང་པོ་མ་ལོན་པར་གར་ལོག་གིས་བཀྲོངས།
ནག་ཚོས་རྒྱ་གར་དུ་ལོ་གཉིས་བཞུགས། མངོན་པ་དང་ལོ་ཙཱ་མཁས་པར་གྱུར་ཏེ་སླར་བོད་དུ་བྱོན་པའི་ཚེ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་སྤྱན་སྔར་བོས་ཏེ་བོད་ཡུལ་འདིར་བསྟན་པ་ལ་དར་གུད་ཤིན་ཏུ་ཆེ་བར་བྱུང་། ཨ་ཙ་ར་དམར་པོ་ཞེས་བྱ་བས་གསང་སྔགས་ཐིག་ལེའི་སྐོར་བཤད་ནས་རབ་བྱུང་ཕལ་ཆེར་སེར་ཁྱིམ་ལ་བཀོད། ཕྱི་རོལ་པ་ལགས་སམ་ཤམ་ཐབས་སྔོན་པོ་ཅན་བྱ་བས་སྦྱོར་དགྲོལ་གྱི་ཆོས་བསྟན། སྔགས་པ་རྣམས་ཀྱིས་ཀྱང་གསང་སྔགས་སྒྲ་ཇི་བཞིན་དུ་སྤྱད་ནས་སྡིག་པ་ལ་འགོད་པ་ཅིག་བྱུང་སྟེ་བསྟན་པ་ཤིན་ཏུ་འགྲིབ། ཡབ་མེས་ཀྱིས་པཎྜི་ཏ་ཆེ་ཆུང་འགའ་གདན་དྲངས་ནས་གདའ་ཡང་བསྟན་པ་ལ་ཕན་པ་ཕར་ཞོག་སླར་གནོད་པ་བྱས་པ་བཞིན་དུ་སོང་བས། ཨ་ཏི་ཤ་སྤྱན་འདྲེན་པ་ལ་ལན་གཉིས་བཏང་ཡང་གསེར་ཆུད་ཟོས། ཕོ་ཉ་མ་ལོག་པ་ལས་མ་བྱུང་། ད་ཁྱེད་ཀྱིས་ཇོ་བོའི་སྙན་དུ་ཁུ་བོའི་གསུང་འཕྲིན་དེ་ཐོང་། འདི་ན་གསེར་སྲང་བདུན་བརྒྱ་ཡོད་དེ་འདིས་མི་ནོར་ཐམས་ཅད་རྫོགས་ནས་ཡོད་ཀྱིས་འདི་ལ་མགོན་པོ་བོད་དུ་མ་བྱོན་ན་ཁྱེད་དམ་པ་རྣམས་ཀྱི་ཐུགས་རྗེ་ཡང་དེ་འདྲ་བས་བདག་ཅག་རྣམས་ཀྱི་ཅི་བདེ་བར་སྤྱད་པར་བགྱིའོ་ཞེས་མ་བྱོན་ཡང་སྙན་དུ་ལྷོན་པ་གྱིས་གསུངས་ནས་དཔོན་གཡོག་ལྔ་བརྫངས་ཏེ་བྱོན།
བྱང་ཕྱོགས་སུ་དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པ་འབྱུང་། དེས་ངའི་བསྟན་པ་རྒྱས་པར་བྱེད་པར་འགྱུར་ཞེས་ལུང་བསྟན་པ་ལྟར་འབྲོམ་སྟོན་པའི་རྫུ་འཕྲུལ་གྱི་བཀོད་པ་མང་པོས་ལམ་དུ་འཇིགས་པ་བསལ། དབུགས་ཕྱུང་འདི་ལྟར་བྱོས་ཀྱི་གདམས་པ་བསྟན་ཏེ་བྲི་ཀ་མ་ལར་བཏོལ། ཇོ་བོ་ལ་གསེར་ལིང་བ་དེའི་མཐའ་སིལ་མས་བསྐོར་བའི་མཎྜལ་ཕུལ་ནས་གསོལ་བ་བཏབ། ཞུ་འཕྲིན་བརྗོད་པས་ལྷ་བླ་མ་ཁུ་དབོན་བྱང་ཆུབ་སེམས་དཔར་འདུག་པས་བྱང་ཆུབ་སེམས་དཔའི་བཀའ་ཡང་བཅག་ཏུ་མི་རུང་། ངའི་ཕྱིར་ཁོང་གི་ནོར་མང་པོ་ཆུད་ཟོས་པས་ངོ་ཡང་གནོང་བར་ཡོད། བོད་སྙིང་ཡང་རྗེ་སྟེ་ང་ཡང་ན་སོ་རྒས་ལྡེ་མིག་མང་པོ་འཛིན་བྱ་བ་མང་པོའི་འཕྲོ་ཡང་ཡོད་པས་ཐོན་ཏེ་མི་འོང་། འོན་ཀྱང་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ངས་བརྟག་པ་བྱ་ཡིས། རེ་ཞིག་ཁྱེད་རང་གི་གསེར་ཟུང་ཞིག་གསུངས་ནས་གཏད། དེའི་ནུབ་སྒྲོལ་མ་ལ་གསོལ་བ་བཏབ་སྟེ་ངས་བོད་ཏུ་ཕྱིན་ན་བསྟན་པ་ལ་ཕན་ཐོགས་སམ། རྒྱལ་པོ་བྱང་ཆུབ་སེམས་དཔའི་དགོངས་པ་རྫོགས་སམ། ལུས་སྲོག་གི་བར་ཆད་དུ་མི་འགྱུར་རམ་ཞེས་དོན་གསུམ་གསོལ་བ་བཏབ་པས་རྨི་ལམ་དུ་བྲི་ཀ་མ་ལ་ཤཱི་ལའི་དྲུང་ན་མུ་ཁེན་ཞེས་པ་མུ་སྟེགས་པའི་གྲོང་ཁྱེར་ཞིག་གི་དབུས་ན་ནང་པའི་ལྷ་ཁང་ཆུང་ངུ་ཞིག་ཡོད་པ་དེར་སོང་ལ་རྣལ་འབྱོར་མ་ཞིག་འོང་བ་དེ་ལ་དྲིས་ཞེས་བྱུང་ནས་དེར་བྱོན་ཏེ་མཎྜལ་མཛད་ཅིང་ཡོད་ཙ་ན། ག་ནས་བྱུང་ཆ་མེད་པར་རྣལ་འབྱོར་མ་རལ་པ་ས་ལ་སླེབས་པ་ཅིག་བྱུང་། དེ་ལ་གསོལ་བ་བཏབ་པས་བོད་དུ་བྱོན་ན་ཕན་ཐོགས། ཁྱད་པར་དུ་ཨུ་པ་སི་ཀ་ཅིག་ལ་བསྟེན་ནས་ཕན་ཐོགས། བོད་དུ་མ་བྱོན་ན་ཚེ་ལོ་དགུ་བཅུ་རྩ་གཉིས་ཐུབ། བྱོན་ན་བདུན་བཅུ་རྩ་གཉིས་ལས་མི་ཐུབ་གསུང་བས་སེམས་ཅན་ལ་ཕན་ན་ཚེ་རིང་ཐུང་ལ་མི་ལྟ་སྙམ་པ་འཁྲུངས།
ཡང་རྡོ་རྗེ་གདན་དུ་གསོལ་བ་གདབ་དགོས་བསམས་ནས་བཞུད་ཀར་ཛྙཱ་ན་ཤྲཱི་ལ་ཞུས་པས་ཁྱོད་ཀྱི་དྲི་བ་དེ་རླབས་ཆེ་བ་ཞིག་འདུག་པས་རྡོ་རྗེ་གདན་གྱི་ལྷ་རིས་པའི་གསེབ་ན་རྡོ་རྗེ་སྒྲོལ་མའི་རྣལ་འབྱོར་མ་རྒན་མོ་རལ་པ་སེར་ཤར་རེ་བ་ཞིག་ཡོད། དེ་ལ་འདི་ཕུལ་ལ་དྲིས་ཞེས་མགྲོན་བུ་སྙིམ་པ་གང་བསྐུར། དེའི་ལམ་དུ་བུད་མེད་མིའི་ལུས་ལས་འདས་ལྷའི་ལུས་སུ་མ་སླེབས་པ་ཅིག་ལ་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་པས་ཁྱོད་ངེས་པར་ལུས་སྲོག་ལ་མ་བལྟས་པར་སོང་ཞིག་འགྲོ་བ་མང་པོ་ལ་ཕན་པར་འགྱུར་རོ་གསུངས་ཏེ་སྒྲོལ་མ་ཡིན་སྐད། རྡོ་རྗེ་གདན་དུ་བྱོན་པ་དང་རྒན་མོ་རལ་པ་སེར་བ་ཞིག་ན་རེ་ཇོ་བོ་ཛྙཱ་ན་ཤྲཱིས་བསྐུར་བའི་མགྲོན་བུ་ཚུར་ཐོང་གསུངས་ཏེ་ཕུལ་ནས་ཡིད་ཀྱིས་དྲིས་པས་ཨུ་པ་སི་ཀ་ལ་བསྟེན་ནས་ཕན་པར་འགྱུར། དེས་ཁྱོད་ཀྱི་ཆོས་ཀྱི་སྒྲིབ་པ་ཟད་ནས་ཕྱི་མ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་ཀྱི་གསུངས། དེ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་སྐད།
དེ་ནས་ཚུར་བྱོན་ཏེ་བོད་ལ་ཕན་ཐོགས་པར་ལུང་བསྟན་པས་འགྲོ་བར་ནི་བྱ་ན་བྱ་བ་གསར་པ་མི་བརྩམ་པར་ཆོས་འཕྲོ་བཏུལ་བ་དང་གཙུག་ལག་ཁང་གི་གཉེར་གཏད་པ་སོགས་རྙིང་པ་འཕྲོ་ཅན་རྣམས་ཟིན་པ་ལ་བརྩོན་འགྲུས་བསྐྱེད་ཀྱང་ཟླ་བ་བཅོ་བརྒྱད་དགོས་པར་འདུག་པས་དེའི་བར་ལོ་ཙཱ་བས་སྡོད་ནུས་སམ་གསུངས། ཇི་ཙམ་འགོར་ཡང་སྡོད་པར་ཞུས་པས་འོ་ན་སྤྱན་འདྲེན་པ་སོངས་ལས་གནས་བརྟན་རཏྣ་ཨཱ་ཀ་ར་ལ་གནས་ཀྱི་སློབ་དཔོན་ལ་ཞུས་སློབ་གཉེར་གྱིས་གསུངས་ཏེ་ནག་ཚོས་སློབ་གཉེར་གདམས་ངག་ཐམས་ཅད་རྒྱ་གར་ཉིད་དུ་རྫོགས་པར་བྱས། དེའི་ཚེ་རྗེ་ན་རོ་པ་ཆེན་པོ་དེ་བྲི་ཀ་མ་ལར་བྱོན་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་བསུ་བ་མཛད། ཇོ་བོ་དང་ཛྙཱ་ན་ཤྲཱི་མི་ཏྲ་གཉིས་ཀྱིས་ཕྱག་གཡས་གཡོན་ནས་བརྟེན་ཏེ་མདོ་ལི་ལ་སྤྱན་དྲངས། སེང་གེའི་ཁྲི་ལ་བཞུགས་པའི་ཚེ་ཁོ་བོ་ཡུན་རིང་དུ་མི་སྡོད་པས་ད་ཕྱིན་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ནི་ཇོ་བོ་དཱི་པཾ་ཀ་ར་ཁྱོད་ཡིན་ནོ། །ཞེས་བསྟན་པ་གཏད་ནས་ལྷོ་ཕྱོགས་སུ་བྱོན་ཏེ་ཞག་ཉི་ཤུ་ཙམ་ན་མྱ་ངན་ལས་འདས་ཏེ་གདུང་ཞིག་སྤྱན་དྲངས་པ་མཆོད་སྡོང་ན་བཞུགས།
དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ་དུ་ཧ་ར་ནག་པོས་ཇོ་བོ་ལས་དཔྱད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་གནང་སྟེ་ཁྱོད་བོད་དུ་འགྲོ་བར་འདུག །ཁྱོད་ལ་གདན་ས་བྱང་བསྐྱབས་པ་སྟོ་གཞོལ་བ་ཤིང་རྩི་ནགས་ཚལ་ཅན་ཞིག་འོང་། བོད་ནས་ཚུར་མི་ལྡོག་པར་འདུག །བུ་སློབ་མང་པོ་འོང་། དེ་རྣམས་ཀྱིས་སྡེ་དགོན་མང་པོ་བཞེངས་པར་འགྱུར། དེའི་ཚེ་འདི་དགོས་པ་ཡིན། ཁྱོད་ཀྱི་བུ་སློབ་རྣམས་ཀྱང་བུ་ཚ་བོ་ཡང་ཚ་གསུམ་ཙམ་ལ་ལེགས་པར་འོང་། དེ་ནས་ནི་འཆོལ་གྱིས་འགྲོ་ཉེན་ཡོད་གསུངས། ལྷོ་ཕྱོགས་མཐར་སྐྱེས་ཀྱི་གྲོང་ན་མུ་སྟེགས་པ་རྒན་པོ་ལོ་བཞི་བརྒྱ་དང་ལྔ་བརྒྱ་ལོན་པ་མང་པོ་ནག་ཚོས་མཐོང་ནས་ཇོ་བོ་ལ་ཞུས་པས། དེས་དོན་མེད་རླུང་འཛིན་པ་ཡིན། ཕྱི་བ་དང་གྲུམ་པས་ཀྱང་ཤེས་གསུངས། ཇོ་བོའི་ཕྱིར་ནག་ཚོས་ཆུ་འགྲམ་ཞིག་ཏུ་ཕྱིན་པས་བྲམ་ཟེ་རྒན་པོ་ཅིག་གིས་རྒྱལ་བུའི་རོ་ཞིག་ཁུར་ནས་བྱུང་སྟེ་རོ་དེ་ཆུས་བཀྲུས། ཅུང་ཟད་ན་རོ་དེ་ལངས་བྲམ་ཟེ་དེ་ཤི་ནས་བྲམ་ཟེའི་རོ་ཆུར་བསྐུར་ཏེ་སོང་། ཇོ་བོའི་ཞལ་ནས་གསང་སྔགས་ལ་ཡོན་ཏན་འདི་འདྲ་ཡོད་གསུངས། ཡང་སློབ་མ་དགེ་སློང་ཞིག་བྱུང་ནས་ཁོ་བོ་སྤྱོད་པ་བགྱིད་པར་ཞུ་ཟེར་བ་ལ་ཇོ་བོས་ད་དུང་སྔས་པ་སྲིད་གསུངས་པས་མི་མོས་པ་མི་མཛད་པར་ཞུ་ཟེར་ནས་ཆོས་གོས་དེ་བཞག །སྤྱང་ཀི་ཞིག་དུ་བྱས་ཏེ་མི་རོ་ཞིག་ཁྱེར་ནས་ཟོས། ཡང་དགེ་སློང་དུ་ཁྲོད་བྱུང་བས་ཇོ་བོས་འོ་ན་བགྱིད་པར་ཞུ་གསུངས། དེ་ནས་གཞན་རྣམས་མིག་བྲིད་པའི་ཕྱིར་གནས་ཆེན་པོ་བརྒྱད་ལ་མཆོད་པ་མཛད། རེས་གར་གཤེགས་རེས་གར་གཤེགས་ནས་རྡོ་རྗེ་གདན་དུ་མཆོད་པ་མཛད། རྒྱ་གར་མཐའ་འཁོབ་ཙིནྡྷི་ལི་ཀྲ་མ་བྱ་བར་ཆོས་བློན་ཞིག་གིས་གཙུག་ལག་ཁང་བཞེངས་པའི་ས་གནོན་བཅོལ་བ་ལ་སྔར་འགྲོ་མ་ཁོམ་ད་རེས་འགྲོ་བས་ཁྱེད་རྣམས་ཕྱིར་ལོག་ཅིག་གསུངས་ནས་འཁོར་བྱིན་ཟློག།
ཡང་གནས་བརྟན་རཏྣ་ཨཱ་ཀ་ར་སོགས་བདག་ཅག་ཀྱང་འགྲོ་བར་ཞུ་གསུངས་ནས་བྱོན་ཏེ་ས་གནོན་མཛད། ད་ནི་བལ་ཡུལ་རང་བྱུང་གི་མཆོད་རྟེན་ལ་མཆོད་པར་འགྲོ་བས་ཁྱེད་རྣམས་ལོག་ཅིག་གསུངས་པ་དང་གནས་བརྟན་རཏྣ་ཨ་ཀ་ར་ན་རེ་ད་ངས་གོ །ཚེ་དང་ལྡན་པ་ཡང་སློབ་གཉེར་བྱེད་པར་མི་འདུག །བོད་རྒྱལ་པོས་ངེད་ཀྱི་མི་རྐུར་བཏང་བར་འདུག །ཇོ་བོ་ཡང་གཤེགས་པ་ལ་དགྱེས་པར་འདུག །མ་བཏང་ན་གཞན་དོན་གྱི་བར་ཆད་དུ་འགྲོ། ཚེ་དང་ལྡན་པ་ཡང་ང་རང་གི་སློབ་མ་ཡིན་པས་མི་དགའ་བ་བྱར་མི་རུང་ལོ་གསུམ་ཁྱེད་ལ་གཡར་དུ་བཏང་། དེ་ནས་ཚུར་སྤྱན་དྲོངས། ཁྱོད་ཀྱིས་ཀྱང་བལ་ཡུལ་ཚུན་མ་བསྐྱལ་ན་དམ་ཚིག་ཉམས་སོ། །ཇོ་བོ་མི་བཞུགས་ན་རྒྱ་གར་ན་བསྟན་པ་ནུབ་པ་འདྲ་བ་ཡིན་ནོ་གསུངས། ཇོ་བོས་ཀྱང་གསེར་དེ་རྣམས་ཆ་བཞིར་བགོས་ནས་ལྷ་ཁང་དང་དགེ་འདུན་ལ་ཕུལ་ཏེ་བོད་དུ་བྱོན། ལམ་དུ་མུ་སྟེགས་ཀྱིས་བཀྲོང་བའི་གཤེད་མ་བཏང་བ་དང་། རི་བྲགས་པའི་ཆོམ་རྐུན་བྱུང་བ་རྣམས་རེངས་པར་མཛད་དེ་སླར་སྙིང་རྗེས་བཀྲོལ། རྒྱ་བརྩོན་སེང་གིས་སྔར་མུ་སྟེགས་པ་ཅིག་ལ་རྫུ་འཕྲུལ་མིག་མཐོང་གི་ས་ལ་འཕུར་ནས་འགྲོ་བ་ཞིག་ཞུས། དེའི་རྔན་པ་གསེར་ཞོ་དོ་འདོད་པ་ལ་མེད་ནས་གསེར་གྱི་བསྡུད་པ་ཅིག་བྱིན་པས་སྲེགས་ལ་བླང་ཟེར་ཏེ་མ་འདོད་པར་དེ་དང་འགྲས། དེས་མཐུ་བྱས་ནས་བལ་པོར་གྲོངས། ཁོང་གིས་དཔེ་ཁ་ཅིག་བལ་པོར་བཅོལ་བ་མ་ལོན་ནས་དེའི་གསེབ་ཏུ་རྩ་ལྟུང་རྒྱ་ཆེར་འགྲེལ་ཇོ་བོ་དང་རྒྱས་བྲི་ཀ་མ་ལར་བསྒྱུར་བ་དེ་ཡང་ལུས། རྒྱ་གྲོངས་པ་ལ་ཇོ་བོས་ཐུགས་ཁྲལ་ལྟར་མཛད་པ་ནག་ཚོས་ཐུགས་ཁྲལ་བསངས་པས་ངེད་རྒྱ་གར་ན་པཎྜི་ཏའི་མྱ་ངན་རྣལ་འབྱོར་པས་བསང་། རྣལ་འབྱོར་པའི་ཆོས་ཀྱི་རྒྱབ་རྟེན་པཎྜི་ཏས་བྱེད་པ་ཡིན། དམའ་མོའི་མྱ་ངན་མཆོག་གིས་སེལ་དགོས་པ་ལ་མཐོ་ཤོས་ཀྱི་མྱ་ངན་དམའ་ཤོས་ཀྱིས་སེལ་བ་མིན་གསུངས་ནས་བཀྱོན། དེའི་ཚེ་མ་ག་དྷའི་རྒྱལ་པོ་ནིརྱ་པཱ་ལ་ལ་འཕྲིན་ཡིག་མཛད་དེ་ནག་ཚོས་བསྒྱུར། བལ་པོར་སྠཱ་བི་ཧ་ར་བྱ་བའི་གཙུག་ལག་ཁང་བཞེངས་ཏེ་རྒྱ་བོད་ཀྱི་དགེ་འདུན་ལ་སཱ་ཏྲ་བཙུགས།
མང་ཡུལ་གུང་ཐང་དུ་ལོ་གཅིག་བཞུགས། དེ་ནས་པུ་རངས་སུ་གཤེགས་ཏེ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསུ་བའི་བཀོད་པ་ཆེན་པོས་སྤྱན་དྲངས། རག་དུང་ཡང་སྔར་མེད་པ་ལ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་བཅོས་ཏེ་ལོ་པཎ་སྤྱན་འདྲེན་གྱི་དུང་དུ་གྲགས། ལྷ་བཙུན་པས་བསྙུན་རྨེད་པ་དང་བོད་སྤྱིའི་སྤྱོད་པ་ལ་བཟོད་གསོལ་དང་ནག་ཚོ་ལ་གཏང་རག་གི་ཚིགས་བཅད་ཀྱང་གསོལ་ཏེ།
ཨེ་མའོ་དགེ་སློང་བྱང་ཆུབ་འོད་བདག་གིས། །
རྟག་ཏུ་བསམས་པའི་བླ་མ་སྤྱན་འདྲོངས་པས། །
བོད་ཀྱི་ཡུལ་དུ་སྐྱེས་བུ་ཆེན་པོ་འདིའི། །
གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །
ཅེས་སྨོན་ལམ་མཛད། བོད་ལ་ཆོས་ཟབ་ཟབ་མཚར་མཚར་བས་ཀྱང་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་སྐྱོང་བར་ཞུ་ཞུས་པས་ཤིན་ཏུ་མཉེས་ནས་ཆོས་ཤིན་ཏུ་ཟབ་པ་ལས་རྒྱུ་འབྲས་ཁོ་ན་ཡིན། རྒྱུ་འབྲས་ལ་ཡིད་ཆེས་ཐོབ་ན་དེ་ལས་ལྷག་པ་མེད། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཡི་དམ་གྱི་ཞལ་མཐོང་བས་ང་འདི་ཙམ་ལ་བལྟོས་ཏེ་མི་འོང་སྙམ་ནས་དགེ་འདུན་གྱི་ཡོ་བྱད་ཐུགས་ཐུབ་ཏུ་སྤྱད་པས་ཡི་དྭགས་གཤིན་རྗེའི་གཤེད་ཀྱི་གཟུགས་ཅན་དུ་སྐྱེས་པ་དང་། བྲི་ཀ་མ་ལའི་ལག་བདེ་བས་དེ་རིང་གི་བསྙེན་བཀུར་ནང་པར་བསྒྱུར་བས་དེའི་ནུབ་མོ་ཡི་དྭགས་ཀྱི་སྣང་བ་ཤར་བ་དང་། གནས་བརྟན་ཞིག་གིས་དགེ་འདུན་ལ་དབང་ཆེན་བྱས་ཤིང་འབྲས་བྲེ་ཕྱེད་ཐུགས་ཐུབ་ཏུ་སྤྱད་པས་ཡི་དྭགས་དབང་ཆུང་དུར་སྐྱེས་པ་སོགས་མང་དུ་གསུངས་ནས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱེད་པར་ཞལ་གྱིས་བཞེས་ཏེ་དེ་ཕྱིན་པཎྜི་ཏ་ལས་འབྲས་པར་མཚན་ཐོགས་ཏེ་མཚན་དེས་ཀྱང་བསྟན་པ་ལ་ཕན་པར་བྱུང་།
མཁས་པ་མང་པོས་ཇོ་བོ་ལ་ལྟ་བ་གང་བཞེད་ཞུས་པས་ཁྱེད་རང་གང་འདོད་གསུངས་ཏེ་དབུ་སེམས་སོགས་གཏམ་རྙིང་ལྟར་འདི་འདོད་ཞུས་པ་ན། ཁོ་བོ་ཡང་དེ་ལྟར་འདོད་དེ་ལ་ལུང་རིགས་འདི་ལྟ་བུ་བདོག་གསུངས། མངའ་རིས་པ་བློ་གསལ་ཞེས་བྱ་བ་བློ་གྲོས་ཟླ་མེད་པ་ཅིག་གིས་གོ་ནས་ཉིད་ཀྱི་བཞེད་པ་མི་གསུང་བར་ཀུན་ལ་མཐུན་འགྱུར་གནང་བ་ཇི་ལྟར་ལགས་ཞུས་པས། ང་ཡང་སངས་རྒྱས་ཀྱི་རྗེས་སུ་སློབ་པ་ཡིན་པས་གདུལ་བྱའི་བསམ་པ་དང་མཐུན་པར་ལན་བཏབ་པ་ཡིན་གསུངས། གཞན་ཞིག་གིས་འོ་ན་ཉིད་ཇི་ལྟར་བཞེད་ཞུས་པས། ང་ལ་འདོད་པ་མེད་གསུངས། དོན་དམ་དུ་བཞེད་པ་མི་མངའ་ཡང་ཀུན་རྫོབ་ཏུ་ཇི་ལྟར་བཞེད་ཞུས་པས། རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་ལྟར་འདི་ཐམས་ཅད་དེ་ལྟར་གནས་པ་ཡིན་གསུངས། སྣང་བ་སེལ་ལམ་མི་སེལ་ཞུས་པས་འབྲས་ཆན་ལ་རབ་རིབ་དག་པ་ལྟ་བུ་ཡིན་གྱི་ཁྱེད་རང་དཔྱོད་དང་གསུངས། རིག་ཤེས་ཚད་མའི་ངོར་ཆོས་ཅན་སྣང་ངམ་མི་སྣང་ཞུས་པས་མི་སྣང་སྟེ་མེད་ནས་མི་སྣང་བ་དང་། ཡུལ་མ་ཡིན་ནས་མི་སྣང་བ་གཉིས་ལས་འདིར་མེད་ནས་མི་སྣང་བ་ཡིན་གསུངས། སངས་རྒྱས་ཀྱི་ས་ན་ཡེ་ཤེས་མངའ་འམ་མི་མངའ་ཞུས་པས་ཆ་མེད་འཚང་རྒྱ་མ་མྱོང་གསུངས། ཡང་སྒྱུ་མའི་མཁན་པོས་བློན་པོ་བསླུས་པ་འདྲ་བ་ཞིག་ཡིན་གྱིས་ཁྱེད་རང་དཔྱོད་དང་གསུངས། ཡེ་ཤེས་མི་མངའ་བར་བཞེད་པར་གོ་ནས་ཐམས་ཅད་བརྒྱལ་བོག་པ་བཞིན་དུ་གྱུར་པ་དང་། ཁྱེད་བོད་ལ་ངའི་དབུ་མའི་ལྟ་བ་ལས་སེམས་ཙམ་བསྟན་ཀྱང་མི་བཟོད་གསུངས། ཁྱེད་སྒྱུ་མའི་དཔེ་ཇི་ལྟར་འདོད་གསུང་བ་ལ་བོད་སྟོན་རྣམས་ཀྱི་རྡེའུ་ཤིང་བུ་ལ་སྔགས་ཀྱིས་བཏབ་པས་རྟ་གླང་དུ་སྣང་བ་ལྟར་འདོད་ཞུས་པས། ཞལ་ནག་ཐིང་མཛད་དེ་སྟོང་གཞི་འདོད་པ་སེམས་ཙམ་པའི་ལུགས། ནམ་མཁའ་ལ་སྔགས་ཀྱིས་བཏབ་པས་རྟ་གླང་དུ་སྣང་བ་ལྟ་བུ་ཡིན་གྱི་སྣ་ཚོགས་སུ་སྣང་བ་ཙམ་ལས་འཁྲུལ་གཞི་ཀུན་རྫོབ་ཏུ་ཡང་མེད་གསུངས། རབ་རིབ་ཀྱི་དཔེ་ཅི་ལགས་ཞུས་པས་རྒན་མོ་ཞིག་རབ་རིབ་ཀྱིས་ཁེབས་པས་འབྲས་ཆན་ལ་སྐྲ་ཤད་མཐོང་སྟེ་ཁོང་པར་སྲན་ཞུགས། ཕྱིས་བུས་སྨན་པ་བཀུག་སྟེ་སྨན་གྱིས་རབ་རིབ་བསལ་བས་ཟས་ལ་སྐྲ་ཤད་མེད་པར་གོ་ནས་ཁོང་པའི་སྲན་རང་བཞིན་གྱིས་ཞི་བ་ལྟ་བུ་ཡིན་གསུངས་པས། བོད་ཐམས་ཅད་སྤོབས་པ་ཞིག་སྟེ་ཆོས་འདི་ལ་རྒྱ་གར་ཁ་སྤུ་ཅན་རང་དགོས་པ་འདུག་ཟེར་སྐད།
དེའི་དུས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་བོད་ན་ཟླ་མེད་པར་གྲགས་པས་པཎྜི་ཏ་ལ་ཆོས་ཞུ་རྒྱུ་མེད། གསང་སྔགས་ལ་ང་རང་མཁས། འོ་ན་ཡང་སྣ་ལེན་བྱ་དགོས་སྙམ་ནས་སྤྱན་དྲངས། སྟན་མཉམ་པར་བཤམས། ཇོ་བོས་ཐོ་ལིང་གི་ལྷ་ཁང་ན་རྒྱུད་སྡེ་བཞིའི་ལྷ་ཚོགས་དཔག་མེད་བྲིས་འབུར་དུ་བཞུགས་པ་ལ། ལྷ་རེ་ལ་བསྟོད་པ་ཚིགས་སུ་བཅད་པ་རེ་མཛད་ཅིང་དབུ་དུད་པ་རེ་མཛད། དེ་ཐམས་ཅད་ལོ་ཙཱ་བ་ཆེན་པོས་ཀྱང་ཐུགས་ལ་ཟིན་ཏེ་གསང་སྔགས་ཀྱི་བདག་པོར་དགོངས་ཏེ་རང་གི་སྟན་ཅུང་ཟད་ཕྲི། ཇོ་བོས་ལོ་ཙཱ་བ་ལ་ཆོས་འདི་དང་འདི་མཁྱེན་ནམ་ཞེས་དྲིས་པ་ཐམས་ཅད་ལ་དེ་ཡང་འཚལ་ལགས་སོ་ཞེས་པ་ཁོ་ན་བྱུང་བས་ཇོ་བོ་མཉེས་ཏེ་ཁྱེད་ལྟ་བུ་བོད་ན་ཡོད་ན་ཁོ་བོ་འོང་མི་དགོས་པར་འདུག་པ་ལ་གསུངས། ལོ་ཙཱ་བས་ཇོ་བོ་ལ་ཆོས་ཅི་མཁྱེན་དྲིས་པས་ཁྱེད་ཐུན་མོང་མ་ཡིན་པ་ལ་ཟེར་རམ་གསུངས་པས། ཐུན་མོང་བ་ལ་ཤིན་ཏུ་མཁས་ཐུན་མོང་མ་ཡིན་པ་ལ་དྲིས་གསུང་བར་གོ་ནས་དྲིས་པས། སྔར་ལོ་ཙཱ་བས་གསན་མ་མྱོང་བའི་ཆོས་དཔག་ཏུ་མེད་པའི་མིང་ཤར་གྱིས་གསུངས་པས་ཧ་ལས་ཏེ་རང་གི་སྟན་འབྲིད་ཐེབས་གསུམ་བྱས་ནས་མཐར་སྟན་མེད་པ་ཙམ་མཛད། དེ་ནུབ་ལོ་ཙཱ་བས་རྒྱུད་སྡེ་སོ་སོའི་ལྷ་ཁང་དུ་བྱོན་ཏེ་ཐུགས་དམ་སོ་སོར་མཛད་པ་མཁྱེན་ནས་གདམས་ངག་མེད་པ་འདྲ་དགོངས་ཏེ་ཆོས་ཐམས་ཅད་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཇི་ལྟར་སྒྲུབ་གསུངས་པས། སོ་སོ་ནས་ཇི་ལྟར་བཤད་པ་བཞིན་ཉམས་སུ་ལེན་ལགས་མོད་ཞུས་པས། ཁོ་བོ་འོང་དགོས་པར་འདུག་དགོངས་ནས་ཞལ་ནག་ཐིང་གིས་སོང་། ལོ་ཙཱ་བ་དེར་དུལ་ནས་ཉམས་སུ་ལེན་ཚུལ་ཞུས་པས་ཇོ་བོའི་ཞལ་ནས་ཐབས་གཅིག་གི་སྟེང་དུ་ཐབས་མ་ཚང་བ་མེད་པར་སྒྲུབ་དགོས་པ་ཡིན། དེ་ཡང་ཕར་ཕྱིན་ཐེག་པར་སློབ་དཔོན་ཐོགས་མེད་རྗེས་འབྲང་དང་བཅས་པའི་ལུགས་ཀྱི་ཆོས་ཐམས་ཅད་ཐ་སྙད་ཀྱི་དུས་སུ་ཡང་མཚན་ཉིད་གསུམ་གྱིས་གཏན་ལ་འབེབས། ཉམས་སུ་ཡང་མཚན་ཉིད་གསུམ་གྱིས་ལེན། འབྲས་བུ་ཡང་མཚན་ཉིད་གསུམ་སྟེ་སྤྲུལ་སྐུ་ཀུན་བཏགས་ལོངས་སྐུ་གཞན་དབང་ཆོས་སྐུ་ཡོངས་གྲུབ་བོ།།
འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཐ་སྙད་ཀྱང་བདེན་གཉིས་ཀྱིས་གཏན་ལ་འབེབས། ཉམས་ལེན་ཡང་མཉམ་བཞག་དོན་དམ་སྤྲོས་བྲལ་ངང་རྗེས་ཐོབ་ཀུན་རྫོབ་སྒྱུ་མ་ལྟ་བུ་སྟེ་བདེན་གཉིས་ལ་བྱེད། འབྲས་བུ་ཡང་ཆོས་སྐུ་དོན་དམ་དང་གཟུགས་སྐུ་ཀུན་རྫོབ་སྟེ་བདེན་གཉིས་མངོན་དུ་བྱེད། གསང་སྔགས་སུ་ཐ་སྙད་ཀྱང་རྒྱུད་གསུམ་གྱིས་གཏན་ལ་འབེབས། ལམ་དུས་ཀྱང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་གཟོད་ནས་གནས་པ་རྒྱུ་རྒྱུད་བསྐྱེད་རྫོགས་སྒོམ་པ་ཐབས་རྒྱུད། སྟན་ཐོག་གཅིག་ཏུ་ལམ་འབྲས་བུ་དང་བཅས་པ་ཚང་བར་སྒོམ་པ་འབྲས་རྒྱུད་དེ་རྒྱུད་གསུམ་གྱིས་ཉམས་སུ་ལེན། འབྲས་བུ་ཡང་རྒྱུད་གསུམ་སྟེ་ཆོས་སྐུ་རྒྱུ་རྒྱུད་ལོངས་སྐུ་འབྲས་བུའི་རྒྱུད་སྤྲུལ་སྐུ་ཐབས་རྒྱུད་དེ། དེ་རྣམས་ཆོས་རེ་རེའི་སྟེང་དུ་ཐམས་ཅད་ཚང་བར་བསྒོམས་ཏེ་བསྐྱེད་རིམ་གཅིག་པོའི་སྟེང་དུ་ཡང་ཐམས་ཅད་ཚང་བར་སྒོམ་གསུངས།
དེ་ནས་བདེ་མཆོག་གི་རིམ་པ་དང་། ཕག་མོའི་བྱིན་རླབས་ཞུས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དངོས་པོ་ཅི་ཡོད་ཕུལ་ཏེ་དེ་གཉིས་ཐུགས་དམ་དུ་མཛད། སྒྲུབ་པའི་མན་ངག་གསན་ནས་ཉེ་རྒྱུའི་སྒྲུབ་པ་མཛད་དོ། །ལྷ་བཙུན་པས་གསེར་གུག་སྲང་སུམ་བརྒྱ་ཕུལ་ཏེ་བོད་ན་ཐེག་ཆེན་གྱི་ལྟ་སྤྱོད་ལ་བཤེས་གཉེན་གྱིས་མ་ཟིན་པར་རང་རང་གི་རྟོག་གེས་དཔྱད་ནས་མི་མཐུན་པ་འདི་ལྟར་མཆིས་པ་རྣམས་བསལ་ནས་ཐེག་ཆེན་གྱི་བསྟན་བཅོས་ཇོ་བོ་ཉིད་ཇི་ལྟར་སྐུ་ཉམས་སུ་བཞེས་པ་ཞིག་བརྩམ་པར་ཞུ། འདུས་པ་ཡེ་ཤེས་ཞབབ་ལུགས་ལ་བསྟེན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཤིག་ཞུ་ཞེས་གསོལ་བ་བཏབ་པས་བྱང་ཆུབ་ལམ་སྒྲོན་དང་། གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་གནང་། དེར་ལོ་ཙཱ་བ་ཡང་ཇོ་བོ་རྒྱ་གར་དུ་སྤྱན་འདྲེན་པར་འདོད། ཇོ་བོ་ཡང་ཨུ་པ་སི་ཀ་མེད་རྣལ་འབྱོར་མས་བསླུས་སམ་ཞེས་སྐབས་སུ་གསུངས།
དེ་ཡང་འཕགས་པ་སྤྱན་རས་གཟིགས་དགེ་བསྙེན་དྷརྨ་ཏཱ་ལ་ཞེས་གནས་བརྟན་བཅུ་དྲུག་གི་རུང་བ་མཛད་པ་པོར་བཞུགས་པ་དེ་ཉིད་བོད་ཡུལ་དུ་མིར་སྐྱེ་བ་བཞེས་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་དབུ་རུ་བྱང་ཕྱོགས་གནམ་བྱེ་མ་ལུང་གི་རྩྭ་སྒྱེ་མོར་ཡབ་སྟག་གསུམ་ཁུ་བཞེར་དང་ཡུམ་ཁུ་རྦོ་ཟ་ལྷ་གཅིག་གི་སྲས་སུ་ཤིང་འབྲུག་ལ་འཁྲུངས་མཚན་ཆོས་འཕེལ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལ་དགེ་བསྙེན་གྱི་སྡོམ་པ་བླངས། དགུང་ལོ་བཅུ་བདུན་ལ་ཁམས་སུ་བྱོན་ཏེ་གྲུམ་གྱི་མཁན་བུ་སེ་བཙུན་བྱང་ཆུབ་གཞོན་ནུ་བསྟེན། མངོན་པ་དང་སྔགས་རྙིང་མ་སོགས་མང་དུ་བསླབས། ཁོང་གི་རྟ་རྫི་མེལ་འཚེ་ཡོས་འཐག་ཐལ་འཕྱག་ཐམས་ཅད་མཛད། གྲྭ་པ་རྣམས་སྒྲོས་གླེང་བྱས་པས་སྟོན་པ་ཐུབ་པ་མ་བྱུང་ནས་ཆོས་མཁས་སུ་གྲགས་ཏེ་རྟ་རྫི་དང་ཡོས་འཐག་ལས་བཏོན་ནས་ལོ་བཞི་བཞུགས། ཁུ་རྔོག་འབྲོམ་གསུམ་དུའང་མ་གིར་གྲགས། པཎྜི་ཏ་སྒྲའི་ཚེར་མ་ལ་སྒྲ་བསླབས། རྙེད་པར་དཀའ་བའི་མི་ལུས་ཐོབ་པར་གྱུར་པའི་དུས་འདིར་ཆོས་རྣལ་མ་ཞིག་བྱ་དགོས། དེ་ལ་འདི་ཙམ་གྱིས་ཆོག་གམ་མི་ཆོག་པཎྜི་ཏ་མཁས་པ་ཞིག་ལ་འདྲི་དགོས་སྙམ་པ་དང་སེ་བཙུན་གྱིས་ཀྱང་ཕ་དང་ཕྲད་དུ་སོང་གསུངས་ནས་བརྫངས། སོག་ཆུ་ཁར་ཕྲེད་ཁ་ཡེར་ཆུང་དང་མཇལ་བས་དེ་དད་ནས་རྭ་སྒྲེང་ཕུལ། ཆོས་འཁོར་འཛུགས་པར་ཞུས་པས་ང་ད་རེས་པཎྜི་ཏའི་དྲུང་དུ་འགྲོ་བས་སྡོད་མི་ཁོམ། རྔོག་ལེགས་པའི་ཤེས་རབ་བྱ་བ་ཞིག་མྱུར་དུ་འོང་བས་དེ་ལ་ཞུས་གསུངས། རྭ་སྒྲེང་གི་དགོན་པ་ཕྱིས་འདེབས་པར་བྱས་ནས་ཡར་བྱོན། དགེ་བསྙེན་གྱི་སློབ་དཔོན་ལ་ཕྱག་མཛད། ལྷ་བཙུན་བོ་དྷི་རཱ་ཛཱ་སོགས་ལ་ཕྱག་མཛད་ཅིང་། པཎྜི་ཏ་སྤྱན་འདྲོངས་ན་བསུ་བ་མཛད་པར་ཞུས། ཀ་བ་ཤཱཀྱ་དབང་ཕྱུག་ལ་བཙུན་མོའི་མུར་ཇ་ཕུལ་ཏེ་ངས་འཕྲིན་བྱུང་ན་ཁྱེད་ཀྱིས་བསྐུལ་མ་མཛད་ནས་པཎྜི་ཏ་ལ་སྟོད་ནས་བསུ་བར་ཞུ་བ་ཕུལ། བྱང་ལམ་ལ་བྱོན་པས་ལམ་ངོ་མ་ཤེས་པ་ན་པེ་ཀར་གྱིས་ལམ་བསྟན།
ཡང་སྒྲོལ་མའི་སྤྲུལ་པ་ཤ་བ་འཐེང་མོ་ཞིག་གིས་ཀྱང་ལམ་བསྟན། ཇོ་བོ་པུ་རངས་རྒྱ་ཞིང་ན་བཞུགས་པའི་ཚེ་སྒྲོལ་མས་ད་ནི་ཞག་གསུམ་དྲོ་དང་བཞི་ན་བོད་ཀྱི་ཨུ་པ་སི་ཀ་ཆེན་པོ་འབྱོན་པས་དེ་ལ་བྱིན་གྱིས་རློབས་ཤིག་གསུངས། ཇོ་བོས་ཀྱང་བུམ་པ་བཞེངས་ནས་ཞག་གསུམ་གྱི་ཉིན་བར་བྱ་ར་མཛད། དྲོ་ཚུན་མ་བྱོན་པས་རྗེ་བཙུན་མ་རྫུན་གསུང་ཅང་སྲིད་དམ་གསུངས། གྲོང་དུ་ཆོས་སྟོན་ལ་གཤེགས་པའི་ཤུལ་དུ་ཕེབས་པས་ང་བླ་མ་དང་མཇལ་བ་སྐད་ཅིག་སྔ་ཕྱི་ལ་ཁྱད་པར་ཡོད་གསུངས་ནས་བྱོན་ཏེ་སྲང་བར་ཞིག་ཏུ་མཇལ་བས་གཉིས་གས་ངོ་ཅེར་མཁྱེན་ཏེ་གུས་པས་བཏུད། ཇོ་བོས་ཕྱག་འབྲོམ་གྱི་དབུ་ཐོག་ཏུ་བཞག་ནས་ཤིས་པ་མང་པོ་བརྗོད། དེ་ནས་གཟིམས་ཁང་དུ་བྱོན་ཏེ་བུམ་པ་དབུ་ཐོག་དུ་བཞག་སྟེ་བྱིན་གྱིས་བརླབས། རྒྱ་གར་ན་པཎྜི་ཏ་མཁས་པ་ཇི་ལྟ་བུ་ཡོད། ངའི་སྔར་གྱི་ཆོས་ལམ་དུ་སོང་ངམ། ཉིད་ཀྱི་སྤྱན་སྔར་བསྡད་ན་ཇི་ལྟར་མཆི་ཞུས་པས། རྒྱ་གར་ན་མཁས་པ་མང་དུ་ཡོད་ཅིང་། ད་ལྟའང་ཤར་ཕྱོགས་བྷཾ་ག་ལར་ཉིན་རེ་གྲུབ་ཐོབ་རེ་འབྱོན་ཞིང་ཡོད། ཁྱོད་ཀྱིས་ཆོས་སྔར་བྱས་པ་གཞན་ལམ་དུ་མ་སོང་། བླ་མའི་ཞབས་ཏོག་ལམ་དུ་སོང་། ད་ཁྱོད་ངའི་དྲུང་དུ་སྡོད། སྒྲོལ་མས་ལུང་བསྟན་པ་ཡིན་གྱི་བཀའ་རྒྱུད་འདི་ལ་བྱིན་རླབས་ཡོད་བྱིན་རླབས་ཆེ་ཡི་གསུངས། དེ་ཉིན་གྱི་སྟོན་སྐལ་མར་ཚལ་ཞིག་བྱུང་བ་དེ་ནུབ་མར་མེ་མཚན་ཐུབ་ཅིག་ཕུལ། དེ་ཕྱིན་རྭ་སྒྲེང་ན་གདུང་ཁང་བཞུགས་པའི་བར་མར་དཀར་གྱི་མར་མེ་རྒྱུན་མ་ཆད་སྐད།
དེ་ནུབ་ནས་དབུ་སྔས་སྦྲེལ་ཕལ་ཆེན་སྡེ་པ་ཡོལ་བས་ནུབ་ལྷག་ཉལ་ཐུབ་པར་འདོད་པས་བར་རས་ཡོལ་གྱིས་བཅད་དེ་རིག་པ་བསླབས། ཇོ་བོ་ཞག་གསུམ་ན་རྒྱ་གར་ལ་ཐེགས་རྒྱུ་དེར་འབྲོམ་གྱིས་ཕེབས། བཞུགས་པར་ཞུས་པས། གྲགས་པ་མ་ཡིན་མི་སྤྱོད་པ། །ཞེས་པ་བྱང་སེམས་ཀྱི་ཉེས་བྱས་ཡིན་པས་འགྲོ་གསུངས་ཏེ་གསེར་ལ་གཟིགས་ནས་བཞུད་བྱ་བ་དང་། བོད་ན་མ་རྒྱུད་གསུང་བྱ་བ་དང་བོད་བ་ལང་ལྟ་བུའི་དབུས་ན་ཆོས་ཐམས་ཅད་སྟོང་ཉིད་ཡིན་གསུང་གི་འདུག་ལོ་ཞེས་རྒྱ་གར་དུ་སྒྲོག་པ་རེ་གཉིས་བྱུང་བས་ཕྱིར་ཟློག་པར་བཞེད། ལོ་ཙཱ་བ་ཡང་ཆད་སོའི་དབང་གིས་སྐྱེལ་བར་བཞེད། ལྷ་བཙུན་པས་ཀྱང་ཞུ་མ་ནུས་པའི་ཚེ་འབྲོམ་ཐུགས་ཟབ་ལ་དཀྱེལ་ཆེ་བས་དབུས་ཀྱི་ལྷ་ས་བསམ་ཡས་སོགས་གཙུག་ལག་ཁང་ངོ་མཚར་བ་ན་དགེ་འདུན་བརྒྱ་ཕྲག་མང་པོ་བཞུགས་པ་དེ་ཐམས་ཅད་ཇོ་བོ་ཕེབས་སུ་རེ་བ་རྩེ་གཅིག་པར་མཆིས་པ་སོགས་ཐབས་ཀྱིས་ཞུས་པས། ཚངས་སྤྱོད་པ་གྲངས་མང་པོ་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན། དེ་ཙམ་གྱི་ཁྲོད་དུ་དགྲ་བཅོམ་པ་བཞུགས་པར་ལུང་བསྟན་པས་བཞུགས་མཆི་གསུངས་ནས་བོད་ཕྱོགས་ལ་ཕྱག་མང་པོ་མཛད། དེ་ཐམས་ཅད་ང་འོང་བར་བཞེད་ན་ངས་དགེ་འདུན་གྱི་ངག་མི་གཅོག་པར་དམ་བཅས་པ་ཡིན་གསུངས་པས་སྤོབས་པ་སྐྱེས་ཏེ་བོད་དུ་འབྱོན་པར་ཞུས་པས། ཞལ་གྱིས་བཞེས་ཀྱང་ལོ་ཙཱ་བས་མ་གསན་པས། དང་པོ་ཚུར་སྤྱན་མ་འདྲོངས་ད་ཕར་སྤྱན་མ་འདྲོངས་ངས་ལོ་ཙཱ་བ་སྦྱངས་གསུང་སྐད། དེ་ནས་འབྲོམ་གྱིས་དབུས་ཀྱི་མི་ཆེན་རྣམས་ལ།
ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རིའི་བྱང་། །
ལོ་ཧིན་ཏ་ར་རིན་ཆེན་ཁུངས། །ཁ་བ་ཅན་ཞེས་མིང་གྲགས་ན། །
བློ་ཆེན་སྟོབས་ལྡན་མི་སྲུན་པ། །བོད་ཅེས་བྱ་བ་གནས་པའི་ཕྱིར། །
མི་རྒྱལ་བྱང་ཆུབ་སེམས་དཔའ་ཆེ། །དཔའ་ཆེན་མང་བའི་འཁོར་བཅས་ཀྱིས། །
ཕན་གདགས་སླད་དུ་དམ་ཆོས་བསྒྱུར། །རྒྱུ་བཟང་བཀོད་ལེགས་གཙུག་ལག་ཁང་། །
བསམ་ཡས་ལ་སོགས་གནས་མཆོག་ན། །སྔོན་རྒྱལ་འཕྲུལ་རྗེའི་དགོངས་བསྐང་ཕྱིར། །
བསྟན་པའི་བདུད་རྩི་རྒྱས་མཛད་ཅིང་། །རྒྱལ་སྲས་འདྲེན་པ་དཀྱེལ་ཆེ་བའི། །
མི་ཡི་རྒྱལ་པོ་ཤཱཀྱའི་སྲས། །ལྷ་བཙུན་བོ་དྷི་རཱ་ཛཱ་དང་། །
དང་པོར་དགེ་འདུན་ལུགས་འབྱིན་དཔོན། །བཙུན་ཆེན་ཡེ་ཤེས་བློ་གྲོས་དང་། །
ཐེག་ཆེན་གདུང་རྒྱུད་སྟོན་མཛད་པའི། །བསྟན་པའི་ཀ་བ་རྣམ་གསུམ་པོ། །
དམིགས་བྱེད་བཤེས་གཉེན་རྣམ་གཉིས་དང་། །རྗེས་སློབ་དཔལ་ལྡན་བཅུ་གཉིས་དང་། །
ཆོས་འཁོར་ཁྲིམས་བཞིན་སྐྱོང་མཛད་པའི། །རིང་ལུགས་ཆེན་པོ་རྣམ་གཉིས་དང་། །
ཆོས་གྲྭའི་སློབ་དཔོན་ཐུགས་རྒྱལ་ཅན། །ཀ་བ་གར་མི་མཆེད་གཉིས་དང་། །
དགེ་བཤེས་ཆེ་རྣམས་དགོངས་སྐོང་བའི། །ཀུན་ཕན་དབང་ཕྱུག་རྒྱལ་མཚན་དང་། །
གནས་བརྟན་བན་སྐྱའི་རེ་གནས་ས། །ཤཱཀྱ་གཞོན་རྒྱལ་བའི་སྲས་གཉིས་དང་། །
མཁས་བཙུན་ཆེན་པོར་སྙན་གྲགས་པ། །ལེགས་པའི་ཤེས་རབ་ལ་སོགས་པ། །
འཕགས་པའི་དགེ་སློང་དགེ་འདུན་ཆེ། །སློབ་དཔོན་ཡོན་བདག་འཁོར་བཅས་ལ། །
དགེ་བསྙེན་རྒྱལ་བའི་འབྱུང་གནས་ཀྱིས། །གུས་པ་སྔོན་འགྲོས་མཆིད་གསོལ་པ། །
ཞེས་སོགས་ཀྱི་འཕྲིན་ཡིག་མཛད། ཇོ་བོ་ཕར་ཐེགས་པའི་ཕྱགས་ཕྱིར་བྱོན་ཏེ་ཅི་འགོར་མཛད། ལོ་ཙཱ་བས་ཅི་མགྱོགས་མཛད་པས་མང་ཡུལ་གྱི་བར་བྱོན། དེའི་ཚེ་ས་མན་སྟེ་གསུམ་གྱི་འཁྲུག་པ་ལངས་པས་བལ་པོའི་རྫོང་འགགས་ནས་མ་ཐོན། དེ་བོད་ཀྱི་བསོད་ནམས་སུ་བྱུང་། ཇོ་བོས་བློ་མི་བདེ་མི་དགོས་སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་གསུངས་པས་ལོ་ཙཱ་བ་ཐུགས་བདེ་སྟེ་སླར་བོད་དུ་སྤྱན་དྲངས་ནས་མང་ཡུལ་དུ་ལྷ་ཁང་དཀར་པོ་བཞེངས། དབུས་སུ་ཆབ་ཤོག་སླེབས་པ་དང་། དགེ་བཤེས་ཀ་པས་འཕྲིན་ཡིག་ཏུ་འཁོད་པའི་མི་ཆེན་རྣམས་རྒྱ་སར་སྒང་དུ་སུམ་པ་ཡེ་ཤེས་བློ་གྲོས་ཀྱི་སར་སྤྱན་དྲངས་གྲོས་མཛད་པས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ཞེས་བྱ་བ་མངོན་པ་ལ་ཤིན་ཏུ་མཁས་ཤིང་། ཀླུ་མེས་པ་ཐམས་ཅད་ཀྱི་གནས་བརྟན་མཛད་ཁོང་ལས་མི་ཆེ་བ་མེད་པ་དེའི་མཚན་མ་འཚུད་པས་མ་མཉེས་ཏེ། སྔོན་ལ་ཇོ་བོ་འཐོབ་པར་བྱ་སྙམ་ནས་དེ་འཕྲལ་བྱོན་པས་གཞན་ཐམས་ཅད་ཀྱང་མྱུར་བར་བྱོན་པས་ཇོ་བོ་ཕར་མ་གཤེགས་པར་སླེབས། བོད་སྟོན་རྣམས་ཚག་ཞུ་བེར་ཆེན་གསོལ་བའི་སྐྱ་རགས་གཟིགས་པས་མི་མ་ཡིན་མང་པོ་བྱུང་གསུངས་ནས་དབུ་ཐུམ་ཕུར། དེ་ནས་བོད་སྟོན་རྣམས་ཀྱིས་སྣམ་སྦྱར་གསོལ་ཏེ་སེར་སྦྲེང་མཛད་ཕྱག་རྟེན་ཕུལ་བས་ཇོ་བོ་མཉེས་ནས་ཕྱག་མང་པོ་མཛད། དེར་ལོ་ཙཱ་བ་མང་དུ་ཚོགས་པས་གང་ལ་བྱ་མ་མཐུན་པ་ན་ཁུ་སྟོན་དབང་ཆེ་བས་ཐོག་མཐའ་བར་གསུམ་དུ་ཇོ་བོའི་ཕྱིར་དཀའ་བ་སྤྱད་པ་ནག་ཚོ་ཡིན་གསུངས་ནས་གུ་ལིང་གི་ཆོས་གོས་ཤིག་ཕུལ་ཏེ་ལོ་པཎ་དུ་བསྡེབས། དཔལ་ཐང་ལ་ཚུར་འབྱོན་དུས་མདོ་ཁམས་ནས་ཕྱིས་དགེ་བཤེས་དགོན་པ་པར་གྲགས་པ་མཛེད་དབང་ཕྱུག་རྒྱལ་མཚན་དེ་ཕམ་ཐིང་པའི་དྲུང་དུ་ཆས་པ་དང་མཇལ། བྱིན་རླབས་ཞུས་པས་བར་ཆད་འོང་བས་མ་འགྲོ་ངས་ཆོས་དང་ཟན་སྦྱར་གྱི་གསུངས། ལོངས་སྤྱོད་རྣམས་ཕུལ་བ་ལ་དགོན་པ་བའི་ས་ཏྲ་མཛད། ཆོས་སྒོ་སྐྱེལ་དུ་མཛད་ནས་བསྐྱངས།
དེ་ནས་མདོག་ཚེ་སྣར་ཅིག་ཅར་བའི་ལམ་དོ་ཧ་གསུངས་པ་འབྲོམ་གྱིས་བཀག །མང་སྒར་དུ་བཟངས་བཞོན་ནུ་འབར་དང་འབྲོག་མི་ལོ་ཙཱས་སྤྱན་དྲངས། ལེང་ལོ་ཙཱའི་ས་སྙིང་ལྷ་ཁང་ལ་རབ་གནས་མཛད། འཁྲེན་གྱི་བྲག་ལུང་གཟིགས་པས་བྱང་ཆུབ་སེམས་དཔའ་དྲོད་ཐོབ་པ་ཅིག་བཞུགས་འདུག་གསུངས་ནས་ཕྱག་མཛད་དེ་ཟངས་དཀར་མཛོད་ཁུར་བཞུགས་པར་གདའ། ཞ་ལུ་རི་ཕུག །ཚོང་དུས། ཉན་ཚོ་སོགས་སུ་བྱོན། ཡོལ་ཆོས་དབང་སྐུ་མཆེད་ལ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་སྐོར་མང་དུ་གསུངས་པས། ཟླ་བ་དྲུག་ནས་བཅུ་གཅིག་ཞལ་དང་རྟ་མགྲིན་ཞལ་གཟིགས།
དེར་རྣལ་འབྱོར་པ་ཆེན་པོར་མཚན་གྲགས་པའི་ཨ་མེས་བྱང་ཆུབ་དེ་མདོ་ཁམས་སྨད་དུ་འཁྲུངས། སྤུན་བདུན་གྱི་ཐ་ཆུང་ཡིན་པས་བུ་མེད་པ་ཅིག་ལ་བྱིན། དེར་བུ་ཞིག་སྐྱེས་ནས་ཡང་གཞན་ཞིག་ལ་བྱིན། དེར་ཡང་སྐྱེས་པས་བཀྲ་ཤིས་པར་གྲགས་པའི་ཚེ་ཡུམ་བྱུང་ནས་ཁྱོད་རབ་ཏུ་བྱུང་བའི་དོན་དུ་སྐྱེད་པ་ཡིན་ཟེར་ནས་རབ་ཏུ་བྱུང་། མཁན་པོའི་གཡོག་བྱེད་ཅིང་ཡོད་ཙ་ན། འདིར་མ་སྡོད་དབུས་སུ་སོང་ཟེར་ནས་བསྐུལ་ཏེ་ཉིན་ལམ་གསུམ་ཙམ་དུ་བསྐྱལ་ནས། བུ་ཁྱོད་དབུས་སུ་ཕྱིན་ནས་ཡང་དག་པའི་བླ་མ་དང་མཇལ་ཞིང་། ཐུགས་ཟིན་ནས་གདམས་པ་དང་རྗེས་བསྟན་གསུངས་པ་ཚུལ་བཞིན་དུ་སྒྲུབ་པར་གྱུར་ཅིག །དེའི་ཚེ་ང་ཡང་ཁྱོད་ཀྱི་དྲུང་དུ་སྐྱེས་ནས་མ་སྨད་གཉིས་ལྷན་ཅིག་ཏུ་སངས་རྒྱས་སྒྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་གྱེས། ཇོ་བོ་དང་མཇལ་བས་དེ་མ་ཐག་དམ་ཚིག་གསུམ་བཀོད་གནང་ནས་བཟླས་པ་སྟོང་བརྒྱད་བརྒྱ་སོང་བ་དང་ཞལ་གཟིགས། དེ་ཕྱིན་ཇོ་བོའི་ཉེ་གནས་མཛད།
དེ་ནས་དབུས་སུ་བྱོན་ཏེ་བྱང་ཐང་ནས་ལྷ་སའི་ནམ་མཁའ་ལ་གཟིགས་ཏེ་འཇའི་གུར་སུམ་བརྩེགས་དང་། ལྷ་མང་པོས་མཆོད་པ་རྒྱུན་མ་ཆད་པར་འདུག་གསུངས། ཆུ་བོ་རི་འདི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པར་འདུག་གསུངས། འཆིང་རུར་བུ་མོ་ཞིག་གིས་རྒྱན་ཐམས་ཅད་ཕུལ་བ་མྱུར་དུ་ཤི་བ་གསན་ནས་གཞུང་སྟག་དཀར་གྱི་གད་ཕུག་ཏུ་ཞག་ལྔ་བཞུགས་ནས་ངན་སོང་སྦྱོང་ཆོག་དང་། སཱ་ཚ་མཛད་དེ་ལྷར་སྐྱེས་གསུངས། དོལ་མདར་ལྷ་རྗེ་རགས་བྱ་བའི་ཆུ་རགས་མཛད་དེ་ཡུལ་འདི་ནས་བྱང་ཆུབ་སེམས་དཔའ་ཤ་མཚན་ཅན་ཞིག་འབྱུང་། ཞེས་རོག་དམར་ཞུར་བ་ལུང་བསྟན། སྣོན་མདར་ཨཱརྱ་དེ་ཝའི་ལྷ་ཁང་ལ་རབ་གནས་མཛད་ནས་བཅུ་གཅིག་ཞལ་འདི་ལ་རབ་གནས་ཁྱད་པར་དུ་ཆགས་ཡོད་པས་སྒོས་མཆོད་རེ་གྱིས་གསུངས། ཚོང་དུས་ཀྱི་ལྷ་ཁང་རབ་གནས་མཛད། ཕག་ལོ་ལ་བསམ་ཡས་སུ་ཕྱགས་ཕེབས། ལམ་ཡིག་མངའ་རིས་ཀྱི་སཱ་ར་མར་ཕག་ལོ་བྲིས་ནོར་དུ་བྱས་འདུག་ཀྱང་། འདི་དྲུག་ཅུ་རེ་དྲུག་བཞེས་པའི་མེ་མོ་ཕག་ལོ་ཡིན་ནོ།།
བྱང་ཆུབ་ཆེན་པོའི་སྐུ་ལ་རྒྱ་གར་གྱི་མཧཱ་བོ་དྷི་དང་ཁྱད་མི་འདུག་གསུངས། སེམས་སྐྱེད་བྱང་ཆུབ་གླིང་དུ་བྱོན་པ་མ་མཐོང་བར་སངས་རྒྱས་མ་ཆགས་པདྨའི་ཞལ་གྱི་རྡུལ་འཕྱི་ཞིང་འདུག །མར་ལ་མི་ཐར་བ་ལྟར་མཛད་དེ་སྐས་ལ་སྤྱན་དྲངས། པེ་ཀར་གླིང་གི་དཀོར་མཛོད་བྱང་ངོས་མར་བཞུགས། ནུབ་གཅིག་ངའི་དད་པ་དེ་ཉམས་སོང་སྐྱེས་རབས་སྤྱན་དྲོངས་དང་གསུངས་ནས་མར་མེ་ལ་གཟིགས། ལྷ་བཙུན་བོ་དྷི་རཱ་ཛཱ་སོགས་ལ་རིམ་པའི་ཆོ་ག་མཛད། ཀ་ཆུར་ཁུ་རྔོག་གིས་ཞུས་ནས་རིགས་ཚོགས་གསུངས། མཆིམས་ཕུར་འབྲོམ་ལ་སྔགས་ཀྱི་གདམས་པ་མང་དུ་གནང་། དེར་སྤྱན་སྔ་ན་དགེ་ཚུལ་ཞིག་ལས་མེད་ཙ་ན་དགེ་སློང་གཞོན་ནུ་གཉིས་བྱོན་ཏེ་གཅིག་གིས་ཟད་པར་ཆུའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་ཟེར་ནས་དང་པོར་ཁོང་རང་གི་སྨིན་མཚམས་ཆུར་སོང་། དེ་ནས་མཆེད་དེ་ངམ་ཤོད་ཐམས་ཅད་ཆུར་གྱུར། གཅིག་གིས་ཟད་པར་དཀར་པོ་གཟིགས་པར་འཚལ་ལམ་ཞེས་སྨིན་མཚམས་ནས་འོད་དཀར་པོས་ངམ་ཤོད་ཐམས་ཅད་དཀར་ཆམ་སོང་། ཏིང་ངེ་འཛིན་ལས་ལངས་པ་དང་། ཡང་སྨིན་མཚམས་སུ་འདུས་ཏེ་སོང་། ཇོ་བོའི་ཞལ་ནས་ཕ་ལ་ཕ་ལ་ཏིང་ངེ་འཛིན་བཟང་གསུངས།
ཡང་སྐབས་ཅིག་དེ་གཉིས་བྱོན་ནས་སྒྱུ་མ་ལྟ་བུའི་ཐང་ཀ་གཟིགས་པར་འཚལ་ལམ་ཞེས་ཐང་ཀ་ཕད་ཙེ་ཙམ་ཞིག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བཀྲ་ལམ་མེ་བ་ཞིག་དང་། སྒྲོལ་མའི་ཐང་ཀ་བཀྲ་ལམ་པ་ཞིག་གཟིགས། དབུ་རྩེར་སྟོན་མོའི་དུས་དགེ་ཚུལ་དེས་དེ་གཉིས་གར་ཐལ་ཞུས་པས་ཁོང་དེར་མི་འོང་སའི་ལྷ་མོ་དང་ཤིང་གི་ལྷ་མོས་བཤོས་འདྲེན་པ་ཡིན་གསུངས། ཇོ་བོ་ཉིད་དབུ་རྩེའི་བྱ་མདབ་ཀྱི་ནམ་མཁའ་ལ་སྐོར་བ་མཛད་པ་རྒན་མོ་ཞིག་གིས་མཐོང་། རྒྱ་གར་ནས་སློབ་མ་ཞིག་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གསན། ཨ་མེས་ཀྱི་ཐུགས་ལ་ཐག་རིང་པོ་ནས་ཆོས་ལ་འོངས་པ་བྱ་བས་གཡེངས་པ་འདི་མི་འོངས་བར་འདུག་སྙམ་པ་མཁྱེན་ནས་འབྲོམ་ལ་འདི་ནི་བསམ་ངན་རྒྱུའོ་གྲོས་ཐོབ་ཅིག་གསུངས། དཀོར་མཛོད་གླིང་དུ་རྒྱ་དཔེའི་དཀོར་མཛོད་ཅིག་ཁ་ཕྱེ་ནས་གཟིགས་པས་སྔར་མ་གཟིགས་པའི་རྒྱུད་མང་དུ་སྣང་བས། ངས་མི་ཡུལ་གྱི་རྒྱུད་རྣམས་སུ་མ་ཟད་མཁའ་འགྲོ་མས་བསྟན་པ་ཡང་དཔག་མེད་མཐོང་སྟེ། དེ་རྣམས་ན་ཡང་འདི་ཀུན་མི་འདུག །གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ་གསུངས། མི་ཡུལ་ན་ཡོད་པའི་གསང་སྔགས་མ་ལུས་པ་མཁྱེན་དགོངས་པའི་ཐུགས་རྒྱལ་ཡང་དེར་ཆག །སློབ་དཔོན་པདྨས་སྲིན་པོའི་ཡུལ་སོགས་ནས་བླངས་པར་ངེས། སྤྱིར་ཡང་དཔོན་པདྨས་ནཱ་ལེནྡྲ་ནས་རྒྱུད་ཀྱི་རྒྱ་དཔེ་ཐམས་ཅད་རྫུ་འཕྲུལ་གྱིས་བསམ་ཡས་སུ་བླངས་པས་མང་བ་ཡིན། དེའི་དུས་ཀྱི་བསྟན་པ་ལྟ་བུ་རྒྱ་གར་དུ་ཡང་མ་བྱུང་བ་འདུག །རཱ་ཛཱ་བོ་དྷི་ས་ཏྭ་གསུང་ཞིང་ཡི་རང་མཛད། སྟོན་པ་འདས་ནས་ཅི་ཙམ་སོང་གི་བསྟན་རྩིས་མཛད། ཁུ་སྟོན་གྱིས་ཡར་ལུངས་སུ་སྤྱན་པས་འབྲོམ་གྱི་ཐུགས་ལ་ཁུ་ཐུགས་རྒྱལ་ཆེ་བས་ཞབས་ཏོག་ཐོ་བ་མི་འོང་སྙམ་ནས་བང་སྟོན་ལ་ངས་ཐབས་ཀྱིས་ཡར་ལུངས་ནས་བསམ་ཡས་སུ་སྤྱན་དྲང་གིས་དེ་ནས་ཁྱེད་ཀྱིས་རྟ་པས་བསུས་ལ་སྙེ་ཐང་དུ་སྤྱན་དྲོངས་ཤིག་ཅེས་ཆད་བྱས། བྱ་སའི་ལྷ་ཁང་རྙིང་མ་ལ་རབ་གནས་ཀྱང་མཛད། ཐང་པོ་ཆེར་ར་བརྩིགས་ཁང་པར་བཞུགས་ཏེ་ཉི་ཁྲི་སྣང་བ་དང་། བྱམས་ཆོས་ཕྱི་མ་གསུམ་ལ་སོགས་མང་དུ་གསུངས།
དེ་ནས་ཁུ་སྟོན་རང་ལྷ་སྡིངས་སུ་བཞུགས་ཏེ་མཐའི་མི་བྱ་བ་གྲངས་སི་བཞུགས་དགོས་ཟེར་ནས་ཞབས་ཏོག་ཐོ་བ་ཡང་མ་བྱས། འབྲོམ་དང་ཨ་མེས་ལ་ཡང་བརྙས་སེ་བྱས་པས་ཨ་མེས་ཀྱིས་ཉེ་གནས་མི་འགྱིད་པར་ཞུས་པས་མ་གནང་། སྟོན་པས་ཞུ་གྲོགས་མཛད་པས་དེང་རྒྱ་གར་ན་ཡིན་ན་གྲོགས་རྣལ་མ་འདི་ལྟ་བུ་ངས་ཕོ་ཉས་དབང་དུ་བྱས་ཏེ་དགུག་དགོས་པའི་ཚོད་ཡིན་གསུང་ཞིང་། དབུ་ཞྭ་ཕུད་ནས་དབུ་དཀར་པོ་ཨ་མེའི་པང་དུ་བཞག་སྟེ་ང་རྒྱ་གར་ཤར་དུ་སྐྱེས། ཁྱོད་མདོ་སྨད་དུ་སྐྱེས་པ་དེ་ལས་ཀྱིས་འཕྲད་པ་ཡིན། ངའི་མགོ་འདི་ལྟར་སོང་བ་ཞིག་ཁྱོད་ཀྱིས་འཇོག་ཕོད་ན་ཉེ་གནས་ཀ་མ་བྱེད་གསུངས་པས། མཆི་མ་ཕྲུལ་བྱུང་སྟེ་འོ་ན་ཇི་སྲིད་བཞུགས་ཀྱི་བར་བགྱིད་པར་ཞུ་ཟེར། འབྲོམ་གྱིས་ཁུ་སྟོན་མི་དགྱེས་པར་འདུག་པས་བདག་དབུ་རུར་མཆི་ལགས་སམ་ཞུས་པས། ཨུ་པ་སཱ་ཀ་བཞུགས་ན་ཁོ་བོའང་བཞུགས། ཨུ་པ་སཱ་ཀ་བཞུད་ན་ཁོ་བོའང་བཞུད་གསུངས། ཇོ་བོ་ཁུ་སྟོན་གྱིས་གཏོང་ན་དབུ་རུ་ན་སྙེ་ཐང་བྱ་བ་ནགས་ཚལ་དང་ནི་སིང་རྒྱས་པ་དགུན་ཡང་མེ་ཏོག་སྐྱེ་བ་ཞིག་བཞུགས་སར་མཆིས་ཞུས་པས། ཁུས་མི་ཚོར་བའི་ཐབས་བཟང་པོ་ཡོད། ད་ལྟ་རང་གཤེགས་གསུངས་ནས་དེ་ནུབ་གྲབས་བྱས་ནང་པར་ཐོ་རེངས་གཤེགས། ཇོ་བོས་མི་ཞིག་ལ་ཁུ་སྟོན་གྱི་རྩར་སོང་ལ་ཇོ་བོ་དབུ་རུར་གཤེགས་སོ་ཞེས་གྱིས་ཤིག་གསུངས་ནས་ས་ལ་རི་མོ་ཞིག་མཛད་ནས་དེ་བསུབས་པ་དང་། མི་དེས་དགོན་པར་ཕྱིན་ཀྱང་རེས་མ་རྟོལ་རེས་བརྗོད་ནས་ལན་བྱ་བ་མ་བྱུང་། ཁུ་སྟོན་སྔར་ཕྱིར་སྐྱོ་སེང་ལ་འབྱོན་པ་ལ་དེ་ཉིན་སྒོ་བསྡམས་ནས་ལན་མ་སྟེར། ཐོས་ཀྱང་རྟ་བྱེ་ནག་དེ་སྔར་སྐད་ཐོས་པ་དང་དྲུང་དུ་འོང་བ་ལ་དེ་ཉིན་ཕྲ་ཤགས་བྱས་ནས་མ་ཟིན། ཟིན་ནས་རྟ་པ་མང་པོས་བསྙེགས་ཏེ་བྱོན། འོན་གྱི་གྲུ་ལ་དགེ་བཤེས་སྟོན་པ་དཔོན་གཡོག་སྔོན་ལ་བྱོན། དེ་ནས་ཇོ་བོ་བྱོན་པའི་གྲུ་འདོམ་གང་ཙམ་འཕགས་པ་དང་། ཁུ་སྟོན་རང་སྔོན་ལ་བྱོན་ནས་བཞུགས་པར་ཞུས་པས་མ་གནང་བར་མཆོད་གནས་སུ་དབུ་ཞྭ་རྒྱང་གིས་བསྐྱུར། ཇོ་བོས་འོན་ཁྲ་སྣར་བཞུགས་ཏེ་རྒན་མོ་ཞིག་གིས་ཟླ་གཅིག་ཆོས་འཁོར་བཙུགས་པའི་སྲོལ་ཡུན་རིང་དུ་བྱུང་།
དེ་ནས་བསམ་ཡས་སུ་ཕེབས་ཕལ་ཆེན་ལ་སོགས་པ་རྒྱ་གར་ན་མེད་པའི་དཔེ་དུ་མ་བྲིས་ནས་བསྐུར། དེར་དགེ་བཤེས་སྟོན་པ་ལ་ཕྲང་ཀ་བེར་ཆུང་གི་གདན་འདྲེན་བྱུང་བས་ད་འོང་མི་ཁོམ་ཇོ་བོ་སྐུ་ན་མཐོ་ཞིང་། སྐུ་གཅོང་མངའ་བས་ཞབས་ཏོག་གལ་ཆེ། ང་ཇོ་བོ་དང་ཤི་བྲལ་བྱེད། དེ་ནས་མ་ཤི་ན་ཁྱེད་ཀྱི་མཆོད་གནས་བྱའོ། །དེ་བར་འདི་རྣམས་དགོངས་ཤིག་ཅེས་ཆོས་ཀྱི་ཚིགས་བཅད་བསྐུར། སྔོན་པོ་ཊ་ལར་ཕྱག་ན་རྡོ་རྗེས་བསྐུལ་ནས་མཐའ་འཁོབ་འདུལ་བའི་ཕྱིར་སྤྱན་རས་གཟིགས་ཀྱིས་དཀྲོང་སྐྱེད་དུ་བཞེངས་པའི་གསང་འདུས་འཇམ་རྡོར་གྱི་སྐུ་རིགས་གསུམ་མགོན་པོས་རབ་གནས་མཛད། བདེ་བ་ཅན་ལྕང་ལོ་ཅན་པོ་ཊ་ལ་རི་བོ་རྩེ་ལྔ་རྣམས་སུ་ལོ་ལྔ་བརྒྱ་རེ་བཞུགས་ནས་འོད་དཔག་མེད་ལ་སོགས་པའི་ཐུགས་དམ་གྱི་རྟེན་མཛད། དེ་ནས་ཨོ་རྒྱན་དུ་ཨིནྡྲ་བོ་དྷི་ལྕམ་ལཀྵ། ཀླུ་མོ་རྣལ་འབྱོར་མ་རྣམས་ཀྱིས་ལོ་ལྔ་བཅུ་རེ་མཆོད། ས་ར་ཧས་ལོ་སུམ་ཅུ། ཀླུ་སྒྲུབ་ཀྱིས་ལོ་ཉིས་བརྒྱ། ཟླ་གྲགས་ཀྱིས་ལོ་བརྒྱ། བཱིརླ་བས་ལོ་སུམ་ཅུ། མི་ཏྲ་པས་ལོ་ཉི་ཤུར་ཐུགས་དམ་གྱི་རྟེན་མཛད།
དེ་ནས་ལི་ཡུལ་དུ་ཆོས་རྒྱལ་དཀོན་མཆོག་འཕེལ་གྱིས་སུམ་ཅུར་མཆོད། དེ་ནས་རྒྱལ་པོ་དགེ་བའི་བློ་གྲོས་ཀྱིས་མཆོད་ནས་ལོ་ལྔ་བཅུ་ལོན་པ་ན་ཇོ་བོ་རྒྱ་གར་ནས་བོད་དུ་འབྱོན་པའི་ཚེ་ཇོ་བོ་ཡབ་སྲས་ཀྱི་སྤྲུལ་པ་འབྲོག་པ་ཕ་པད་གཉིས་ཀྱིས་ཁལ་སུམ་ཅུ་ཙམ་དེད་ནས་སྐུ་ཆས་རྣམས་བི་ཀྲ་མ་ནས་བལ་པོར་བསྐྱལ་བའི་ཚེ་སྤྲུལ་པའི་ཁྱེའུ་འབྲོག་ཕྲུག་གི་རྣམ་པ་དེས་ཇོ་བོའི་བཀའ་འཕྲིན་ཁྱེར་ནས་མཐའ་འཁོབ་འདུལ་བའི་ཕྱིར་བཞེངས་པའི་ལྷ་དེ་སྐུར་ཞིག །རྭ་སྒྲེང་གི་གཙུག་ལག་ཁང་ཀ་བ་བརྒྱ་དང་བཞི་བཅུ་ལྷག་པར་བཞུགས་ཏེ་མེ་ཏོག་ཤང་ཤང་གི་ཚལ། སྤང་སྤོས་དང་ཤུག་བའི་ནགས། ཆུ་བོའི་མཆོད་ཡོན། བྱ་ཚོགས་ཀྱི་སྒྲ་སྙན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རྣམས་ཀྱིས་རྟག་ཏུ་མཆོད་ཅིང་འཕགས་པའི་དགེ་འདུན་གྱིས་བཀུར་སྟི་བྱའོ། །ཞེས་གསུངས་པས་རྒྱལ་པོས་འཕྲེང་བཞིན་དུ་ཉིན་ལམ་དུ་མར་བསྐྱལ་ཏེ་བལ་པོར་ཁྱེ་ཆུང་དེས་ཕད་བུའི་ནང་དུ་བཅུག་ནས་རྟེན་གསུམ་ཐམས་ཅད་ཀྱི་སྟེང་དུ་བཞག་པས་གཞན་རྣམས་ཀྱིས་འབར་བས།
འཕྱོར་པོ་མ་ལ་མི་དགོས་ཀྱང་། །འབྲོག་སྟོང་ཡུལ་དུ་དགོས་དུས་ཡོད། །
གཞན་ལ་མི་རེག་རྒྱང་ངེ་འཇོག །
ཟེར་ནས་ནམ་མཁའ་རྟེན་མེད་ལ་བཞག་པས་ངོ་མཚར་ནས་ཅི་ཡོད་དྲིས་པས། མ་བསྐོར་དགུ་བསྐོར་རྒྱགས་ཕྱེ་ཡོད། །མི་ལག་བརྒྱུད་པའི་སྙིང་པོ་ཡོད། །སུ་ལའང་མ་བྲིན་ང་མཁོ་ཡོད། །འབག་འབུག་མེད་པའི་མི་ཆུང་ཡོད། །འཁྱོག་འགུལ་མེད་པའི་ལག་པ་ཡོད། །གང་ལའང་མི་འཕོག་མདའ་གཞུ་ཡོད། །མ་ཚོགས་དགུ་ཚོགས་ལག་ཆ་ཡོད། །འདི་ན་མ་ཡོད་དགུ་ཡོད་དོ། །ཞེས་སྨྲས་པའི་བྱིས་པའི་རྩེད་མོ་ཞིག་ཡོད་པར་འདུག་ཟེར་སྐད། དེ་ལྟར་སྤྱན་དྲངས་པའི་རྟེན་འཇམ་པའི་རྡོ་རྗེ་ཡང་བསྐུར་ཏེ། ད་ལྟའང་ར་སྒྲེང་གི་རྟེན་གྱི་གཙོ་བོར་བཞུགས་སོ།།
དེ་ནས་བང་སྟོན་གྱིས་རྟ་པ་ཉིས་བརྒྱས་བསུས་ཏེ་བསམ་ཡས་ཕུའི་ལ་ལ་བྱོན། དེ་དུས་མིས་ཕུལ་བའི་རྟ་ཕྱུགས་མང་དུ་ཡོད་པས་ཐུགས་འདོད་ཆེ་བར་སྒྲོག་པ་ཡང་བྱུང་། འདི་རྣམས་མི་འཚོང་བར་ཞུས་པས་ཁྱེད་ཕ་མ་རྒན་རྒོན་ཡང་འཚོང་ངམ་གསུངས། བསམ་ཡས་ཀྱི་ལ་ལ་རྟ་རྒན་ཞིག་གི་ལག་པ་རྫ་བར་དུ་འཚུད་ནས་མ་ཐོན་པར་ལུས་པ་མཁྱེན་ཏེ་འདོན་དུ་བཏང་། རྔོག་ལེགས་ཤེས་ལྷ་སར་སྤྱན་དྲངས། མི་དཀར་པོ་ཅིག་སྔུན་བསུར་བྱུང་སྟེ་མ་ཧཱ་པཎྜི་ཏ་བྱོན་པ་ལེགས་སོ། །རྒྱལ་བར་གྱུར་ཅིག །གསུངས་ཇོ་བོ་དེ་མ་ཐག་ཆིབས་ལས་བབ་སྟེ་ཕྱག་ཐལ་མོ་སྦྱར་མདོ་འདོན་གྱིན་མགྱོགས་པར་འཕྲུལ་སྣང་དུ་བཞུད། མི་དེ་ཐུགས་རྗེ་ཆེན་པོ་ཡིན་པར་འདུག །བྱིན་རླབས་ཞུ་བར་འདོད་དེ་མ་ཟིན་འདི་ལ་ཐིམ་གསུངས་ནས་རང་བྱུང་ཐུགས་རྗེ་ཆེན་པོའི་དྲུང་ན་བཞུགས་ཏེ་སྤྱན་རས་གཟིགས་དངོས་སུ་འདུག་གསུངས། ཇོ་བོ་ཤཱཀྱ་གཟིགས་པས་སྤྲུལ་པའི་སྐུ་དངོས་སུ་འདུག་གསུངས་ནས་འདྲ་འབག་གི་སྐུ་ཡང་བྲིས་ཏེ་ཐུགས་དམ་གྱི་རྟེན་མཛད།
ཡོད་སྨྲའི་སྡེ་པ་ལ་སྤྱི་བཤགས་ཡོད་དམ་ཞུས་པས་ཁྱེད་རང་གི་སློབ་དཔོན་ཞི་བའི་ལྷས་མཛད་པ་ཡོད་གསུངས་ནས་གནང་སྟེ་མི་ཤེས་པ་དང་བརྗེད་པས་བྱས་པའི་ལྟུང་བ་རྣམས་འདིས་འདག་གསུངས། ཕལ་ཆེན་པའི་སྡེ་པ་ཅིག་གཟུགས་གསུང་བ་ལ་སྟོན་པས་བཀག་པས་ང་སྡེ་པ་གཟུགས་དབང་ཡང་མེད། གསང་སྔགས་དང་དོ་ཧ་ཡང་བཤད་དབང་མེད་ན་ཁོ་བོ་འོངས་པ་ལ་དོན་མ་མཆིས་གསུངས། ལྷ་སར་ཡ་མཚན་གྱི་རྟགས་མང་པོ་ཡང་གཟིགས། རང་བཞིན་གྱི་རྣལ་འབྱོར་མ་མང་པོ་དང་ཡང་མཇལ། དགྲ་བཅོམ་པ་ཅིག་ཀྱང་འདུག །བོད་ན་དུར་ཁྲོད་ཀྱི་གནས་ཤིག་ཡོད་པར་བཤད་པ་འདི་ཡིན་པར་འདུག །ཁྱད་པར་གསང་སྔགས་སྒྲུབ་པའི་གནས་ཀྱི་མཆོག་ཡིན་གསུངས་ནས་ཐུགས་ཚིམ་པ་མེད་པར་སྐོར་བ་དང་སྒྲུབ་པ་མཛད། ཇོ་བོ་ཞབས་ས་ལ་མི་རེག་པ་རྔོག་གིས་གཟིགས་ནས་ཞུས་པས་ཁོ་བོ་ལ་རྒྱ་གར་ན་ཡང་དེ་ལྟར་གྲགས་གསུངས། སྐོར་བ་མཛད་ཅིང་གཙུག་ལག་ཁང་འདིའི་ལོ་རྒྱུས་ཤིག་འོང་ཐང་དགོངས་པ་ན་སྤྲང་མོ་སྨྱོན་མ་ཟེར་བ་ཞིག་ན་རེ། ལྐོག་ཕ་གིར་གཤེགས་འཚལ་ཟེར་ཏེ་འདིའི་ལོ་རྒྱུས་ཤིག་འཚལ་ལམ་གསུང་། རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ཏེ་ཅིས་ཀྱང་འཚལ་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་དང་གསུམ་གཞལ་བ་ན་ཡོད་གཞན་ལ་མ་སྨྲ་ཞིག་གསུངས། འདོན་པར་བརྩིགས་པས་གཏེར་སྲུང་གཉན་པོ་ཅིག་འདུག་སྟེ་དེ་རིང་ཙམ་ཟིན་ཞིག་འབྲིར་བཏང་གཞན་མི་སྟེར་ཟེར་ནས་རྣལ་འབྱོར་པ་དང་སྟོན་པ་སོགས་བཞིས་སྣག་སྨྱུག་ཅི་རྙེད་ཀྱིས་བྲིས་པས་ལྷག་དུམ་ཞིག་ལུས། དེ་རྣལ་འབྱོར་པ་ལ་གནང་ནས་སུ་ལ་ཡང་མ་སྟོན་ཞིག་གསུངས། ཕྱིས་བྱ་ཡུལ་བས་ཐུགས་རྗེ་ཆེན་པོའི་ཆེ་བའི་ཡོན་ཏན་ཞིག་དཀོན་གཉེར་ལ་གཏད། གཞན་གདུང་ཁང་དུ་བཅུག་སྐད།
དེ་ནས་ཞག་གཉིས་ན་རང་བཞིན་གྱི་རྣལ་འབྱོར་མ་ལྷ་རྣམས་ཀྱིས་བསུས་ནས་གཤེགས་གསུངས་ཏེ་རྣལ་འབྱོར་པས་ཕྱིན་པས་གྲོངས་མ་ཐག་ཏུ་འདུག །ལྷ་སར་དགུན་ཅིག་བཞུགས་ནས་དབྱར་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པར་སྤྱན་དྲངས་ཏེ་བ་རང་དུ་བཞུགས། གནས་བརྟན་དད་པ་བླ་མས་ཇོ་བོའི་གཟིམས་ཁང་དུ་དམིགས་པ་ཅིག་བརྩིགས་པར་ཞག་གཅིག་བཞུགས་ཏེ་གཟིམས་ཁང་དུ་གྲགས། ཞང་བཙུན་འོལ་རྒོད་འབར་གྱིས་བསྙེན་བཀུར་ཆེར་བྱས་ནས་གདམས་པ་ཞུས་པས། ཚེ་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། ཚེ་ཚད་ཀྱང་མི་ཤེས་པས་ཁྱོད་ཀྱིས་སྒོམས་ཤིག །བསྒོམས་པས་མང་པོ་མང་པོ་གོ་བ་ཡིན། མཉན་པས་ཉུང་ངུ་ཉུང་ངུ་ལས་མི་གྲོ། ཁྱོད་སྒྲུབ་པ་སྙིང་པོར་གྱིས་ཤིག་གསུངས། དེར་དགེ་བཤེས་སྟོན་པས་གསེར་ཞོ་དགུ་ལ་སྲང་རེར་བྱས་པའི་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག །བླ་གོར་གྱི་གཞོང་པ་ལ་སོགས་ནོར་སྣ་བརྒྱ་རྩ་བརྒྱད་ཕུལ། བོད་དུ་ཉིན་གཅིག་གི་འབུལ་བ་ལ་ཆེ་བར་གྲགས། ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་འབྲོམ་གྱིས་བསྡེབས་པ་དེ་ཡང་ཚོགས་སུ་བཀླགས་པས་འོ་ན་ང་ལ་ཡོན་ཏན་དེ་ལས་མེད་དམ་གསུངས་ནས་ཆོས་ལ་དཀའ་སྤྱད་མཛད་ཚུལ་དང་། སྒྲུབ་པ་ཉམས་སུ་བླངས་ཚུལ་ཅུང་ཟད་གསུངས་ཏེ་ཁྱེད་ཀྱིས་དཀའ་བ་མ་སྤྱད་པར་ཆོས་ཟབ་མོ་རྙེད་པ་དོན་ཆེ་ཡིས་ལེགས་པར་སྤྱོད་ཅིག་གསུངས།
ཡང་རྟག་ཏུ་ངུ་དང་ནོར་བཟང་གི་རྣམ་ཐར་ཟུར་ཙམ་གསུངས་ནས་བླ་མ་དེ་ལ་འདོད་པ་མེད་ཀྱང་། རྟེན་འབྲེལ་གྱི་ཆེ་བ་ཡིན་པས་བླ་མའི་ཞབས་ཏོག་དགོས་པ་ཡིན་གསུངས། བླ་གོར་གྱི་གཞོང་སྒོར་དེ་ཇོ་བོའི་གསོལ་སྡེར་མཛད་ནས་ཕྱིས་ཤངས་མཚལ་གྱིས་ཉིད་ཀྱི་སྐུ་འདྲ་ཕྱག་བྲིས་སུ་མཛད་ནས་དད་པའི་རྟེན་དུ་བཞག་སྟེ། ད་ལྟ་ཡེར་པ་ར་བ་ན་བཞུགས། དར་ཡུལ་མངོན་ཤེས་པ་བྱ་བ་འདྲེས་ཡི་དམ་དུ་བརྫུས་ནས་ལུང་བསྟན་འཆད་པ་དེས་རྔོག་ལ་གཡུ་རྔན་པར་བྱིན་ཏེ་གྲོགས་བཅོལ་ནས་མཇལ་དུ་བྱུང་བ་ལ་ཁུ་སྟོན་གྱིས་ཇོ་བོའི་སྐུ་སྐྱེ་སྔ་ཕྱི་སོགས་དྲིས་པས་མང་པོ་ཅིག་ཤར་གྱིས་བྱུང་། དེར་ཁུས་འགྲམ་པ་གཡས་གཡོན་དུ་ཀར་གོང་དང་སྲན་ཀྱ་བཅུག་ནས་འོ་ན་ངའི་འགྲམ་པ་གཡས་གཡོན་ན་ཅི་ཡོད་དྲིས་པས་མ་ཤེས་པར་སྐྱེངས་ཏེ་སོང་བས་ཕྱིས་བར་ཆད་དེ་མ་བྱུང་ཞིང་། བོད་ན་སྔར་དེ་འདྲ་མང་པོ་ཡོད་པ་ཕྱིས་འཕྲིག་ཚུད་ནས་ཉུང་ངུར་གྱུར། ལན་པའི་ལྕིལ་བོར་ཟླ་བ་གཅིག་བཞུགས། བྱིས་པ་ཅིག་ལ་བྱིན་རླབས་མཛད་ནས་གཞན་ལ་ཕན་པ་ཅིག་འོང་གསུངས་ཏེ་ཕྱིས་ལྕང་ཕྱིའི་ཉང་མི་ཆེན་པོར་སྣང་། བྲན་ཀས་བར་ཆད་བརྩམས་པས་མ་ཚུགས་པར་རྟ་མགྲིན་ཤཱ་ན་བཞི་སྐོར་གྱི་སྒོ་ནས་བཏུལ།
འཕན་ཡུལ་དུ་སྤྱན་དྲངས་པས་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བ་འདིར་མི་འགྲོ་གསུངས་ནས་མ་བྱོན། རྟ་ཕྱུགས་དང་གྲ་ཁལ་ཐམས་ཅད་ཡེར་པའི་རྩྭ་ཁ་ལ་རི་དྭགས་ལྟར་ཡན་དུ་བཅུག །སྙེ་ཐང་དུ་སྤྱན་འདྲེན་པའི་ཚེ་བང་སྟོན་ལ་བལ་འཁོར་བཞི་དང་། ནས་སྲན་ཁལ་བརྒྱད་ལས་མེད་པ་ལ་སྲིང་མོ་བན་རྨ་ཕྱུག་མོ་ཞིག་ན་རེ་ལོ་པཎ་སྤྱན་འདྲེན་པ་ལ་ཡོ་བྱད་ཅི་ཡོད་ཟེར། སྣ་ལེན་ལྡང་ཙམ་ཡོད། དེ་ནས་ཨ་ཏི་ཤ་ཡིད་བཞིན་གྱི་ནོར་བུ་ཡིན་པས་ཁོང་རང་ལས་འོང་རང་རེ་གཉིས་ཀྱང་ཇོ་བོའི་ཐབ་ལ་ཟོས་པས་ཆོག་གི་ཁྱོད་རང་ཡང་གང་ཡོད་ཕུལ་ཞིག་བྱས་པས་དེས་ཡོ་བྱད་བཏང་སྟེ་སྣ་ལེན་དཔེ་མེད་པ་གྲུབ། ཁོང་རང་གི་བལ་འཁོར་བཞི་སོགས་ཕུལ། བང་སྟོན་གྱི་མི་ཆོས་འཇངས་པ་རྣམས་ཀྱིས་ནས་བོང་རྒྱབ་འཇངས་ནས་སྙེ་ཐང་དུ་འབྲེལ་ཡང་ད་དུང་མ་རྫོགས་པ་ཕུལ། དེ་ནས་བན་མོ་ལ་ཇོ་བོའི་དད་རྫས་ཁྱོད་ཀྱིས་མི་འཇུ་ཟེར་ནས་བང་སྟོན་གྱིས་ཟར་མ་བཅུག །ཇོ་བོའི་གསོལ་ཞོ་སྐུལ་གྱི་ཕུ་ནས་སྦྲེངས་པས་དེ་ཕྱིན་ཡུལ་དེ་ལ་ཕྱུགས་ནད་དང་གཅན་གཟན་མ་བྱུང་། དེའི་ཚེ་བོད་ཁམས་གསུམ་གླིང་དགུའི་མི་ཆེན་ཐམས་ཅད་ཚོགས་ནས་ཆོས་མང་པོ་ཞུས། ལྷ་བཙུན་པས་བོད་ཀྱི་རབ་བྱུང་ཐམས་ཅད་ལ་མཁན་རྒྱུད་དེད་ཤམ་ཐབས་ཁྲལ་བསྡུས་ནས་སྙེ་ཐང་ན་མོ་ཆེར་འབུལ་བ་ཆེན་པོ་བྱས་ཏེ་འབྲོམ་སྟོང་བཙན་ནམ་མཁའ་བྱ་བ་བོད་ན་གཟུགས་མཛེས་པ་ཅིག་གིས་ཕྱག་ཏུ་འབུལ་དུ་བཅུག །
ཡང་དེ་ལ་བཙུན་མོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སོགས་རྒྱལ་སྲིད་སྣ་བདུན་ཡང་ཕུལ། བརྒྱད་སྟོང་པ་ཇོ་བོ་ཉིད་ཀྱིས་གང་མཁྱེན་པ་ཅིག་ཞུས་པ་ལ་ཕྱ་དར་སྟོན་པས་ཟིན་བྲིས་བྱས་པས་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ་ཤིན་ཏུ་རྩིས་ཆེ་བ་དེ་བྱུང་། སྣ་ཆུང་སྟོན་པ་སོགས་བཞིས་ཇོ་བོ་ལ་གྲུབ་མཐའ་ཞིག་ཞུས་པས་ཕྱི་པའི་འཇུག་པ་ལྔ་དང་། ནང་པའི་གཅིག་ཅེས་པ་ལ་བསྟེན་པ་ཐོ་རེ་བ་ཞིག་གསུངས་ནས་དེ་ཐམས་ཅད་རྣམ་པར་རྟོག་པ་ཡིན། ཚེ་ཐུང་འདི་ལ་རྣམ་རྟོག་བགྲང་གིས་མི་ལང་བས་སྙིང་པོ་བསྡུས་མཛོད་གསུངས། སྙིང་པོ་ཇི་ལྟར་བསྡུ་ཞུས་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་གྱིས། དེ་མ་བཟོད་པས་བྱང་ཆུབ་ཏུ་སེམས་སྐྱེད། དེ་འགྲུབ་པའི་ཆེད་དུ་ཚོགས་གཉིས་རྫོགས་པར་མཛོད། དེའི་དགེ་བ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བར་མཛོད། ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོམས་པར་གྱིས། དེ་ལྟར་གྱིས་ལ་སྙིང་པོ་བསྡུས་མཛོད་གསུངས། གཅིག་གིས་ཅི་ཡང་མ་བྱས་པར་འཚང་རྒྱ་བའི་ཐབས་ཞུས་པས། བྱུང་ན་ཁོ་བོ་ཡང་འདོད་དེ་ཚོགས་གཉིས་མ་རྫོགས་པའི་སངས་རྒྱས་ཁོ་བོས་མི་ཤེས་གསུངས།
བོད་སྟོན་ཁ་ཅིག་གིས་ཆོས་ཞུ་བར་བྱས་པས་ཞང་སྣ་ཆུང་སྟོན་པ་ན་རེ་ཇོ་བོ་ལ་ཆོས་ཞུས་ཚད་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་བྱ་བ་ལས་མི་འོང་བྱས་པས་གསན་ནས་ཁྱོད་རེ་བདེན། ང་ལ་རྒྱ་གར་ན་ཡང་ཁྱོད་འདྲ་བ་མན་ངག་ལ་དགའ་ཞིང་སྒྲུབ་པ་ལ་མི་དགའ་བའི་སློབ་མ་ཞིག་ཡོད། ཁོ་ཡང་བྱང་ཆུབ་ཀྱི་སེམས་ལ་ཡིད་མ་ཆེས་ཞེས་གྲགས་པའི་ཆའི་གཏམ་རྒྱུད་གསུངས། དགེ་བཤེས་སྟོན་པས་ཇོ་བོ་ལ་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས་ཇོ་བོ་ཐལ་མོ་ཤར་ཕྱོགས་སུ་སྦྱར་ཏེ་ད་ལྟ་རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན། ཁྱོད་ལྟ་བུའི་སེམས་ཅན་ཆེན་པོ་བོད་ན་ཡོད་པ་བོད་བསོད་ནམས་རེ་མི་ཆུང་། ཁོ་བོ་འོང་མི་དགོས་པར་འདུག་པ་ལ་གསུངས་ནས་གདམས་པ་ཤས་ཤིག་གནང་། འབྲོམ་ལ་དགུན་མེ་ཏོག་འཆར་བ་ཞིག་ཡོད་ཟེར་བ་དེ་ག་རེ་གསུངས། ན་མོ་ཆེར་སྤྱན་དྲངས་ནས་གསིང་མའི་མེ་ཏོག་བསྟན་པས་རྫུན་མ་བཏང་ཙམ་འདུག །མེ་ཏོག་ལ་དགའ་ན་མེ་ཏོག་འབྱུང་བར་བྱའོ་གསུངས་ནས་ཕྱོགས་དེར་མེ་ཏོག་ཁྱད་པར་ཅན་མང་པོ་བྱུང་། ན་མོ་ཆེར་ཇོ་བོ་སྐྱོ་བསང་མཛད་ཅིང་། དུད་འགྲོ་ཀུན་ལ་རྟའི་བུ་ཆུང་སྐུ་ཁམས་བདེའམ་རའི་བུ་ཆུང་སྐུ་ཁམས་བདེའམ་གསུངས། ཁྱད་པར་ཁྱི་གུ་རྣམས་ཕྱག་ཏུ་བསྣམས་ཤིང་། ཁྱིའི་བུ་ཆུང་སྐུ་ཁམས་བདེའམ་ལུས་ངན་འདི་ལྟ་བུ་ལེན་པ་ཁྱེད་རང་གིས་ནོངས་ཁྱེད་རང་གིས་ནོངས་གསུངས། རེས་འཛེ་སྤྲང་ཀུན་ལ་བག་ཆགས་ངན་གསུངས་ནས་ཤངས་སྐྱོར། རེས་འཛེ་སྤྲང་གི་གསེབ་ཏུ་བཞུགས་ཏེ་ཕམ་ཕབས་གནང་ཞིང་བྱམས་སྙིང་རྗེ་སྒོམ། ཁུ་སྟོན་གྱིས་ཇོ་བོས་ཀྱང་མི་ཆེན་པོ་མི་མཁྱེན་པར་གདའ་དེ་ལྟར་མཛད་པ་མ་ལགས་ཞུས་པས། བོད་ཀྱི་མི་ཆེན་གྱིས་དགོས་པ་མེད། ངའི་བྱམས་སྙིང་རྗེ་ལ་གནོད་གསུངས། ཉིན་ཅིག་དེ་རིང་སུ་ཡང་མ་གཏོང་ཞིག་གསུངས་ཏེ་རྒྱ་གར་ནག་ཆུང་གིས་འབུལ་བ་བྱེད་དུ་བཏང་ཟེར་བའི་མི་ཁྲེས་ཆུང་ཅན་ཞིག་བྱུང་བ་དེ་བཏང་བས་ཁྲེས་པོའི་ནང་ནས་ལྕགས་ཀྱི་སྦར་མོ་ཞིག་འུར་གྱིས་སོང་བས་ཇོ་བོའི་སྐུ་རྒྱབ་ཀྱི་རྩིག་ངོས་ལ་ཐམ་སོང་ནས་ཕྲི་ལི་ལི་འདུག་སྟེ་མུ་སྟེགས་ཀྱི་ངན་སྔགས་ཀྱིས་མ་ཚུགས་གསུངས།
ཡང་རྒྱ་གར་ནས་དགེ་སློང་ཤིན་ཏུ་བཙུན་པ་སྦྱངས་ཡོན་དང་ལྡན་པ་གཉིས་བྱུང་། ཇོ་བོས་གང་ཟག་གི་བདག་མེད་གསུངས་པ་ན་ཐལ་མོ་སྦྱར་ནས་ཉན། ཆོས་ཀྱི་བདག་མེད་གསུངས་པ་ན་ཨ་ཏི་ཤ་འཇིགས་འཇིགས་མི་གསུང་བར་ཞུ་ཟེར་ནས་རྣ་བ་འགེབས། ཤེས་རབ་སྙིང་པོ་འདོན་པ་ཐོས་ན་ཡང་རྣ་བ་འགེབས་པས་ཇོ་བོ་ཐུགས་ཆད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པའི་ཚོགས་ཁྱད་པར་ཅན་ལ་འབད་པ་མ་བྱས་ན་སྲུང་སྡོམ་དག་ལ་གཅིག་པུས་གར་ཡང་མི་ཕྱིན་པར་འདུག་གསུངས། ཡང་ཙོང་ཁའི་རྒྱལ་པོ་ལ་ལོངས་སྤྱོད་ཡོད་ཚུལ་སོགས་ཞུས་པས་བོད་ན་དགེ་སློང་བཞི་སྡེ་ལ་འཚོ་བ་དྲངས་པའི་བསོད་ནམས་ལ་སྤྱོད་པ་སུའང་མི་འདུག་གསུངས།
ཡང་རྒྱ་གར་གྱི་འབུལ་སྐྱེལ་ལ་དྲིས་པས་ངོ་མཚར་གྱི་གཏམ་རྣལ་འབྱོར་པ་ཅིག་གིས་ལོ་བཅུ་གཉིས་འཆག་པས་གྲུབ་པ་ཐོབ་སྟེ་ད་ལྟ་སྐུ་ལུས་མང་པོར་སྤྲུལ་ནས་བྱམས་སྙིང་རྗེ་ལས་བརྩམས་ཏེ་ཆོས་གསུང་ཞིང་གདའ། ཡང་རྣལ་འབྱོར་མ་ཞིག་གིས་མཎྜལ་ལྔ་ཕུལ་བས་དེ་ལས་པདྨའི་སྡོང་པོ་རེ་སྐྱེས་མེ་ཏོག་ཤར་ནས་ཞག་བདུན་དུ་སོ་ལེ་སྡོད་པ་ཅིག་ཡོད་ཟེར། དགེ་བཤེས་དགོན་པ་བས་དབུ་མཛད་ཇོ་བོའི་བླ་མཆོད་རྣམས་བུར་གྱི་ཉམས་དགའ་མོར་བཞུགས་པས་བླ་མཆོད་རྣམས་ཀྱི་ཞལ་ལྟ་གསུངས་ནས་ཡང་ཡང་འབྱོན། དགོན་པ་བ་ལ་ནུབ་ཅིག་འུར་སྒྲ་ཆེན་པོའི་རྗེས་ལ་ས་འོག་ནས་སྡིག་པ་ཆེན་པོ་ཅིག་བྱུང་ནས་ཇོ་བོ་ལ་གསོལ་བ་བཏབ་པས་མེད་སོང་། སང་ཇོ་བོ་སྔ་བར་བྱོན་ནས་མདང་ཁྱོད་ང་སྤྲོན་པ་ཅི་བྱུང་གསུངས། བྱུང་ཚུལ་ཞུས་པས་མི་གཡོ་བའི་རྣལ་འབྱོར་སྲུང་བའི་སྐོར་གནང་། བསམ་གཏན་པའི་གནས་ཡིན་གསུངས་ནས་དགོན་པ་ཀུན་ལ་ཕྱག་མཛད། འདི་ན་མི་མེད་ཞུས་ཀྱང་ཕྱིས་སྒོམ་མཁན་འོང་སྟེ་མཆི། ཁོ་བོ་སྒོམ་པ་ལ་དགའ་ཁོ་བོ་ལ་སྒོམ་ཕྲུག་མ་བྱུང་། བོད་དུ་འོངས་པ་དོན་མེད་གསུངས། ཁྱེད་རང་ཡང་རི་ལ་སྒོམས་གསུངས། འདྲེ་འོང་ཞུས་པས་ཁྱེད་རང་ཚུལ་ཁྲིམས་ཅ་ལེ་ཅོ་ལེར་སོང་བ་མིན་ནམ། ངེད་རྒྱ་གར་ན་འདྲེའི་གསེབ་ཏུ་སྒོམ་པ་ཡིན། ངའི་སློབ་མ་ཞིག་ལ་འདྲེའི་བར་ཆད་བྱུང་བ་སྟོང་ཉིད་དུ་བསྒོམས་པས་ཞི་འདུག་གསུངས། རེས་གཅིག་པུར་བསྡད་པ་འདྲེས་ཁྱེར་བ་མང་ཞེས་ཀྱང་གསུངས།
རྔོག་གིས་དབང་སྐུར་མ་བྱས་པར་སྒྲུབ་ཐབས་ཆང་ཆུང་མཉན་དུ་རུང་ངམ་ཞུས་པས། བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་དེ་ཙམ་རུང་། བོད་ཀྱི་དབང་སྐུར་གྱིས་དབང་སྐུར་གྱི་གོ་མི་ཆོད་པར་སྣང་། བོད་དད་པ་ཆེ་བས་སྣོད་རུང་གི་སློབ་མ་ཡོད་སྲིད། དབང་བསྐུར་ནུས་ཀྱིས་སློབ་དཔོན་མི་འདུག་གསུངས། རྔོག་ཕྱིས་ཀྱང་གསུང་འདི་ལ་ཡིད་ཆེས་སོ་གསུང་སྐད། ཡང་ཆོས་ཞུས་པ་ན་དད་པ་དད་པ་དད་པ་ཁོ་ན་གལ་ཆེ་གསུངས། བཅུད་ལེན་ཞུས་པས་ཁོ་བོ་ནི་བྱང་ཆུབ་ཀྱི་སེམས་བཅུད་དུ་ལེན་གསུངས། ཆོས་གོས་གྱོན་པ་གདིང་བ་འདིངས་པ་ནམ་གུང་ལ་ཉལ་བ་རྣམས་ལ་སངས་རྒྱས་ཀྱི་རྗེས་སུ་བསླབ་སྙམ་པའི་དུས་དྲན་རེ་མེད་ན་ཉེས་པ་འབྱུང་སྟེ། བོད་ཀྱི་རབ་བྱུང་ལ་ཅི་ཆ་གསུངས། སེམས་སྐྱེད་ཞུ་བ་ཚན་གཅིག་ལ་སྟོན་པ་འདི་ཀུན་ལ་ཆོས་ཞུ་བའི་རྒྱགས་འདུག་སྟེ། མཆོད་པའི་ཡོ་བྱད་མི་འདུག་གསུངས། ཁམས་པ་ཚན་གཅིག་ལ་དགེ་བཤེས་སྟོན་པས་ལོ་ཙཱ་བསྒྱུར་ཏེ་རྒྱུ་བྱིན་རླབས་ནས་བཟུང་རབ་གནས་ཀྱི་གདམས་པ་གནང་། སློབ་མ་སོ་སོས་ཞུས་ཏེ་ཁྲོ་བོ་མི་གཡོ་བ་སོགས་དང་། གསེར་གླིང་པའི་ཨ་ར་པ་ཙ་ན་སོགས་དང་ཇོ་བོ་ཉིད་ཀྱི་སྤྱན་རས་གཟིགས་ཞལ་གསུམ་ཕྱག་དྲུག་པ་སོགས་དང་། སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་མདོ་སོགས་དང་། འཇིག་རྟེན་དབང་ཕྱུག་ཁཱརྶ་པ་ཎའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་དང་། ཨཱརྱ་དེ་ཝའི་སྤྱན་རས་གཟིགས་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་སོགས་ཆེས་མང་པོ་འབྲོམ་དང་ལོ་ཙཱ་བས་བསྒྱུར། ལོ་ཙཱ་བ་མཆིམས་ཕུར་དགེ་སྦྱོར་ལ་བྱོན་པ་རོང་པ་མགར་དགེ་སོགས་སྟོན་ཆེན་མང་དུ་བྱོན་པས་དགེ་བཤེས་སྟོན་པས་བོས་ཏེ་མ་རྒྱུད་ཀྱི་གདམས་པ་མང་དུ་བསྒྱུར་རོ།།
དབུ་གཡོར་གཙང་གསུམ་གྱིས་ཞུས་ཏེ་བྱང་ས་དང་བྱམས་ཆོས་ལ་སོགས་པ་བསྒྱུར་ཞིང་། བསླབ་སྤྱོད་སོགས་སྤྱི་ལྟར་གསུངས། ལོ་ཙཱ་བས་ཇོ་བོའི་ཆོས་རྣམས་ཁུངས་ཕྱུང་ཞིང་དགེ་བཤེས་སྟོན་པས་གསན། བོད་ཀྱི་བསྟན་བཅོས་མང་པོ་གཟིགས་སུ་ཕུལ་བས་ཨ་རོའི་ཐེག་ཆེན་རྣལ་འབྱོར་མ་གཏོགས་གཞན་ལ་མ་མཉེས། དེ་ཕན་ཆད་བོད་ཡུལ་གྱི་ས་ལ་ལོ་བདུན་དང་ཟླ་བ་ལྔ་བཞུགས་ནས། ཆོས་ཀྱི་དབྱིངས་ཀྱི་གླུ་དང་། འཁོར་བ་ལས་ངེས་འབྱུང་གི་གླུ་དང་། བདེ་བ་དྲུག་གི་གླུ་དང་། བྱང་ཆུབ་སེམས་ཀྱི་གླུ་སོགས་མགུར་དུ་བཞེས་པ་མ་གཏོགས་ཆོས་ཙམ་མི་གསུངས། མཚན་མོ་ཕལ་ཆེར་མཁའ་འགྲོ་མའི་ཚོགས་སུ་གསང་སྔགས་ཟབ་མོའི་དོན་ལྟ་བ་རྡོ་རྗེའི་གླུ་དང་། སྤྱོད་པ་རྡོ་རྗེའི་གླུ་དང་། སྒོམ་པ་རྡོ་རྗེའི་གླུ་དང་། རྡོ་རྗེ་་ཆོས་ཀྱི་གླུ་སོགས་མགུར་དུ་བཞེས་པ་བླ་མས་གནང་ནས་ལོ་ཙཱ་བས་བསྒྱུར། ལོ་ཙཱ་བས་མཆིམས་ཕུར་ཟོ་གསོད་ཞུས་པས་གནང་ནས་ཟླ་བ་དྲུག་བཞུགས། ཇོ་བོ་བསྙུང་བ་རེ་བྱུང་ཐུགས་དམ་གྱི་ལྷ་རེ་ཞལ་གཟིགས་ཤིང་དྭངས། དེ་ལྟ་བུ་ལན་མང་དུ་བྱུང་། སྤྱིར་སྙེ་ཐང་དུ་ཞལ་གཟིགས་མང་། ཁྱད་པར་ཟླ་བ་ཉའི་ནུབ་གཅིག་ལ་དུས་གསུམ་གྱི་སངས་རྒྱས་དང་སེམས་དཔའ་གཟིགས། དེ་ནས་ནུབ་རེ་བཞིན་གཟིགས། ཉིན་གཅིག་རླུང་ཆེན་པོ་ཅིག་ལ་ཇོ་བོ་མཎྜལ་མཛད་ཅིང་ཕྱག་སེར་ག་ཤིག་གེ་ཡོད་པ་ལ་ཇོ་མོ་སྒྲོལ་མ་བྱོན་ནས་ད་དེ་ཙམ་གྱི་དཀའ་བ་བགྱི་ག་ན་འཚལ་གསུངས།
ཡང་མནལ་ལམ་དུ་བུད་མེད་ཀྱི་རྒྱན་གྱི་སིལ་ཁྲོལ་གསན་པས་ལྟ་མི་རུང་དགོངས་ནས་མ་གཟིགས་ཙ་ན་ཁྱོད་མ་ལ་ཡང་མི་གཟིགས་སམ་གསུངས་འཕྲལ་སད་ཙ་ན་སྒྲོལ་མ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཅིག་མངོན་སུམ་དུ་གཟིགས་སྐད། ང་རྨི་ལམ་དུ་སྒྲོལ་མ་ལ་ཡང་མའི་འདུ་ཤེས་སྒོམ་པ་ཡིན་ཏེ་ཇོ་མོ་རང་འདི་ན་བཞུགས་པ་དཔང་པོ་ཡིན་གསུངས་ཏེ་སྒྲོལ་མའི་ཐང་སྐུ་ལ་ཕྱག་མཛུབ་བཙུགས་པ་དེ་ད་ལྟ་རྭ་སྒྲེང་ན་ཡོད་སྐད། ཡང་གཟིམས་ཆུང་དུ་གདུགས་ཚོད་ཀྱི་བཤོས་འདྲེན་དུ་བྱོན་པས་སྤྱན་ནམ་མཁའ་ལ་གཟིགས་ནས་མཻ་ཏྲི་མཻ་ཏྲི་གསུང་བས་ལོག །ཡང་དེ་བཞིན་དུ་འདུག་སྟེ་དགེ་བཤེས་སྟོན་པས། ཨ་མེ་ལ་ཇོ་བོའི་འཚོ་བ་དེ་གྲངས་སུ་མ་གཞུག་པར་སྲོས་ཤིག་ཇོ་བོས་བྱམས་པ་ཞལ་གཟིགས་ཚོད་དུ་འདུག །འོ་སྐོལ་གཉིས་ཀྱིས་མཐོང་དུས་ནི་མེད་གསུངས། གུང་ཡོལ་ཁར་ངའི་ཆོས་སྟོན་ཁྱེར་ལ་ཤོག་གསུངས་ཏེ་ཇི་ལྟར་ལགས་ཞུས་པས། མེ་ཏྲི་བྷི་ཁོ་ལི་གསུང་། དྲོ་ཐོན་ནས་ད་ནང་ནས་རྗེ་བཙུན་བྱམས་པ་དང་། འཇམ་དཔལ་གཉིས་མདུན་གྱི་ནམ་མཁའ་འདིར་བྱོན་ཐེག་པ་ཆེན་པོའི་ཆོས་ལ་བགྲོ་བ་མཛད། ཕྱག་རྡོར་གྱིས་བར་ཆད་སྲུང་། ལྷའི་བུ་རྣམས་ཀྱིས་ཟིན་བྲིས་བྱས། ད་དེ་འབྲི་དགོས་གསུང་ནས་ཕྱག་བྲིས་མཛད། ངས་འདི་འདྲ་ཞིག་མཐོང་བས། འདི་དང་བྱང་ཆུབ་ཆེན་པོ་པུ་རི་མ་དང་། ཡི་གེ་དྲུག་པ་བྲག་རི་མ་གསུམ་བྲིས་ལ་ཚུར་སྐུར་ཞེས་བྲི་ཀ་མ་ལར་བསྐུར་བས། རྒྱ་གར་ཤར་ཕྱོགས་ནས་པཎྜི་ཏ་མཁས་པ་བོས་ནས་བྲིས་ཏེ་བསྐུར་བྱུང་བ་སྙེ་ཐང་ན་ཡོད་སྐད།
ཡང་སངས་རྒྱས་ཐམས་ཅད་གདུལ་བྱ་ལ་གང་འདུལ་དུ་བསྟན་པ་ལས། རང་མདོག་གསེར་མདོག་འདུག་གསུངས་ནས་རིགས་ལྔ་སེར་འཇམ་དུ་མཛད། དེ་དུས་ཁམས་སྟོན་རྒྭ་ཆེན་རྒྭ་ཆུང་གཉིས་བ་རི་བ་སོགས་རྒྱ་གར་དུ་ལམ་རྒྱུས་དང་འཕྲལ་སྐད་དང་བྱིན་རླབས་ཞུར་བྱུང་བས་བྱིན་རླབས་མཛད། ཁྱེད་རང་ལ་བར་ཆད་མེད་གཞན་ལ་ཕན་ཐོགས་པར་འོང་བ་འདུག་གིས་བླ་མ་རྡོ་རྗེ་གདན་པའི་སྤྱན་སྔར་སོང་ཞིག་གསུངས། དེའི་དུས་ཆོས་ཐམས་ཅད་ཀྱང་ཞལ་ཆེམས་སུ་གསུང་ཞིང་དྷརྨ་ཨ་ལོ་ཀ་ཡམ་ཆོས་བྱ་བའི་དུས་ཡིན་གསུངས། གསང་སྔགས་ཀྱི་ལམ་འདི་སྦྲུལ་སྨྱུག་དོང་དུ་བཅུག་པའམ་གླང་པོ་ཆེའི་སྣ་ལ་རལ་གྲི་བཏགས་པ་དང་འདྲ་སྟེ་ཁེ་ཉེན་ཆེ་བ་ཡིན་གསུངས། བོད་ཀྱིས་རྒྱུད་སྡེ་བཞི་ག་ལོངས་སྤྱད་མི་ནུས། བོད་ལ་རྣལ་འབྱོར་རྒྱུད་འཚམས་གསུངས། གཟིམས་ཁང་གི་སྒོ་བསྡམས་ཚེ་ཕྱིར་གདུགས་ལ་བཞུགས་གདའ་བས་དགེ་བཤེས་སྟོན་པས་ཨ་ཏི་ཤ་རྩིག་པ་ལ་ཐོགས་པ་མེད་མཆི་སྐད་ན་མེད་དམ་ཞེས་ཞུས་པས་རྒྱ་གར་ན་དེ་སྐད་དུ་གྲགས་གསུང་ཞིང་། སྐུ་གཤེགས་ཀར་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་བཞུད་པ་ཀུན་གྱིས་མཐོང་། རྒྱ་གར་ནས་སློབ་མས་གསོལ་བ་བཏབ་པའི་དྲིལ་བུའི་སྒྲ་དང་། ལྷས་མཆོད་པའི་རོལ་མོའི་སྒྲ་རྣམས་གསན་གསུངས། ངའི་བླ་མ་རྣམས་དགའ་ལྡན་ན་བཞུགས། ང་ཡང་དགའ་ལྡན་དུ་འགྲོ་གསུངས།
དེ་ལྟ་བུ་མང་དུ་གསུང་བས་དགེ་བཤེས་སྟོན་པས་འདི་ན་ངོ་མཚར་གྱི་གཏམ་མང་ཞེས་ལོ་ཙཱ་བ་སྤྱན་དྲངས། སྔོན་ན་རོ་པའི་སློབ་མ་པཎྜི་ཏ་ཛྙཱ་ན་ཀཱ་ར་ལ་འཕགས་སྐོར་གྱི་མན་ངག་ཅིག་ཞུར་ཡོད་པ་དེ་ཡིད་ལ་བཅགས་སོ་གསུང་བས། ལོ་ཙཱ་བས་བལ་པོར་མི་མཐོ་བཙུགས་ནས་བཞག་པས་པཎྜི་ཏ་དེ་བྱོན། རྒྱ་གར་ལ་འབྱོན་པ་འདུག་པས་མྱུར་དུ་བྱོན་ཟེར་བ་བྱུང་། ལོ་ཙཱ་བས་དེ་སྙན་བསྐུལ་བས་དེ་ལྟར་ཡིན་ཡང་ཁོ་བོ་ནི་རྒས་པས་ཉན་པའི་མཐུ་མེད། ཁྱོད་འབོད་པ་ཅིག་འོང་གིས་དེའི་དུས་སོང་ལ་ཆོས་དེ་ཉོན། དེའི་བར་འུ་ཅག་འགྲོག་ང་ཡང་ད་སྟེ་ཟླ་བ་བཅུ་ཙམ་ན་དགའ་ལྡན་དུ་བྱམས་པའི་དྲུང་དུ་འགྲོ། སེམས་ཅན་ཀུན་རྟག་ཏུ་གཅིག་པོར་འགྲོ་བ་ཡིན་པས་འུ་ཅག་ཀྱང་རྟག་ཏུ་མི་འགྲོགས་སོང་གསུངས། ལོ་ཙཱ་བས་བདག་གིས་ཇོ་བོ་འབོར་མི་ནུས་པར་གདའ་བས་མི་འཆི་བར་ཞུ་ཞུས་པས། ཐེག་པ་ཆེན་པོའི་ཆོས་ལ་བར་ཆད་མང་བས་ཁྱོད་ཅིས་ཀྱང་འགྲོ་དགོས། དེའི་བར་དུ་མཆོད་པ་དང་གསོལ་བ་ཐོབ་གསུངས། ཟླ་བ་གཅིག་ན་སློབ་དཔོན་རྒྱལ་རིན་གྱིས་ཕོ་ཉ་གཉིས་ལ་མྱུར་དུ་བྱོན་ཟེར་བ་བྱུང་ནས། ཇོ་བོས་ང་ཡང་དགའ་ལྡན་དུ་ལྷའི་བུ་ནམ་མཁའ་དྲི་མེད་བྱ་བར་འགྱུར། ཁྱོད་ཀྱིས་ངའི་ལུས་ཚད་དུ་གཟུགས་བརྙན་ལེགས་པར་བྲིས། ང་དགའ་ལྡན་ནས་ཁུག་ལ་རབ་གནས་གྱིས། གསོལ་བ་ཐོབ་ང་དགའ་ལྡན་ནས་འོང་བ་ཡིན་ནོ། །
ད་དུང་ཟླ་གཅིག་སྡོད་ལ་གསོལ་བ་ཐོབ་གསུངས་ཏེ་ཟླ་བ་ཕྱེད་དང་གཉིས་སུ་མཆོད་ཅིང་གསོལ་བ་བཏབ། དེའི་དུས་བོད་སྟོན་ཐམས་ཅད་འདུས་ནས་ཇོ་བོའི་རྣམ་སྲོལ་སུས་འཛིན་ཟེར་བས་ལོ་ཙཱ་བའི་གསུང་ནས། ཆོས་ཐམས་ཅད་ནས་ཡོན་ཏན་བླ་མ་ལས་སྐྱེ་བར་བཤད་འདུག་བླ་མའི་ཞབས་ཏོག་འབྲོམ་གྱི་འདྲ་བ་སུས་ཀྱང་མ་གྲུབ། ཇོ་བོའི་སྲོལ་འབྲོམ་སྟོན་པས་འཛིན་ཐང་གསུངས་པས་ཐམས་ཅད་མ་དགའ། འབྲོམ་སྟོན་འདྲ་བས་ཟེར་ཏེ་ཕྱིས་དེ་ཁོ་ན་ཡིན་པར་སྣང་། དེ་ནས་ཇོ་བོས་ལོ་ཙཱ་བ་ད་སོང་གསུངས་ཏེ་ལོ་ཙཱ་བས་བླ་མ་དགའ་ལྡན་གྱི་གནས་ནས་བདག་ལ་གཟིགས་སུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། སྤྱན་རས་ཀྱིས་བཙར་གསོལ། བླ་མ་ཉིད་སྐུའི་གཟུགས་བརྙན་དུ་འབྱོན་པར་ཞུ་འཚལ་ཞེས་གསོལ་བ་བཏབ། ཇོ་བོས་ཀྱང་དེ་ལྟར་བྱའོ་ཞེས་ཞལ་གྱིས་བཞེས། འབྲོམ་གྱིས་ཀྱང་མི་ཆོས་གནད་ཀྱི་ཕྲེང་བ་སོགས་ཞལ་གདམས་སུ་མཛད་དེ་ལོ་ཙཱ་བ་བྱོན། རྣལ་འབྱོར་པ་ཆེན་པོས་བདག་བསོད་ནམས་ཆུང་བས། བླ་མའི་ཞབས་ཏོག་ལས་སྒོམ་རྒྱུ་མ་བྱུང་སྙམ་པ་ན་ཇོ་བོའི་ཞལ་ནས་སྒོ་གསུམ་བླ་མའི་ཞབས་ཏོག་ལ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས་གསུངས་ཏེ། ཕྱིས་དགེ་ཤེས་དགོན་པ་བའི་གསུང་ནས་སློབ་དཔོན་སྟོན་པས་ལོ་ཙཱ་བྱས། སློབ་དཔོན་རྣལ་འབྱོར་པས་གཡོག་བྱས། ངས་བསྒོམས་པ་ཡིན་ཏེ་རྟོགས་པ་དེ་ཁོང་གཉིས་མཐོ་བར་འདུག་གསུང་སྐད། ཨ་ཙ་ར་ཞིག་གི་དྲུང་ན་གསེར་ཅུང་ཟད་ཡོད་པ་འདི་སྐྱེལ་དུ་རྣལ་འབྱོར་པ་གཏོང་དགོས།
ནད་མེད་པ་ནི་བདེ་བའི་མཆོག །དགའ་བ་བྱིན་པ་སྦྱིན་པའི་མཆོག །
མྱ་ངན་འདས་པ་བདེ་བའི་མཆོག །བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག །
གསུངས། འབྲོམ་གྱིས་ཁོང་མི་གཏོང་བར་ཞུས་ཀྱང་། ཁོ་བསམ་པ་བཟང་བས་དོན་འགྲུབ་འོང་གསུངས་ནས་གསེར་སྲང་སུམ་ཅུའི་ཀོ་ཐུམ་དང་། གཞན་ཤས་ཅིག་ལ་བྱིན་རླབས་ཤིག་བྱ་བས་མ་རེག་ཅིག་གསུང་བ་ལ་གཅིག་གིས་རེག་པས་བར་ཆད་ཅིག་འོང་བར་འདུག་སྟེ་མི་ཚུགས་པར་འདུག་གི་གསུངས། རྣལ་འབྱོར་པས་ཇོ་བོ་དང་ད་མི་མཇལ་སྙམ་ནས་མཚན་རངས་བཤུམས་པས་སྤྱན་ཀུན་ཐོ་བ་ཙམ་དུ་སོང་སྐད། བར་ཆད་ལན་གསུམ་དུ་བྱུང་ཡང་སྐྱོན་མེད་དུ་བི་ཀྲ་མ་ལར་འཁྱོལ། ཇོ་བོ་སྐུ་འདའ་གར་མི་རེ་ལ་ཞལ་ཆེམས་རེ་གསུངས། རྣལ་འབྱོར་པ་དང་དགོན་པ་བས་ད་མན་ཇི་ལྟར་བགྱི་ཞུས་པས། འཇིག་རྟེན་བློས་ཐོང་། ཚེ་མཇུག་འདི་སྟོན་པ་ཆེན་པོ་དང་མ་བྲལ་བ་གྱིས་གསུངས། ཅི་ལགས་ཞུས་པས་ངས་བྱིན་གྱིས་བརླབས་པ་ཡིན་གསུངས། ཕྱག་ཁྲི་མཆོག་གིས་ཇོ་བོ་འདས་ནས་བདག་གིས་བཤད་དམ་ཞུས་པས་བྱ་བ་ངན་པ་འཕྲོ་ཆོད་གསུངས། སྒོམ་མམ་ཞེས་དང་། སྒོམ་ཡང་སྒོམ་བཤད་ཀྱང་བཤད་དམ་ཞུས་ཀྱང་དེ་སྐད་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། དབེན་བ་གྱིས་གསུངས། སེམས་བཟང་པོ་མེད་ན་ཐོས་བསམ་སྒོམ་གསུམ་ཅི་བྱས་ཀྱང་དོན་མེད་པས་སེམས་བཟང་པོ་གྱིས་གསུངས། དགེ་བཤེས་སྟོན་པ་ལ་ཤིང་རྟའི་སྲོལ་གསུམ་གྱི་སྐྱེས་བུ་ཆེན་པོའི་ཆོས་ལུགས་དུས་གསུམ་གྱི་སངས་རྒྱས་བྱང་སེམས་ཀུན་གྱི་ཤིང་རྟ་ཆེན་པོའི་ལམ་འདི་ཁྱོད་ལ་གཏད་ཀྱིས་ཟུང་ཞིག་ཅེས་དང་།
ད་ནི་གུང་ཐང་པ་ཡང་ཡར་ལ་སོང་། །ཨ་མེས་དམ་པ་རྒྱ་གར་ཡུལ་དུ་ཆས། །ཁུ་རྔོག་ལ་སོགས་ཆེ་བ་རང་སར་སྐྱོང་། །ཁྱོད་ཀྱི་དྲུང་ན་ཁོ་བོ་དགོང་ཉི་ཙམ། །ཡིན་མིན་ཀུན་གྱི་མགོ་ལྟག་འབྱེད་པའི་དུས། །སྙིང་པོ་ཐམས་ཅད་གཅིག་ཏུ་དྲིལ་བའི་དུས། །ཐོས་བསམ་སྒོམ་གསུམ་གཅིག་ཏུ་སྤྲུག་པའི་དུས། །འབྲོམ་རྗེ་ཐུབ་པའི་བསྟན་པ་ལྔ་སྟོང་གནས། །འོན་ཀྱང་བོད་དུ་ཆོས་སྤྱོད་ཇི་ལྟར་དར། །བདག་གིས་བསྟན་པ་དཀྲོང་སྐྱེད་བྱས་པ་ཡིན། །ད་ནི་ལེགས་པར་གཞི་བཞེངས་ཚར་བ་ཡིས། །ཆོས་འདི་ལེགས་པར་སྐྱོངས་ཤིག་རྒྱལ་བ་འབྲོམ། །མཐའ་རྒྱ་བྱང་ནས་སྐྱེད་ཅིག་སྙིང་སྟོབས་ཅན། །ཕོ་རུས་རྣམ་ཐར་ཟུང་ཞིག་ཁྲེལ་གཞུང་ཅན། །ཕ་གཅིག་བུ་གཅིག་ཡིན་ནོ་སྙིང་ལ་སོགས། །གུང་ཐང་པ་ནི་བླ་མ་གཉིས་པ་འཆོལ། །འབྲོམ་རྗེ་ཁྱོད་ཉིད་ཁོ་བོ་གཅིག་པུ་སེམས། །སྦྲུལ་གྱི་ལྤགས་པ་བརྗེས་ཀྱང་སྦྲུལ་མི་རྗེ། །ཁོ་བོ་འཆི་ཚུལ་བསྟན་ཡང་ཨ་ཏི་ཤ །བདག་གི་བསྟན་པ་འདི་ནི་ཁྱོད་ལ་གཏད། །ལོ་སྐོར་གཅིག་གི་ནང་དུ་བྱང་ཕྱོགས་སུ། །ཆོས་ཀྱི་ཆར་པ་ཕོབ་ལ་གཞན་དོན་མཛོད། །དེ་ནས་ཁྱོད་ཀྱི་ཡོན་ཏན་མ་ལུས་པ། །གང་ཟག་གཅིག་གིས་བླང་བར་མི་ནུས་ཀྱི། །ལས་ཚན་བརྒྱད་ཅུར་བགོས་ལ་མཐའ་རྒྱ་སྐྱེད། །གཙོ་བོ་སྤྲུལ་པའི་སྐུ་མཆེད་གསུམ་པོ་ལ། །གཞུང་དང་མན་ངག་ཐུན་མོང་གསུམ་བྱིན་ལ། །ལྷག་ཆད་མེད་པར་རང་གི་གདན་ས་གཏོད། །གནས་ཀྱི་གདན་སར་ཨ་མེས་ཆེན་པོ་སྐོས། །དེ་ནས་ཞེན་ཞིང་ཆགས་པར་མ་བྱེད་པར། །དགའ་ལྡན་གནས་སུ་བདག་གི་དྲུང་དུ་ཤོག །
ཅེས་འབྲོམ་ལ་བསྟན་པ་བཏད། ཇོ་བོའི་བཀས་བླ་མཆོད་རྣམས་མན་ཆད་ཀྱིས་བཤེས་གཉེན་པ་ལ་དབུ་མཛད་རྣལ་འབྱོར་པ་བཞིས་སྣ་དྲངས་ནས། སྣ་ཐག་སོར་བཞི་དེ་རིང་འབྲོམ་ལ་གཏོད། །ཧྲལ་ཧྲུལ་ཐམས་ཅད་མི་ཚེ་བྱང་དུ་འབྱིད། །ཚེ་མཇུག་ཉི་མའི་འདེ་ས་བྱང་དུ་བྱ། །ཞེས་མགོ་ལུས་ཕུལ། དེ་ཡང་གླེགས་བམ་ནས་གསུངས་པ་ལྟར་ན་ཡེར་པར་ཟབ་ཆོས་རྣམས་བགྲོ་བ་རྫོགས་ནས་སྒྲོལ་མས་སྙེ་ཐང་དུ་བསྐུལ། ལམ་དུ་ལྷ་སར་ཐུབ་པའི་ཞལ་ནས་མར་མེ་མཛད་ཁྱོད་ཀྱིས་རྡོ་རྗེ་གདན་ནས་འདིར་འོངས་སེམས་ཅན་མང་པོའི་དོན་བྱས། བསྟན་པ་ཉིན་མོར་བྱས་པས་ད་ནི་དགའ་ལྡན་ན་དོན་ཆེ་བས་སྲས་ཀྱི་ཐུ་བོ་རྒྱལ་ཚབ་ཏུ་ཞོག་ལ་དགའ་ལྡན་དུ་འབྱོན་པར་གནང་ངོ་གསུངས། སྒྲོལ་མས་ཀྱང་ད་ནི་དགའ་ལྡན་དུ་སྨོན་ལམ་བཏབ་པའང་གྲུབ་པར་ཉེའོ་གསུངས། སྙེ་ཐང་དུ་ཕེབས་ཏེ་ཁྲུམས་ཟླའི་བཅོ་ལྔ་ནས་བཟུང་དབྱུག་གུའི་བཅོ་བརྒྱད་ཀྱི་བར་ཉིན་རེ་ཞིང་འདའ་བའི་ལྟས་རེ་སྣང་སྟེ། དེ་ཡང་བཅོ་ལྔའི་ཉིན་བདུད་རིས་རྣམས་དགའ་ཞིང་སྤྲོ་བ། བཅུ་དྲུག་ལ་ལྷ་རྣམས་སྨྲེ་སྔགས་འདོན་པ། དེ་བཞིན་དུ་གར་ཡང་བག་མི་ཕེབས་པ་དང་། ཤར་རིའི་རྩེར་དྲང་སྲོང་ལོ་སྟོང་ལོན་པ་ཅིག་སྨོན་ལམ་གྲུབ་པ་ངས་ཇོ་བོ་བཞུགས་པར་གསོལ་བ་མ་ཐེབས་སོ་ཞེས་ངུ་བ་དང་། ལྷོ་རིའི་རྩེར་བྲམ་ཟེ་ཚེ་བསྐལ་པ་བགྲངས་པ་ཞིག་ཇོ་བོ་རྒྱལ་བ་གཤེགས་སོ་ཞེས་ངུ་བ་དང་། ནུབ་རིའི་རྩེ་ན་དྲང་སྲོང་ལོ་སྟོང་ལོན་པ་ཞིག་རྒྱལ་བ་མྱུར་དུ་འདའོ་ཞེས་ངུ་བ་དང་། སྒྲོལ་མ་མྱ་ངན་མཛད་པ་དང་། བྱང་རིའི་རྩེར་གནོད་སྦྱིན་རྣམས་མྱ་ངན་བྱེད་པ་དང་། ལ་རྣམས་འཇའ་ཚོན་གྱི་ལམ་འཆོས་པ་དང་། ཡི་དྭགས་རྣམས་གཏོར་མ་ཆད་པའི་སེམས་ཁྲལ་བྱེད་པ་དང་། དགའ་ལྡན་དུ་འདིར་མགོན་པོ་འཁྲུངས་ཞེས་སྤྲུལ་པའི་པདྨ་ལ་དགའ་བས་སྐོར་བ་དང་། འུར་ཞིང་ས་གཡོས་པའི་གསེབ་ནས་པདྨ་བྱུང་བ་ལ་ཇོ་བོ་བཞུགས་ཏེ་ལྷ་བཞིས་སྤྱན་འདྲེན་པར་རྩོམ་པ་དང་། ས་དང་རྩི་ཤིང་ཐམས་ཅད་དུས་མིན་དུ་མདངས་ཡལ་བས་མྱ་ངན་ལྟར་སྟོན་པ་དང་། ཆུ་རྣམས་ཐོགས་ཤིང་མྱ་ངན་གྱི་སྒྲ་འབྱིན་པ་དང་། བྱ་དང་རི་དགས་རྣམས་མྱ་ངན་བྱེད་པ་དང་། གནམ་སྟོང་གི་ཉིན་དམ་ཚིག་གསུམ་བཀོད་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བས་སྲས་ཀྱི་དབུགས་འབྱིན་མཛད།
འདི་ཡན་ཆད་ནི་དགེ་བཤེས་སྟོན་པ་ཉིད་ཀྱིས་གཟིགས་པ་སྟེ་ལྷའི་མིག་དག་པ་རྣམས་ཀྱི་ཡུལ་ལོ། །ཚུར་མཐོང་གི་དཔྱོད་ལྡན་འགའ་རེས་དགེ་བཤེས་ཐུགས་བྲེལ་བ་ལ་སོམ་ཉི་ཙམ་བྱུང་། དབྱུག་གུའི་ཚེས་གཅིག་ལ་ཀུན་གྱིས་མཐོང་བར་ལྷ་བཞིའི་ཁ་དོག་གི་སྤྲིན་སོ་སོ་ཕྱོགས་བཞི་ནས་འཁྲིགས་ཏེ་འཇའ་འོད་ཀྱིས་གང་། མེ་ཏོག་གི་ཆར་འབབ། རོལ་མོ་སྣ་ཚོགས་སྒྲོག་པར་ཐོས། འབྲོམ་གྱིས་རིགས་ལྔའི་ལྷ་ཚོགས་ཀྱིས་བར་སྣང་གང་། ཇོ་བོ་རྒྱན་ཅན་དུ་བཞེངས་པས་ཤེར་ཕྱིན་གསུང་ཞིང་ཉན་པའི་སེམས་དཔའ་མང་པོས་དབུགས་འབྱིན་པར་གཟིགས། དེ་བཞིན་དུ་ས་རྡོ་རི་བྲག་ཐམས་ཅད་ཤེར་ཕྱིན་གྱི་སྒྲར་འུར་ཞིང་གཞན་ངོར་འུར་སྒྲ་ཆེན་པོ་གྲག་སྤྲིན་གུག་དཀར་པོ་ཅིག་དབུ་ཐོག་ཏུ་ཡལ་མ་ཐག་ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་བྱོན་ནས་དབུགས་ཕྱུང་། ལྟས་ཆེན་པོ་དང་བཅས་ནས་བླ་མ་ཐིག་ལེར་ཐིམ་པ་དང་རྒྱལ་བའི་སྐུར་བཞེངས་པ་དང་རྡོ་རྗེའི་གླུ་དྲི་ལན་དུ་མ་མཛད་ཅིང་སྒྲོལ་མས་དབུགས་ཕྱུང་། དབྱུག་གུའི་ཚེས་བཞི་ནས་དགུའི་བར་དུ་ཐུབ་པ། སྒྲོལ་མ། བདེ་མཆོག །མཁའ་འགྲོ། བླ་མ་རྣམས་ཀྱིས་ལུང་བསྟན་བསྐུལ་ཏེ་བཞུགས་པར་ཞུས། བདེ་གཤེགས་བརྒྱད་ཀྱིས་དབུགས་ཕྱུང་། བཅུ་ལ་ནང་གི་ལྷ་ཚོགས་ཐམས་ཅད་ཚོགས་འཁོར་མཛད། བཅུ་གཅིག་ནས་བླ་མ་སྐུ་ཅུང་ཟད་བསྙུན་པར་བསྟན། བཅུ་གསུམ་ལ་སྐུའི་བཀོད་པས་ཕྱོགས་ཐམས་ཅད་བཀང་སྟེ་ཐིག་ལེར་བསྡུ་བ་དང་བཞེངས་པར་བསྟན། བཅུ་བཞི་ལ་སངས་རྒྱས་འོད་དཔག་མེད་ལ་སོགས་པ་ཐམས་ཅད་བྱོན་མཆོད་པ་ཤོམས། ཁོ་བོ་འཆི་བར་གདའ་ལྷན་སྐྱེས་ཀྱི་ལྷ་ཡང་ངུ་ཞིང་འདུག་གསུངས་ཏེ་འབྲོམ་གྱིས་ལྷ་དང་གནོད་སྦྱིན་ལ་སོགས་པ་ཕྱོགས་ཀུན་ན་མྱ་ངན་བྱེད་པ་གཟིགས་པས་ཅུང་ཟད་བརྒྱལ། བླ་མ་དང་སྒྲོལ་མས་དབུགས་ཕྱུང་ཞིང་། ཁྱོད་ཀྱི་དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། ཨ་མེས་བྱང་ཆུབ་ཀྱིས་མགོ་བྱས་ཐ་མལ་གྱི་རྣམ་རྟོག་མི་རྒྱུ་བའི་དགེ་སློང་བཞི་སྡེ་རེ་ལ་འཚོ་བ་དྲོངས། འདུལ་བ་འཛིན་པའི་དགེ་འདུན་གྱི་སྡེ་ཞིག་ཚུགས། ང་ཟེར་བ་ཡིན་གྱིས་ལ་ཁྱོད་རང་གཉེར་ག་བྱེད་ལོ་གྱིས་དང་། འདི་ལ་བྱེད་པ་པོ་ཞིག་འོང་གིས་གསུངས། སངས་རྒྱས་རྣམས་ཀྱིས་དབུགས་ཕྱུང་། བླ་མ་དང་སངས་རྒྱས་ཐམས་ཅད་ཐིག་ལེར་གྱུར་པའི་ཐིག་ལེ་འབྲོམ་གྱི་ཐུགས་ཀར་ཐིམ། ཅི་ཞིག་ན་གཟུགས་སྐུར་བཞེངས་སོ།།
ཉ་ལ་འབྲོམ་ལ་ཡེར་པའི་བྲག་རི་འགྱེལ་བ་དང་། ཇོ་བོ་ལ་ས་གཞི་བར་སྣང་འབྲོམ་གྱི་སྲས་ཀྱིས་གང་བར་རྨིས་ཏེ་དྲི་ལན་མཛད། མཐར་ཡབ་སྲས་དབྱེར་མེད་དུ་ཐིག་ལེར་གྱུར་པ་ལས་སླར་སོ་སོར་བཞེངས་སོ། །དེ་ལྟར་ལོ་གཅིག་དང་ཁྱད་པར་ཁྲུམས་ཀྱི་བཅོ་ལྔ་ནས་དབྱུག་གུའི་བཅོ་བརྒྱད་ཀྱི་བར་ཉིན་རེ་ཞིང་འབྲོམ་གྱི་སྤྲུལ་པ་དཔག་ཏུ་མེད་པས་མྱ་ངན་ལས་མི་འདའ་བར་གསོལ་བ་ལས། སྐུ་དངོས་ཀྱི་གདུལ་བྱ་མེད་པའི་ཕྱིར་བཞུགས་པར་ཞལ་གྱིས་མ་བཞེས་ཀྱང་། དེ་སྲིད་དུ་གཟུགས་སྐུའི་སྣང་བརྙན་བསྟན་ལ། དགུང་ལོ་དོན་གསུམ་རྟ་ལོ་དབྱུག་གུའི་བཅོ་བརྒྱད་ལ་བབ་ཚེ་དགེ་བཤེས་པས་ཀྱང་ནོངས་པ་བཟོད་གསོལ་དང་། དགེ་བ་བསྔོས་ཏེ་ཇོ་བོ་ཉིད་གཟུགས་སྐུ་སྤྲོ་བ་དང་བསྡུ་བའི་ཆོ་འཕྲུལ་མཐའ་ཡས་པས་དགའ་ལྡན་དུ་གཤེགས་ཤིང་གཞན་ངོར་གདུང་ཙམ་ཞིག་བསྟན་ནོ། །དེ་ཕྱིན་ཐུགས་ཁྲལ་གྱི་ཚུལ་མི་སྟོན་པར་བོད་སྟོན་རྣམས་ཀྱི་མྱ་ངན་སངས། དེ་ནས་དགེ་བའི་བཤེས་གཉེན་གྱི་གདུང་འཕགས་པ་མྱ་ངན་ལས་འདས་པ་ལྟར་སྦྱོང་གསུང་བས་སྙེ་ཐང་ན་མོ་ཆེར་པུར་ཞུགས་ཀྱིས་སྦྱངས། ཞེས་གསལ་ལོ།། །།
དཔྱད་གཞིའི་ཡིག་ཆ།
[1] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་ ༦༥༥ ནས ༧༠༣ བར།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༧ ནས་ ༢༥༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།