ད༽ སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་སྐོར། ༡༽ གསུང་གི་གྲངས་དང་ཇི་ལྟར་མཛད་ཚུལ།

ད༽ སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་སྐོར།

༡༽ གསུང་གི་རྣམ་གྲངས་དང་། ཇི་ལྟར་མཛད་ཚུལ།

 

དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སློབ་དཔོན་ཡོན་ཏན་འོད་མཛད་ཀྱི་རྟོགས་བརྗོད་ལས[1]།

འདུལ་བ་འཛིན་ལ་གཅེས་སྤྲས་སུ། །བྱ་བར་གསུངས་པས་སངས་རྒྱས་ཀྱི། །

ཞལ་ནས་གསུངས་པའི་སོ་ཐར་དང་། །ལས་བརྒྱ་ཚིག་ཏུ་ཐོན་ལ་དགོངས། །

གནས་སྟེར་ནུས་ལ་དེ་ཙམ་ཡང་། །དགོངས་པ་མིན་པར་ལྔ་ཕྲུགས་ཀྱི། །

ལྷན་ཅིག་སྦྱར་བའི་གཞུང་མཛད་པས། །གསལ་བར་རྟོགས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་གསུང་བཟང་ལ་ཆ་མཚོན་ན། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[2]། སློབ་དཔོན་ཡོན་ཏན་འོད་ནི། སློབ་དཔོན་དབྱིག་གཉེན་བསྟེན་ནས་གཞུང་ལུགས་སྤྱི་དང་། འདུལ་བ་ལ་མཁས་ཤིང་། འདུལ་བ་འབུམ་སྡེ་ལ་ཞལ་འདོན་མཛད། ཚུལ་ཁྲིམས་ཤིན་ཏུ་དག་པས་བདེན་ཚིག་བརྗོད་པ་གྲུབ། འདུལ་བའི་གཞུང་གི་ཚིག་དོན་མཐའ་དག་སྡུད་པའི་མདོ་རྩ་བ་བརྩམས་པ་སོགས་ཀྱིས་བསྟན་པ་རྒྱས་པར་བྱས་སོ། །ཞེས་གསུངས་པ་ལྟར་བསྟན་བཅོས་ཀྱི་མཚན་དངོས་སུ་གསལ་བ་ནི་འདུལ་བ་མདོ་རྩ་ཁོ་ནའོ།།

དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས་ལས[3]།

བསྟན་བཅོས་མཛད་པ་བྲམ་ཟེ་ཡོན་ཏན་འོད། །

ཤཱཀྱ་འོད་དང་མི་ཏྲ་རྣམ་གསུམ་དང་། །

ཚུལ་ཁྲིམས་བསྐྱངས་དང་དུལ་བ་ལྷ་ལ་སོགས། །

འཕགས་ཡུལ་འགྲེལ་མཛད་རྣམས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས[4]། དེ་ནས་འདུལ་བའི་བསྟན་བཅོས་བརྩམས་ཚུལ་ནི། ལུང་སྡེ་བཞི་ལ་བརྟེན་ནས། སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བ་བམ་པོ་དགུ་པ་མཛད། ལས་ཀྱི་གཞིའི་ལག་ལེན་ཀརྨ་ཤ་སྟམ་བམ་པོ་དགུ་པ་བརྩམས། མདོ་རྩ་བའི་འགྲེལ་པ་བམ་པོ་བཅུ་བདུན་པ་བརྩམས། སློབ་དཔོན་ཤཱཀྱ་འོད་ཀྱིས་དགེ་ཚུལ་གྱི་དོན་དུ། ཤོ་ལོ་ཀ་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་བམ་པོ་བརྒྱ་པ་བརྩམས། ཁ་ཆེ་དགེ་འདུན་བཟང་པོས་ཀ་རི་ཀ་དང་། དགེ་སློང་དང་དགེ་འདུན་གྱི་ལོ་དྲི་བ་ཡང་མཛད་དོ། །དེ་རྣམས་ནི་ཆོས་ཀྱི་འཁོར་ལོ་ཐོག་མར་བཞེད་པ་ཡིན་ཞེས་པས། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་གཏན་ལ་འབེབས་པ། དབང་པོ་ཐ་མའི་དོན་དུ་བརྩམས་པའོ། །ཞེས་གསལ་བ་ལྟར་བསྟན་བཅོས་གསུམ་གྱི་མཚན་དངོས་སུ་གསལ་ལ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པའི་མཆོད་བརྗོད་ལས་[5]ཀྱང་།

འདུལ་བའི་མདོ་རྣམས་གང་ཡིན་པ། །བསྡུ་བའི་ཕྱིར་ནི་མཛད་གྱུར་ཏེ། །

བྱང་ཆུབ་སེམས་དཔའ་ཡོན་ཏན་འོད། །རང་གིས་དེ་ཉིད་རྣམ་བཤད་བྱ། །

ཞེས་གསལ་བར་གསུངས་པ་ལྟར་འདུལ་བ་མདོ་རྩ་མཛད་པར་མ་ཟད། གཞན་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རིན་ཆེན་སྤུངས་པ་ལས[6]།

འདུལ་བ་རྒྱ་མཚོའི་དོན་ལ་དབང་འབྱོར་ཞིང༌། །

ཉེས་ལྟུང་དྲི་མ་མེད་པའི་ཐུགས་མངའ་བས། །

འདུལ་བའི་གཞུང་ལུགས་མཆོག་ཏུ་རྒྱས་མཛད་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་དང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་ལས་[7]ཀྱང་།

འཁོར་འདས་ཡོན་ཏན་ཡོངས་འདུའི་རྩ་ལག་མཆོག །

རང་རྒྱུད་འདུལ་ལུང་སྡེ་བཞིའི་སྙིང་པོའི་གཟུགས། །

རབ་སྣང་མཁྱེན་པའི་ཉི་འོད་སྟོང་འབར་བ། །

མཚར་འཛིན་གཟིགས་མོར་དལ་འབྱོར་མི་གཡེང་ཤོག །

ཅེས་གསུངས་པ་ལྟར། འདུལ་གཞུང་མཆོག་ཏུ་རྒྱས་མཛད་སློབ་དཔོན་ཡོན་ཏན་འོད་ཀྱིས་གཞུང་ལུགས་གང་དག་མཛད་པ་ནི། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས་ལས[8]། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་མདོ་བམ་པོ་དགུ་པའི་བདག་ཉིད་ཅན་དང་། ཀརྨ་ཤ་ཏཾ་བམ་པོ་དགུ་ཡོད་པ་གཅིག་དང་གཉིས་མཛད། དེའི་སློབ་མ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཏེ། འདིས་མདོ་རྩ་བའི་རྒྱ་ཆེར་འགྲེལ་པ་བམ་པོ་བདུན་ཅུ་པ་གཅིག་མཛད། གཞན་ཡང་མདོ་ཉིད་ཀྱི་རྣམ་བཤད། འགྲེལ་ཆུང་ཡོན་ཏན་འོད་མར་གྲགས་པ[9]། ཤེས་རབ་བྱེད་པས་མཛད་པའི་འགྲེལ་པ། དྲི་མེད་བཤེས་གཉེན་གྱིས་མཛད་པའི་འགྲེལ་ཆུང་། ཤཱཀྱ་འོད་ཀྱིས་མཛད་པའི་རྒྱ་དཔེ་རྣམས་སུ་ཡོད། ཅེས་གསུངས་པ་ལྟར་འདུལ་བ་མདོ་རྩ་ལྗགས་རྩོམ་མཛད་པར་གསུངས་སོ།།

དེ་ལྟ་བུའི་འདུལ་བ་མདོ་རྩ་མཛད་པའི་སྐབས་ངོ་མཚར་རྣམ་ཐར་ཇི་ལྟར་བྱུང་བ་ནི། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་ལས[10]། མདོ་རྩའི་རྣམ་བཤད་མཛད་པའི་ཚེ། །ལྷ་ཡི་བུ་དང་བུ་མོའི་ཚོགས། །འཆི་མེད་བདུད་རྩིའི་བཏུང་བ་དང་། །ལྷ་ཡི་ཞལ་ཟས་རོ་བརྒྱ་པའི། །བསོད་སྙོམས་ཕུལ་ཚུལ་འདི་ལྟར་བྱུང་། །རིག་བྱེད་ཉི་མ་རྣམས་ནི་མ་ལུས་གདོན་བྱས་ནས། །བསྟན་བཅོས་བཞི་པོ་རྣམས་ལ་མཉམ་པོའི་མཐུ་མངའ་བ། །དགེ་སློང་ཡོན་ཏན་འོད་ཅེས་བྱ་བ་འབྱུང་འགྱུར་ཏེ། །གང་ཞིག་ཤཱཀྱའི་སྲས་ཀྱིས་རབ་ཏུ་བསྐུལ་བར་གྱུར། །བསོད་སྙོམས་ཕྱིར་ནི་གང་གི་བར་སྣང་ལ་འཁོད་ཅིང་། །ལྷ་རྣམས་ལུས་ཕྱེད་དག་གིས་འབྱུང་བར་གྱུར་པ་ནི། །བརྩོན་ལྡན་ཞལ་ཟས་བདུད་རྩི་རྣམས་ནི་འཛིན་མཛད་དེ། །འོད་ཟེར་དང་ལྡན་རྒྱན་རྣམས་ཀྱིས་སྤྲས་གནས་པར་འགྱུར། །ནུ་མ་གཉིས་ཀྱི་ལྕིད་ཀྱིས་དུད་བྱས་ལྷ་ཡི་བུད་མེད་རྣམས་ནི་ཉམས་དགའ་བ། །ལག་པ་པདྨའི་ཟེ་འབྲུ་རྣམས་ལ་དབུ་བ་ཆགས་པའི་ལག་ངར་བཅས། །རོ་དང་བཅས་པའི་ཤིང་རྣམས་ལས་ནི་བྱུང་བའི་བཅའ་བ་དང་བཅས་པ། །རྟག་ཏུ་གཡུལ་ངོར་རྣམ་པར་རྒྱལ་བའི་ཕྱོགས་ནི་ཁ་ན་མ་ཐོ་ཉིད། །ཡེ་ཤེས་ལས་ནི་རབ་ཏུ་འཇུག་པའི་སྟེང་དུ་གང་གི་འགྲེལ་པ་བརྩམས་པ་སྟེ། །བྱེ་བྲག་བཤད་པ་རྣམས་ལས་ཤིན་ཏུ་རྒྱ་ཆེན་ཚུལ་ནི་རྣམ་པར་གསལ་བྱེད་པ། །ཐམས་ཅད་དུ་ནི་སྣང་བར་བྱེད་པའི་འོད་ཟེར་ཚོགས་ཀྱིས་མུན་པའི་རབ་རིབ་ལྟར། །རིན་ཆེན་འབྱུང་གནས་མཆོག་གི་གྲུབ་མཐའ་ང་རྒྱལ་ཆེན་པོ་རྣམས་ནི་འཇིག་པར་བྱེད། །ཐེག་པ་རྒྱས་པས་ཟབ་པའི་སངས་རྒྱས་གསུང་གི་ཆུ་ཡི་ཕུང་པོ་ལས། །རང་བྱུང་ཚུལ་ནི་རྣམ་པར་འཇོམས་པའི་ཤེས་རབ་ཀྱིས་བསྲུབས་ཡང་དག་པར། །ཤིན་ཏུ་དྲི་མེད་ཚུལ་གྱིས་རིན་ཆེན་རྣམས་ཀྱི་འོད་གསལ་འགྲེལ་པའི་དཔལ། །འགྲོ་བ་རྣམས་ཀྱི་དགེ་བའི་རྒྱུར་གྱུར་དེས་ནི་མྱུར་དུ་བཏུ་བར་བྱས། །མུན་པ་འཇོམས་ཤིང་ཚུལ་ཁྲིམས་ཡངས་པའི་འོད་ཟེར་ཅན་ནི་དཔལ་ལྡན་སྔོན་མེད་རི་བོང་ཅན། །རྩོད་པའི་དུས་སུ་སྐྱེས་པ་དྲི་མ་དང་བྲལ་གང་ཞིག་གྲགས་པ་རྫོགས་པ་ལེགས་པའི་བློ། །རྟག་ཏུ་མུ་སྟེགས་ཅན་གྱི་འཐུག་པོའི་མུན་པ་ལས་རྒྱལ་ཤེས་རབ་རི་བོང་ཅན་གྱི་མཐར། །གྲགས་པའི་ཤེས་རབ་འཛིན་མཁས་དམན་པའི་ཚོགས་འཇོམས་ཤཱཀྱའི་འོད་ནི་གསལ་ལྡན་པ། །ཡང་དག་བསྟན་བཅོས་ཚུལ་གྱི་རབ་ཏུ་རྒྱས་པའི་པདྨ་གསལ་བར་བྱེད་ཅིང་ཐམས་ཅད་དུ། །སྐྱེས་བུ་ཤིན་ཏུ་རྣམ་དག་གྲགས་པའི་རྗེས་འགྲོ་གང་ཞིག་ཉི་མའི་བཤེས་གཉེན་ལ་བརྟེན་པའོ། །འབུམ་གྱི་ཚད་ལྡན་འདུལ་བའི་རྒྱ་མཚོ་ཆེན་པོ་དག །སྟོན་པས་གསུངས་པ་ལས་ནི་མན་ངག་ཚུལ་གྱིས་འདིར། །གཟིངས་ནི་ཡང་དག་ཐོབ་ནས་བླ་མའི་དྲིན་གྱིས་ནི། །གང་ཞིག་རིན་ཆེན་མདོ་རྣམས་ཡང་དག་མཛད་པར་གྱུར། །ས་གསུམ་བརྙེས་ནས་དཔལ་ལྡན་རྒྱལ་བ་རྣམས་ཀྱི་སྲས། །ཡོན་ཏན་འོད་ཅེས་བྱ་བ་ཡོན་ཏན་རྣམས་ཀྱི་གཙོས། །མདོ་ཡི་བཤད་པ་བདུད་རྩིའི་རོ་ཡིས་ཡང་དག་པར། །རང་གི་མཛད་འདི་འགྲོ་བ་ལ་ནི་ཕན་གྱུར་ཅིག །འདུལ་བ་མདོ་རྩའི་རང་གི་རྣམ་བཤད་མཆོག །བསྒྱུར་བའི་དུས་སུ་ལོ་པཎ་མཁས་པ་རྣམས། །བདག་ཉིད་ཆེན་པོའི་བསྟོད་བསྔགས་མེ་ཏོག་འཕྲེང་། །སྡེབ་ལེགས་ཚིག་གིས་སྲད་བུར་བསྟར་བ་ཡིན། །ཞེས་གསལ་བར་བྱུང་བ་ལྟར་རོ།།

གཞན་ཡང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་ལས[11]། གཞན་ཡང་ཀརྨ་ཤ་ཏམ་དང་། །བྱང་སའི་ཚུལ་ཁྲིམས་ལེའུ་ཡི། །རྣམ་བཤད་ལ་སོགས་གཞུང་མང་གིས། །ཐུབ་པའི་དགོངས་པ་ཡོངས་སུ་བསྐངས། །ཉི་མའི་གཉེན་མཆོག་མཁའ་ལྡིང་དབང་པོ་ཡང་། །གླེགས་བམ་མང་པོའི་འགྲོས་ཀྱིས་ངལ་གྱུར་ཀྱང་། །གཉིས་སྐྱེས་གླེགས་བམ་ཆུང་ངུས་འབུམ་སྡེའི་གཞུང་། །ཀུན་གསལ་ཕ་མཐའ་བརྒལ་འདི་ཨེ་མ་མཚར། །ཞེས་གསུངས་པ་ལྟར། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[12]། འདུལ་བའི་མདོ་དང་། ལས་བརྒྱ་རྩ་གཅིག་དང་། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་དང་། འདུལ་བའི་མདོ་ལ་རང་འགྲེལ་ལ་སོགས་པ་མཛད་དོ། །ཞེས་དང་། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[13]། འདུལ་བའི་མདོ་རྩ་བ་དང་དེའི་རང་འགྲེལ། ལས་བརྒྱ་རྩ་གཅིག་པ་དང༌། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་སོགས་མཛད། ཅེས་གཞུང་བཞིའི་མཚན་དངོས་སུ་བཀོད་པ་ལས་དེ་མིན་སོགས་སྒྲ་སྦྱར་བ་གཅིག་མཚུངས་སུ་སྣང་ངོ་།།

ཡང་ཀློང་རྡོལ་བླ་མ་རིན་པོ་ཆེའི་ (1719-1794) གསུང་འབུམ་ལས[14]། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་གཞུང་ལྔ་སྟེ། ༡) སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་བམ་པོ་དགུ་ཡི་བདག་ཉིད་ཅན། ༢) དེ་ཡི་འགྲེལ་པ་ཡོན་ཏན་འོད་རང་གིས་མཛད་པའི་རང་འགྲེལ་སྟོང་ཕྲག་བཅུ་གཉིས་པ། ༣) ཡང་དེ་ཉིད་ཀྱི་དོན་བསྡུ། ༤) འགྲེལ་ཆུང་། ༥) ལས་བརྒྱ་རྩ་གཅིག་གི་འགྲེལ་པ་ཀརྨ་ཤ་ཏམ་སྟེ། མདོར་ན་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་གཞུང་ལྔ་ཡོད་དོ། །ཞེས་གསུངས་པ་ལྟར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས་[15]ཀྱང་། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་མང་དུ་ཡོད་ཀྱང༌བོད་དུ་བསྒྱུར་བའི་ནང་ནས་གྲགས་ཆེ་བའི་གྲས་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་དང༌། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་འདི་གཉིས་ནག་ཚོ་ལོ་ཙཱ་བ་དང་། ཞང་ཡེ་ཤེས་སྡེ་གཉིས་སོ་སོར་བསྒྱུར་བ་བསྟན་འགྱུར་མདོ་ཕྱོགས་པོད་ ༼ཡི༽ པར་ཡོད། འདུལ་བ་མདོ་རྩ་བ་དང་། དེའི་རང་འགྲེལ། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་པ་བཅས་དུས་རབས་བརྒྱད་པའི་དུས་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཅོག་རོ་ལོ་ཙཱ་བ་དང་། ག་རོད་ཚུལ་ཁྲིམས་འབྱུང་གནས་གཉིས་ཀྱིས་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་ ༼ཟུ༽ ༼འུ༽ ༼ཡུ༽ གསུམ་ལ་ཡོད། ཅེས་གསུངས་སོ།།

ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1721) མཛད་པའི་འདུལ་བའི་སྤྱི་དོན་ལས[16]། འདུལ་བའི་བསྟན་བཅོས་ཀྱི་དགོངས་འགྲེལ་ཡོད་དེ། མདོ་རྩ་བའི་འགྲེལ་པ་ཉིད་ཀྱི་རྣམ་བཤད་ཅེས་པ་དང་། མདོ་རྩ་བའི་རྒྱ་ཆེན་འགྲེལ་པ་ཆོས་བཤེས་ཀྱིས་མཛད་པ་དང་། འགྲེལ་ཆུང་ཡོན་ཏན་འོད་མ་འདི་ཐེ་ཚོམ་ཅན་དང༌། ཞེས་ཡོན་ཏན་འོད་མ་འདི་ཉིད་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་མིན་ཐེ་ཚོམ་ཅན་ཡིན་པར་གསུངས་མོད། ཡིན་ལུགས་ཀྱི་རྒྱུ་མཚན་གསུངས་པ་མི་སྣང་ལ། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[17]། མཁས་མཆོག་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་མང་དུ་ཡོད་པར་གྲགས་ཀྱང་བོད་དུ་འགྱུར་བའི་ཁྲོད་ན་གྲགས་ཆེ་བའི་གྲས་ནི། རྩ་བའི་ལུང་སོ་ཐར་གྱི་མདོ་དང་བཤད་པའི་ལུང་འདུལ་བ་ལུང་སྡེ་བཞིའི་གནད་ཐམས་ཅད་གཏན་ལ་འབེབས་པར་བྱེད་པ་དམ་པའི་ཆོས་འདུལ་བ་མདོ་རྩ་བ་དང་། དེའི་རང་འགྲེལ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ། འདུལ་བ་མདོའི་རྩ་བ་འགྲེལ་ཆུང་ཡོན་ཏན་འོད་མར་འབོད་པ་སློབ་དཔོན་གྱི་ཡིན་མིན་ཐེ་ཚོམ་ཅན་དང་། ཆོ་ག་ལག་ལེན་གཏན་ལ་འབེབས་པར་བྱེད་པ་འདུལ་བའི་ལས་བརྒྱ་རྩ་གཅིག་སྟོན་པ་ཀརྨ་ཤ་ཏམ་དུ་གྲགས་པ་སོགས་མཛད་པས། ད་ལྟ་ནང་པའི་བསྟན་པར་ཞུགས་ནས་དགེ་བསྙེན་དང་། བར་མ་རབ་བྱུང་དང་། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེན་པའི་ཆོ་ག་དང་། གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་གསལ་བར་རྟོགས་ནུས་པ་ནི་བདག་ཉིད་ཆེན་པོ་འདིའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ།།

ལས་བརྒྱ་རྩ་གཅིག་པ་འདི་དུལ་བ་ལྷས་མཛད་པར་འདོད་མཁན་གྱི་མཁས་པ་ཁ་ཅིག་ཀྱང་བྱུང་མྱོང་མོད། བསྟན་བཅོས་འདི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་ཕྱིས་ཀྱི་མཁས་པ་རྣམས་མགྲིན་གཅིག་པས་ཐེ་ཚོམ་གྱི་གནས་མེད། གཞན་ཡང་སློབ་དཔོན་འདིས་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་དང་། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་སོགས་མཛད་ལ། གཞུང་འདི་གཉིས་སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་ ༼འི༽ པོད་ནང་བཞུགས། ཞེས་བསྟན་བཅོས་དྲུག་གི་མཚན་གསལ་ལོ།།

འོན་ཀྱང་བསྟན་འགྱུར་དཀར་ཆག་ལྟར་ན། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། ༡༽ སེམས་ཙམ་སྐོར་ལ་བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་དང་། ༢༽ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་འགྲེལ་པ། ༣༽ ཕུང་པོ་ལྔའི་རྣམ་པར་འགྲེལ་པ་དང་གསུམ། ༤༽ འདུལ་བའི་སྐོར་ལ་རྩ་བའི་ལུང་དང་བཤད་པའི་ལུང་ཐམས་ཅད་ཀྱི་དགོངས་འགྲེལ་མཚན་ཉིད་གཏན་ལ་འབེབས་པར་བྱེད་པ་འདུལ་བའི་མདོ་རྩ་བ་དང་། ༥༽ ཆོ་ག་ལག་ལེན་གཏན་ལ་འབེབས་པར་བྱེད་པ་ལས་བརྒྱ་རྩ་གཅིག་པ། ༦༽ འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བའམ། འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མ་ཞེས་བྱ་བ། ༧༽ འདུལ་བ་མདོའི་འགྲེལ་པའམ་འདུལ་བ་མདོའི་རྩ་བའི་འགྲེལ་པ་ཆུང་བ་བཅས་ཆོས་ཚན་ཞལ་གྲངས་ ༧ ད་ལྟ་མཇལ་དུ་ཡོད་ལ། དེ་མིན་བསྟན་འགྱུར་ཁྲོད་མ་བཞུགས་པ། ༡༽ བཟང་སྤྱོད་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཤུ་ལོ་ཀ་ལྔ་བརྒྱ་བཅས་བཞུགས་སོ།།

གཞན་ཡང་ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐན་སན་ལམ་ཡིག་ལས[18]། གྲོང་ཁྱེར་དེའི་ལྷོ་ཕྱོགས་སུ་རྒྱང་གྲགས་བཞི་ལྔའི་སར་གཙུག་ལག་ཁང་ཆུང་ངུ་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་གནས། འདི་ནི་སྔོན་སློབ་དཔོན་གུ་ཎ་པྲ་བྷ་སྟེ་ཡོན་ཏན་འོད་ཅེས་པས་ཡང་དག་པའི་རྣམ་དབྱེ་ཟེར་བའི་བསྟན་བཅོས་བརྒྱ་ལྷག་མཛད་པའི་གནས་ཡིན། ཞེས་གསལ་བ་ལྟར་རྒྱའི་ཡིག་ཆར་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ཡང་དག་པའི་རྣམ་དབྱེ་སོགས་བསྟན་བཅོས་བརྒྱ་ལྷག་མཛད་པར་གསལ་ནའང་། ད་ལྟ་ང་ཚོའི་མཇལ་སྐལ་དུ་བཞུགས་པ་ནི། གོང་གསལ་བསྟན་བཅོས་བདུན་པོ་རྣམས་ལས། གཞན་རྣམས་ཀྱི་མཚན་ཙམ་ཡང་རྙེད་དཀའ་བའི་གནས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  འཕགས་པ་ཡོན་ཏན་འོད་ཀྱི་རྟོགས་བརྗོད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་ ༡༧བ༦

[2]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༥༩

[3] པཎ་ཆེན་བསོད་གྲགས་ཀྱི་གསུང་འབུམ། ༼ད༽ དཔེ་གཟུགས། ཤོག་གྲངས་ ༡ན༣

[4]  རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༣

[5] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཞུ༽ དེབ་ཨང་ ༨༩ པ། ཤོག་གྲངས་ ༣

[6]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༩

[7]  ༸རྒྱལ་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༢༤༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༤༨༧

[8]  འདུལ་བའི་ཆོས་འབྱུང་། པཎ་ཆེན་བསོད་གྲགས་ཀྱི་གསུང་འབུམ། ༼ད༽ དཔེ་གཟུགས། ཤོག་གྲངས་ ༧ན༦

[9]  ཉིད་ཀྱི་རྣམ་བཤད་མདོ་རྩའི་རང་འགྲེལ་ཡིན་པར་རྩོད་པ་མེད་ཀྱང་། འདིར་འོད་མར་གྲགས་པ། ཞེས་གསལ་བས་དཔྱད་དགོས།

[10]  རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།

[11]  རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།

[12]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༥

[13]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༦

[14]  ཀློང་རྡོལ་བླ་མ་རིན་པོ་ཆེའི་གསུང་འབུམ། གླེགས་བམ་དང་པོ། ཤོག་གྲངས་ ༤༧༤ ཡིག་ཕྲེང་ ༡

[15]  དེབ་ཐེར་དམར་པོའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༩༢

[16]  ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། ༼༡༽ གཞི་སྟོད། རྡོ་དཔར། ཤོག་གྲངས་ ༦བ༥

[17]  བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༨༠༧

[18]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༣ ནས་ ༣༠༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *