༣༽ ཀླུ་སྒྲུབ་ཀྱི་གསུང་གཞན་ལ་རགས་ཙམ་དཔྱད་པ།

༣༽ ཀླུ་སྒྲུབ་ཀྱི་གསུང་གཞན་ལ་རགས་ཙམ་དཔྱད་པ།

 

དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རིན་ཆེན་སྤུངས་པ་ལས[1]།

རྒྱལ་བའི་གསུང་རབ་ཟབ་དོན་སྙིང་པོ་བརྙེས། །ཡང་དག་རིགས་པས་དངོས་སྨྲའི་རི་དྭགས་ཀུན། །

མ་ལུས་སྐྲག་མཛད་ཀླུ་སྒྲུབ་སྙིང་པོ་ཞེས། །འཛམ་གླིང་མཁས་པའི་གཙོ་བོར་གྱུར་ལ་འདུད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། འཇིག་རྟེན་འདི་ན་སྟོན་པ་གཉིས་པར་གྲགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལས། དེང་རང་རེའི་སྐལ་བཟང་བགོ་སྐལ་དུ་གྱུར་པ་མཛད་པའི་ཡང་སྙིང་གསུང་གི་ཕུང་པོ་ཆེས་མང་དུ་བཞུགས་པ་བོད་ཀྱི་བསྟན་འགྱུར་གྱི་ཁྲོད་དུ་མཇལ་དུ་ཡོད་པ་དེ་ཙམ་དུ་མ་ངེས་ཏེ། བསྟན་འགྱུར་དུ་མ་འཁོད་པ་དང་། དེ་དག་ཏུ་མ་འདུས་པ་རྒྱ་ནག་གི་འགྱུར་དུ་བཞུགས་པ་དང་། དེ་བཞིན་སྔོན་རྒྱ་གར་ནས་ཕབ་བསྒྱུར་མ་བྱུང་བའང་ཅི་རིགས་ཡོད་པ་དཔེར་ན། སློབ་དཔོན་གྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ཞིག་ཀྱང་ཡོད་པར་གསུངས་པ་[2]ལྟ་བུ་དང་། ཡང་སློབ་དཔོན་འདི་ཡི་མཚན་ཐོག་ཏུ་ཡོད་པའི་བསྟན་བཅོས་ཇི་སྙེད་ཅིག་ཁ་གཡར་བ་ཡིན་པ་ར་འཕྲོད་པ་བྱུང་བ་དང་། ད་དུང་དཔྱད་པར་བྱ་བའང་དུ་མ་ཞིག་ཡོད་དོ།།

སྟོན་པ་བདེ་བར་གཤེགས་པའི་གསུང་མདོ་སྔགས་ཀྱི་ཆོས་ཚུལ་ཟབ་མོའི་དགོངས་འགྲེལ་བསྟན་བཅོས་གཙོ་བོར་གྱུར་པའི་སྨན་དང་། བཟོ་རིགས་སོགས་ལས་བརྩམས་པའི་སློབ་དཔོན་གྱི་གསུང་བོད་འགྱུར་དུ་བཞུགས་པ་བརྒྱ་ཕྲག་བརྒལ་བ་ཡོད་པ་ལས། གསང་སྔགས་ཀྱི་སྐོར་ལ་གཙོ་བོར་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་མདོར་བྱས་དང་། མདོ་བསྲེ། ཧཱུཾ་མཛད། རིམ་པ་ལྔ་པ་ལ་སོགས་པ་དང་། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་འཕགས་པའི་མཛད་བྱང་ཡོད་[3]པ་དེར་སྙན་ངག་མེ་ལོང་དང་། མངོན་པ་མཛོད་དང་། རྣམ་བཤད་རིགས་པ་སོགས་ཀྱི་གཞུང་དྲངས་ཤིང་། བདག་གི་གནས་ན་རབ་གནས་མགོན་པོ་ཡེ་ཤེས་ཞབས་ལ་སོགས། །ཞེས་ཀྱང་བྱུང་ཞིང་། འཕགས་པ་ཡབ་སྲས་ཀྱི་གཞུང་དང་མི་མཐུན་པ་མང་དུ་སྣང་བས། ཁ་གཡར་བ་ཡིན་པར་རྗེ་ཙོང་ཁ་པ་ཆེན་པོས་གསུངས།[4] འཕགས་པས་མཛད་པར་འདོད་པའི་ཕྱག་རྒྱ་བཞིའི་རིམ་པ་ཡང་མན་ངག་སྙེ་མ་དང་། འགྲེལ་པ་གྲུ་གཟིངས་ལས་བཀག[5] དེ་བཞིན་དབང་བཞིའི་དོན་གཏན་ལ་འབེབས་པ་འཕགས་པས་མཛད་ཟེར་བ་ཡང་ཁ་གཡར་བར་བཞེད་དོ། །དཀྱིལ་ཆོག་ཉི་ཤུ་པ་ནི། བོད་ཀྱི་སྔོན་གྱི་བླ་མ་རྣམས་འཕགས་པའི་ཡིན་པར་བཞེད་ལ། རབ་ཏུ་སྒྲོན་གསལ་ལས་ཀྱང་། འཕགས་པས་མཛད་པའི་དཀྱིལ་ཆོག་ཅིག་ཡོད་པར་འདོད་པས་ཕལ་ཆེར་འདི་ལ་བསམ་པ་འདྲའོ། །བོད་ཀྱི་ཕྱིས་ཀྱི་མཁས་པ་དག་རྒྱ་གར་གྱི་མཁས་པ་མང་པོས་ཚད་མར་བྱས་པའི་ཀླུ་བྱང་གི་ཆོ་ག་ཉི་ཤུ་པ་དང་མི་མཐུན་པ་མང་ཞིང་། སློབ་དཔོན་རང་གི་གཞུང་དང་ཡང་མི་མཐུན་པས་ཁ་གཡར་དུ་བཞེད་པ་ལྟར་འཐད་པར་མཐོང་ངོ་། །ཞེས་རྗེ་རིན་པོ་ཆེས་གསུངས་སོ།།[6]

དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་དོན་འགྲེལ་ཁོག་ཕུབ་ལེགས་པར་བཤད་པ་གསང་འདུས་བསྟན་པ་རྒྱས་པའི་ཉིན་བྱེད་ལས[7]། གཉིས་པ་འཆད་བྱེད་ལམ་སྲོལ་བྱུང་ཚུལ་ལ་གཉིས། རྒྱ་གར་དུ་བྱུང་ཚུལ་དང་། བོད་དུ་བྱུང་ཚུལ་ལོ། །དང་པོ་ལ་སྲོལ་ཆེན་བདུན་ཙམ་སྣང་བ་ལས། དང་པོ་སྲོལ་རྣམས་ཀྱི་རྒྱལ་པོ་ལྟར་གྱུར་པ་འཕགས་ལུགས་བྱུང་ཚུལ་བསྟན་པ་ལ་གཉིས་ཀྱི། གཞུང་ཇི་ལྟར་མཛད་པའི་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་རང་གིས་རྩ་རྒྱུད་ལེའུ་བདུན་ལས་བཏུས་ནས། མི་བསྐྱོད་པ་གཙོ་བོར་བྱས་པའི་ལྷ་སོ་གཉིས་ཀྱི་སྒྲུབ་ཐབས་ཏིང་ངེ་འཛིན་གསུམ་གྱིས་བཅིངས་པའི་གཞུང་མདོར་བྱས་ཞེས་བྱ་བ་དང་། དེ་ཉིད་རྒྱུད་ཀྱི་ལུང་དང་སྦྱར་ཞིང་ལྷག་མོས་འོད་གསལ་དུ་བསྡུད་པ་སོགས་མ་ཚང་བ་འགའ་ཞིག་ཁ་སྐོང་བའི་ཚུལ་གྱིས་སྒྲུབ་ཐབས་མདོ་དང་བསྲེ་བ་ཞེས་བྱ་བ་སྟེ་བསྐྱེད་རིམ་གྱི་གཞུང་གཉིས། རྫོགས་རིམ་རིམ་ལྔ་དང་། བྱང་ཆུབ་སེམས་འགྲེལ་གཉིས་ཏེ་བསྐྱེད་རྫོགས་ཀྱི་གཞུང་བཞི་མཛད་ཅིང་། ཡང་དེས་མཛད་དོ་ཞེས་སྔ་རབས་པ་རྣམས་གསུངས་པའི་དཀྱིལ་ཆོག་ཉི་ཤུ་པ། དེ་ལ་ཕྱིས་ཀྱི་མཁས་པ་དག་འདི་ནི་ཀླུ་སྒྲུབ་ཀྱིས་མཛད་པ་མ་ཡིན་ཏེ། ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང་མི་མཐུན་པ་མང་པོ་འདུག་པའི་ཕྱིར་རོ་གསུངས་པ་ལ། གཞན་དག་ན་རེ། དེ་ལྟར་དཔོན་སློབ་ཀྱི་གཞུང་འགལ་བྱུང་ན། སློབ་མའི་གཞུང་ཐེ་ཚོམ་ཅན་བྱེད་པ་རིགས་ཀྱི། སློབ་དཔོན་གྱི་གཞུང་ཐེ་ཚོམ་ཅན་དུ་བྱེད་པ་མི་རིགས་སོ། །ཞེས་ཟེར་བ་ནི་ཤིན་ཏུ་འཐད་དེ། དཀྱིལ་ཆོག་གཉིས་པོ་དེའི་ནང་ནས་ཀླུ་བྱང་གི་དཀྱིལ་ཆོག་ནི་རྒྱ་གར་བའི་པཎ་གྲུབ་མང་པོས་ཚད་ལྡན་དུ་ཞལ་གྱིས་བཞེས་པའི་ཕྱིར་ཏེ། ཟུང་འཇུག་གསལ་བའི་ཡེ་ཤེས་དབབ་པའི་སྐབས་སུ། གྲུབ་ཆེན་ཀླུའི་བྱང་ཆུབ་ཀྱིས་སྤེལ་བའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ལས་ཤེས་པར་བྱའོ། །ཞེས་གསུངས་ཤིང་། ཨ་བྷ་ཡ་དང་ཁ་ཆེ་པཎ་ཆེན་ལ་སོགས་པས་ཚད་ལྡན་དུ་མཛད་པའི་ཕྱིར་རོ། །གཞན་ཡང་དཀྱིལ་ཆོག་དང་པོ་དེ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ན། ཀླུ་བྱང་དང་སྒྲ་གཅན་འཛིན་གྱིས་དེའི་རྗེས་སུ་དེ་དང་མི་མཐུན་པའི་དཀྱིལ་ཆོག་རེ་མཛད་པ་དོན་མེད་པའི་ཕྱིར་རོ། །དེས་ན་དང་པོ་ཐེ་ཚོམ་ཅན་དུ་གྲུབ་བོ། །ཞེས་ལུང་རིགས་དང་བཅས་གསལ་བར་གསུངས་སོ།།

དེ་བཞིན་དེ་ལས་རྒྱས་པ་ནི། ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[8]། ཇི་ལྟར་བཀྲལ་བའི་ཚུལ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས་བཏུས་ནས་མི་བསྐྱོད་པ་གཙོ་བོར་བྱས་པའི་གསང་བ་འདུས་པ་ལྷ་སོ་གཉིས་ཀྱི་སྒྲུབ་ཐབས་ཏིང་ངེ་འཛིན་གསུམ་གྱིས་བཅིངས་པའི་བསྐྱེད་རིམ་སྟོན་པའི་གཞུང་མདོར་བྱས་དང་། དེ་ཉིད་རྒྱུད་ཀྱི་ལུང་དང་སྦྱར་ཞིང་ལྷག་མོས་འོད་གསལ་དུ་བསྡུས་པ་སོགས་མདོར་བྱས་སུ་མ་ཚང་བ་འགའ་ཞིག་གིས་ཀྱང་ཁ་སྐོང་བའི་ཚུལ་གྱི་སྒྲུབ་ཐབས་མདོ་དང་བསྲེ་བ་སྟེ་བསྐྱེད་རིམ་སྟོན་པའི་གཞུང་གཉིས། རིམ་ལྔ་དང་བྱང་ཆུབ་སེམས་འགྲེལ་ཏེ་རྫོགས་རིམ་སྟོན་པའི་གཞུང་གཉིས་དང་བཅས་པའི་བསྐྱེད་རྫོགས་ཀྱང་གཞུང་བཞི་མཛད་ལ། ཡང་སྨིན་བྱེད་ཀྱི་གཞུང་དཀྱིལ་ཆོག་ཉི་ཤུ་པ་བྱ་བ་གཅིག་མཛད་པར་འགོས་རྔོག་པ་སོགས་སྔ་རབས་ཕལ་ཆེར་བཞེད་ཅིང་། དཀྱིལ་ཆོག་དེ་ཉིད་ཚད་མར་མཛད་ནས་དབང་བསྐུར་བའི་ཕྱག་ལེན་ཡང་དེའི་སྟེང་ནས་མཛད་ལ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱང་དེ་ཉིད་ཀླུ་སྒྲུབ་ཀྱིས་མཛད་ཡིན་མིན་གྱི་དཔྱད་པ་གང་ཡང་མི་སྣང་བར། དེའི་སྟེང་ནས་འགོས་རྔོག་པ་སོགས་ཀྱིས་མཛད་པའི་དབང་བཀའ་ལ་བཀའ་རྙིང་མ་བྱ་བའི་ཐ་སྙད་མཛད་དེ། དེ་ལྟ་བུའི་གཞུང་དེ་བུ་སྟོན་རིན་པོ་ཆེ་མ་བྱོན་གོང་དུ་འཕགས་པས་མཛད་པ་ཡིན་མིན་གྱི་དཔྱད་པ་དང་ཐེ་ཚོམ་མཛད་མཁན་སུ་ཡང་མ་བྱུང་། བུ་སྟོན་གྱིས་དཀྱིལ་ཆོག་ཉི་ཤུ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་མ་ཡིན་ཏེ། སྒྲུབ་ཐབས་མདོར་བྱས་དང་མི་མཐུན་ཞིང་། ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང་ཡང་མི་མཐུན་པའི་ཕྱིར་ཞེས་གསུངས་ནས་མཐའ་གཅིག་ཏུ་སློབ་དཔོན་གྱི་མཛད་པ་མིན་པར་ཁ་ཚོན་གཅོད་པ་མཛད། དེ་ལ་རེད་མདའ་བ་ཆེན་པོས་ཀླུ་བྱང་གི་གཞུང་དང་མི་མཐུན་པའི་རྒྱུ་མཚན་གྱིས་ཀླུ་སྒྲུབ་ཀྱི་གཞུང་མི་འཐད་པར་བསྒྲུབ་པར་མི་རིགས་ཏེ། སློབ་མའི་གཞུང་དང་མི་མཐུན་པ་སྒྲུབ་བྱེད་དུ་བྱས་ནས་སློབ་དཔོན་གྱིས་གཞུང་འགོག་པ་མི་འཐད་པའི་ཕྱིར། དེས་ན་ཀླུ་སྒྲུབ་ཀྱི་གཞུང་དང་མི་མཐུན་པས་ན། ཀླུ་བྱང་གི་གཞུང་ཐེ་ཚོམ་ཅན་དུ་བྱེད་དགོས་ཀྱི། ཀླུ་སྒྲུབ་གྱིས་མཛད་པ་འདི་འཐད་ལྡན་དུ་རིགས་སོ་ཞེས་གསུངས་ལ། རེད་མདའ་བའི་བཞེད་པ་དེ་ལ་རང་ལུགས་ཀྱི་མཁས་པ་ཁ་ཅིག །དེ་ནི་ཤིན་ཏུ་མི་འཐད་དེ། དཀྱིལ་ཆོག་གཉིས་པོ་དེའི་ནང་ནས་ཀླུ་བྱང་གི་དཀྱིལ་ཆོག་ནི་རྒྱ་གར་བའི་པཎ་གྲུབ་མང་པོས་ཚད་ལྡན་དུ་ཞལ་གྱིས་བཞེས་པའི་ཕྱིར་ཏེ། ཟུང་འཇུག་གསལ་བའི་ཡེ་ཤེས་དབབ་པའི་སྐབས་སུ། གྲུབ་ཆེན་ཀླུ་བྱང་གིས་སྤེལ་བའི་དཀྱིལ་འཁོར་ཆོ་ག་ཉི་ཤུ་པ་ལས་ཤེས་པར་བྱའོ། །ཞེས་གསུངས་ཤིང་། ཨ་བྷྱ་ཡ་དང་། ཁ་ཆེ་པཎ་ཆེན་ལ་སོགས་པས་ཀྱང་ཚད་མར་མཛད་པའི་ཕྱིར་རོ།།

གཞན་ཡང་དཀྱིལ་ཆོག་དང་པོ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ན། ཀླུ་བྱང་དང་། སྒྲ་གཅན་འཛིན་གཉིས་ཀྱིས་དེའི་རྗེས་སུ་དེ་དང་མི་མཐུན་པའི་དཀྱིལ་ཆོག་རེ་མཛད་པ་དོན་མེད་པའི་ཕྱིར། དེས་ན་དང་པོ་ཐེ་ཚོམ་ཅན་དུ་གྲུབ་བོ་ཞེས་གསུངས་ཀྱང་རྗེ་རྡོ་རྗེ་འཆང་གི་གསུང་རྒྱུན་ཟིན་བྲིས་འགའ་ཞིག་ལས། བུ་སྟོན་གྱིས་ཀླུའི་བྱང་ཆུབ་ཀྱི་ཆོ་ག་ཉི་ཤུ་པ་དང་མི་མཐུན་པའི་ཕྱིར་ན། སློབ་དཔོན་གྱིས་མཛད་ངེས་ཤེས་པ་མིན་ཟེར་བའི་ཚིག་འདི་ནུས་པ་ཆེན་པོ་ཡིན་ཏེ། སློབ་དཔོན་གྱིས་དཀྱིལ་ཆོག་མཛད་ངེས་ཤེས་ན། ཀླུ་བྱང་གིས་དེ་དང་མི་མཐུན་པའི་དཀྱིལ་ཆོག་ག་ལ་རྩོམ་པའི་ཕྱིར་དང་། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་བསྟན་པའི་གཏད་རབས་དགུ་པ་ཡིན་ཅིང་། འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཀྱང་ཡིན་པས་ཀླུ་སྒྲུབ་ཀྱི་གཞུང་ཡོད་ན་དེའི་ལུང་དྲང་རིགས་པ་ལས་མ་དྲངས་པར། ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་ནས་ལུང་དྲངས་པའི་ཕྱིར་ཏེ། འདི་ཉིད་ཀྱིས་མཛད་པའི་ཟུང་འཇུག་གསལ་བ་ལས། དབབ་པའི་ནུས་པ་དང་ལྡན་པའི་སློབ་དཔོན་གྱིས་དབབ་པའི་སྣོད་དང་ལྡན་པའི་སློབ་མ་ལ་དབབ་པར་བྱ་སྟེ། གྲུབ་པའི་དབང་ཕྱུག་ཀླུ་བློའི་ཆོ་ག་ལས་སོ། །ཞེས་བཤད་ཅིང་། གཞན་ཡང་ཨ་བྷ་ཡ་ལ་སོགས་པའི་རྒྱ་གར་བ་མང་པོས་ཀླུ་བྱང་གི་དཀྱིལ་ཆོག་ནས་ལུང་ཤིན་ཏུ་མང་བར་དྲངས་པའི་ཕྱིར་རོ། །དེས་ན་འགོས་དཔོན་སློབ་དང་། རྗེ་བཙུན་ས་སྐྱ་པ་གོང་མ་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད་པ་དང་། དེ་ལ་བརྟེན་པའི་དབང་བཀའ་ཡོད་པས་སློབ་དཔོན་གྱི་མཛད་ཅེས་སྨྲས་པ་ཤིན་ཏུ་དཀའ། སློབ་དཔོན་གྱིས་རྩོམ་རྣམས་གཙང་ཧྲིག་པ་ཞིག་ཡོང་བ་ལ། འགྱུར་ཉེས་པ་ཨེ་ཡིན་འདི་ཉོག་གེ་བ་ཞིག་འདུག །བུ་སྟོན་པས་རིགས་པ་དེ་དང་། གཞུང་ཁོ་རང་གི་ཚིག་འགྲོས་ལ་བལྟས་ན་མིན་ནམ་ཡང་སྙམ་སྟེ་བརྟག་གོ །ཞེས་འབྱུང་། མཁས་པའི་དབང་པོ་གུང་རུ་ཤེས་རབ་བཟང་པོས་རྗེ་རྡོ་རྗེ་འཆང་གི་གསུང་བཞིན་འབྲི་བར་མཛད་པའི་གསང་བ་འདུས་པའི་རྣམ་བཤད་ལས། འོན་ཀྱང་ཀླུ་བྱང་གི་དཀྱིལ་ཆོག་དེ་ཚད་མར་བྱེད་དགོས་ཏེ། ཀླུ་སྒྲུབ་ཀྱི་དངོས་སློབ་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱི་ཟུང་འཇུག་གསལ་བར། ཡེ་ཤེས་ཕབ་ཚུལ་ཀླུ་བྱང་གི་དཀྱིལ་ཆོག་ལ་ཁ་འཕངས་ཤིང་། ཕྲེང་བའི་སྟོད་སྨད་མང་པོར་ལུང་དྲངས་པ་དང་། ཁ་ཆེ་པཎ་ཆེན་སོགས་ཀྱིས་ཚད་མར་བྱས་པས་སོ། །དཀྱིལ་ཆོག་སྔ་མ་དེ་དང་པོར་འཕགས་པས་ཆུང་སེ་བ་ཞིག་མཛད་པ་ལ། དུས་ཕྱིས་མཆན་དཀྱུས་སུ་ཤོར་བའམ། འཕགས་པའི་གསུང་རྒྱུན་བླ་མ་གཞན་ཞིག་གིས་བྲིས་པ་ལ་ལྷད་ཞུགས་པར་འདུག་གོ།

དེ་ལྟར་ན་ཡང་དེའི་དབང་ཆོག་དེ་འཕགས་ལུགས་ཀྱི་བཀའ་ཡང་དག་ཡིན་ཏེ། གཞུང་དེར་ཐུན་མོང་གི་དབང་དགུ་སོགས་ལེགས་པར་བྱུང་བ་དང་། འགོས་ཀྱི་སྟོང་ཐུན་དུ་ཡང་ལུང་དྲངས་པས་སོ་ཞེས་བཤད་ལ། དེ་དག་ལ་རང་གི་བློས་ལེགས་པར་བརྟགས་ནས་འཐད་མི་འཐད་ཀྱི་རྣམ་དབྱེ་ཅུང་ཟད་ཕྱེ་ན་འདི་ལྟར་ཤར་ཏེ། བུ་སྟོན་རིན་པོ་ཆེའི་གསུང་དེ་ལྟར་ན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་ཙམ་མ་གཏོགས་སློབ་དཔོན་གྱིས་མཛད་པ་གཏན་ནས་མིན་གསུངས་པར་སྣང་བས། དེས་ན་འཕགས་པས་གསང་བ་འདུས་པའི་དཀྱིལ་ཆོག་ཉི་ཤུ་པ་བྱ་བ་གཏན་ནས་མ་མཛད་པ་ཞིག་བཞེད་དམ། འདི་མིན་པའི་གཞན་ཞིག་ཡོད་པར་བཞེད། དང་པོ་ལྟར་ན་འགོས་ལོ་སོགས་གསང་བ་འདུས་པའི་སྲོལ་འབྱེད་ཚད་ལྡན་དུ་མ་དང་འགལ་ཏེ། འགོས་ལོ་སོགས་སྔ་རབས་པ་རྣམས་ཀྱིས་དཀྱིལ་ཆོག་དེ་ཉིད་འཕགས་པས་མཛད་པར་བཞེད་ཅིང་། དེ་ལ་བརྟེན་ནས་བསྐུར་བའི་དབང་བཀའ་དེ་འཕགས་ལུགས་ཀྱི་བཀའ་རྣམ་དག་ཏུ་བཞེད་པའི་ཕྱིར་ཏེ། དཀྱིལ་ཆོག་དེ་ནས་འགོས་ཀྱི་སྟོང་ཐུན་ཆེན་མོར་ཡང་ལུང་དྲངས་ཤིང་ཚད་ལྡན་དུ་མཛད། ཁ་ཆེ་པཎ་ཆེན་མ་བྱོན་གོང་དུ་འཕགས་ལུགས་ཀྱི་དབང་བཀའ་མཛད་པ་ཐམས་ཅད་དཀྱིལ་ཆོག་དེ་ཉིད་ལ་བརྟེན་པ་ཤ་སྟག་ཡིན་པའི་ཕྱིར། གཉིས་པ་ལྟར་ན་དེའི་ངོས་འཛིན་བྱ་དགོས་སོ།།

འོན་ཀྱང་བུ་སྟོན་གྱིས་དཔྱད་པ་དེ་ལྟར་མཛད་པ་ཡང་ཧ་ཅང་མི་ལེགས་པ་མ་ཡིན་ཏེ། དེང་སང་ཡོངས་སུ་གྲགས་པའི་བོད་དུ་འགྱུར་བའི་དཀྱིལ་ཆོག་ཉི་ཤུ་པ་འདི་ཀླུ་སྒྲུབ་ཀྱིས་མཛད་ངེས་ཤེས་ཡིན་ན། སློབ་དཔོན་གྱི་དངོས་སློབ་ཀླུ་བྱང་གིས་དེའི་རྗེས་སུ་དེ་དང་མི་མཐུན་པ་འདི་མཛད་དོན་མེད་པ་ཙམ་དུ་སྣང་བའི་དོགས་པ་འཇུག་ཏུ་རུང་བས་སོ། །ཡང་རེད་མདའ་བས་གསུངས་པ་དེ་ངོ་ཐོག་ནས་བལྟས་ན་འཐད་པ་ལྟར་སྣང་ཡང་། དོན་ལ་ཅུང་ཟད་མི་འགྲིག་སྟེ། ཇི་ལྟར་ཞེ་ན། ཀླུ་བྱང་གིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ་འདི་རྒྱ་བོད་ཀྱི་མཁས་གྲུབ་གང་གིས་ཀྱང་རྣམ་དག་ཏུ་བཞེད་པའི་ངེས་པ་མེད་པར། ཀླུ་བྱང་གིས་མཛད་པར་གྲགས་པ་ཙམ་ཞིག་ཡིན་ན། རེད་མདའ་བ་ཆེན་པོས་དཔོན་སློབ་གཞུང་འགལ་ན། སློབ་མའི་གཞུང་ཐེ་ཚོམ་ཅན་དུ་བྱེད་རིགས་ཀྱི། སློབ་དཔོན་གྱི་གཞུང་ཐེ་ཚོམ་ཅན་དུ་བྱེད་མི་རིགས་སོ་གསུངས་པ་འདི། བུ་སྟོན་གྱི་བཞེད་པ་ལ་གནོད་བྱེད་ངེས་ཤེས་ཀྱི་དགག་པར་འདུག་ནའང་། ཀླུ་བྱང་གི་འདི་ནི་རྒྱ་གར་གྱི་པཎ་གྲུབ་མང་པོས་ཚད་ལྡན་དུ་ཞལ་གྱིས་བཞེས་པས་རེད་མདའ་བའི་དགག་པ་དེ་ཡང་འཐད་ཕྱོགས་མིན་ནོ།།

ཡང་རང་ལུགས་ཀྱི་མཁས་པ་འགའ་རེས་ཀླུ་སྒྲུབ་ཀྱི་འདི་རྣམ་དག་མིན་པའི་ཤེས་བྱེད་ལ། སློབ་དཔོན་གྱིས་མཛད་ངེས་པ་ཡིན་ན། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་ཟུང་འཇུག་གསལ་བར་འདི་ནས་ལུང་འདྲེན་མཛད་རིགས་པ་ལས། འདི་ནས་མ་མཛད་པར་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་ནས་ལུང་འདྲེན་དང་ཁ་འཕང་མཛད་པའི་ཕྱིར་གསུངས་མོད་ཀྱང་། དེ་ལ་རང་ངེས་པ་ཆེར་མེད་དམ་སྙམ་སྟེ། ཀླུ་སྒྲུབ་ཀྱི་དཀྱིལ་ཆོག་ཤིན་ཏུ་བསྡུས་པ་ཞིག་མཛད་པ་ནས་ལུང་དུ་འདྲེན་འོས་ཀྱང་ཆེར་མེད་པ་དང་། ཁྱད་པར་ཁ་འཕང་མཛད་པ་ནི་ཡེ་ཤེས་དབབ་པའི་སྐབས་ན་འདུག་པས། དེ་ཉིད་དཀྱིལ་ཆོག་ཀླུ་སྒྲུབ་ཀྱིས་མཛད་པ་དེར་ཤིན་ཏུ་བསྡུས་པ་ལྟ་བུའི་ཁ་མ་འཕངས་ཤིང་། ཀླུ་བྱང་གི་དཀྱིལ་ཆོག་དེར་ཡེ་ཤེས་དབབ་པ་རྒྱས་པར་ཡོད་པས་དེ་ལ་ཁ་འཕངས་པ་ཡིན་པ་ཡང་སྲིད་པས་སོ།།

དེས་ན་མཁས་པའི་དབང་པོ་གུང་རུས་གསུངས་པ་ལྟར། ཀླུ་བྱང་གིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ་ནི། སློབ་དཔོན་སྒྲ་གཅན་འཛིན་དཔལ་སོགས་པཎ་གྲུབ་མང་པོས་ཚད་ལྡན་དུ་བཞེད་པས་རྣམ་དག་ཡིན་མིན་ལ་རྩོད་པ་ཆེན་པོ་མེད་ལ། ཀླུ་སྒྲུབ་ཀྱིས་ཀྱང་དཀྱིལ་ཆོག་ཉི་ཤུ་པ་ཞིག་མཛད་དམ་སྙམ་སྟེ། འགོས་སོགས་སྔ་རབས་པ་མང་པོས་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་དེ་ཡོད་པ་རང་བཞེད་ནས། དེ་ལ་བརྟེན་པའི་དབང་བཀའ་ཡང་མཛད་པ་ལ། ཕྱིས་སུ་དབང་བཀའ་རྙིང་མར་གྲགས་པ་དང་། ཁྱད་པར་འགོས་ལོས་རྒྱ་གར་དུ་བྱོན་ནས་བླ་མ་བཙུན་མོ་ཅན། མངོན་ཤེས་ཅན། ནག་པོ་པ་དང་གསུམ་བསྟེན་ནས་གསང་བ་འདུས་པ་མཐིལ་ཕྱིན་པར་གསན་པ་ཡོངས་ལ་གྲགས་པས། དཀྱིལ་ཆོག་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མ་མཛད་པ་དགོངས་བཞིན་དུ་དེ་རྣམ་དག་ཏུ་ཞལ་གྱིས་བཞེས་པ་མི་སྲིད་པས་སོ།།

དེས་ན་བུ་སྟོན་གྱི་ཕྱག་ཏུ་བྱུང་ནས་དཔྱད་པ་མཛད་པའི་དཀྱིལ་ཆོག་ཉི་ཤུ་པའི་དཔེ་དེ་ཐོག་མར་དཔལ་འཕགས་པ་ཀླུ་སྒྲུབ་ཀྱིས་དཀྱིལ་ཆོག་བསྡུས་སེ་བ་ཞིག་མཛད་པ་ལ། འགའ་ཞིག་གིས་གསལ་བྱེད་ཀྱི་མཆན་བཏབ་པ་ཕྱིས་སུ་དཀྱུས་སུ་ཤོར་བ་ལྟ་བུའི་ལྷད་ཅུང་ཟད་ཞུགས་པ་ཞིག་ཡིན་ནམ་སྙམ་མོ། །ཡང་འགའ་ཞིག་ལས་འགྱུར་ཉེས་པ་ཡིན་ནམ་ཡང་གསུངས། དེ་ཡང་ཅུང་ཟད་མི་འགྲིག་སྟེ། ཕྱིས་སུ་འགྱུར་བྱེད་གཞན་ཞིག་གིས་བསྒྱུར་ནས་ཁ་འཕངས་བྱས་པ་ལྟ་བུ་ཡིན་པའི་སྒྲོས་ནི་རང་གཞན་ཀུན་ལ་མི་སྣང་ལ། དེ་མིན་ཕྱིན་དང་པོའི་འགྱུར་དེ་ལ་འགྱུར་སྐྱོན་ཡོད་མེད་འགོས་ལོ་སོགས་མཁས་པ་སྔ་མ་དེ་དག་གིས་མི་མཁྱེན་པ་མི་སྲིད་པའི་ཕྱིར་རོ།།

འདི་དག་ནི་མཁས་པའི་བཞེད་པ་དེ་དག་ལ་བསམ་བྱུང་གི་བློ་གྲོས་ཀྱིས་ཞིབ་ཏུ་བརྟགས་ནས་རང་གི་བློ་ལ་ཤར་ཚུལ་བརྗོད་པའི་སྒོ་ནས་འཐད་མི་འཐད་ཀྱི་རྣམ་དབྱེ་ཕྱེ་བ་ཙམ་ཡིན་གྱིས། མཁས་པ་སྔ་མ་རྣམས་ལ་སུན་འབྱིན་བགྱིད་འདོད་སོགས་ཀྱི་བསམ་པ་ནི་ཁོ་བོ་ལ་མེད་པས་ད་དུང་རྣམ་དཔྱོད་དང་ལྡན་པ་དག་གིས་མཁས་པ་རྣམས་ཀྱི་བཞེད་པ་དེ་དག་སོ་སོ་དང་། ཁོ་བོས་བཤད་པ་འདི་དག་ལ་ཡང་བརྟག་དཔྱད་ལེགས་པར་གྱིས་ལ་གཟུ་བོར་གནས་པས་སྨྲ་བར་བྱོས་ཤིག་དང་། ལུང་རིགས་དང་མཐུན་པ་སྣང་ཚེ་ཁོ་བོས་ཀྱང་འཇུག་བཟློག་བགྱིད་ཅིང་། གཞན་དག་གིས་ཀྱང་དེ་བཞིན་བྱ་རིགས་ཏེ། བདག་ཉིད་ཆེན་པོ་ས་པཎ་གྱིས།

གལ་ཏེ་བདག་གི་ཚིག་བདེན་ན། །དམ་པ་རྣམས་ཀྱིས་ལེགས་ཞེས་གསུངས། །

འོན་ཏེ་འདི་ལ་སྐྱོན་ཆགས་ན། །ལུང་དང་རིགས་པས་སུན་ཕྱུངས་ཤིག །

ཅེས་གསུངས་པས་སོ། །གང་ལྟར་ཡང་དེ་ལྟ་བུའི་དཔྱད་གཞི་ཅན་གྱི་གཞུང་དེ་ཉིད་དང་བཅས་པའི་གསང་བ་འདུས་པའི་སྐོར་ལ་དཔལ་འཕགས་པ་ཀླུ་སྒྲུབ་ཀྱིས་གཞུང་ལྔ་མཛད། ཅེས་བུ་སྟོན་གྱིས་འཕགས་པའི་གསུང་མིན་པར་གསུངས་ལ། རྗེ་བཙུན་རེད་མདའ་བ་དང་། རྗེ་འགོས་དཔོན་སློབ། རྗེ་བཙུན་ས་སྐྱ་པ་གོང་མ་རྣམས་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཡིན་པར་འདོད་པ་སོགས་ཀྱི་སྐོར་འཐད་མིན་རྣམ་དབྱེ་ཕྱེ་ནས་གསལ་བར་གསུངས་སོ།།

ཡང་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660)  མཆོག་གིས་མཛད་པའི་དཔལ་གསང་བ་འདུས་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[9]། ཡང་སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་ཟུང་འཇུག་གསལ་བ་མཛད། འདི་ནི་འཕགས་ལུགས་ལ་དཀྱིལ་འཁོར་གྱི་ཆོ་ག་ཚད་ཐུབ་ཅིག་ཡིན་ཏེ། ཀླུ་བྱང་གིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ་ལ་བརྟེན་ནས་དབང་བསྐུར་བའི་ཚེ་ཡང་དབང་གོང་མ་འདི་ནས་ཁ་སྐོང་བར་བཤད་པས་སོ། །སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་གཞུང་མཛད་པ་ཆེར་མི་སྣང་ལ། འོན་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔའི་གཞུང་གི་རིམ་པ་གཉིས་པའི་མཇུག་སློབ་དཔོན་འདིས་མཛད་པ་ཡིན་ཏེ། འགོས་ཀྱི་སྟོང་ཐུན་ཆེན་མོ་ལས། སྲིད་པའི་གཟེབ་ལས་ངེས་གྲོལ་འགྱུར། །ཞེས་པ་ཡན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ནས། ཤེས་རབ་ངོ་བོ་ཉིད་འདི་ནི། །མན་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་འཕྲོས་ཁ་བསྐངས་པ་ཡིན་ཅིང་། རིམ་ལྔའི་རིམ་པ་གཉིས་པའི་མཇུག་ཏུ་ཁོང་པའི་མཚན་བཏབ་པའོ་ཞེས་གསུངས་པ་ལྟར་རོ། །འདི་ལ་ཡང་ཁ་ཅིག་ལེགས་སྨིན་ཀ་རས་རིམ་ལྔའི་འགྲེལ་པར་བཤད་ཟེར་ནས། སློབ་དཔོན་ཤཱཀྱ་བཤེས་གཉེན་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་ཡིན་པས་དགེས་དགེས་མཛད་ནས། རིམ་པ་གཉིས་པ་ལ་ཤཱཀྱ་བཤེས་གཉེན་གྱི་མཚན་བྱང་བཅུག་པ་ཡིན་ཟེར་བ་དང་། འགའ་ཞིག་ཤཱཀྱ་བཤེས་གཉེན་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་སུ་འདོད་པ་སོགས་ནི་མ་བརྟགས་པར་སྨྲ་བའོ། །ཞེས་ཀྱང་བྱུང་ངོ་།།

གཞན་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་མོ་ལྟ་བའི་བརྒྱུད་པ་ལ་གསོལ་བ་གདབ་པ་ལས[10]།

སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །

ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་སྨྲ་བའི་གཙུག་རྒྱན་གསུམ་གྱི་ཡ་གྱལ་འཕགས་མཆོག་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་གསུང་བཟང་གི་མཛད་པའི་ཕྱག་རྗེས་རྣམས་མདོ་སྔགས་རིག་གནས་དང་བཅས་པ་ཀུན་ལ་ཇི་ལྟར་ཁྱབ་ཚུལ་དང་། སྐྱེ་བོ་མ་ལུས་པའི་རེ་འདོད་རྣམས་ཇི་ལྟར་བསྐངས་ཚུལ་རྣམས་ནི། རྨད་དུ་བྱུང་བའི་ལེགས་བཤད་ཀྱི་སྐྱེས་ཆེན་པོ་ཇི་ལྟར་འཇོག་པར་མཛད་ཚུལ་སྐོར་ཇོ་བོའི་གསུང་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་གྲངས་ ༡༩ ཡི་མཚན་གསལ་བ་རྣམས་གོང་དུ་བཀོད་ཟིན་ལ། བསྟན་བཅོས་དེ་དག་གི་ཁྲོད་ནས་དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོའི་ཊཱིཀ་དང་། སངས་རྒྱས་མཉམ་སྦྱོར་གྱི་རྫོགས་པའི་རིམ་པའི་མན་ངག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་བསྟན་འགྱུར་སྤྱི་བྱིངས་ནང་གསལ་མེད་པས། ཕལ་ཆེར་བོད་དུ་མ་བསྒྱུར་བའི་གྲས་མིན་ནམ་སྙམ་པས་དཔྱད་དགོས་སོ།།

གཞན་ཡང་སྡེ་དགེ་བསྟན་འགྱུར་ནང་མ་གསལ་བའི་ཁ་སྐོང་ནང་བཞུགས། སངས་རྒྱས་རྗེ་བཙུན་རྒྱུན་ཆགས་ཀྱི་ཚིགས་སུ་བཅད་པས་བསྟོད་པ་སོགས་གཞུང་བཅུ་གསུམ་ལྷག་ཡོད་ཚོད་འདུག །དེ་བཞིན་བསྟན་འགྱུར་སྤྱི་བྱིངས་ནང་མ་འཁོད་ཅིང་། ཇོ་བོའི་དབུ་མའི་མན་ངག་ནང་དཔེ་མཚན་འཁོད་པ་གཞུང་ལྔ་ཙམ་ཡོད་ཚོད་འདུག

རྒྱ་ནག་གི་སྐད་དུ་སློབ་དཔོན་གྱིས་མཛད་པར་གསལ་བའི་བསྟན་བཅོས་ལ། ལོ་ཙཱ་བ་གཞོན་ནུའི་སྲོག་གིས་བསྒྱུར་བའི་སློབ་དཔོན་གྱི་རྣམ་ཐར་དུ་བཀོད་པར་ཤེར་ཕྱིན་མན་ངག་ཤོ་ལོ་ཀ་འབུམ་པ་དང་། སངས་རྒྱས་ལམ་གྱི་རྒྱན་ཞེས་པ་ས་བཅུ་པའི་མདོའི་འགྲེལ་པ་ཤོ་ལོ་ཀ་ལྔ་སྟོང་ཡོད་པ། སྙིང་རྗེ་ཆེན་པོའི་ཐབས་ཀྱི་བསྟན་བཅོས་ཤོ་ལོ་ཀ་ལྔ་སྟོང་པ། དབུ་མའི་བསྟན་བཅོས་ཤོ་ལོ་ཀ་ལྔ་བརྒྱ་པ། ག་ལས་འཇིགས་མེད་ཤོ་ལོ་ཀ་འབུམ་པ་བཅས་ལྔ་དང་། གཞན་ཡང་། སྒོ་བཅུ་གཉིས་པའི་བསྟན་བཅོས་དང་། ཐབས་ཀྱི་སྙིང་པོ། བྱང་ཆུབ་ཀྱི་ཚོགས་ཀྱི་བསྟན་བཅོས། སྟོང་པ་ཉིད་བཅོ་བརྒྱད་ཀྱི་བསྟན་བཅོས། མཚན་ཉིད་རྣམ་པར་གྲོལ་བའི་བྱང་ཆུབ་སྙིང་པོ། རིག་པ་ལྔ་ཡི་བསྟན་བཅོས་བཅས་ཡོད་པར་བཤད་[11]ཀྱང་ཕྱི་མ་རྣམས་ལས་འགའ་ཤས་བོད་འགྱུར་དུ་བཞུགས་པ་མཚན་གཞན་གྱི་ཐོག་ནས་རྒྱ་ནག་སྐད་དུ་ཡོད་པའམ། ནོར་ཏེ་སློབ་དཔོན་གྱི་མཚན་བཀོད་པའང་སྲིད་པས་དཔྱད་དགོས་པར་སྣང་སྟེ། རྒྱ་ནག་གི་སྐད་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། ཡི་གེ་བརྒྱ་པ་དག་ཀྱང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བཤད་དོ།།

དེ་བཞིན་བོད་དུ་མ་བསྒྱུར་ཅིང་རྒྱའི་སྐད་ཡིག་ཏུ་བསྒྱུར་བའི་དབུ་མའི་བསྟན་བཅོས་ཞེས་པའི་པོ་ཏི་མང་པོ་ཡོད་པ་ཞིག་འདུག་པ་དེ་ནི་ཀླུ་སྒྲུབ་ཀྱིས་མཛད་པ་ཨེ་ཡིན་སྙམ། དབུ་མའི་བསྟན་བཅོས་དེ་ཉིད་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ཞིག་ཡིན་ན། སློབ་དཔོན་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ་སོགས་པ་རྣམས་ཀྱིས་གཞུང་དེ་དྲང་དགོས་པ་ཞིག་ཡིན། འོན་ཀྱང་དབུ་མའི་བསྟན་བཅོས་ཞེས་པའི་གཞུང་ཁུངས་སུ་དྲངས་པ་ཞིག་གཏན་ནས་མེད་པས་སོ། །དེས་ན་རྒྱའི་སྐད་ཡིག་ཏུ་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་དབུ་མའི་བསྟན་བཅོས་ཞེས་པའི་གཞུང་ལུགས་ཆེན་པོ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་དངོས་མིན་པར་སེམས། དེ་ལྟར་གཞུང་དངོས་ཡིན་མིན་གྱི་རྣམ་དབྱེ་འབྱེད་དགོས་པ་ཤིན་ཏུ་གལ་གནད་ཆེའོ།།

སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱོར་བ་བརྒྱ་པ་དང་། གསེར་འགྱུར་གྱི་རྩི་ལ་སོགས་པ་མཛད་པས་གསོ་བ་རིག་པ་དང་། བཟོ་རིག་པའི་གནས་ལ་ཕྱི་ནང་གཉིས་ཀས་གཅིག་གྱུར་དུ་ཁུངས་སུ་བྱེད་ཅིང་། དེང་སང་རྒྱ་གར་ནང་གསོ་བ་རིག་པའི་ལམ་སྲོལ་རྒྱུན་གནས་སུ་ཡོད་པའི་ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐོར་ཞོར་འཕྲོས་ཙམ་ལས་མི་གསལ་ཞིང་། བོད་འགྱུར་དུ་མེད་པའི་གསོ་བ་རིག་པ་ལ་སོགས་པའི་བསྟན་བཅོས་འགའ་ཤས་ཤིག་གི་མཛད་པ་པོ་ཀླུ་སྒྲུབ་ཀྱི་མཚན་དུ་གསལ་ཡང་ཁ་གཡར་བའམ་ཀླུ་སྒྲུབ་མཚན་ཅན་གཞན་གྱིས་མཛད་པ་ཡིན་དཔྱད་པར་བྱ་བར་སྣང་ངོ་།།

དེ་ཡང་རསཝཻཤེཥིཀ (བཅུད་ཁྱད་པར་བ།) ཞེས་པའི་མཛད་པ་པོ་བཙུན་པ་ཀླུ་སྒྲུབ་ཅེས་པ་གསལ་ཞིང་། སུཤྲུཏསཾཧིཏཱ་ (ལེགས་པར་ཐོས་བསྡུས་པ་)  ཞེས་པ་ཀླུ་སྒྲུབ་ཀྱིས་བསྐྱར་བཅོས་དང་སྦྲགས་དེ་ལ་ཁ་སྣོན་ཞིག་ཀྱང་ཡོད་པ་ལ་རྒྱུད་ཕྱི་མར་གྲགས་པ་དེའི་མཛད་པ་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་པར་འགས་བཤད།[12] དེང་སང་དཔར་དུ་འཁོད་ཡོད་པ་དེར་[13]མི་བཞུགས། ཡང་རསརཏྣཱཀར་ (རིན་པོ་ཆེའི་བཅུད་ཀྱི་འབྱུང་གནས།) ཞེས་པ་འདི་འགས་ཀླུ་སྒྲུབ་ཀྱིས་མཛད་པར་བཤད་ཀྱང་འདིའི་ཡིག་རྙིང་ཐོར་བུ་[14]ཞིག་གི་མཛད་བྱང་དུ་ནིཏྱནཱཐ་ (རྟག་ཏུ་མགོན་) ཞེས་པ་དང་། ཡང་དཔར་དུ་ཐོན་པ་[15]ཞིག་ལ་སིདྡྷནཱ་ཐ་ (གྲུབ་ཐོབ་མགོན་པོ།) ཞེས་ཀྱང་གསལ། ཡོགཏཏྣམཱལཱ་ (སྦྱོར་བ་རིན་ཆེན་ཕྲེང་བ།) ཞེས་པ་རྫས་སྦྱོར་ལ་བརྟེན་ནས་ཕ་རོལ་པོ་དབུལ་པོར་སྒྱུར་བར་བྱེད་པ་དང་། ཡན་ལག་ཉམས་པར་བྱེད་པ། སྲོག་བཀུམ་པ། དེ་བཞིན་སྒྱུ་མ་སོགས་ཀྱི་ཐབས་བསྟན་པ་ཞིག་འདུག་པ་འདི་ཀླུ་སྒྲུབ་མཚན་ཅན་གྱིས་བརྩམས་པ་འགོ་མཇུག་ཏུ་གསལ་ཡང་། དེའི་མཆོད་བརྗོད་དུ་ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་ཙམ་ལ་བྱུང་བའི་སློབ་དཔོན་བྷཱསཀར་ (སྣང་བྱེད།) ཞེས་པ་ལ་མཆོད་པར་བརྗོད་པས་དེའི་མཇུག་ཏུ་བྱུང་བ་ཞིག་ཡིན་པར་བཤད།[16] འདི་ལ་གཅེར་བུ་པའི་དགེ་སྦྱོང་ཞིག་གིས་བརྩམས་པའི་འགྲེལ་བ་ཞིག་འདུག་གོ།

ཡང་ཀླུ་སྒྲུབ་ཀྱིས་མཛད་པའི་ཀཀྨཔུཊཏནྟྲ་ (མཆན་ཁུང་སྦྱོར་བའི་རྒྱུད་) ཅེས་པ་ལེའུ་ལྔའི་བདག་ཉིད་ཅན་རྫས་སྦྱོར་སོགས་ཀྱི་ཐབས་བསྟན་པ་ཞིག་ཡོད་པར་བཤད་[17]ཀྱང་དཔེ་དཀོན་པས་ལུང་དྲངས་པ་ཙམ་ལས་མ་མཐོང་། བསྟན་འགྱུར་རྒྱུད་ཀྱི་ཁོངས་སུ་མཆན་ཁུང་གི་སྦྱོར་བ་[18]ཞེས་པ་སློབ་དཔོན་གྱི་མཛད་བྱང་གསལ་བ་དེ་ཡང་རྫས་སྦྱོར་སོགས་ཀྱིས་མི་འཇིགས་པར་བྱེད་པ། བུ་བཙས་པ་བྱེད་པ་དང་། ཆོ་ལོ་རྒྱལ་བར་བྱེད་པ་སོགས་ཀྱི་ཐབས་བསྟན་པ་ཞིག་ཡོད་པ་དེར་ལེའུའི་གསལ་ཁ་མེད་ལ། ལྡེབ་མའང་ཕྱེད་དང་གཅིག་ལས་མ་མཆིས། འདིར་གོང་གི་རྒྱ་དཔེ་ལས་ལུང་འདྲེན་བྱས་པ་དེ་མི་འཐོབ། བོད་འགྱུར་དུ་བཞུགས་པ་དེ་གོང་གི་བསྟན་བཅོས་རྒྱ་དཔེར་བཞུགས་པའི་ཆ་ཤས་ཤིག་ཡིན་ནམ་དེ་ལས་ཐ་དད་པ་ཞིག་ཡིན་དཔྱད་པར་བྱ་བའོ།།[19]

དེ་ལྟར་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མ་འོངས་པའི་གདུལ་བྱ་རྣམས་ལ་ཕན་དོན་དུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད། དེ་ཡང་སྡེ་དགེ་བསྟན་འགྱུར་དུ་སློབ་དཔོན་གྱི་མཚན་ཐོག་ཏུ་བསྟན་བཅོས་གྲངས་བསྡོམས་ ༡༤༤ ཡོད་པ་དང་། དེ་བཞིན་དུ་པེ་ཅིན་བསྟན་འགྱུར་དཀར་ཆག་ནང་བསྟན་བཅོས་གྲངས་བསྡོམས་ ༡༤༥ ཡི་མཚན་གསལ་ཡོད། དཔྱད་པ་ཞིབ་ཏུ་བྱས་ན་དེ་དག་གི་ཁྲོད་དུ་སློབ་དཔོན་ལ་ཁ་གཡར་བ་དང་། མཚན་མཐུན་པ་གཞན་གྱིས་བྱས་མིན་སོགས་ལ་དབྱེ་ཞིབ་བྱེད་དགོས་པ་ཇི་སྙེད་ཅིག་ཡོད་པས། གྲངས་ཚད་དེ་དག་ངེས་གཏན་རྫོགས་པར་འཁེལ་བའི་གྲངས་ཚད་དུ་འཇོག་རྒྱུ་ཤིན་ཏུ་དཀའ་འོ།།

བསྟན་འགྱུར་དེ་དག་ཏུ་མ་འཁོད་ཅིང་ལེགས་སྦྱར་དང་རྒྱའི་སྐད་ཡིག་ལས་གསར་དུ་བསྒྱུར་བའི་བསྟན་བཅོས་འགའ་ཞིག་ཡོད་པ་སྟེ། ལེགས་སྦྱར་ནས་བསྒྱུར་བའི་ཆོས་ཡང་དག་པར་བསྡུས་པ་དང་། རྒྱའི་སྐད་ལས་བསྒྱུར་བ་ཐེག་པ་ཆེན་པོ་ཉི་ཤུ་པ་གཉིས་དང་། བྱང་ཆུབ་ཀྱི་ཚོགས་ཞེས་པ་ནི་འཕགས་བོད་གང་གི་སྐད་དུའང་ཐོབ་རྒྱུ་མེད་ལ། བསྟན་འགྱུར་དུ་མི་བཞུགས་པའི་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་བསྟན་བཅོས་བཅུ་ཕྲག་འགའ་ཞིག་མཇལ་རྒྱུ་ཡོད་ལ། གཞི་རྩའི་སློབ་དཔོན་གྱིས་མཛད་པའི་གསུང་རབ་ཡོངས་སུ་རྫོགས་པ་བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། དབུ་མ། མདོ་འགྲེལ། མངོན་པ། འདུལ་བ། སྤྲིངས་ཡིག །གསོ་བ་རིག་པ། བཟོ་རིག་པ། ལུགས་ཀྱི་བསྟན་བཅོས། སྣ་ཚོགས་བཅས་སྡེ་ཚན་བཅུ་གཅིག་ཏུ་བཞུགས་ཤིང་། དེ་ལྟར་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བསྟན་བཅོས་དེ་དག་གི་དཀར་ཆག་རྒྱས་པ་ལོགས་སུ་བྱས་ཡོད་པས་དེར་གཟིགས་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༩

[2]  སྤྱོད་འཇུག་ཤེས་བཞིན་བསྲུང་བའི་ལེའུ་ལས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། །ཞེས་པར་སློབ་དཔོན་ཤེས་འབྱུང་བློ་གྲོས་ཀྱིས། ཡང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་། མདོ་ཀུན་ལས་བཏུས་པ་གཉིས་པོའང་འབད་པས་ཏེ་གུས་པས་བལྟ་བར་བྱའོ། །གང་འདིར་མི་སྣང་བ་དེ་ནི་དེ་ལ་སྣང་ངོ་སྙམ་དུ་དགོངས་པའོ། །ཞེས་གསུངས་སོ། །སྡེ་དགེ་བསྟན་འགྱུར། དབུ་མ། ༼ལ༽ དེབ་ཨང་ ༦༡ པ། ཤོག་གྲངས་ ༩༨༠

[3]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ས༽ དེབ་ཨང་ ༡༥ པ། ༡༩༩༦ ལོ། ཤོག་གྲངས་ ༧༦༧

[4]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཇ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༣

[5]  བཀྲས་ལྷུན་དཔར་མ། གསུང་འབུམ། ༼ཇ༽ རིམ་ལྔ་གསལ་སྒྲོན། ཤོག་གྲངས་ ༢༨ བ

[6]  བཀྲས་ལྷུན་དཔར་མ། གསུང་འབུམ། ༼ཇ༽ རིམ་ལྔ་གསལ་སྒྲོན། ཤོག་གྲངས་ ༢༧བ

[7]  ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼ཕ༽ འཕྲུལ་པར་དཔེ་རིང་། ཤོག་ ༥ན༤

[8]  ཨ་མྱེས་ཞབས་བཀའ་འབུམ། པོད། ༼པ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༣བ༡

[9]  ཨ་མྱེས་ཞབས་བཀའ་འབུམ། པོད། ༼པ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༣བ༡

[10]  བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༣

[11]  རྒྱ་ནག་གི་སྐད་དུ་བཞུགས་པའི་སློབ་དཔོན་གྱི་བསྟན་བཅོས་རྣམས་རྒྱ་གར་བ་ཀེ་ཝེནཀཌརམན་ཞེས་པ་ཡུན་རིང་རྒྱ་ནག་ཏུ་ནང་པའི་གཞུང་ལ་སྦྱངས་པས་བརྩམས་པའི་ཤེར་ཕྱིན་མན་ངག་ནང་ཀླུ་སྒྲུབ་ཀྱི་ལྟ་བ་ཞེས་པ་དང་། ཕྱི་གླིང་བ་རོ་བིན་སོན་ཞེས་པས་རྒྱ་དཀར་ནག་ནང་གནའ་བོའི་དབུ་མ་ཞེས་པ་གཉིས་སུ་བཀོད་པ་ལས་བླངས་པ་ཡིན་ནོ།། K. Vankataramana, Nagarjuna’s philosophy as presented in Mahaprajnaparamita shastra, Bhartiya vidhya Prakashan/ Varanasi, 1971, pp.34. R.H. Robinson, early madhyamika in india and china, Madison, 1967,p,64.

[12]  K. Sacchitananda, Nagarjuna, National Book Trust, 1971, p.35.

[13]  ལེགས་སྦྱར་མཆན་ཡོད།

[14]  ཝཱ་ཎ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ཁང་དུ་ཡོད་པའི་དཔེ་རྙིང་ཨང་། ༤༥༠༨༤ ཅན་ནོ།།

[15]  (ed) tricumbi Acharya, rasratnakar, with Hindi translation, Chaukhamba Amarbhartiya pRakashan,1982.

[16]  (ed) Prof. priyavrat Sharma, Nagarjuna’s Yogaratnamala with the commentary of Svetambara Bhiksu Gunakara, intr Chaukhambha Orientalia, Varanasi, 1977, p.9.

[17]  (ed) Prof. priyavrat Sharma, Nagarjuna’s Yogaratnamala with the commentary of Svetambara Bhiksu Gunakara, intr Chaukhambha Orientalia, Varanasi, 1977, P.12.

[18]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཡ༽ དེབ་ཨང་ ༡༣ པ། ༢༠༠༨ ལོ། ཤོག་གྲངས་ ༡༨༧

[19]  འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་  ༢༧ ནས་ ༧༧ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༢ ནས་ ༣༨༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *