༢) ཆོས་ཆུང་བརྒྱ་རྩའི་ལུང་གི་ལུང་བརྒྱུད།

༢) ཆོས་ཆུང་བརྒྱ་རྩའི་ལུང་གི་ལུང་བརྒྱུད།

 

དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས[1]། དཔལ་མཉམ་མེད་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཐུགས་དམ་དུ་མཛད་པའི་ཆོས་ཆུང་བརྒྱ་རྩར་གྲགས་པ། ༡ བྱང་ཆུབ་ལམ་གྱི་སྒྲོན་མ་རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀཱ་ར་དང་བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ༢ སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོས་ནེ་པཱ་ལའི་ཡུལ་དུ་གྲོགས་པོའི་དོན་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱའི་འགྱུར།

༣ བདེན་པ་གཉིས་ལ་འཇུག་པ་གསེར་གླིང་རྒྱལ་པོས་དགེ་སློང་དེ་ཝ་མ་ཏི་བཏང་བའི་ངོར་ཇོ་བོས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གི་འགྱུར། ༤ དབུ་མའི་མན་ངག་ཇོ་བོ་དང་ནག་ཚོ་ལོ་ཙཱ་བའི་འགྱུར། ༥ སྙིང་པོ་བསྡུ་བ་ཇོ་བོ་དང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩའི་འགྱུར། ༦ སྙིང་པོ་ངེས་པར་བསྡུ་བ་ཇོ་བོས་སྙེ་ཐང་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱའི་འགྱུར། ༧ བྱང་ཆུབ་སེམས་དཔའ་ནོར་བུའི་འཕྲེང་བ་ཇོ་བོ་ཉིད་ཀྱིས་སྒྲ་རང་བསྒྱུར་དུ་མཛད་པ། (ཆོས་རྗེ་དཔའ་བོའི་གསན་ཡིག་ན་འདི་བཀའ་གདམས་ཀྱི་རྩ་བ་ཡིན་པས་འབྲོམ་གྱིས་གསུངས་པའི་ཕྱོགས་མཛད་པ་ནི་ཅུང་ཟད་མ་དགོངས་པར་མངོན་ཏེ་ཕ་འབྲོམ་སྟོན་གྱིས་ཞུས་ནས་ཇོ་བོས་གསུངས་པ་ལ་ཕ་ཆོས་དང་། བུ་ཁུ་རྔོག་གིས་ཞུས་ནས་གསུངས་པར་བུ་ཆོས་ཞེས་གྲགས་པས་སོ།།)

༨ བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་འགྱུར་བྱང་མ་གསལ་བ། ༩ འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ་ཇོ་བོ་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གིས་བསྒྱུར་བ་ལ་སླར་ཡང་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་འགྱུར་བཅོས་མཛད་པ། ༡༠ ཚུལ་ཁྲིམས་ཀྱི་སྤྱོད་པའི་གླུ་པཎྜི་ཏ་བཛྲ་པཱ་ཎི་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༡༡ ཆོས་ཀྱི་དབྱིངས་སུ་བལྟ་བའི་གླུ་ཇོ་བོ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༡༢ དྲན་པ་གཅིག་པའི་མན་ངག་ཇོ་བོས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་ངོར་མཛད་པ་ལོ་པཎ་དེ་གཉིས་ཀྱི་འགྱུར། ༡༣ བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་ལམ་ལ་འཇུག་པར་བསྟན་པ་ཇོ་བོས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དོན་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༡༤ སྐྱབས་སུ་འགྲོ་བ་བསྟན་པ་འགྱུར་བྱང་མི་གསལ་བ། ༡༥ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ་ཇོ་བོ་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ༡༦ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་འགྱུར་བྱང་གོང་འདྲ། ༡༧ རང་གི་བྱ་བའི་རིམ་པ་བསྐུར་བ་དང་བཅས་པ་ཡི་གེར་བྲིས་པ་འགྱུར་བྱང་གོང་དང་འདྲ་བ། ༡༨ མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་ཇོ་བོ་དང་ནག་ཚོ་ལོ་ཙཱའི་འགྱུར། ༡༩ མི་དགེ་བ་བཅུའི་ལས་ལམ་བསྟན་པ་འགྱུར་གོང་འདྲ། ༢༠ ལས་རྣམ་པར་འབྱེད་པ་འགྱུར་གོང་དང་འདྲ། ༢༡ ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཇོ་བོ་དང་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། ༢༢ འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག ། ༢༣ ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག །(རྡོ་རྗེ་གདན་པའི་གསན་ཡིག་ཁ་ཏོན་དང་གླེགས་བམ་གཉིས་ཆོས་ཚན་སོ་སོར་ཕྲལ་འདུག་ཅིང་། ཐར་རྩེ་སྒྲུབ་ཁང་ཤར་པ་གསུམ་གྱི་གསན་ཡིག་ན་གཅིག་ཏུ་མཛད།) ༢༤ ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག ། ༢༥ བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ་གོང་གསལ་བཞི་པོ་དེ་ལ་འགྱུར་བྱང་མི་གསལ། ༢༦ སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ་ཇོ་བོ་དང་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་སླར་ཡང་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པ། ༢༧ ཆོས་ཚན་ཉེར་དྲུག་པོ་འདི་རྣམས་དཔལ་དཱི་པཾ་ཀཱ་ར་ཉིད་ཀྱིས་མཛད་པ་ཡིན།

སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་པཎྜི་ཏ་པུ་ཎྱ་ཤྲཱི་མི་ཏྲ་དང་ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། ༢༨ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར། ༢༩ སློབ་དཔོན་མཁས་པ་ཆེན་པོ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཡིད་དམ་བླང་བའི་ཆོ་ག་མཁན་པོ་ཆེན་པོ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། (ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསན་ཡིག་ན་སེམས་བསྐྱེད་དང་ཡིད་དམ་བླང་བ་ཁ་ཕྲལ་ཏེ་ཨངྐི་ཡང་སོ་སོར་སྣང་ངོ་།།) ༣༠ སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་རྒྱལ་གསང་བའི་ཞལ་སྔ་ནས་ཀྱིས་མཛད་པའི་ལས་དང་པོ་བའི་ས་སྦྱང་བ་སློབ་དཔོན་ཀྲིཥྞ་པ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༣༡ དེས་མཛད་པའི་སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིངས་ཡིག་ཨཱ་ཙརྱ་དུ་ལོ་བ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། (དཔེ་རྙིང་པ་འདྲ་ན་དགྲ་ལས་རྒྱལ་ཞེས་པ་ལས་རྣམ་མི་འདུག་པ་རྒྱ་སྐད་སོར་བཞག་བསྒྱུར་བ་འདྲ་སྟེ། སློབ་དཔོན་ཛེ་ཏཱ་རི་ཡིན་པར་མཇུག་ཏུ། འཇམ་དཔལ་རྡོ་རྗེས་བྱིན་བརླབས་པའི། །ཛེ་ཏཱ་རིས་མཛད་གཞུང་འདི་ལ། །བརྟེན་ནས་རང་སེམས་སྦྱང་བ་ལ། །མཁས་པ་རྣམས་ཀྱིས་བརྩོན་པར་རིགས། །ཞེས་སྣང་བས་བོད་སྐད་ལ་རྣམ་བསྣན་པ་ལེགས་པར་མངོན་ནོ།།) ༣༢ སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིངས་ཡིག་སློབ་དཔོན་སརྦ་ཛྙ་དེ་ཝ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། ༣༣ མཁས་པ་ཙནྡྲ་གོ་མིས་མཛད་པའི་སློབ་མ་ལ་སྤྲིངས་པའི་ཡི་གེ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༣༤ སློབ་དཔོན་མ་ཏྲི་ཙི་ཏྲས་མ་ཁོལ། མཛད་པའི་རྒྱལ་པོ་ཀ་ནི་ཀ་ལ་སྤྲིངས་པའི་ཡི་གེ་པཎྜི་ཏ་བི་དྱ་ཀཱ་ར་པྲ་བྷ་དང་ལོ་ཙཱ་བ་རིན་ཆེན་མཆོག་གིས་བསྒྱུར་བ་སླར་ཡང་ཨཱ་ཙརྱ་དཔལ་བརྩེགས་ཀྱིས་བཅོས་པ།

༣༥ སློབ་དཔོན་དོན་ཡོད་འཆར་གྱིས་རྒྱལ་པོ་སྙན་ངག་མཁན་ལ་གདམས་པའི་དྲི་མ་མེད་པའི་དྲིས་ལན་རིན་ཆེན་འཕྲེང་བ་ཞེས་བྱ་བ་པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར། ༣༦ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པ་སརྦ་ཛྙ་དེ་ཝ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། ༣༧ སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༣༨ སློབ་དཔོན་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱི་མཛད་པའི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དྷ་རྨ་ཀཱ་ར་དང་ལོ་ཙཱ་བ་གཙང་དེ་བེནྡྲ་རཀྵི་ཏའི་འགྱུར། ༣༩ སློབ་དཔོན་མཁས་མཆོག་རྟ་དབྱངས་ཀྱིས་མཛད་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༤༠ བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་པཎ་ཆེན་བུདྡྷ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༤༡ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མྱ་ངན་བསལ་བ་ཞེས་བྱ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༤༢ སློབ་དཔོན་གསང་བ་བྱིན་གྱིས་མཛད་པའི་གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་འགྱུར་བྱང་མེད་པ། ༤༣ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་པཎྜི་ཏ་གངྒཱ་དྷ་ར་དང་ལོ་ཆེན་རིན་བཟང་གི་འགྱུར། ༤༤ དེས་མཛད་པའི་ཚུལ་ཁྲིམས་ཀྱི་གཏམ་སློབ་དཔོན་ཛ་ལན་དྷ་ར་དང་ལོ་ཙཱ་བ་རིན་བཟང་གི་འགྱུར།

༤༥ དེས་མཛད་པའི་ཚོགས་ཀྱི་གཏམ་པཎྜི་ཏ་གངྒཱ་དྷ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༤༦ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མི་ཁོམ་པ་བརྒྱད་ཀྱི་གཏམ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༤༧ སློབ་དཔོན་དཔའ་བོས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལེའུ་བརྒྱད་པ་སློབ་དཔོན་རུ་ཏྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། (ལ་ལས་འདིའི་ནང་གི་མཎྜལ་ཟུར་དུ་ཕྱུང་ནས་དཔའ་བོས་མཛད་པའི་མཎྜལ་ཞེས་ངོས་འཛིན་པའང་སྣང་ངོ་།།) ༤༨ སློབ་དཔོན་མ་ཏྲི་ཙི་ཏྲས་མཛད་པའི་ཕྱིན་ཅི་ལོག་བཞི་སྤོང་བའི་གཏམ་པཎྜི་བུདྡྷ་བྷ་དྲ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། ༤༩ དེས་མཛད་པའི་རྩོད་པའི་དུས་ཀྱི་གཏམ་སློབ་དཔོན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ༥༠ སློབ་དཔོན་ས་འཚོ་བྱིན་གྱིས་མཛད་པའི་དབེན་པའི་གཏམ་པཎྜི་ཏ་དཱི་པཾ་ཀཱ་ར་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། (ཐར་རྩེ་སྒྲུབ་ཁང་ཤར་པ་གསུམ་གྱི་གསན་ཡིག་ན་ཆོས་སྦྱིན་ཟེར་བ་འདུག་ཀྱང་དཔེ་རྙིང་པ་འགའ་དང་། རྡོ་རྗེ་གདན་པའི་གསན་ཡིག་ན་འདི་ལྟར་སྣང་།) ༥༡ སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་འཕྲེང་བ་ལས་བྱུང་བའི་ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ། ༥༢ དེས་བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས་བྱུང་བའི་སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ་སློབ་དཔོན་བུདྡྷ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༥༣ སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་བས་མཛད་པའི་སྨོན་ལམ་བདུན་ཅུ་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར། (མཁས་མཆོག་དཔའ་བོ་སྟག་གིས་མངོན་པར་བཅོས་ཏེ་ནགས་ཁྲོད་དུ་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ་སྨོན་ལམ་འདི་མཛད་དོ།།) ༥༤ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་དོན་དམ་བྱང་ཆུབ་སེམས་སྒོམ་པའི་རིམ་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་པཎྜི་ཏ་པདྨ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།

༥༥ དེས་མཛད་པའི་ཀུན་རྫོབ་བྱང་ཆུབ་སེམས་སྒོམ་པའི་མན་ངག་པདྨ་སྤུངས་པ་ཞེས་བྱ་བ་ལོ་པཎ་བཤད་མ་ཐག་པའི་འགྱུར། (སེམས་ནི་རས་ཡུག་དཀར་པོ་འདྲ་ཞེས་སོགས་ཤོ་ལོ་ཀ་བཞི་པ་ཞིག་འདུག་པ་བསྟན་བཅོས་རྩོམ་པ་པོ་དང་ལོ་པཎ་གང་གི་གསུང་ཡིན་ཐེ་ཚོམ་དུ་སྣང་།) ༥༦ སློབ་དཔོན་དབྱིག་གཉེན་གྱི་མདོ་ལས་ཕྱུང་བའི་འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། ༥༧ ཆོས་རྗེས་སུ་དྲན་པ། ༥༨ དགེ་འདུན་རྗེས་སུ་དྲན་པ། ༥༩ འདོད་པའི་ཡོན་ཏན་རྣམ་པ་ལྔའི་ཉེས་དམིགས་བཤད་པ་དང་བཅས་པའི་བཞི་སློབ་དཔོན་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༦༠ འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་སྡེ་ལས་བྱུང་བའི་སྡིག་པ་བཤགས་པའི་ཆོ་ག ། ༦༡ (འདི་གཉིས་གྱི་བར་ན་སྒྲུབ་པའི་ཆོ་ག་ལོགས་ཤིན་ཏུ་ཕྱུང་བ་ཞེས་པའི་ཆོས་ཚན་གཅིག་གོང་དཀར་བའི་གསན་ཡིག་ན་འདུག་ཀྱང་བཤགས་པ་སྒྲུབ་པ་ཞེས་གཅིག་ཏུ་བྱས་པ་ལས་དཔེ་སོ་སོར་མེད།) བསླབ་པ་ཀུན་ལས་བཏུས་ལས་བྱུང་བའི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་སློབ་དཔོན་ཞི་བ་ལྷས་མཛད་པ། (ཐར་རྩེ་སྒྲུབ་ཁང་ཤར་པ་གསུམ་གྱི་གསན་ཡིག་ཏུ་བསྲུང་བ་དང་སྡིག་པ་བཤགས་པ་ཨངྐི་སོ་སོར་བརྒྱབ་པའི་སྐྱོན་གྱིས་ཆོས་ཚན་བརྒྱ་དང་གསུམ་ཡིན་ཁུལ་ལ་རྩི་རྒྱུ་ཨངྒི་བརྒྱ་དང་བཞི་ཡོང་གི་འདུག་ཅིང་། གོང་དཀར་བའི་གསན་ཡིག་ནའང་སོ་སོར་ཕྲལ་འདུག་རུང་ཆོས་ཚན་གཅིག་ཡིན།) ༦༢ སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་མདོ་སྔགས་གཉིས་ཐུན་མོང་བའི་མཎྜལ་གྱི་ཆོ་ག་འགྱུར་བྱང་མི་གསལ་བ། ༦༣ སློབ་དཔོན་དགྲ་ལས་རྣམ་རྒྱལ་གསང་བས་མཛད་པའི་མཎྜལ་འབུལ་བའི་ཆོ་ག་ཨ་དུ་ལོ་པ་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༦༤ དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པས་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་མཎྜལ་གྱི་ཆོ་ག་ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། (མཚན་ཡོངས་གྲགས་སློབ་དཔོན་རྡོ་རྗེ་གདན་པ་ཟེར།)

༦༥ སློབ་དཔོན་རྙོག་པ་མེད་པའི་རྡོ་རྗེས་མཛད་པའི་མཎྜལ་གྱི་ཆོ་ག་སློབ་དཔོན་ཨ་དུ་ལོ་པ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ༦༦ སློབ་དཔོན་ཀཾ་མ་ལས་མཛད་པའི་སྔགས་ཀྱི་མཎྜལ་གྱི་ཆོ་ག་འགྱུར་རྙིང་། (དཔེ་ལ་ལར་ཀ་མ་ལ་ཤྲཱི་ལས་མཛད་ཟེར་བ་སྣང་བ་མཚན་ལ་འཁྲུལ་གཞི་བྱུང་བ་འདྲ་ཡང་། ཀ་མ་ལ་ནི་ཆུ་སྐྱེས་ཀྱི་རིགས་དང་ཀཾ་མ་ལ་ནི་ཟླ་བར་འཇུག་གོ།) ༦༧ སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ་སློབ་དཔོན་བི་ན་ཡ་ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༦༨ སློབ་དཔོན་ནག་པོའི་ཞབས་ཀྱི་མཛད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༦༩ སློབ་དཔོན་ཨ་བ་དྷུ་ཏི་པས་མཛད་པའི་བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་སློབ་དཔོན་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། ༧༠ དེའི་འགྲེལ་པ་སློབ་དཔོན་བཱ་ན་ཤཱི་ལས་མཛད་པ་འགྱུར་བྱང་གོང་དང་འདྲ་བ། ༧༡ སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བའི་གནས་དང་སྤྱད་པར་མི་བྱ་བ་སྟེ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་རྒྱ་ནག་གི་མཁན་པོ་ཧཱ་ཤང་ཟབ་མོ་དང་ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། ༧༢ དངོས་གྲུབ་བརྙེས་པའི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣལ་འབྱོར་རྟོག་པའི་གེགས་སེལ་ཞེས་བྱ་བ་འགྱུར་རྙིང་ཡིན་ཅིང་། འདི་གསང་སྔགས་ཡོ་གའི་རྒྱུད་ལ་བརྟེན་ནས་བཤད་པ་འདྲ་ཟེར་བ་སྣང་ངོ་། ། ༧༣ མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པའི་རྣལ་འབྱོར་གྱི་མཚན་ཉིད་བདེན་པ་འགྱུར་བྱང་མི་གསལ་བ། ༧༤ སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པའི་རྣལ་འབྱོར་སྒོམ་པ་ལ་འཇུག་པ་སློབ་དཔོན་པྲ་ཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར།

༧༥ འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་པདྨའི་ཟེའུ་འབྲུ་སྤྱི་བོས་ལེན་པའི་སྡེ་སྣོད་གསུམ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་རྣལ་འབྱོར་སྒོམ་པའི་ལམ་འགྱུར་བྱང་མི་གསལ་བ། ༧༦ སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་རྣལ་འབྱོར་ལ་འཇུག་པ་སློབ་དཔོན་དྷརྨ་ཤྲི་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༧༧ སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་མི་སྡུག་པ་སྒོམ་པའི་རིམ་པ་འགྱུར་རྙིང་། (མི་གཙང་བ་སྒོམ་པའི་ཐབས་བཤད་པའང་ཟེར།) ༧༨ སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་པའི་ལུས་ཡོངས་སུ་དཔྱད་པའི་སྒོམ་པའི་རིམ་པ་སློབ་དཔོན་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། (གསན་ཡིག་རྣམས་སུ་ས་མགོ་ཅན་བྲིས་འདུག་ཀྱང་བརྗོད་དོན་ལུས་གྱི་ཕྱི་ནང་རྣམས་ལ་དཔྱད་བྱེད་པ་སྣང་།) ༧༩ སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པས་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྒོམ་པའི་རིམ་པའི་མན་ངག་སློབ་དཔོན་པདྨ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༨༠ དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མ་ཧཱ་མ་ཏིས་མཛད་པའི་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པར་སྒོམ་པའི་མདོའི་རྗེས་སུ་འགྲོ་བ་ཞེས་པ་ཨཱ་ཙརྱ་བི་ན་ཡ་ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། (འདིའི་མཇུག་ཏུ་མི་མཆོག་གང་ཞིག་གིས་ནི་ཞེས་སོགས་ཚིག་འབྲུ་བཅུ་གཅིག་སྣང་བ་སུས་མཛད་མ་ངེས།) ༨༡ སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པའི་རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཛ་ལ་ན་དྷ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། (ཕྱོགས་གླང་གིས་མཛད་པ་དང་འདི་གཉིས་བསྟན་བཅོས་རྒྱ་ཆེན་པོ་ནི་ཐོས་ནས་ཀྱང་ཞེས་པ་ནས་བཟུང་སྟེ་མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར་ཞེས་པའི་བར་ཞུས་དག་ཕར་ཡང་འགོ་མཇུག་མི་གཅིག །) ༨༢ སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་མན་ངག་སློབ་དཔོན་ཤནྟི་བྷ་དྲ་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ༨༣ སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པའི་རྣལ་འབྱོར་དཔྱོད་པའི་སྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ་སློབ་དཔོན་པྲཛྙ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། (འདིའི་རྩ་བ་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད།) ༨༤ མཁས་པ་ཆེན་པོ་ཛེ་ཏཱ་རིས་མཛད་པའི་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཤནྟི་བྷ་དྲ་དང་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར།

༨༥ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡོན་ཏན་བདུན་བསྟན་པའི་གཏམ་པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༨༦ མཁན་པོ་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། ༨༧ དེའི་མངོན་པར་རྟོགས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༨༨ (གསེར་གླིང་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གིས། །བཅོམ་ལྡན་འཇམ་དཔལ་རྡོ་རྗེ་མཉེས་བྱས་པས། །བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས། །ཀ་མ་ལ་དང་མར་མེ་མཛད་ལ་གསུངས། །ཞེས་གསེར་གླིང་པས་མར་མེ་མཛད་ལ་བཤད་པ་ཇོ་བོས་བླ་མའི་བཀའ་བསྡུས་ནས་མཛད་པས་མཛད་པ་པོ་ཇོ་བོ་མིན་ནམ་སྙམ་པའི་སོམ་ཉི་མི་དགོས་སོ།།) འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཐེག་པ་ཆེན་པོ་ཉི་ཤུ་པ་ཁ་ཆེ་ཨཱ་ནནྡ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ༨༩ དེས་མཛད་པའི་འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ལེགས་པའི་བློ་གྲོས་དང་ཛྙཱ་ན་ཀུ་མཱ་རའི་འགྱུར་སླད་ཀྱི་དཔལ་བརྩེགས་རཀྵི་ཏས་བཅོས་པ། ༩༠ དེས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། ༩༡ དེས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། དེ་གཉིས་ལ་འགྱུར་བྱང་མི་གསལ། ༩༢ དེས་མཛད་པའི་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ཞེས་པ་ཁ་ཆེ་ཤྲཱི་རཱ་ཐ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ༩༣ དེས་མཛད་པའི་བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ་ཆོས་འདིའི་མཛད་པ་པོའི་ཆེ་བ་དང་བརྗོད་བྱ་བཟང་བ་དང་རྗོད་བྱེད་དབྱིངས་སུ་གྱུར་པའི་སྟོབས་ཀྱིས་རྩལ་ཕྱུང་ཞིང་བསྒྱུར་བ་མང་དུ་སྣང་བ་ལས་ལོ་ཙཱ་བ་རབ་ཞི་ཆོས་ཀྱི་བཤེས་གཉེན་གྱིས་བསྒྱུར་བ་ལ་གཞི་བྱས་གུ་རུ་བ་ཆོས་ཀྱི་ཤེས་རབ། སེང་དཀར་ཤཱཀྱ་འོད། ཤེས་རབ་གྲགས་པ། མར་པ་ཆོས་དབང་། པ་ཚབ་ཉི་མ་གྲགས། མང་ནད་གྲགས་འབྱོར་ཤེས་རབ་བདུན་གྱི་འགྱུར་ལས་དོན་གང་བཟང་ཕྱོགས་གཅིག་ཏུ་བསྡུས་པ། ༩༤ དེས་མཛད་པའི་བླ་ན་མེད་པར་བསྟོད་པ་པཎྜི་ཏ་ལོ་ཏྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར།

༩༥ དེས་མཛད་པའི་སྲིད་པ་ལས་འདས་པར་བསྟོད་པ་ཁ་ཆེ་ཤྲཱི་རཱ་ཐ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ༩༦ སློབ་དཔོན་དཀོན་མཆོག་འབངས་ཀྱི་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པ་པཎྜི་ཏ་སརྠ་ཛྙ་དེ་ཝ་དང་ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ་བནྡེ་དཔལ་བརྩེགས་ཀྱིས་བཅོས་པ། ༩༧ དེའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༩༨ ཡང་དེས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་ལོ་པཎ་བཤད་མ་ཐག་པའི་འགྱུར། ༩༩ སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་དུ་འཕགས་པར་བསྟོད་པ་སྒྱུར་བྱེད་གོང་དང་འདྲ་བ། ༡༠༠ སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་སྒྱུར་བྱེད་གོང་དང་འདྲ་བ། ༡༠༡ སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་སྐྱབས་སུ་འགྲོ་བ་བདུན་ཅུ་པ་ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། ༡༠༢ སློབ་དཔོན་བི་མཱ་ལས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་འགྱུར་བྱང་མི་གསལ་བ། ༡༠༣ ཇོ་བོ་ཆེན་པོ་ཨ་ཏི་ཤས་རྒྱལ་པོ་ནེར་ཡ་ཕ་ལ་ལ་བརྫངས་པའི་དྲི་མ་མེད་པ་རིན་པོ་ཆེའི་ (འདི་དང་བྱང་ཆུབ་སེམས་དཔའ་ནོར་བུའི་འཕྲེང་བ་གཉིས་ཕལ་ཆེར་གཅིག་པས་དཔེ་སྣ་ཟུར་དུ་མི་འདྲེན་ཞེས་ཆོས་རྗེ་དཔའ་བོས་གསུངས་ཀྱང་ཤོ་ལོ་ཀ་གསུམ་བཞི་ཙམ་གྱི་བར་ཞུས་དག་ཕེར་བ་ལ་བར་བར་དུ་མི་ཕེར་བ། རང་སྐྱོན་རྟོག་ལ་མིག་བཞིན་བྱ། །གཞན་སྐྱོན་རྟོག་ལ་ལོང་བ་བཞིན། །ཞེས་དང་། ཚེ་འདི་འབའ་ཞིག་དྲན་པ་དང་། །གཞན་ལ་དད་པ་ཆུང་བ་དང་། །ཞག་གསུམ་འདས་པར་གནས་མི་བྱ། །ཞེས་དང་། མཆོད་པ་བདུན་དུ་རབ་གྲགས་པའི། །ཕུང་པོ་གསུམ་པ་གདོན་པར་མཛོད། །ཅེས་པས་མཚོན་པའི་ནོར་བུའི་འཕྲེང་བར་མེད་པའི་ཚིག་ཤིན་ཏུ་མང་བས་དཔེ་ལུང་གཉིས་ག་ཟུར་དུ་ངེས་པར་དགོས། ཕྱོགས་འདྲ་ཙམ་གྱི་ཆོག་ན་ཤེར་ཕྱོགས་ཀྱི་མདོ་སྡེ་ཡང་ལ་ལ་དོར་རུང་བར་སེམས་སོ། །) འཕྲིན་ཡིག །དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས།

༡༠༣ དེ་ལྟར་ཆོས་ཚན་བརྒྱ་དང་གསུམ་གྱི་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། གནས་ལྔ་རིག་པའི་པཎ་ཆེན་དཱི་པཾ་ཀཱ་ར། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆུ་མིག་པ་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། རྒྱང་རོ་བྱང་ཆུབ་འབུམ། (ཐར་རྩེ་པའི་གསན་ཡིག་ན་གསན་ཡིག་གཞན་དུ་འདི་གཉིས་གོ་ལྡོག་ཏུ་འདུག་ཀྱང་མཆིམས་ཀྱི་རྣམ་ཐར་ལྟར་དང་དེ་ལྟར་ཡིན་གསུངས་པ་ཁུངས་བཙུན་པར་མངོན་ནོ། །) མཆིམས་བློ་བཟང་གྲགས་པ། ཡོལ་སྟོན་བསོད་ནམས་ལྷུན་གྲུབ། སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྡྲ་དེ་ཝ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འགར་སྟོན་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་ཆོས་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ། རྒྱལ་ཀུན་ངོ་བོ་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་དངོས་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཞེས་བྱུང་བ་ལྟར། ཇོ་བོའི་ཆོས་ཆུང་ལ་ཆོས་ཚན་ ༡༠༣ བཞུགས་པ་ལས། ཇོ་བོ་རང་ཉིད་ཀྱིས་མཛད་པ་ཆོས་ཚན་དང་པོ་ནས་ཉེར་དྲུག་བར་དང་། མཐའ་མའི་འཕྲིན་ཡིག་བཅས་ཆོས་ཚན་ ༢༧ བཞུགས་ལ། གཞན་རྣམས་ཀྱང་ཕལ་མོ་ཆེ་ཇོ་བོ་རང་ཉིད་ཀྱིས་སྒྲ་སྒྱུར་མཛད་པ་གཙོ་ཆེའོ།།

གཞན་ཡང་སྣར་ཐང་བརྒྱ་རྩ་སྟེ། མཉམ་མེད་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་སྣར་ཐང་བརྒྱ་རྩར་གྲགས་པ་ནི། འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཉིད་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལྟར། མངའ་རིས་ཆོས་རྒྱལ་གྱིས་བོད་དུ་གདན་དྲངས་ཏེ། བཀའ་གདམས་ལྷ་ཆོས་བདུན་གྱི་བསྟན་པའི་སྲོལ་བཟང་བཏོད་པ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིའི་སྒོ་འཕར་ཡངས་པོར་ཕྱེ་སྟེ་བསྟན་འགྲོའི་དོན་ཆེན་དཔག་ཏུ་མེད་པ་མཛད་པ་ལས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་ཉེ་བར་བརྒྱུད་པའི་ཡི་དམ་ལྷའི་སྒྲུབ་ཐབས་རྗེས་གནང་དང་། གདམས་ངག་ཐོར་བུར་བཞུགས་པ་རྣམས་སྣར་ཐང་གི་མཁན་པོ་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པར་མཛད་པས་སྣར་ཐང་བརྒྱ་རྩའམ་ཇོ་བོའི་ཐུགས་དམ་བརྒྱ་རྩར་གྲགས་ཤིང་། འདི་དག་ཇོ་བོ་རྗེ་ནས་བརྒྱུད་པ་ལས་ཇོ་བོའི་གསུང་མིན་ནོ།།

དེ་བཞིན་སྒྲུབ་ཐབས་བརྒྱ་རྩའམ་རིན་འབྱུང་བརྒྱ་རྩ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་རྒྱུད་སྡེ་རྣམས་ལས་གསུངས་པའི་སྒྲུབ་ཐབས་བདུད་རྩི་ལྟ་བུ་དག་ལས་གྲུབ་པའི་སློབ་དཔོན་སོ་སོས་ཡུལ་དུས་གནས་སྐབས་ཐ་དད་པར་སེམས་ཅན་སོ་སོའི་ཁམས་མོས་བསམ་པ་དང་མཐུན་པར། ལྷའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་སྒྲུབ་ཐབས་སྣ་ཚོགས་མཛད་པ་རྣམས་ཆབས་ཅིག་ཏུ་སློབ་དཔོན་རཏྣ་ཨ་ཀ་ར་ཤནྟི་པ་སྟེ། རིན་ཆེན་འབྱུང་གནས་ཞི་བས་ཕྱོགས་གཅིག་ཏུ་བསྒྲིགས་པས་ན་སྒྲིག་པ་པོའི་ཆ་ནས་རིན་འབྱུང་བརྒྱ་རྩ་དང་། བརྗོད་བྱའི་ཆ་ནས་སྒྲུབ་ཐབས་བརྒྱ་རྩ་ཞེས་མཚན་ཐོགས་པར་གྲགས། དེ་ལྟར་བརྒྱ་རྩ་རྣམ་གསུམ་སྟེ། ཆོས་འབྱུང་བརྒྱ་རྩ་དང་། སྣར་ཐང་བརྒྱ་རྩ། སྒྲུབ་ཐབས་བརྒྱ་རྩ་གསུམ་ལས། ཆོས་འབྱུང་བརྒྱ་རྩ་དང་། སྒྲུབ་ཐབས་བརྒྱ་རྩ་གཉིས་རྒྱ་གཞུང་དང་། སྣར་ཐང་བརྒྱ་རྩ་ཇོ་བོའི་བཞེད་གཞུང་ཡིན་པར་གསལ་[2]བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼ཀ༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༧༠

[2] ཅོ་ནེ་བླ་མའི་སྔགས་རིམ་ཆེན་མོའི་བཤད་ལུང་ནོས་སྐབས་ཕ་བོང་ཁ་པས་ཟིན་བྲིས་མཛད་པ། ཤོག་ ༣༥ན༦ན

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༤ ནས་ ༣༣༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *