ཇ༽ རྣམ་ཐར་གྱི་ཡིག་ཆ་དང་། གྲགས་ཅན་གྱི་བསྟན་བཅོས།
དེ་ཡང་གཉན་དགོན་སྤྲུལ་སྐུ་གསུང་རབ་པས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]།
བསྟན་རྩ་ཚུལ་ཁྲིམས་བསིལ་ཁང་དམ་པའི་གཞིར། །
འདུལ་བ་རྒྱ་མཚོའི་ལེགས་བཤད་ཟླ་བའི་ཟེར། །
ཐུབ་བསྟན་ཀུན་ནས་མཛེས་པའི་རྒྱན་གཅིག་ཏུ། །
བྱེད་པོ་རྣམ་སད་སྲས་པོ་མཆོག་གཉིས་ཞབས། །
ཞེས་གསུངས་པ་ལྟར་འདུལ་བའི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་དུ་གྱུར་པའི་སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་ནི། ཕྱི་ལོའི་དུས་རབས་གང་དུ་བྱོན་མིན་དང་། རྣམ་ཐར་གསལ་པོར་འཁོད་པ་ཞིག་ད་བར་མ་མཇལ་ཞིང་། རྣམ་ཐར་གྱི་དཔྱད་གཞིའི་ཡིག་ཆ་ཡང་ཤིན་ཏུ་དཀོན་པའི་ཁར་ཡོངས་གྲགས་ཀྱི་གསུང་སྲོལ་འགའ་ཞིག་ཀྱང་ཞིབ་ཏུ་དཔྱད་ན་དོན་ལ་གནས་པར་དཀའ་ཞིང་། ཡང་དཔྱད་གཞིའི་ཡིག་ཆ་རེ་ཟུང་གསར་རྙེད་བྱུང་བ་དེ་དག་ནི་ཡོངས་གྲགས་ཀྱི་གསུང་སྲོལ་དང་མི་མཐུན་པ་དང་། ཀུན་མཁྱེན་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བུ་སྟོན་ཆོས་འབྱུང་དུ་ཤཱཀྱ་འོད་ཡོན་ཏན་འོད་ཀྱི་སློབ་མ་ཡིན་མིན་དང་། ཤཱཀྱ་འོད་ཀྱིས་མཛད་པའི་གསུང་གི་དཀར་ཆག་ཙམ་ལས་རྣམ་ཐར་སྐོར་མི་གསལ་ཞིང་། དེ་བཞིན་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། འཕགས་པ་ཡོན་ཏན་འོད། དཔལ་ལྡན་ཟླ་བ་གྲགས་པ་རྣམས་ཀྱི་རྟོགས་བརྗོད་མཛད་འདུག་ཀྱང་། སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་སོགས་མཛད་པ་མི་སྣང་ཞིང་། ལྷག་པར་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་ཐུན་མོང་དང་སོ་སོའི་བསྟོད་ཚོགས་དང་རྟོགས་བརྗོད་སོགས་རྒྱས་བསྡུས་ཁྱོན་བསྡོམས་ ༡༠༨ ཙམ་ཐབས་འཚོལ་ཕྱོགས་བསྒྲིགས་ཐུབ་པ་བྱུང་ཡང་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། འཕགས་པ་གྲོལ་སྡེ་བཅས་པཎ་གྲུབ་གསུམ་པོ་འདི་དག་ལ་བོད་ཀྱི་མཁས་པས་མཛད་པའི་བསྟོད་པ་དང་། རྟོགས་བརྗོད་སོགས་ཀྱི་རིགས་གཅིག་ཀྱང་ལག་སོན་མ་བྱུང་ཞིང་། རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་བརྗོད་ཁོངས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་གཅིག་ཡོད་པ་ལས། དེ་མིན་རྒྱ་གར་ཆོས་འབྱུང་དུའང་སློབ་དཔོན་ཤཱཀྱ་འོད་བྱོན་པའི་དུས་སྐབས་ཙམ་ལས་མི་གསལ་བ་སོགས་སློབ་དཔོན་འདི་ཉིད་ཀྱི་རྣམ་ཐར་སྐོར་གསལ་བའི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་ཉུང་བ་སྟེ། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་ ༼དེང་སང་རྒྱ་གར་གྱི་ཀ་ཤི་སྨིར།༽ དུ་འགྲོ་དོན་མཛད། ཅེས་གསུངས་པ་ལྟར་ནུབ་ཕྱོགས་ཞེས་ཕྱོགས་བཞིའི་ཁ་ཕྱོགས་ཙམ་ལས་ནུབ་ཕྱོགས་ཀྱི་ཡུལ་ལུང་གང་དུ་འཁྲུངས་མིན་དང་། རིགས་གང་དུ་སྐུ་འཁྲུངས་པ། སྐུ་ན་གཞོན་དུས་ཀྱི་མཛད་པ་སོགས་མི་གསལ་བར་མ་ཟད། ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་ཅེས་པ་ལས་འགྲོ་དོན་ཇི་ལྟར་མཛད་ཚུལ་སྐོར་རགས་ཙམ་འཁོད་པའང་ཤིན་ཏུ་དཀོན་ནོ།།
དེ་ཡང་ཉི་འོག་པ་ཅེས་པ་ནི། རྒྱ་གར་གྱི་ཡུལ་དབུས་མ་ག་དྷ་པ་རྣམས་ནི་ཉི་འོག་པ་ཞེས་པའི་མིང་འཇུག་གཞིའི་གཙོ་བོ་ཡིན། མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས། རྒྱ་གར་གྱི་ཡུལ་དབུས་ལ་སོགས་པ་ཁ་ཆེའི་ཡུལ་ལས་གཞན་དག་ན་གནས་པ་རྣམས་ལ་ནི་ཉི་འོག་པ་ཞེས་བྱའོ། །ཞེས་གསུངས། མཆིམས་མཛོད་ལས། ཉི་འོག་པ་ནི་རྒྱ་གར་བ་རྣམས་སམ་ཁ་ཆེ་བའི་ཡུལ་ལས་གཞན་ན་གནས་པ་དེ་དག་ནི་ཁ་ཆེ་བ་ཡིན་ཅིང་། གང་དག་ཁ་ཆེའི་ཡུལ་གྱི་ནུབ་ཕྱོགས་ན་གནས་པ་དེ་དག་ལ་ནི་ནུབ་ཕྱོགས་པ་ཞེས་བྱ་ལ། ནུབ་ཕྱོགས་པ་དང་རྒྱ་གར་གྱི་ཡུལ་དབུས་ལ་སོགས་པ་ཁ་ཆེའི་ཡུལ་ལས་གཞན་དག་ན་གནས་པ་རྣམས་ནི་ཉི་འོག་པ་ཞེས་བྱའོ། །ཞེས་གསུངས། མཆིམས་མཛོད་ལུང་ཕྱི་མ་འདི་ཅུང་ཟད་གོ་དཀའ་བས་གསལ་བར་བཤད་ན། ནུབ་ཕྱོགས་པ་དང་ཁ་ཆེའི་ཡུལ་ལས་གཞན་དག་ན་གནས་པ་རྒྱ་གར་གྱི་ཡུལ་དབུས་ལ་སོགས་པ་རྣམས་ནི་ཉི་འོག་པ་ཞེས་བྱའོ། །ཞེས་བྱ་བའི་དོན་ནོ། །ཡང་སེ་ར་རྗེ་བཙུན་པའི་གྲུབ་མཐར། བྱེ་བྲག་སྨྲ་བ་ལ་དབྱེ་ན། ཁ་ཆེ་བྱེ་བྲག་སྨྲ་བ། ཉི་འོག་པའི་བྱེ་བྲག་སྨྲ་བ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ་ཞེས་ཉི་འོག་དང་ཡུལ་དབུས་གཉིས་ཐ་དད་དུ་གསུངས་འདུག་པས་དཔྱད་པར་འོས་སོ། །ཡང་ལྕང་སྐྱའི་གྲུབ་མཐར་ནི་བྱེ་སྨྲ་ལ། ཁ་ཆེ་བྱེ་སྨྲ་དང་། ཉི་འོག་པ་གཉིས་མ་གཏོགས་མ་གསུངས་སོ།།[3]
འོན་ཀྱང་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ལས[4]།
སྟོབས་བཅུ་མངའ་བས་ལེགས་གསུང་འདུལ་བའི་གྲུ། །
ཕུལ་བྱུང་ཚངས་སྤྱོད་དར་ཆེན་རབ་འཕྱར་ནས། །
ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་མཛད་པའི། །
དེད་དཔོན་ཤཱཀྱའི་འོད་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དེད་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་ཅུང་ཞལ་གསལ་བ་ནི། ཁྲི་ཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[5]། སློབ་དཔོན་ཤཱཀྱ་འོད་ནི། ནུབ་ཕྱོགས་སུ་འཁྲུངས་ནས་མཐར་མ་ག་དྷར་བཞུགས་པའི་མཁན་པོ་བསོད་ནམས་གྲགས་པ་དང་། ཞི་བ་འོད་ཀྱི་སློབ་མར་འོད་ལྡན་ལས་བཤད་ཅིང་། དེས་འདུལ་བ་སུམ་བརྒྱ་པ་དང་། རང་འགྲེལ་འོད་ལྡན་མཛད་པ་རྒྱལ་པོ་གཽ་པ་ལས་མ་ག་དྷ་སོགས་དབང་བསྒྱུར་བའི་སྐབས་སློབ་དཔོན་འདིས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་དོ། །ཞེས་གསུངས་ལ། གཡུང་དྲུང་བོན་གྱི་མཁས་པ་དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[6]། སློབ་དཔོན་ཤཱཀྱ་འོད་ནི་ནུབ་ཕྱོགས་སུ་སྐུ་འཁྲུངས། མ་ག་དྷའི་མཁན་པོ་བསོད་ནམས་གྲགས་དང་། ཞི་བའི་འོད་རྣམས་ལས་འདུལ་སྡེ་མཉན་ཅིང་སྦྱངས། མཐར་ཕྱིན་པས་འདུལ་བ་སྨྲ་བའི་མཆོག་ཁྲིར་བཞུགས། འདུལ་བ་སུམ་བརྒྱ་པ། རང་འགྲེལ་འོད་ལྡན་སོགས་མང་དུ་མཛད། ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་དེ་བཞུགས། སྤྱིར་འདུལ་བ་ལ་བཤེས་གཉེན་དྲུག་དང་ཕར་ཕྱིན་ལ་བཀའ་བབས་དྲུག་ཅེས་ཀྱང་གྲགས་སོ། །ཞེས་བྱུང་ངོ་།།
དེ་བཞིན་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[7]།
འདུལ་བ་འབུམ་སྡེའི་གཞུང་གི་མཐར་སོན་ནས། །
དགག་སྒྲུབ་གནང་བའི་བཅས་པ་མ་ལུས་པ། །
སྟོན་ལ་ཐུབ་དབང་གཉིས་པ་ལྟར་གྱུར་པ། །
ཤཱཀྱ་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་སློབ་དཔོན་ཤཱཀྱ་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བ་འོད་ལྡན་ལས་མཁན་པོ་བསོད་ནམས་གྲགས་པ་དང་། སློབ་དཔོན་ཞི་བ་འོད་གཉིས་ཀྱི་སློབ་མ་ཡིན་པར་གསུངས་ཤིང་། བླ་མ་དེ་དག་ལ་བརྟེན་ནས་འགྲེལ་པ་དོན་གསལ་བྱས་པར་གསུངས་པ་ལྟར། སློབ་དཔོན་ཆེན་པོ་ཤཱཀྱ་འོད་རབ་ཏུ་བྱུང་ཡུལ་དཔལ་ནཱ་ལེནྡྲ་ཡིན་པ་དང་། དེ་ཡང་དཔལ་ནཱ་ལེནྡྲའི་མཁན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ཞིང་། སློབ་དཔོན་ཞི་བ་འོད་བསྟེན་ནས་དཔལ་ནཱ་ལེནྡྲར་སྡེ་སྣོད་གསུམ་ལས་དམ་ཆོས་འདུལ་བའི་སྡེ་སྣོད་མ་ལུས་པ་གསན་ཅིང་སྦྱངས་པ་མཐར་ཕྱིན་པར་མཛད་པས་དམ་ཆོས་འདུལ་བ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ཅིང་། སྡེ་སྣོད་འཛིན་པའི་སློབ་མ་ཡང་མང་དུ་བྱོན་ཏེ་བསྟན་པའི་རྒྱལ་མཚན་བཤད་སྒྲུབ་འཁོར་ལོ་གསུམ་གྱི་ཡང་རྩེར་རྣམ་པར་བསྒྲེངས་ཏེ་རྒྱལ་བསྟན་རིན་པོ་ཆེ་གསལ་བའི་སྒྲོན་མེ་གཅིག་པུར་གྱུར་ཏོ།།
གཞན་ཡང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་ཡལ་འདབ་དགུ་པ་ལས[8]།
ཚངས་སྤྱོད་འདུལ་བའི་ལུགས་བཟང་དྲི་མེད་པ། །
ཐུབ་པའི་དགོངས་པ་ཇི་བཞིན་སྐྱོང་བ་ཡི། །
སྔོན་བྱོན་འཕགས་བོད་འདུལ་འཛིན་མཐའ་དག་ལ། །
རྣམ་ཐར་རྗེས་སུ་དྲན་པས་གུས་པ་བསྟེན། །
ཁྱད་པར་མང་ཐོས་སྤྱན་གྱིས་སྡེ་བཞིའི་ལུང་། །
དགག་སྒྲུབ་གནང་བའི་ལམ་ནས་ཐར་འདོད་ཀུན། །
ཞི་བའི་དཔལ་ལ་འགོད་པའི་དྲང་སྲོང་ཆེ། །
ཤཱཀྱ་འོད་ལ་གུས་པ་ཆེན་པོས་འདུད། །
ཅེས་གསུངས་པ་ལྟར། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་མཚོན་ནའང་། མཁས་གྲུབ་ཐམས་ཅད་མཁྱེན་པས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[9]། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་རྣམས་ཏེ་བོད་དུ་འགྱུར་རོ། །ཞེས་གསུངས་པ་ལྟར། བོད་དུ་འགྱུར་ཞིང་གྲགས་ཆེ་བ་ནི། གཞུང་ཆེན་བཀའ་པོད་ལྔའི་ཡ་གྱལ་འདུལ་བའི་བསྟན་བཅོས་ཁྱད་དུ་འཕགས་པ་འདུལ་བ་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་ཏེ་སུམ་བརྒྱ་པ་རྩ་འགྲེལ་སོགས་མཛད་དེ་བདེ་བར་གཤེགས་པའི་དམ་ཆོས་འདུལ་བའི་བདུད་རྩིའི་ཉིང་ཁུས་སྐལ་ལྡན་གདུལ་བྱ་རྣམས་ཀྱི་ཤེས་རབ་ཀྱི་དབང་པོ་རྒྱས་པར་མཛད་དོ།།
དེ་བཞིན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་ཡལ་འདབ་དགུ་པ་ལས[10]།
དབང་པོ་རྡོ་རྗེའི་སྡེབ་སྦྱོར་གྱི། །དགེ་ཚུལ་བསླབ་བྱ་འོད་ལྡན་གྱི། །ཐོག་མར་ཚུལ་ཁྲིམས་ལ་བསྟེན་ནས། །སྡུག་ཀུན་སྤངས་ཤིང་འགོག་ལམ་ཐོབ། །བདུད་བཞི་བཅོམ་པའི་ཡོན་ཏན་གྱིས། །བཅོམ་ལྡན་འདས་ལ་བསྟོད་ཚུལ་ནི། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱ། །དེ་ནས་བླ་མའི་མཚན་ཉིད་དང་། །དེ་ལ་བསྙེན་བཀུར་བྱེད་པའི་ཚུལ། །དགེ་ཚུལ་བསླབ་བྱ་མདོར་བསྡུས་པ། །འོད་ལྡན་རང་ལས་འདི་ལྟར་གསུངས། །ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་རྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཞེས་སོགས་གསུངས་པ་ལྟར། གསུང་དེ་དག་ལས་དབང་པོའི་ཏོག་ལྟ་བུའི་སྡེབ་སྦྱོར་གྱིས་བཅིངས་ཏེ་དགེ་ཚུལ་གྱི་བསླབ་བྱ་འདུལ་བ་འོད་ལྡན་འདི་ཉིད་ཐོག་མར་བརྩམས་པར་མཛད་ལ། འགྲེལ་པ་འོད་ལྡན་ལས[11]། དེ་ཉིད་དོན་ནི་གཏན་ལ་འབེབས་པ་རྣམས་ཀྱིས་ན་ལེནྡྲ་དྲ་ཡི་བདར་ལ་བདར་བ་ཡིན། །ཞེས་གསུངས་པ་ལྟར་འདུལ་བའི་གཞུང་ལུགས་འདི་ཉིད་གཏན་ལ་འབེབས་ཡུལ་ཡང་དཔལ་ནཱ་ལེནྡྲ་ཡིན་པར་གསུངས་ཤིང་། འདུལ་བ་འོད་ལྡན་དུ་གྲགས་པའི་ཕུལ་བྱུང་གི་གསུང་རྩོམ་འདི་ཉིད་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་ཡིན་པས། སློབ་དཔོན་ཤཱཀྱ་འོད་ཀྱིས་ལྗགས་རྩོམ་མཛད་ནས་ཡུན་རིང་མ་སོང་བས་དུས་རབས་བརྒྱད་པའི་དུས་མཇུག་སྟེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་དུ་བསྒྱུར་བས་དུས་ཐོག་ཏུ་བསྒྱུར་ཐུབ་པ་བྱུང་ཡོད།
གཞན་ཡང་ཁ་ཆེའི་མཁས་པ་ཆེན་པོ་དཔལ་ལཀྵྨཱི་ཞལ་སྔ་ནས་མཛད་པའི་རིམ་པ་ལྔའི་འགྲེལ་པའི་དོན་གསལ་བར་བྱེད་པ་ལས[12]། ཕྱག་འཚལ་བ་འདི་ཡང་རྣམ་པ་གསུམ་ཡིན་ཏེ་མཐུན་པ་དང་མངོན་པར་འདོད་པ་དང་གཉི་གའི་བདག་ཉིད་ཅན་ནོ། །དེ་ལ་མཐུན་པ་ནི་གང་ཞིག་གཞུང་མཛད་པས་འདོད་པ་མ་ཡིན་ཏེ། གཞུང་ལ་རིགས་པ་ཁོ་ནའོ། །དཔེར་ན་སོ་སོར་ཐར་པའི་སྡོམ་པ་ལ་རྗེས་སུ་མཐུན་པ་ནི་དགེ་སློང་གི་ཀཱ་རི་ཀཱ་རྣམས་ཀྱི་དང་པོ་ཕྱག་རྒྱ་འཚལ་བ་སྟེ་དཔལ་གྱི་ཕུན་སུམ་ཚོགས་པའི་ས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆགས་པ་དང་བྲལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དེ་ལ་སློབ་དཔོན་ཤཱཀྱ་འོད་ལ་ཡི་དམ་གྱི་ལྷ་འཇམ་དཔལ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཤཱཀྱ་འོད་ལ་ཡི་དམ་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་བྱུང་བར་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཉན་དགོན་སྤྲུལ་སྐུའི་གསུང་རྩོམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་གྲངས་ ༤༡༣
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༧
[3] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ། ༼༢༽ ཐེ་ཝན་དེབ་གཟུགས། ༢༠༡༣ ལོ། ཤོག་གྲངས་ ༧༦
[4] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་གྲངས་ ༣༡བ༦
[5] རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་གྲངས་ ༥༥ན༢
[6] ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༤༡
[7] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་གྲངས་ ༣༡ན༢
[8] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།
[9] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༠
[10] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།
[11] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༤༡༨
[12] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཆི༽ དེབ་ཨང་། ༡༩ པ། ཤོག་གྲངས་ ༥༢༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༣ ནས་ ༣༧༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།