ཕ༽ ཇོ་བོ་བོད་དུ་མ་ཕེབས་གོང་གི་བསྟན་པའི་གནས་སྟངས།

ཕ༽ ཇོ་བོ་བོད་དུ་མ་ཕེབས་གོང་གི་བསྟན་པའི་གནས་སྟངས།

 

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཉམ་མེད་ལྷ་གཅིག་དཱི་པཾ་ཀ་ར་ལ་བསྟོད་པ་ཁུ་བྱུག་མགྲིན་པའི་གླུ་དབྱངས་ལས[1]།

ཡི་དམ་ལྷ་ཡིས་ལུང་གི་བརྡས་བསྐུལ་ཚེ། །

བྱང་ཕྱོགས་གངས་རིའི་ལྗོངས་ལ་ལྷག་པར་བརྩེ། །

ཐུགས་རྗེ་ཉིན་མོར་བྱེད་པའི་འཛུམ་གྲོལ་བས། །

བསིལ་ལྡན་ས་ཡི་གདུ་བུ་ལྷག་པར་བཞད། །

ལོག་རྟོག་གླང་པོ་མྱོས་པའི་སྣ་ཞགས་རྣམས། །

ཁྱེད་ཀྱི་མཁྱེན་སྟོབས་ནུས་པའི་རལ་གྲིས་གཅོད། །

ཡང་དག་ས་སྲུང་གསེར་གྱི་དྲྭ་བ་ཅན། །

འཛིན་མའི་སྤང་ལྗོངས་ཡངས་པར་དལ་གྱིས་རྒྱུ། །

ཞེས་བསྟོད་ཕྱག་མཛད་པ་ལྟར། སྤྱིར་དེ་སྐབས་བོད་ལ་ལོ་ཙཱ་བ་རིན་ཆེན་བཟང་པོས་ (985-1055) གཙོས་མཁས་པ་མང་པོ་ཞལ་བཞུགས་ཡོད་པ་ནི། གནའ་རབས་ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ཡིན་ལ། འོན་ཀྱང་རྒྱ་བོད་གཉིས་ཀར་མདོ་སྔགས་གཉིས་ཀའི་བསྟན་པ་ཡ་མ་བྲལ་བར་གང་ཟག་གཅིག་གི་ཉམས་ལེན་ལ་འོང་ཚུལ་གྱི་གདམས་པ་ཆེས་ལྷག་པར་ཇོ་བོ་ཉིད་ལ་མངའ་བ་ནི། ཇོ་བོས་ལོ་ཆེན་རིན་བཟང་ལ་སྒྲུབ་པ་ཉམས་ལེན་གྱི་ཆེད་བསྐུལ་བ་ལས་ཤེས་པར་བྱའོ།།

སྐབས་དེར་བོད་ཡུལ་བསྟན་པ་འཛིན་པའི་སྐྱེས་བུས་སྟོང་པ་ལྟ་བུ་མིན་མོད། འོན་ཀྱང་བསྟན་འཛིན་མང་པོ་ཞིག་འདུལ་བ་ལ་དད་ནས་སྔགས་ལ་ཁྱད་དུ་གསོད་པ་དང་། ཡང་སྔགས་ལ་མོས་བློ་ཅན་རྣམས་ཀྱིས་འདུལ་བ་ལ་ཁྱད་དུ་གསོད་པར་བྱེད་ལ། དེ་ལྟར་མདོ་སྔགས་གཉིས་འགལ་འདུ་ཅན་དུ་ལྟ་བ་རྣམས་ཡང་དག་པའི་ལམ་ལ་བཀོད་པའི་སྐྱེས་ཆེན་དམ་པ་མཁས་གྲུབ་གཉིས་ལྡན་གྱི་མཛད་པ་འཕྲིན་ལས་ཅན་ནི་བོད་ཡུལ་དེར་བཞུགས་མེད་པ་ལ་ལྷ་བླ་མ་ཡེ་ཤེས་འོད་དང་ཇོ་བོ་ཉིད་ཀྱི་རྣམ་ཐར་ལས་ཤེས་ནུས་སོ།།

དེ་ཡང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[2]། གཞན་ཡང་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་མང་པོ་ཞིག་དར་བར་བྱས། དེ་དག་གི་དབང་གིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར་པ་ལ། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་། ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་ཡི་གེ་བྲིས་ནས་བཀྲམ་པས་ཀྱང་ཕན་པ་མ་བྱུང་། ཞེས་དང་། གྲུབ་མཐའི་བྱུང་བ་བརྗོད་པ་ལས་[3]ཀྱང་། ཁ་ཅིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད། ཁ་ཅིག་སྔགས་ལ་མོས་བློས་འདུལ་བ་ལ་ཁྱད་དུ་གསོད། ཕྱི་རྒྱལ་ནས་མཁས་པར་རློམ་པ་གསེར་འཚོལ་བ་མང་པོ་འོངས་ནས་སྔགས་ལ་བསྙད་བཏགས་པའི་རྩིང་སྤྱོད་དང་། རང་གཞན་ཕུང་བའི་ངན་སྔགས་སོགས་ཀྱིས་བསླུས་ནས་རྒྱལ་བའི་བསྟན་པ་ལ་ཆ་འཇོག་ཅི་ཡང་མེད་པར་སོང་དུས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་ལོག་སྤེལ་མི་ཆོག་པའི་བཀའ་བཅད་མཛད་ཀྱང་མ་ཕན། བློ་རྣོ་བ་རྣམས་རྒྱ་གར་དུ་ཆོས་སློབ་པར་བཏང་ནས་ཆོས་དང་ཆོས་མ་ཡིན་པའི་དབྱེ་བ་གསལ་པོར་ཕྱེ་ནས་བཀའ་ཁྱབ་མཛད་ཀྱང་མ་ཕན། གྲུབ་མཐའི་ཁ་འཛིན་གྱི་བཤད་པ་མང་དུ་བྱས་པ་ལས། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཉམས་སུ་ལེན་པ་ལྟ་ཅི་སྨོས། གོ་བ་ཙམ་ཆགས་པའང་དཀོན་པར་གྱུར་རོ། །ཞེས་གསལ་བ་ལྟར་རོ།།

གཞན་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཅུང་ཟད་བསྔགས་པའི་ཚིག་གི་རྒྱུད་མངས་དད་བརྒྱའི་མེ་ཏོག་ལས[4]།

ཁྱད་པར་བསིལ་ལྡན་ལྗོངས་སུ་ཐུབ་པའི་བསྟན། །

སྙིགས་སྤྱོད་གདུང་བའི་མལ་དུ་ཉམ་ཐག་ཚེ། །

རྗེ་བཙུན་འཕགས་མས་བསྐུལ་བའི་དེ་མ་ཐག །

གང་ཁྱོད་ཁ་བའི་ཁྲོད་འདིར་དལ་གྱིས་གཤེགས། །

ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། དེ་ནས་ཇོ་བོ་རྗེའི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་དང་། ཁ་བ་ཅན་གྱི་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་མཐུས་བོད་དུ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་དུས་ལ་བབ་སྟེ་མངའ་རིས་ཆོས་རྒྱལ་ཡེ་ཤེས་འོད་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ཞིག་བོད་ཁམས་འདིར་དར་བར་བྱ་བའི་ཕྱིར་བརྩོན་པ་ནར་མར་མཛད་དེ། མངའ་རིས་སྟོད་ནས་བློ་གསལ་ཡིད་གཞུང་བ་མང་པོ་རྒྱ་གར་དུ་བརྫངས། སཾ་སྐྲི་ཏའི་སྐད་བསླབས་ནས་ཆོས་བསྒྱུར་དུ་བཅུག །ལྷག་པར་ལོ་ཆེན་རིན་ཆེན་བཟང་པོས་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པས་སཾ་སྐྲི་ཏའི་སྐད་ཕུལ་ཕྱིན་མཁྱེན། མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་བསྒྱུར། ལྷ་བླ་མས་སྦྱིན་བདག་བྱས་ཏེ་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། སྔོན་གླང་དར་མས་རྒྱལ་བའི་བསྟན་པ་བསྣུབས་པ་ནས་ལོ་བདུན་ཅུ་ཙམ་གྱི་རིང་ལ་བོད་དུ་རབ་ཏུ་བྱུང་བ་གཅིག་ཀྱང་མེད་པར་བོད་མུན་པའི་གླིང་དུ་གྱུར་པ་ན་མངའ་རིས་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་དང་། ལོ་ཆེན་རིན་ཆེན་བཟང་པོ་ཡབ་སྲས་རྣམས་ཀྱི་མཐུས་མངའ་རིས་སྟོད་དུ་དགེ་འདུན་གྱི་སྡེ་ཆགས་ཏེ་མར་རིམ་གྱིས་འཕེལ། མདོ་ཁམས་སུ་བླ་ཆེན་དགེ་བ་རབ་གསལ་གྱིས་དགེ་འདུན་གྱི་སྡེ་དང་འདུལ་བའི་བཤད་ཉན་བཙུགས་ཏེ་མདོ་ཁམས་ནས་ཡར་དར་ཏེ་དབུས་གཙང་གི་ལྗོངས་སུ་དགེ་འདུན་གྱི་སྡེ་རྒྱ་ཆེར་འཕེལ། དེ་ལྟ་ནའང་འགའ་ཞིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད། འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད། ཕལ་མོ་ཆེ་གྲུབ་མཐའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལྟ་ཞོག །ཕྱོགས་མཐོང་གི་གོ་བ་ཆགས་པའང་དཀོན་ཞིང་། རྒྱ་གར་ནས་པཎྜི་ཏར་རློམ་པ་གསེར་འཚོལ་བ་མང་པོ་ཞིག་བོད་དུ་ལྷགས་ནས་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་དང་། རང་གཞན་ཕུང་ལ་འདེབས་པའི་ངན་སྔགས་མང་པོས་བོད་ཀྱི་སྐྱེ་བོ་བླུན་པོ་རྣམས་བསླུས་ཏེ་རྒྱལ་བའི་བསྟན་པ་རྣམ་པར་དག་པ་ཆགས་པ་ལ་བར་ཆད་ཆེར་བྱུང་བ་ན། ལྷ་བླ་མ་ཐུགས་རྗེ་ཅན་རྣམས་ཐུགས་མ་བདེ་བར་རྒྱ་བརྩོན་སེང་ལ་སོགས་པ་བློ་གསལ་སྙིང་སྟོབས་ཅན་མང་པོ་རྒྱ་གར་དུ་བརྫངས་ཏེ་སཾ་སྐྲི་ཏའི་སྐད་བསླབས་ནས་ཆོས་སྒྱུར་ཤེས་པ་ཞིག་བྱེད་པ་དང་། ལྷག་པར་པཎྜི་ཏ་ཐུགས་རྒྱུད་འབྱོངས་པ་བསྟན་པ་ལ་ཕན་ཐོགས་ངེས་འདྲ་གདན་འདྲེན་དགོས་པའི་བཀའ་ཕབ་ནས་གསེར་ཕོན་ཆེ་བ་བསྐུར་ཏེ་བརྫངས། རྒྱ་བརྩོན་སེང་ལ་སོགས་པ་དེ་དག་གིས་ཀྱང་ལྷ་བླ་མའི་བཀའ་བཞིན་རྒྱ་གར་ལ་ཕྱིན་ཏེ། ལེགས་སྦྱར་གྱི་སྐད་བསླབས། མཁས་གྲུབ་མང་པོ་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་བསླབས། ཞེས་གསུངས་པ་ལྟར་རོ།།

གཞན་ཡང་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ (དུས་རབས་13པ།) ཀྱིས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས[6]། དབུས་གཙང་གི་མི་དྲུག་གི་སློབ་མ་རྣམས་དང་དུས་མཚུངས་པའི་ཚེ། མངའ་རིས་ནས་ལྷ་བླ་མ་ཡེ་ཤེས་འོད། ཞི་བ་འོད། བྱང་ཆུབ་འོད་ཅེས་བྱ་བ་གསུམ་བྱོན་ནས། དེའི་ཚེ། རྒྱ་གར་དང་བལ་པོའི་ཕྱོགས་ནས། མུ་སྟེགས་དང་། ནང་པའི་ཆ་ལུགས་ཅན། ཆོས་ལོག་སྨྲ་བ་མང་དུ་བྱུང་བ་རྣམས་ཐབས་མང་པོས་བཀག །བོད་ན་སྡོམ་པ་འབོག་ལེན་དང༌། སྡེ་སྣོད་ལ་བཤད་ཉན་བྱེད་པ་ཡོད་ཀྱང་། ཐེག་པ་ཆེན་པོའི་ཆོས་ཀྱི་ལག་ལེན་ཕུན་སུམ་ཚོགས་པ་མེད་ནས། ལོ་ཙཱ་རྒྱ་བརྩོན་སེང་དང་ནག་ཚོ་བཏང་སྟེ། འབྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་ནས། པཎྜི་ཏ་ལྔ་བཅུ་རྩ་བདུན་གྱི་ནང་ནས། གཙུག་གི་ནོར་བུ་ལྟ་བུར་གྱུར་པ། རིག་པའི་གནས་ལྔ་ལ་མཁས་ཤིང་། བསླབ་གསུམ་དང་ལྡན་ལ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ། ཇོ་བོ་ཨ་ཏི་ཤ་གདན་དྲངས་ནས། རབ་ཏུ་བྱུང་བར་སེམས་སྐྱེད། ཁྱིམ་པ་ལ་བསྙེན་གནས། ཡོན་ཕུལ་བ་ལ་བསྔོ་བ། གཤིན་པོ་ལ་བདུན་ཚིགས། རྟེན་ལ་རབ་ཏུ་གནས་པ་མཛད་དེ། སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུར་མཛད་པ་ལགས་སོ། །ཞེས་གསུངས་པ་ལྟར་རོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༤ བར།

[2] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༨༤

[3] གྲུབ་མཐའི་བྱུང་བ་བརྗོད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡༤༧

[4] མཁྱེན་བརྩེའི་དབང་པོའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་རིང་། ཤོག་གྲངས་ ༥༣ན༤ ནས་ ༥༥ན༥ བར།

[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[6] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༤༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༥ ནས་ ༡༨༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *