ང༽ ཀ་ལ་མ་ཤཱི་ལའི་གསུང་བཟང་མ་རྙེད་པ།

ང༽ ཀ་ལ་མ་ཤཱི་ལའི་གསུང་བཟང་མ་རྙེད་པ།

 

དེ་ཡང་དཀར་ཆག་འཕང་ཐང་མ་ལས[1]། ༡༽ ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གྲུབ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཤུ་ལོག །ཅེས་གསལ་ནའང་། བསྟན་བཅོས་དེ་ཉིད་ཀྱི་མ་ཡིག་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།

གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[2]། ༢༽ ཀ་མ་ལ་ཤཱི་ལས་མཛད་པའི་བྱང་ཆུབ་སེམས་འགྲེལ་བམ་བཞི་སློབ་དཔོན་བཤད་མ་ཐག་ (སྦྱིན་སྲུང་) པའི་འགྱུར།

བྱང་ཆུབ་ཀྱི་སེམས་འཛིན་པ་དང་བྲལ་བ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ་འགྱུར་གོང་དང་འདྲ། དེས་མཛད་པའི་ཐེག་ཆེན་ཉི་ཤུ་པ་འགྱུར་གོང་འདྲ། ཚིགས་སུ་བཅད་པ་དྲུག་ཅུ་པ་མཛད་འགྱུར་གཉིས་གོང་དང་འདྲ། (བཞི་ཀ་བོད་མ་ཡོད་གསུངས།) ཞེས་གསལ་བ་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་བྱང་ཆུབ་སེམས་འགྲེལ་བོད་མ་ཡོད་པར་གསུངས་ཀྱང་། བོད་མ་མ་རྙེད་དོ།།

༣༽ ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས[3]། རྒྱ་གར་སྐད་དུ་ཀ་མ་ལ་ཤཱི་ལ། བོད་སྐད་དུ་པདྨའི་ངང་ཚུལ་ལོ། །འདིས་མདོ་འགྲེལ་དང་བསྟན་བཅོས་མང་དུ་མཛད་དོ། །རྡོ་རྗེ་གཅོད་པའི་མདོ་འགྲེལ་དང༌། མི་རྟོག་པ་ལ་འཇུག་པའི་མདོ་འགྲེལ་དང༌། སཱ་ལུ་ལྗང་པའི་མདོ་འགྲེལ་དང༌། ཤེས་རབ་སྙིང་པོའི་འགྲེལ་པ་ལ་སོགས་པ་དང་། དབུ་མ་སྣང་བ་དང༌། སྣང་བ་ཆུང་ངུ་དང༌། རྒྱན་གྱི་འགྲེལ་ཊཱིཀ་དང༌། རིགས་ཐིགས་ཀྱི་ཕྱོགས་སྔ་མ་དང༌། དབུ་མ་བསྒོམ་པའི་རིམ་པ་གསུམ་ལ་སོགས་པ་མང་དུ་མཛད་དོ། །ཞེས་སྣང་བ་ཆུང་ངུ་ཞེས་པའི་བསྟན་བཅོས་ཤིག་མཛད་པར་གསལ་བས། འདི་ཉིད་དེ་ཁོ་ན་ཉིད་སྣང་བ་ཡིན་མིན་དཔྱད་དགོས་ལ། དེ་ལྟར་མིན་ན་བསྟན་བཅོས་ཟུར་པ་ཞིག་མ་རྙེད་པས་ཐབས་འཚོལ་གྱིས་ལག་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༢

[2] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༢

[3] ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར། ཝཱ་ར་ཎཱ་སཱིའི་པར་མ། ༢༠༠༧ ལོ། ཤོག་གྲངས་ ༤༥༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༣ ནས་ ༡༨༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *