༢༽ ཇོ་བོ་རྗེ་དུས་ནམ་ཞིག་འཁྲུངས་མིན།
དེ་ཡང་བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པའི་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ་རོལ་མོའི་སྒྲ་སྙན་ལས[1]།
སྔོན་ཚེ་རྒྱལ་སྲས་སྤྱོད་པ་སྤྱད་པའི་ཕྱིར། །
རིག་པའི་འབྱུང་གནས་ཤར་ཕྱོགས་བྷཾ་ག་ལར། །
དགའ་བྱེད་ཅེས་བྱ་རྒྱལ་པོའི་རིགས་སུ་འཁྲུངས། །
མར་མེ་མཛད་དཔལ་ཡེ་ཤེས་ཞབས་ལ་འདུད། །
ཅེས་བྷཾ་ག་ལར་རྒྱལ་པོ་དགའ་བྱེད་ཅེས་པའི་རྒྱལ་རིགས་སུ་འཁྲུངས་པར་གསུངས་ཤིང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་དྲུག་སྐྱེས་གླུ་དབྱངས་ལས་[2]ཀྱང་།
འཕགས་ཡུལ་ཀུན་གསལ་མཛེས་མའི་འགྲམ་པ་ལ། །
ཟ་ཧོར་རྒྱལ་རིགས་ཟླ་ཤེལ་ཞུན་མའི་ངོས། །
འོད་དཔག་མེད་མགོན་སྤྲུལ་པའི་རི་དྭགས་གཟུགས། །
འགོག་མེད་གསལ་བར་ཤར་ལ་གསོལ་བ་འདེབས། །
ཞེས་བསྟོད་ཕྱག་མཛད་པ་ལྟར། ཟ་ཧོར་རྒྱལ་པོའི་ཕོ་བྲང་དུ་ཡབ་རྒྱལ་པོ་དགེ་བའི་དཔལ་ཞེས་བྱ་བ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ཆུ་ཕོ་རྟའི་ལོ་ཕྱི་ལོ་ ༩༨༢ ལོར་བདག་ཉིད་ཆེན་པོ་འདི་བསམ་བཞིན་དུ་སྐུ་བལྟམས་སོ།།[3]
ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་ལས་[4]ཀྱང་། ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་དང་ཟླ་བའི་སྙིང༌། །དཔལ་གྱི་སྙིང་པོ་ཞེས་བྱ་འོ། །རྒྱལ་བུ་པདྨའི་སྙིང་པོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བིརྱ་ཙནྡྲ་ཡིན། །འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་གསུངས་པ་ལྟར་ཡབ་ཡུམ་གཉིས་ལ་སྲས་གསུམ་ཡོད་པ་ལས་ཆེ་བའི་མཚན་ལ་ཟླ་བའི་སྙིང་པོ་དང་། ཆུང་བའི་མཚན་ལ་དཔལ་གྱི་སྙིང་པོ། འབྲིང་བ་རྒྱལ་སྲས་ཟླ་བའི་སྙིང་པོ་ནི་སློབ་དཔོན་ཆེན་པོ་མར་མེ་མཛད་ཡེ་ཤེས་ཡིན་པར་གསུངས་སོ།།
ཇོ་བོ་རྗེ་སྐུ་བལྟམས་པའི་སྐབས་སུ་རྟགས་མཚན་གང་དག་བྱུང་བ་ནི། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[5]། སྙིང་རྗེ་འགྱུར་མེད་བདེ་ཆེན་དགའ་བ་དཔལ། །དོན་དམ་འོད་གསལ་ཤེས་རབ་ཟག་མེད་ཡུམ། །དཔལ་མོ་གཉིས་མེད་འདུས་པ་ལས་བྱུང་བ། །རྨད་བྱུང་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ལྷུམས་སུ་ཞུགས་ཚེ་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་དུ་མས་དངོས་སུ་བྱིན་བརླབས་ཤིང་། །ཡུམ་ལ་མི་རྙོག་བདེ་གསལ་གཏིང་ནས་འཁྲུངས། །དཔག་མེད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བལྟམས་པའི་དུས་སུ་འཇའ་འོད་ཕྲེང་བ་དང་། །ཉི་ཟླ་འོད་འབར་དྭངས་ཤིང་དྲི་མ་མེད། །མཁའ་ལ་རོལ་མོའི་སྒྲ་རྣམས་ཡང་ཡང་གྲགས། །མཐུ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འཁྲུངས་མ་ཐག་ན་མལ་ན་བསྐལ་པའི་ཚེ། །རྒྱལ་བ་སྲས་བཅས་སྤྲིན་བཞིན་གཏིབས་གྱུར་པའི། །དབུས་ན་རབ་མཛེས་སྒྲོལ་མ་དཔའ་མོ་གཉིས། །གསུང་བྱོན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[6]། རྒྱལ་སྲས་བདག་ཉིད་ཆེན་པོ་འདི་སྐུ་བལྟམས་པའི་ཚེ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ནམ་མཁའ་ལས་མེ་ཏོག་གི་ཆར་ཕབ། ནམ་མཁའི་ངོས་རྣམས་འཇའ་ཚོན་གྱི་གུར་ཁྱིམ་གྱིས་བལྟམས། ལྷ་རྣམས་ཀྱིས་དགའ་བའི་གླུ་དབྱངས་དང་རོལ་མོའི་སྒྲ་བསྒྲགས་པ་མི་རྣམས་ཀྱིས་ཀྱང་ཐོས་པ་སོགས་ངོ་མཚར་ཡ་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །ཞེས་གསུངས་པ་ལྟར་རོ།།
སློབ་དཔོན་འདི་ཉིད་དུས་ནམ་ཞིག་སྐུ་འཁྲུངས་པ་ནི། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[7]། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་སྟོང་བརྒྱད་བརྒྱ་བཅུ་དྲུག་ལོན་པ་སྣ་ཚོགས་ཀྱི་ལོ་ཞེས་པ་ཆུ་ཕོ་རྟའི་ལོ་ལ་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་བི་ཀྲ་མ་པུ་རིའི་དབུས་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བར་ཡབ་རྒྱལ་པོ་དགེ་བ་དཔལ་དང་། ཡུམ་དཔའ་མོ་འོད་ཟེར་ཅན་ཞེས་བྱ་བའི་སྲས་གསུམ་གྱི་འབྲིང་པོར་ཇོ་བོ་ཉིད་སྐུ་འཁྲུངས། ཞེས་དང་། དེ་བཞིན་འགོས་ལོ་གཞོན་ནུ་དཔལ་དང་། དགེ་ཡེ་བ། ཀུན་མཁྱེན་འཇམ་དབྱངས་བཞད་པ། དཔལ་སྤྲུལ་བཅས་ཀྱིས་ཀྱང་ཆུ་རྟ་ལོར་སྐུ་འཁྲུངས་པར་བཞེད་དོ།།
དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[8]ཀྱང་། ལྕགས་ཡོས་ཕྱི་ལོ་ ༡༠༥༡ ལོར་ཇོ་བོས་བསྟན་རྩིས་གསུངས། (ཀུན་མཁྱེན་འཇིགས་བྱེད་ཆོས་འབྱུང་། ཀུན་མཁྱེན་བསྟན་རྩིས་སུ། ཇོ་བོས་བསྟན་རྩིས་མཛད་པར་དུས་འཁོར་ཊཱིཀ་ཆེན་ལས་བཤད། ཅེས་གསུངས།) སུམ་པས་མཁས་གྲུབ་རྗེ་ཡང་ཇོ་བོ་ཆུ་རྟ་ལོ་བར་བཞེད་ཟེར། ཞེས་གསལ་མོད། འོན་ཀྱང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[9]། དེ་ཡང་པཎ་ཆེན་འདི་ཤིང་ཕོ་རྟ་ལ་སྐུ་བལྟམས། ལོ་བདུན་རྒྱལ་ཁབ་ཏུ་བཞུགས། བཅུ་དགུའི་བར་དུ་གཉིས་སྤངས་ཀྱི་སྤྱོད་པ་བསྐྱངས། བཞི་བཅུའི་བར་དུ་མཁས་གྲུབ་ཀྱི་ཡོངས་འཛིན་བསྟེན། དྲུག་ཅུའི་བར་དུ་རྒྱ་གར་ཆོས་བཞིན་བསྐྱངས། རེ་གཅིག་པ་ཤིང་ཕོ་རྟ་ལོར་སྟོད་མངའ་རིས་སུ་བྱོན་ལོ་གཅིག་བཞུགས། མར་ལམ་གཙང་ཕྱོགས་སུ་ལོ་གཉིས་བཞུགས། དབུས་སུ་ལོ་བཅུ་བཞུགས་ཏེ་དོན་གཉིས་པ་མེ་ཕོ་རྟའི་དབྱུག་གུ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་ནས་དགའ་ལྡན་དུ་གཤེགས་སོ།།
འོ་ན་ཇོ་བོའི་ལམ་ཡིག་ནག་ཚོའི་གསུང་བརྒྱུད་པ་སྣར་ཐང་པ་ཨུ་པ་དྷ་རི་དང་། མཆིམས་ཐམས་ཅད་མཁྱེན་པའི་རྣམ་ཐར་ན། ཇོ་བོ་ཤིང་རྟ་ལ་སྐུ་གཤེགས་ཞེས་འབྱུང་བས། བོད་དུ་ཆུ་རྟ་ལ་ཕེབས་པར་གྲུབ་ཅིང་། འབྲོམ་གྱི་ལམ་ཡིག་ནའང་། ཆུ་ཕོ་རྟའི་ལོ་ལ་བོད་དུ་བྱོན། ཞེས་བཤད་པ་དང་མི་འགལ་ལམ་སྙམ་ན། དེ་དག་ནི་ཡི་གེ་མ་དག་པ་ལ་ཡིད་བརྟན་བཅས་པས་བབ་ཅོལ་ཏེ་འབྲོམ་གྱི་ལམ་ཡིག་བར་མ་ན། མེ་ཕོ་རྟའི་ལོ་ལ་སྐུ་འཁྲུངས་ནས་ཞེས་པ་ཡང་ཡོད་མོད། དེ་ལྟར་བྲིས་པ་དང་ཆུ་ཕོ་རྟ་ལ་བོད་དུ་ཕེབས་པ་བྲིས་པ་གཉིས་འགལ་བའི་ཕྱིར་ཏེ། དྲུག་ཅུ་སྐོར་གཅིག་འདས་པའི་ལོ་རྟ་ཐོག་མཐའ་དབང་ཐང་གཅིག་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་ཡོད།
དེ་བཞིན་བསྟན་རྩིས་ཀ་ཕྲེང་ལག་དེབ་ལས་[10]ཀྱང་། ཇོ་བོ་རྗེ་ཨ་ཏི་ཤ །(དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། དཔལ་མར་མེ་མཛད་ཡེ་ཤེས་) མེ་མཁའ་རྒྱ་མཚོ་ ༣༥༩ ཆུ་རྟ་ (ཕྱི་ལོ་ 982) ལོར་འཁྲུངས། (དེབ་སྔོན། བསོད་གྲགས་ཆོས་འབྱུང༌། དགེ་ཡེ་བ། ཀུན་མཁྱེན་འཇིགས་བྱེད་ཆོས་འབྱུང༌། དཔལ་སྤྲུལ། བདུད་འཇོམས་ཆོས་འབྱུང༌། སུམ་པས་མཁས་གྲུབ་རྗེ་ཡང་ལོ་འདིར་བཞེད་ཟེར།) རབ་བྱུང་དང་པོའི་ཆུ་རྟ་ (ཕྱི་ལོ་ 1042) ལོར་བལ་ཡུལ་ནས་མངའ་རིས་སུ་བྱོན། ལོ་གསུམ་བཞུགས། རབ་བྱུང་དང་པོའི་ཤིང་བྱ་ (ཕྱི་ལོ་ 1045) ལོར་པུ་རངས་ནས་དབུས་གཙང་ལ་བྱོན་ལོ་དགུ་བཞུགས། རབ་བྱུང་དང་པོའི་ལྕགས་ཡོས་ (ཕྱི་ལོ་ 1051) ལོར་ (བསྟན་རྩིས།) གསུངས། (ཀུན་མཁྱེན་འཇིགས་བྱེད་ཆོས་འབྱུང༌། ཀུན་མཁྱེན་བསྟན་རྩིས་སུ། ཇོ་བོས་བསྟན་རྩིས་མཛད་པར་དུས་འཁོར་ཊཱིཀ་ཆེན་ལས་བཤད། ཅེས་ཀྱང་བྱུང་ངོ་།།
པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས་[11]ཀྱང་། ནཱ་རོ་པ་མེ་མོ་ཡོས་ལ་གཤེགས་པར་ཚད་ལྡན་འགའ་ཞིག་གིས་གསུངས་པ་ལྟར་ན། ལྕགས་རྟ་ལ་འཁྲུངས་པ་དང་ལོ་གྲངས་གུང་འགྲིག་ལ། ཆུ་རྟ་ལ་འཁྲུངས་པ་ལྟར་ན། ནཱ་རོ་པ་ཡང་ལྕགས་མོ་སྦྲུལ་ལ་གཤེགས་པར་བྱ་དགོས་ཏེ་ཐུགས་རྟོག་འཇུག་པ་ཉིན་སྐར་ལྟ་བུར་སྣང་ངོ་། །ཞེས་གསལ་བས་ད་དུང་དཔྱད་དགོས་ཤིང་། གསེར་འཕྱང་ཞེས་པ་འབྱུང་བ་གསུམ་ལྡན་མེ་མོ་བྱ་ལོའི་ལོ་ཐོ་འཁྲུལ་བྲལ་ལམ་བཟང་ལས[12]། ཆུ་རྟར་དཔལ་ལྡན་མར་མེ་མཛད། །སྐུ་བལྟམས་ ༡༠༣༥ ཤིང་འབྲུག་འབྲོམ་སྟོན་འཁྲུངས། །ཞེས་གསལ་བ་ལྟར་ཆུ་རྟ་ཕྱི་ལོ་ ༩༨༢ ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༣ ལོར་སྐུ་འཁྲུངས་ནས་ལོ་ངོ་ ༡༠༠༠ འཁོར་བ་དང་། འདི་ལོར་ཇོ་བོ་སྐུ་འཁྲུངས་ནས་ལོ་ ༡༠༣༨ འགྲོ་བཞིན་ཡོད།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། (2) པོད། ༼༢༢༽ ཁམས་བྲིས་དཔེ་རིང་། ཤོག་ ༣བ༣ ནས་ ༤བ༤ བར།
[2] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༨༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༩༥ ནས་ ༡༩༧ བར།
[3] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[4] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༣༣༡ ནས ༣༤༡ བར།
[5] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།
[6] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[7] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༦
[8] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༩
[9] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༠༠
[10] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༨༣
[11] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༦
[12] རབ་གནས་མེ་བྱ་ལོའི་ལོ་ཐོ་རྒྱས་པ། བོད་ཀྱི་སྨན་རྩིས་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧ ནས་ ༣༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།