འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས།
སྤྱིར་བསྟན།
༄༅། །འཕགས་ཡུལ་དུ་འཛམ་གླིང་རྒྱན་དྲུག་དང༌། ཆེན་པོ་བཞི། རྨད་བྱུང་གཉིས་ཏེ་བཅུ་གཉིས་ཞེས་གྲགས་པ་རྣམས་ནི། སློབ་དཔོན་ཀླུ་སྒྲུབ། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་དང༌། ཨརྱ་དེ་བ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་པ་བྱེད་པ་པོ་སྟེ་རྒྱན་དྲུག་དང༌། དཔའ་བོ། སྒྲ་གཅན་འཛིན་བཟང་པོ། ཡོན་ཏན་འོད། ཆོས་སྐྱོང་སྟེ་སློབ་དཔོན་ཆེན་པོ་བཞི། ཡང་ཞི་བ་ལྷ་དང་། ཙནྡྲ་གོ་མི་སྟེ་རྨད་དུ་བྱུང་བའི་སློབ་དཔོན་གཉིས་བཅས་སོ།།
དེ་ཡང་སློབ་དཔོན་ཀླུ་སྒྲུབ་ནི་དབུ་མའི་ཤིང་རྟའི་སྲོལ་འབྱེད་དང༌། འཕགས་པ་ཐོགས་མེད་ནི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད། ཕྱོགས་གླང་ནི་དོན་གྱིས་ཚད་མའི་ལམ་སྲོལ་འབྱེད་པ་པོ་དང་། འཕགས་པ་ཨརྱ་དེ་བ་ནི་ཀླུ་སྒྲུབ་ཀྱི་རྗེས་འབྲང་དང༌། དབྱིག་གཉེན་ནི་ཐོགས་མེད་ཀྱི་རྗེས་འབྲང་དང༌། དཔལ་ལྡན་ཆོས་གྲགས་ནི་ཕྱོགས་གླང་གི་ཚད་མའི་ལམ་སྲོལ་གཏན་ལ་འབེབས་མཁན་དང་། ཡོན་ཏན་འོད་དང་ཤཱཀྱ་འོད་ནི་འདུལ་བའི་སྲོལ་འཛིན་དང་། གཞན་རྣམས་ནི་ཐེག་ཆེན་གྱི་གཞུང་ལུགས་སྨྲ་བའི་མཁས་པ་རྩོད་མེད་དང་། ཁྱད་པར་དུའང་ཞི་བ་ལྷ་དང་དཔལ་ལྡན་ཟླ་བ་གྲགས་པ་གཉིས་ནི་ཟབ་ལམ་སྨྲ་བའི་མཁས་པ་འགྲན་ཟླ་དང་བྲལ་བའོ། །ཡང་ན་མགོན་པོ་ཀླུ་སྒྲུབ་དང༌། ཐོགས་མེད། ཕྱོགས་གླང་། ཡོན་ཏན་འོད་བཞི་ནི་རྩ་བའི་མཁན་པོ་དང་ཨརྱ་དེ་བ་དང་། སློབ་དཔོན་དབྱིག་གཉེན། དཔལ་ལྡན་ཆོས་གྲགས། ཤཱཀྱ་འོད་བཞི་ནི་འགྲེལ་པ་མཛད་མཁན་གྱི་སྒོ་ནས་ཀྱང་བཞག་ཏུ་རུང་ངོ་།།

སློབ་དཔོན་ཀླུ་སྒྲུབ་ནི། རྒྱ་གར་ལྷོ་ཕྱོགས་བཻ་དརྦྷ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སྐུ་ཚེ་ལོ་བདུན་ལས་བསྲིང་ཐབས་མ་བྱུང་བ་ས་ར་ཧ་དང་མཇལ་ནས་ཚེ་དཔག་མེད་ཀྱི་དབང་དང་མན་ངག་གནང་སྟེ་དགུང་ལོ་བཞི་བརྒྱ་དང་ལྔ་བཅུ (ལོ་ཧྲིལ་པོ།) བཞུགས། མཁན་པོ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཤིང་། རྨ་བྱ་ཆེན་མོ་དང་རིགས་བྱེད་མ་བསྒྲུབས་ཏེ་དངོས་གྲུབ་མང་པོ་ཐོབ། བཅུད་ལེན་ལ་བརྟེན་ནས་རྡོ་རྗེའི་ལུས་གྲུབ། བྷ་ལ་བ་དང་ཆང་འཚོང་མ་ཞིག་ལས་གདམས་ངག་ཞུས་ཏེ་ལྷ་མོ་ཙུཎྚི་ཀ་བསྒྲུབས་ནས་གསེར་འགྱུར་གྱི་རྩིས་ན་ལེནྡྲའི་དགེ་འདུན་ལ་མུ་གེའི་དུས་སུ་ལོ་བཅུ་གཉིས་ལ་འཚོ་བ་སྦྱར། ཀླུ་ཡུལ་དུ་ཕེབས་ཏེ་ཡུམ་འབུམ་པ་དང༌། དྷ་ནྱ་ཀ་ཊ་ཀའི་གླིང་ནས་ནག་པོ་ཆེན་པོའི་རྒྱུད་དང་། ཀུ་རུ་ཀུལླེའི་རྒྱུད་སྤྱན་དྲངས། ཡུལ་དབུས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་གླང་ཆེན་གྱིས་གནོད་པ་བསྲུང་ཕྱིར་རྡོའི་དྲ་མིག་དང་། ཕྱི་སྐོར་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། འབྲས་སྤུངས་མཆོད་རྟེན་གྱི་མཐར་ལྕགས་རི་དང་ལྷ་ཁང་བརྒྱ་ཙམ་བཞེངས། མུ་སྟེགས་པའི་རྒོལ་བ་ལྔ་བརྒྱ་ལྷག་བཟློག །ན་ལེནྡྲའི་དགེ་སློང་བདེ་བྱེད་སོགས་བསླབ་པ་ལ་གཡེལ་བ་རྣམས་ལ་ཁྲིམས་མཛད་པ་དང་། ཐེག་ཆེན་འགོག་བྱེད་རིག་རྒྱན་བཀག་ཅིང་རིགས་ཚོགས་དྲུག་མཛད་དེ་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་དང་། དགུང་ལོ་ཉིས་བརྒྱ་དང་ལྔ་བཅུའི་སྟེང་རྔ་བོ་ཆེའི་མདོ་སོགས་རྙེད་ཅིང་རིན་ཆེན་ཕྲེང་བ་དང་བསྟོད་ཚོགས་བརྩམས་པ་སོགས་ཆོས་སྒྲ་ཆེན་པོ་ལན་གསུམ་དུ་བསྒྲགས། སྒྲོལ་མས་བསྐུལ་ཏེ་དཔལ་གྱི་རིར་སྒྲུབ་པ་མཛད་ཅིང༌། ས་བདུན་པ་བརྙེས། མཚན་བཟང་སོ་གཉིས་རྗེས་མཐུན་པས་བརྒྱན་པ་བྱུང་། མཐར་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ཆུང་བས་ངན་སེམས་ཀྱིས་དབུ་བསླངས་པ་ལྟར་སྦྱིན་པར་མཛད། བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་སོ།།

སློབ་དཔོན་ཨརྱ་དེ་བའམ་འཕགས་པ་ལྷ་ནི། ཡུལ་སིངྒ་ལའི་རྒྱལ་པོའི་སྐྱེད་ཚལ་དུ་བརྫུས་ཏེ་སྐུ་འཁྲུངས་པ་རྒྱལ་པོས་བུར་བཟུང་ཞིང་། སློབ་དཔོན་ཀླུ་སྒྲུབ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པ་དང་། འཕགས་ཡུལ་དུ་ཕེབས་ཏེ་བཞུགས་ཤིང་། དཔལ་གྱི་རིར་བྱོན་ནས་སློབ་དཔོན་ཀླུ་སྒྲུབ་ལས་འདུས་པ་དང་། བཅུད་ལེན་གྱི་མན་ངག་སོགས་གསན་ཏེ་བསྒྲུབས། ན་ལེནྡྲར་མུ་སྟེགས་ནག་པོ་ཐུབ་དཀའ་བྱུང་དུས་རྩོད་པར་ཕེབས་པའི་ལམ་དུ་སྦྱིན་བདག་ཤིང་གི་ལྷ་མོ་ཞིག་ཡོད་པ་སྤྱན་ལ་ཆགས་ཏེ་བསླངས་པས་སྦྱིན་པར་བཏང་། མུ་སྟེགས་པ་རྩོད་པ་དང་རྫུ་འཕྲུལ་གྱིས་ཚར་བཅད་དེ་བསྟན་པ་ལ་བཀོད། ཕྱིས་ས་བརྒྱད་པ་ནོན་པར་གྱུར། བཞི་བརྒྱ་པ་དང་སྤྱོད་བསྡུས་སྒྲོན་མེ་སོགས་མཛད། ཀླུ་སྒྲུབ་འདས་རྗེས་ཤིང་གི་ལྷ་དང་གནོད་སྦྱིན་སྐལ་བཟང་མོ་སོགས་ཀྱིས་འཚོ་བ་སྦྱར་ཏེ་ཆོས་གཞི་བཙུགས་ནས་ཐེག་ཆེན་སྤེལ་བར་མཛད་ཅིང་། ཀླུ་སྒྲུབ་ཀྱི་ལུགས་ལ་སློབ་དཔོན་དང་མཉམ་པར་གྱུར་པ་དང་། ཁོང་གི་གསུང་ལས་ཀྱང་།
དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །
བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །
ཨརྱ་དེ་བ་མིག་གཅིག་པོ་ནི་གང་ཡིན་དེས། །
སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང༌། །
ཞེས་ཀྱང་གསུངས་སོ།།

འཕགས་པ་ཐོགས་མེད་ནི། བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་པ་ཐེག་ཆེན་དར་ཕྱིར་རྒྱལ་རིགས་དང་འཕྲད་པ་ལས་སྐུ་འཁྲུངས་ཤིང་། སྐུ་ཆུང་དུས་ནས་བསྟན་པ་ལ་ཞུགས་ཏེ་མཁས་པར་གྱུར་ཅིང་། སློབ་དཔོན་ཨརྷ་ཏ་ལས་སྒྱུ་དྲའི་དབང་མནོས་དུས་མེ་ཏོག་བྱམས་པ་ལ་ཕོག་པས་རི་བོ་བྱ་རྐང་ཅན་དུ་ལོ་བཅུ་གཉིས་ཀྱི་བར་བསྒྲུབས་ཤིང་། གྲོང་ཁྱེར་ཨུ་ཙནྟ་དང་ཉེ་བར་ཁྱི་མོ་སྨད་འབུས་ཁྱེར་བ་ཞིག་ལ་སྙིང་རྗེ་དྲག་པོ་སྐྱེས་པ་ལ་བརྟེན་ནས་བྱམས་པའི་ཞལ་གཟིགས་ཤིང་། དགའ་ལྡན་དུ་ཁྲིད་ནས་མི་ལོ་ང་གསུམ་རིང་བྱམས་ཆོས་གསན་ཏེ་ཕྱིར་བྱོན། མ་ག་དྷའི་པི་ལུ་པ་ནའི་ནགས་སུ་ཆོས་ཀྱི་མྱུ་གུའི་དགོན་པར་འཕགས་པ་ཐོགས་མེད། རྒྱུད་བླའི་འགྲེལ་པ། རྒྱན་དང་ཉི་ཁྲི་སྦྱར་བའི་དེ་ཉིད་རྣམ་ངེས། བྱམས་ཆོས་སྤྱིའི་དོན་འགྲེལ་དུ་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་མཛད། ཁྱད་པར་དུ་ས་སྡོམ་གྱིས་སེམས་ཙམ་དར་རྒྱས་མཛད་དེ་ཤིང་རྟའི་སྲོལ་ཕྱེ། སྐུ་ཚེ་དེར་ས་གསུམ་པ་བརྙེས་ཏེ་སྐུ་ལ་མཚན་དཔེ་རྗེས་མཐུན་པས་བརྒྱན་པ་བྱུང༌། ཕྱིས་རྒྱལ་པོ་ཟབ་མོ་ཕྱོགས་ཀྱིས་སྤྱན་དྲངས་ཏེ་དྲི་བ་མང་པོ་ལ་ལན་གནང་བས་དད་དེ་ཆོས་གཞི་ཉེར་ལྔ་བཙུགས། ལྷ་ཁང་དང་མཆོད་རྟེན་བརྒྱ་ཕྲག་མང་པོ་བཞེངས་ནས་ཐེག་ཆེན་དར་བར་མཛད། སྐུ་ཚེ་སྨད་དུ་ན་ལེནྡྲར་ལོ་བཅུ་གཉིས་བཞུགས། མུ་སྟེགས་ཀྱི་རྒོལ་བ་མང་པོ་ནང་པར་བཙུད། ཐེག་ཆེན་པའི་དགེ་ཚུལ་སློང་ཁྲི་ལྷག་འདུས་པ་ལས་ཐེག་ཆེན་ཀླུ་སྒྲུབ་ཀྱི་དུས་ལས་ཀྱང་རྒྱས་པར་མཛད་དོ། །དགུང་ལོ་བརྒྱ་དང་ལྔ་བཅུ་ (ཕྱེད་ལོ།) ཉེ་བར་བཞུགས་ནས་མཐར་ངན་ལས་འདས། བསྟན་པ་འདི་ལ་མང་དུ་བརྩམས་པའི་མཆོག་ཐོབ།།

སློབ་དཔོན་དབྱིག་གཉེན་ནི། ཐོགས་མེད་དང་མ་གཅིག་པའི་སྐུ་མཆེད་ཡིན་ལ་བྲམ་ཟེའི་རིགས་སུ་འཁྲུངས། ན་ལེནྡྲར་རབ་ཏུ་བྱུང་སྟེ་ཉན་ཐོས་ཀྱི་སྡེ་སྣོད་ལ་སྦྱངས་པས་མ་ཚིམས་པར་ཁ་ཆེར་ཕེབས་ཏེ་སློབ་དཔོན་སཾ་གྷ་བྷ་དྲ་ལས་བྱེ་བྲག་ཏུ་བཤད་པ་དང་སྡེ་པ་བཅོ་བརྒྱད་ཀྱི་ལུགས་གསན་ཅིང་། མུ་སྟེགས་ཀྱི་གཞུང་སོགས་ལ་ཡང་སྦྱངས་པས་མཁས་པར་གྱུར། ཐོགས་མེད་ཀྱི་གསུང་ལྟར་ཐེག་ཆེན་གྱི་སྐོར་མང་དུ་གསན་ཅིང་བརྒྱད་སྟོང་པ་ཞལ་འདོན་མཛད། ལོ་རེར་ཏིལ་མར་གྱི་ནང་དུ་བཞུགས་ཏེ་ཉིན་ཞག་བཅུ་ལྷག་རེར་ཐུགས་ན་ཡོད་པའི་འབུམ་སྡེ་གོ་དགུའི་གཞུང་རྣམས་ཚར་རེ་གསུངས། ཆོས་སྤྱོད་བཅུ་ཉིན་རེར་མི་འཆག །མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་ལྷག་ཚར་བཅད་དེ་ནང་པའི་བསྟན་པ་ལ་བཙུད་པས་ལྔ་སྟོང་ལྷག་ནང་པར་ཞུགས། གཞན་འགྲེལ་ལྔ་བཅུ་དང་། རང་གཞུང་བྲ་ཀ་ར་ན་སྡེ་བརྒྱད་སོགས་མཛད། འཕགས་པ་གྲོལ་སྡེ་དང་སློབ་དཔོན་ཕྱོགས་གླང་། བློ་གྲོས་བརྟན་པ། ཡོན་ཏན་འོད་སོགས་རང་ལས་མཁས་པའི་སློབ་མ་བཞི་བྱུང་། ཆོས་གསུངས་ཚེ་གསེར་གྱི་ཆར་པ་བབས་པ་དང་གཏེར་བརྡོལ་བ་སོགས་བྱུང་། ཆོས་གཞི་དྲུག་བརྒྱ་ལྷག་བཙུགས། རྫུ་འཕྲུལ་ངོ་མཚར་བ་བསྟན། སློབ་མ་ཐེག་ཆེན་པ་ཁྲི་དྲུག་ལྷག་བྱུང་། དགུང་ལོ་བརྒྱར་ཉེ་བ་ན་རབ་བྱུང་ཆ་བྱད་ཅན་ཆང་བུམ་ཁུར་བ་གཟིགས་པས་ཐུགས་སྐྱོ་སྟེ་གཙུག་ཏོར་རྣམ་རྒྱལ་བཟློག་སྟེ་ལན་གསུམ་བཟླས་ནས་འདས། བསྟན་པ་འདི་ལ་མང་དུ་ཐོས་པའི་མཆོག་ཏུ་གྲུབ་བོ།།

སློབ་དཔོན་ཕྱོགས་གླང་ནི། ལྷོ་ཕྱོགས་ཀཉྩིའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་འཁྲུངས་ཤིང༌། མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པར་གྱུར། ཕྱིས་གནས་མའི་བུའི་སྡེ་པའི་གླང་པོ་བྱིན་ལས་རབ་ཏུ་བྱུང་། སློབ་དཔོན་དབྱིག་གཉེན་བསྟེན་ཏེ་ཚད་མ་སོགས་ལ་མཁས་པར་སྦྱངས། མདོ་ལྔ་བརྒྱ་ཐུགས་ལ་བཟུང་སྟེ་འཇམ་པའི་དབྱངས་ཀྱི་ཞལ་གཟིགས། ན་ལེནྡྲར་ཕྱི་ནང་གི་རྩོད་པ་ཆེན་པོ་བྱུང་དུས་བྲམ་ཟེ་སུ་དུན་ཛ་ཡ་ལ་སོགས་པ་ཚར་བཅད་དེ་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་མཛད། མུ་སྟེགས་ནག་པོ་ཐུབ་རྒྱལ་རྩོད་པས་ཕམ་པར་བྱས་ཤིང་། འཇམ་པའི་དབྱངས་ཀྱི་གསུང་གིས་བསྐུལ་བ་ལྟར་ཚད་མ་ཀུན་བཏུས་བརྩམས། སངས་རྒྱས་མང་པོའི་ཞལ་གཟིགས་ཤིང་། ཚུལ་ཁྲིམས་དག་པའི་བདེན་སྟོབས་ཀྱིས་སྨན་ཤིང་ཀུན་ཕན་ཐོགས་པ་ཞིག་བསྐམས་པ་སྨོན་ལམ་ཙམ་གྱིས་སླར་སོར་ཆུད་པར་གྱུར་པ་སོགས་ངོ་མཚར་བའི་རྣམ་ཐར་མང་། ཁྱད་པར་དུ་ཚད་མ་ཀུན་བཏུས་ལ་སོགས་པའི་སྒོ་ནས་བསྟན་པ་དང་སྟོན་པ་མི་བསླུ་བར་བསྒྲུབས་པས་རང་བསྟན་གྱི་སྲོག་སློབ་དཔོན་ཕྱོགས་གླང་ཤིང་འཛིན་པ་ཟླ་དང་བྲལ་བའོ།།

སློབ་དཔོན་ཆོས་ཀྱི་གྲགས་པ་ནི། ལྷོ་ཕྱོགས་ཏྲི་མ་ལ་ཡར་བྲམ་ཟེ་མུ་སྟེགས་ཀུན་ཏུ་རྒྱུ་ཞིག་གི་བུར་འཁྲུངས་ཏེ་རིག་བྱེད་དང་མུ་སྟེགས་ཀྱི་གཞུང་ལ་མཁས་པར་གྱུར། ཕྱིས་དཔལ་ལྡན་ཆོས་སྐྱོང་ལས་རབ་ཏུ་བྱུང༌། སྡེ་སྣོད་གསུམ་ལ་མཁས་ཤིང་། མདོ་དང་གཟུངས་ལྔ་བརྒྱ་ཐུགས་ལ་བཟུང་། སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་ཚར་གསུམ་གསན་པས་ཕྱོགས་གླང་གི་དགོངས་པ་མ་ལོན་པར་མཁྱེན། དེ་ཚེ་བླ་མས་ཀུན་བཏུས་ཀྱི་འགྲེལ་རྩོམ་པར་བསྐུལ་བ་ལྟར་ཚད་མ་སྡེ་བདུན་མཛད་དེ་ཚད་མའི་གཞུང་གི་བདག་པོར་གྱུར། ཧེ་རུ་ཀའི་ཞལ་གཟིགས་ཤིང་ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ། ཕྱི་རོལ་པའི་རྒོལ་བ་སྟོང་ཕྲག་ལྷག་རྩོད་པས་ཕམ་པར་བྱས་ཏེ་བསྟན་པ་ལ་བཙུད། ཁྱད་པར་དུ་གཞོན་ནུ་རོལ་པ་དང་། སི་ག་ར་ཨརྱ་སོགས་མུ་སྟེགས་པ་ཆེས་ཆེན་པོ་རྣམས་རྩོད་པས་ཕམ་པར་བྱས་ཏེ་ནང་པར་བཅུག་པ་དང་། ཆོས་གཞི་བརྒྱ་ཕྲག་བཙུགས། སི་ག་རས་སློབ་དཔོན་གྱི་ཚེ་གཅིག་པོར་སྐྱེ་བ་གསུམ་བླངས་ཏེ་བརྩད་ཀྱང་ཕམ་ནས་ནང་པར་ཞུགས། ཆོས་ཀྱི་རྒྱལ་རྔ་ལན་བཅུ་བདུན་དུ་བརྡུངས་པར་གྲགས། བསྟན་པ་འདི་ལ་སྨྲ་བའི་མཆོག་བརྙེས། མཐར་ཀ་ལིངྒར་འདས་ནས་གདུང་བཞུགས་པ་རྡོའི་རང་བཞིན་གྱི་གོང་བུ་གཅིག་ཏུ་གྱུར་ཏོ། །དེ་ཡང༌།
ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་རྗོད་པ་རྣམ་པར་དག །
སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །
ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །
ཞེས་གསུངས་པ་ལྟར་རོ།།

སློབ་དཔོན་ཡོན་ཏན་འོད་ནི། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་སུ་འཁྲུངས་ཤིང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན། ཆོས་འདུལ་བ་ལ་ཤིན་ཏུ་མཁས། ཆུང་དུས་ནས་ཕྱི་ནང་གི་གྲུབ་མཐའ་ལ་མཁས་པར་གྱུར། དབྱིག་གཉེན་གྱི་དྲུང་དུ་ཆོས་སྡེ་སྣོད་གསུམ་དང༌། ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པར་སྦྱངས་ཤིང་། ཁྱད་པར་འབུམ་སྡེའི་དོན་ཁོང་དུ་ཆུད། སློབ་མ་དགེ་སློང་སྟོང་ལྔ་ལྷག་ཡོད་པ་ཕལ་ཆེ་བ་མཁས་པ་ཤ་སྟག་ཡིན། ཨ་གྲ་པུ་རིའི་གཙུག་ལག་ཁང་དུ་བཞུགས་ཏེ་བསྟན་པ་ལ་བྱ་བརྒྱ་ཆེར་མཛད། དགུང་ལོ་ཉིས་བརྒྱ་ (ཕྱེད་ལོ།) བཞུགས་པ་དང་། མཐར་འཁྲུངས་ཡུལ་དུ་མྱ་ངན་ལས་འདས། བྱང་སའི་འགྲེལ་པ་དང་། འདུལ་བ་མདོ་རྩ་དང༌། དེའི་རང་འགྲེལ། ཀརྨ་ཤ་ཏམ། ལས་བརྒྱ་རྩ་སོགས་བསྟན་བཅོས་མང་དུ་བརྩམས་ཏེ་འདུལ་བསྟན་གྱི་བདག་པོར་གྱུར་པ་དང་། ས་གསུམ་པ་པར་གྲགས་ཤིང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཤཱཀྱ་འོད། སློབ་དཔོན་ཡོན་ཏན་འོད། འདུལ་བ་རང་ལས་མཁས་པ་དེ་ཉིད་ཡིན་ནོ།།

སློབ་དཔོན་ཤཱཀྱ་འོད་ནི། ཆུང་དུས་ནས་རབ་ཏུ་བྱུང་སྟེ་མཁས་པར་སྦྱངས། མ་གྷ་དྷའི་མཁན་པོ་སློབ་དཔོན་བསོད་ནམས་གྲགས་པ་དང་། སློབ་དཔོན་ཞི་བའི་འོད་གཉིས་ཀྱི་སློབ་མ་ཡིན། ཁྱད་པར་དུ་ཆོས་འདུལ་བ་ལ་ཤིན་ཏུ་མཁས་པས། འདུལ་བ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་སོགས་བསྟན་བཅོས་མང་དུ་བརྩམས་པ་ལས་འགའ་ཞིག་བོད་དུའང་འགྱུར་བ་དང་། སྐུ་ཚེ་གང་པོར་འདུལ་བསྟན་ཉམས་བཞེས་ཀྱི་མཐིལ་དུ་མཛད་དེ་མཁན་བུ་གྲངས་མེད་བསྐྱངས་ཤིང་། རྒྱ་གར་འཕགས་པའི་ཡུལ་དུ་མཆོག་གཉིས་ཀྱི་ཐ་སྙད་གྲགས་པ་མེད་ཀྱང་བོད་དུ་འདུལ་བསྟན་ལ་དགོངས་ཏེ་དམ་པ་གོང་མ་རྣམས་དེ་ལྟར་བཞེད་པར་གསུངས་པ་ལྟར་བཀོད་དོ།།

དཔལ་ལྡན་ཟླ་བ་གྲགས་པ་ནི། ལྷོ་ཕྱོགས་ས་མནྟར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། མཁུར་ཚོས་གཉིས་ན་སྨེ་བ་ཡོད་པས་མཐིང་མིག་པར་གྲགས་ཤིང་། ཟླ་བའི་མགོན་པོ་ལས་རབ་ཏུ་བྱུང་། ཆུང་དུས་ནས་མཁས་པར་གྱུར་ཏེ་ན་ལནྡྲའི་མཁན་པོ་མཛད་ཅིང་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད་དེ་ནང་པར་བཙུད། བདེན་ཞེན་ཟློག་ཕྱིར་རི་མོར་བྲིས་པའི་བ་བྲུས་མ་ལས་འོ་མ་བཞེས་ཏེ་དགེ་འདུན་ལ་འོ་ཐུག་གིས་ཚིམས་པར་མཛད། རྡོའི་ཀ་བ་དང་རྩིག་པ་ལ་ཐོགས་པ་མེད་ཅིང་རྡོའི་སེང་གེར་བཅིབས་ནས་དུ་རུ་ཥའི་དམག་བཟློགས་པ་སོགས་ངོ་མཚར་བའི་རྣམ་ཐར་མང་། ཁྱད་པར་དུ་ཀླུ་སྒྲུབ་ཡབ་སྲས་དང་སངས་རྒྱས་བསྐྱངས་ཀྱི་རྗེས་སུ་འབྲངས་ཏེ་ཉི་ཟླ་ལྟ་བུའི་མདོ་སྔགས་ཀྱི་བསྟན་བཅོས་གཉིས་སོགས་བརྩམས། ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེ། ཆོས་གཞི་མང་པོ་བཙུགས། མ་ནུ་བྷཾ་གའི་རིར་བཞུགས་ཏེ་མཆོག་གི་དངོས་གྲུབ་བརྙེས་ཤིང༌། དགུང་ལོ་སུམ་བརྒྱར་ (ཕྱེད་ལོ།) བཞུགས།
སློབ་མའི་མཐའ་མ་ཟླ་གྲགས་ལ། །ཆོས་ཀྱི་མཐའ་མ་སྐྱེ་མེད་སྟོན། །
གསུངས་པ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་དངོས་སློབ་ཡིན་ནོ། །བསྟན་པ་འདི་ལ་ཟབ་མོ་མཁྱེན་པའི་མཆོག་ཏུ་བསྔགས། འདི་དང་རྒྱལ་སྲས་ཞི་བ་ལྷ་གཉིས་ལ་ངེས་དོན་རིགས་པའི་དབང་ཕྱུག་ཅེས་གྲགས་སོ།།

ངེས་དོན་རིགས་པའི་དབང་ཕྱུག་རྒྱལ་སྲས་ཞི་བ་ལྷ་ནི། རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་འཁོར་མོ་བཟང་ཞེས་པར་ཡབ་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་སྐུ་འཁྲུངས་ཏེ་མཚན་ཞི་བའི་གོ་ཆར་བཏགས་ཤིང་། དགུང་ལོ་དྲུག་པར་རྗེ་བཙུན་འཇམ་པའི་དབྱངས་བསྒྲུབས་ནས་གྲུབ་སྟེ་ཞལ་གཟིགས་ཤིང་གདམས་པ་ཐོབ། ཡབ་ཀྱིས་རྒྱལ་སྲིད་དུ་འགོད་པར་རྩོམ་པ་ན་རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་ཏེ་རྗེ་བཙུན་འཇམ་དབྱངས་རྣལ་འབྱོར་པ་ཞིག་ཏུ་སྤྲུལ་པའི་དྲུང་དུ་ཁྲིད། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས། ཤར་ཕྱོགས་ན་རྒྱལ་པོ་སེངྒེ་ལྔ་པ་ཞེས་པའི་གདུག་རྩུབ་ཅན་ཞིག་ཡོད་པའི་སྐུ་དྲུང་དུ་བློན་པོ་བྱས་ཏེ་རྫུ་འཕྲུལ་གྱིས་བཏུལ། པཎྚི་ཏ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་ཞི་བ་ལྷ་ཞེས་རྒྱལ་སྲས་ཞི་བ་ལྷ། གསོལ། པཎྜི་ཏ་དེ་དང་རྗེ་བཙུན་འཇམ་པའི་དབྱངས་ལས་ཆོས་གསན་ཏེ་མཁས་པར་གྱུར། ཏིང་ངེ་འཛིན་བསྒོམས་པས་ས་ལམ་མཐོན་པོར་གཤེགས། མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས། ཕྱི་ཚུལ་དུ་འདུ་ཤེས་གསུམ་པ་བའི་ཚུལ་བསྟན་པར། དགེ་སློང་མངོན་ཤེས་མེད་པ་རྣམས་ཀྱིས་གནས་ནས་སྐྲོད་འདོད་ཀྱིས་ན་ལེནྡྲའི་དགེ་འདུན་ཐམས་ཅད་ཀྱི་དབུས་སུ་གདན་ཁྲི་ཆེས་མཐོན་པོ་འཛེག་མི་ཐུབ་པ་ཞིག་བྱས་ཏེ་ཆོས་འཆད་པར་བསྐུལ་བ་ན། གདན་ཁྲི་ཕྱག་གིས་མནན་ཏེ་རན་པར་བྱས་ནས་ཁྲི་ལ་འཁོད་དེ་རྒྱལ་སྲས་སྤྱོད་འཇུག་གསུངས། གང་ཚེ་དངོས་དང་དངོས་མེད་དག །ཅེས་པའི་མཚམས་ནས་ནམ་མཁར་འཕགས་ཏེ་གསུངས་མཚམས་མ་ཆད་པར་གྲོང་ཁྱེར་ཀ་ལངྒར་བྱོན། དེ་ལ་ན་ལེནྡྲས་གདན་དྲངས་ཀྱང་མ་ཕེབས་པར་སྤྱོད་འཇུག་གི་གཞུང་ཚད་དང་། བསླབ་བཏུས་ཀུན་བཏུས་གཉིས་ཀྱི་མ་ཕྱི་གང་དུ་ཡོད་པ་གསུངས། ཡུལ་དེར་ཡང་སྔགས་ཀྱི་སྤྱོད་པ་མང་པོ་བསྟན། ལྷོ་ཕྱོགས་སུ་བྱོན་ཏེ་མུ་སྟེགས་པ་རྣམས་རྩོད་པ་དང་རྫུ་འཕྲུལ་གྱིས་ཕམ་པར་བྱས་ཏེ་བསྟན་པ་ལ་བཙུད་པས་ས་དེར་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས། ཉམ་ཐག་པའི་འགྲོ་བ་རྣམས་ལ་རྫུ་འཕྲུལ་གྱིས་ཁ་ཟས་སྩལ་པ་སོགས་ངོ་མཚར་བའི་རྣམ་ཐར་བཅུ་བདུན་གྱི་བདག་ཉིད་ཅན་ཏེ། མདོར་ན། བྱང་ཆུབ་ཀྱི་སེམས་དང་ལྟ་བ་རྣམ་པར་དག་པས་གསང་སྔགས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་གནས་པ་དང་། ཁྱད་པར་དམ་པའི་ཆོས་ཀྱི་ཡང་སྙིང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་རིགས་པའི་སྒོ་ནས་འཆད་པ་ལ་གཞན་དང་མི་འདྲ་བའི་ལེགས་པར་བཤད་པའི་བདག་ཉིད་ཆེན་པོ་འགྲན་ཟླ་དང་བྲལ་བའོ།།

སློབ་དཔོན་ཙནྡྲ་གོ་མི་ནི། རྒྱལ་རིགས་ཀྱི་པཎྜི་ཏ་ཞིག་གི་བུར་སྐྱེ་བ་བཞེས་ཤིང་། སྒྲ་དང་རྟོག་གེ་ལ་སོགས་པའི་རིག་གནས་ཐུན་མོང་བ་ཐམས་ཅད་མ་བསླབས་པར་རང་ཤེས་སུ་གྱུར་པས་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་ཅིང། སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པ་ལ་མདོ་སྡེ་དང་། མངོན་པོའི་སྡེ་སྣོད་ཕལ་ཆེར་ལན་གཅིག་གསན་པ་ཙམ་གྱིས་མཁྱེན། རིག་པ་འཛིན་པའི་སློབ་དཔོན་མྱ་ངན་མེད་པ་ཞེས་བྱ་བ་ལ་བཀའ་ལུང་མནོས་ཏེ། རིགས་སྔགས་སློབ་དཔོན་ཙནྡྲ་གོ་མི། བསྒྲུབས་པས་འཕགས་པ་སྤྱན་རས་གཟིགས་དང་སྒྲོལ་མའི་ཞལ་མངོན་སུམ་དུ་གཟིགས་ཤིང་། ཤིན་ཏུ་མཁས་པ་ཆེན་པོར་གྱུར། སྤྱན་རས་གཟིགས་ཀྱིས་བསྐུལ་བ་ལས་གོ་མིའི་དགེ་བསྙེན་མཛད། མཚན་ནི་ཙནྡྲ་ཡིན་ལ། དེ་ཕྱིན་ཆད་ནས་ཙནྡྲ་གོ་མི་སྟེ་དགེ་བསྙེན་ཟླ་བར་གྲགས། དཔལ་ལྡན་ཟླ་བ་གྲགས་པ་དང་ལོ་བདུན་ (ཟླ་བ་བདུན་དུ་བཞེད་ཚུལ་ཡང་ཡོད།) གྱི་བར་དུ་བགྲོ་གླེང་གི་བརྒལ་བརྟག་མཛད་པར་གྲགས། སྔ་ཕྱིར་མཛད་པའི་བསྟན་བཅོས་ནི་བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པའི་བསྟན་བཅོས་བརྒྱ་དང་བརྒྱད། ཕྱི་རོལ་གྱི་བསྟན་བཅོས་བརྒྱ་དང་བརྒྱད། བཟོ་གནས་བརྒྱ་དང་བརྒྱད་དེ། ཕྲ་མོ་ཐོར་བུ་བ་བཞི་བརྒྱ་སུམ་ཅུ་རྩ་གཉིས་མཛད་པར་གྲགས། མཐར་རི་བོ་པོ་ཏ་ལར་གཤེགས་ནས་ད་ལྟ་ཡང་ལུས་མ་སྤངས་པར་བཞུགས་སྐད་དོ།།

རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ།
མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །ཡང་དག་རིགས་པས་རྒོལ་ངན་དྲེགས་པ་འཇོམས། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཞེས་པ་རྗེ་བླ་མ་བློ་བཟང་གྲགས་པའི་གསུང་ངོ་།།
དེ་ཡང་ས་ཆེན་པོ་འདི་རིན་པོ་ཆེའི་མེ་ཏོག་གིས་བརྒྱན་པ་ལས་ཀླུ་སྒྲུབ་ཐོགས་མེད་ལ་སོགས་པའི་སྐྱེས་མཆོག་རེ་བྱོན་པས་ཐུབ་བསྟན་གསལ་བྱེད་ཀྱི་རྒྱན་དང་། ལྷ་མིའི་དབུས་ན་རང་བཞིན་གྱི་རྒྱན་འགྲན་ཟླ་དང་བྲལ་བ་ཡིན་པ་ནི། བཀའ་ཐམས་ཅད་ཀྱི་སྙིང་པོ་རྣམས་ངོ་བོ། གོ་རིམ། གྲངས་ངེས་གསུམ་དང་། ལུང་རིགས་དཔེ་གསུམ། ཚད་མ་གསུམ་དང་རིགས་པ་བཞིས་གཏན་ལ་ཕབ་ཚུལ་དེས་ཀྱང་ངེས་ཤེས་འདྲོངས་པར་འགྱུར་རོ།། །།[1]
ཡོང་ཁུངས། [1] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ 153-164 བར་གསལ་བ་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།