ཉ༽ རྒྱའི་ཡིག་ཆར་གསལ་བའི་ཡོན་ཏན་འོད་ཀྱི་རྣམ་ཐར།

ཉ༽ རྒྱའི་ཡིག་ཆར་གསལ་བའི་རྣམ་ཐར།

 

དེ་ཡང་སློབ་དཔོན་ཡོན་ཏན་འོད་སྐུ་འཁྲུངས་པའི་ཡུལ་ནི་འཕགས་ཡུལ་དབུས་འགྱུར་འཆང་གི་བཅོམ་བརླག་ཅེས་པ་མ་ཐུ་ར་སྟེ། རྒྱའི་བཙུན་པ་ཧྥ་ཤཱན་ (CE374-462) གྱི་ལམ་ཡིག་ལས[1]།

མ་ཐུ་ར་ཡི་ཡུལ་གྲུ་དང་། །ཆུ་ཀླུང་ཆེན་པོ་ཡ་མུ་ན། །

ཞེས་བྱུང་སྟེ། ཡུལ་དེ་ནས་ཤར་ལྷོའི་ཕྱོགས་སུ་བགྲོད་དེ་དཔག་ཚད་བརྒྱད་ཅུ་ལ་ཉེ་བར་འགྲོ་བ་ན། ལམ་བར་དུ་དགེ་འདུན་ཁྲི་ཕྲག་ཁ་ཤས་སྡོད་པའི་གཙུག་ལག་ཁང་ཤིན་ཏུ་མང་པོའི་ཉེ་འདབས་ནས་འདས་ཏེ་སོང་ངོ་། །གནས་དེ་དག་བརྒལ་བའི་རྗེས་སུ་རྒྱལ་པོ་ཞིག་གི་ཡུལ་དུ་སླེབས་ལ། རྒྱལ་ཁམས་དེའི་མིང་ནི་མ་ཐུ་ར་ཟེར་རོ། །ཞེས་དང་།

དེ་བཞིན་ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐན་སན་ལམ་ཡིག་ལས[2]། དེ་ནས་གངྒཱ་བརྒལ་བ་ན་མ་ཏི་བྷུ་རའི་ཡུལ་ལོ། །དེའི་ཐ་གྲུར་རྒྱང་གྲགས་དྲུག་སྟོང་དང་། གཞུང་མཁར་མཐའ་འཁོར་དུ་རྒྱང་གྲགས་ཉི་ཤུ་ལྷག །ནམ་དབུགས་དྲོ་བ་ནས་གྲོ་བྲུས་མ་འདེབས་ཤིང་མེ་ཏོག་གི་རིགས་མང་། མིའི་ངང་རྒྱུད་འཇམ་ཞིང་བསྲུན་པ། རིག་པ་བཀྲ་བ་ཐབས་དང་མཁྱུད་དཔྱད་སོགས་ལ་དགའ་བ། གཙུག་ལག་ཁང་བཅུ་ལྷག་ལ་ཕྱི་ནང་འདྲེས་མར་གནས། རྒྱལ་པོ་སུདྷ་རའི་རིགས་ཡིན་ཟེར་བ་ཕྱི་རོལ་པ་ལ་མོས་པ། གཙུག་ལག་ཁང་བཅུ་ལྷག་པར་དགེ་འདུན་བརྒྱད་བརྒྱ་ཚང་མ་ཡོད་སྨྲ་བའི་སྡེ་པ་དང་། ཕྱི་རོལ་པའི་ལྷ་ཁང་ལྔ་བཅུ་ལྷག་ལ་ཕྱི་པ་ལུགས་སྣ་ཚོགས་པ་འདྲེས་ཏེ་གནས། གྲོང་ཁྱེར་དེའི་ལྷོ་ཕྱོགས་སུ་རྒྱང་གྲགས་བཞི་ལྔའི་སར་གཙུག་ལག་ཁང་ཆུང་ངུ་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་གནས། འདི་ནི་སྔོན་སློབ་དཔོན་གུ་ཎ་པྲ་བྷ་སྟེ་ཡོན་ཏན་འོད་ཅེས་པས་ཡང་དག་པའི་རྣམ་དབྱེ་ཟེར་བའི་བསྟན་བཅོས་བརྒྱ་ལྷག་མཛད་པའི་གནས་ཡིན། སློབ་དཔོན་དེ་ནི་ཆུང་ངུ་ནས་རིག་པ་གསལ་ཞིང་དབང་པོ་རྣོ་བ་ཞིག་སྟེ། སྐུ་ན་སྨིན་པ་དང་སློབ་སྦྱོང་ལ་རྩལ་ཐོན་པ་ཡིན་ཡང་། རྣམ་དཔྱོད་ཚད་དུ་མ་འཁྱོལ་བས་ལྷག་མཐོང་གི་སྐོར་ལ་ཐེ་ཚོམ་ཟོས་ཏེ་སླར་ཐེག་དམན་དུ་ལོག་པ། དེས་ཐེག་ཆེན་སུན་འབྱིན་པའི་བསྟན་བཅོས་བཅུ་ཕྲག་དུ་མ་དང་། འཇིག་རྟེན་པའི་ལུགས་སུན་འབྱིན་པའི་བསྟན་བཅོས་གླེགས་བམ་བཅུ་ཕྲག་དུ་མ་མཛད་ཀྱང་མ་ཚིམས་པར་ཐེ་ཚོམ་ཟོས་པས། དེ་དུས་དེ་བ་དེ་ན་སྟེ་ལྷའི་སྡེ་ཞེས་བྱ་བའི་སློབ་དཔོན་གྱིས་རྗེ་བཙུན་བྱམས་པ་བསྒྲུབས་པས་གྲུབ་སྟེ། དགའ་ལྡན་དུ་འགྲོ་འོང་བྱེད་པ། དགོས་པ་ཞིག་ལ་ཡོན་ཏན་འོད་གྲོགས་སུ་སྦྲན་ཏེ་ལྷན་དུ་དགའ་ལྡན་དུ་ཕྱིན་ཏེ་ཡོན་ཏན་འོད་བྱམས་མགོན་ལ་ཕྱག་མ་བཙལ་བར་འདུད་ཙམ་བྱས་པས། ལྷ་སྡེས་སྨྲས་པ། མ་ཕམ་པ་འདི་ནི་སྟོན་པའི་རྗེས་སུ་རྒྱལ་ཚབ་མཛད་པས་ཕྱག་འཚལ་བར་འོས་ཤིང་འདུད་ཙམ་མི་འོས་ཞེས་སྨྲས་པ་ལ། ཚུར་ལན་དུ་སྨྲས་པ། བཞིན་བཟང་འཁྲུལ་ལམ། ཁོ་བོ་རབ་ཏུ་བྱུང་བ་ཆོས་གོས་གསུམ་ལྡན་ལགས་ཏེ། མ་ཕམ་པ་འདོད་ལྷའི་ཆ་ལུགས་ཅན་ལ་ཕྱག་ཇི་ལྟར་འཚལ་ཟེར་བས་ལྷ་སྡེས་དེའི་ང་རྒྱལ་ལ་ཞེ་ལོག །དེ་ལྟར་ལན་གསུམ་བསྐྱར་ཏེ་དགའ་ལྡན་དུ་འགྲོ་འོང་བྱས་ཀྱང་ཐེ་ཚོམ་སེལ་མ་ནུས་པས་ཚེ་དེ་ལ་གྲོལ་བ་མ་ཐོབ་ཟེར་རོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་འོད་རྣམ་རིག་གསལ་ལ་དབང་པོ་རྣོ་ཞིང་སློབ་སྦྱོང་ལ་རྩལ་ཐོན་པའི་མཁས་མཆོག་ཅིག་ཡིན་ནའང་ཐེག་ཆེན་གྱི་ལྷག་མཐོང་གི་སྐོར་ལ་ཐེ་ཚོམ་ཟོས་པས་སླར་ཡང་ཐེག་དམན་པར་གྱུར་ཚུལ་དང་། སྐབས་དེའི་པཎ་གྲུབ་ལྷ་སྡེའི་གྲོགས་སུ་རྗེ་བཙུན་བྱམས་མགོན་གྱི་དྲུང་དུ་ཐེངས་འགའ་ཞིག་ཕེབས་ཀྱང་སློབ་དཔོན་ཡོན་ཏན་འོད་རང་ཉིད་ཆོས་གོས་གསུམ་དང་ལྡན་པའི་རྟེན་དགེ་སློང་ཞིག་གིས་རྗེ་བཙུན་མ་ཕམ་པ་འདོད་ལྷའི་ཆ་ལུགས་ཅན་ལ་ཕྱག་འཚལ་མི་རུང་ཞེས་ཕྱག་མ་འཚལ་བར་བརྟེན་པཎ་གྲུབ་ལྷ་སྡེས་སློབ་དཔོན་ཡོན་ཏན་འོད་ཀྱི་ཐུགས་རྒྱལ་གཅོག་སླད་དགའ་ལྡན་དུ་ལན་གསུམ་འཁྲིད་ཀྱང་ཐེ་ཚོམ་སེལ་མ་ནུས་པས་ཚེ་དེ་ལ་གྲོལ་བ་མ་ཐོབ་པར་གྲགས་པར་གསུངས།

དེ་ལྟར་ཐང་སན་ལམ་ཡིག་ཏུ་སློབ་དཔོན་ཡོན་ཏན་འོད་ཐེག་དམན་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་པར་གསུངས་ཀྱང་། སློབ་དཔོན་ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པའི་མཛད་བྱང་ལས[3]། འབུམ་གྱི་ཚད་ལྡན་འདུལ་བའི་རྒྱ་མཚོ་ཆེན་པོ་དག །སྟོན་པས་གསུངས་པ་ལས་ནི་མན་ངག་ཚུལ་གྱིས་འདིར། །གཟིངས་ནི་ཡང་དག་ཐོབ་ནས་བླ་མའི་དྲིན་གྱིས་ནི། །གང་ཞིག་རིན་ཆེན་མདོ་རྣམས་ཡང་དག་མཛད་པར་གྱུར། །ས་གསུམ་བརྙེས་ནས་དཔལ་ལྡན་རྒྱལ་བ་རྣམས་ཀྱི་སྲས། །ཡོན་ཏན་འོད་ཅེས་བྱ་བ་ཡོན་ཏན་རྣམས་ཀྱིས་གཙོས། །མདོ་ཡི་བཤད་པ་བདུད་རྩིའི་རོ་ཡིས་ཡང་དག་པར། །རང་གིས་མཛད་འདི་འགྲོ་བ་ལ་ནི་ཕན་འདོད་ཅིང༌། །དགེ་སློང་ཕ་མ་ལ་སོགས་འདུལ་བའི་སྣོད་གྱུར་པའི། །འཇིག་རྟེན་ཚིམ་པར་མཛད་ཅིང་གྲགས་པས་ཀུན་ལ་ཁྱབ། །ཅེས་ས་གསུམ་བརྙེས་པར་གསུངས་ལ། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ལས[4]།

བྲམ་ཟེའི་རིགས་ལས་རབ་བྱུང་བ། །གང་གི་ཡོན་ཏན་ས་གསུམ་པ། །

ཞེས་གསུངས་པ་ལྟར་༸རྒྱལ་མཆོག་དགེ་འདུན་གྲུབ་པའི་ (1391-1474) འདུལ་ཊཱིཀ་རིན་ཆེན་ཕྲེང་བ་ལས་[5]ཀྱང་། དེ་ཡང་དགེ་སློང་གི་སྡོམ་པ་སྤོང་བདུན་འཁོར་བཅས་དང༌། དགེ་ཚུལ་སོགས་ཀྱི་སྡོམ་པ་ནི་སྤོང་བ་བཞི་འཁོར་བཅས་ཡིན་ནོ། །འོ་ན་སློབ་དཔོན་ཡོན་ཏན་འོད་ཀྱི་ལུགས་ལ་སྡོམ་པའི་ངོ་བོ་གང་ཞེ་ན། ཁ་ཅིག་ན་རེ། མཛོད་ལས[6]།

འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །

དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །

ཞེས་གསུངས་པ་ལྟར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཡིན་ལ། མདོ་སྡེ་པ་ནི་སྤོང་བའི་སེམས་པ་ས་བོན་དང་བཅས་པར་འདོད་དོ་ཟེར། སློབ་དཔོན་ཡོན་ཏན་འོད་ས་གསུམ་པ་ལ་གནས་པའི་བྱང་སེམས་སུ་འདོད་པ་ལྟར་ན། བྱེ་བྲག་ཏུ་སྨྲ་བའི་ཐུན་མོང་མ་ཡིན་པའི་ལུགས་རང་ལུགས་སུ་མི་བཞེད་པས། སྤོང་བའི་སེམས་པ་ས་བོན་དང་བཅས་པར་བཞེད་དམ་སྙམ་སྟེ་གོང་འོག་ཀུན་ཏུ་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་འོད་ཐེག་ཆེན་པ་ཡིན་པ་དང་། ས་གསུམ་པར་ཕེབས་པར་གསུངས་ལ། དེ་བཞིན་པདྨ་འགྱུར་མེད་རྒྱ་མཚོའི་ཤེར་འགྲེལ་ལས། སྤྲུལ་པའི་ཐེག་ཆེན་སྐྱེས་བུ་ཐ་སྙད་ཀྱི་གྲུབ་མཐའ་ཉན་ཐོས་ལྟར་ཞལ་གྱིས་བཞེས་པ་ཡོན་ཏན་འོད། ཅེས་གསུངས་པས། མདོར་ན་ཐེག་ཆེན་ས་གསུམ་པ་ལ་གནས་པའི་ཚུལ་འཛིན་པའི་ཉན་ཐོས་ཀྱི་གྲུབ་མཐའ་སྐྱོང་བའི་སློབ་དཔོན་གང་ཡིན་དཔྱད་དགོས་པར་སྣང་ངོ་།།

གཞན་ཡང་ཐང་སན་ (603-664) ལམ་ཡིག་[7]ཏུ། པ་བྷ་ཏའི་གྲོང་ཁྱེར་གྱི་མཐར་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པ་ནི། ཚད་མའི་མཁན་པོ་ཛི་ན་སུ་ཏྲ་སྟེ་རྒྱལ་བའི་བུས་ས་སྡེའི་འགྲེལ་པ་མཛད་པའི་གནས་དང་། ཚད་མ་ལ་མཁས་པ་བཟང་འོད་དང་། ཡོན་ཏན་འོད་རབ་ཏུ་བྱུང་སའི་གནས་ཡིན་པར་གསུངས་ལ། ཡང་ཨ་ཤོ་ཀའི་ཡུལ་དང་ཐག་མི་རིང་བ་ན་སློབ་དཔོན་ཡོན་ཏན་འོད་རང་གིས་བཞེངས་པའི་ལྷ་ཁང་ཞིག་ཡོད་པར་གསུངས་ཤིང་། དེ་མཚུངས་མ་ཏི་བྷུ་རའི་ཡུལ་གྱི་ལྷོ་ཕྱོགས་རྒྱང་ཕྲག་བཞི་ལྔ་ཙམ་གྱི་སར་གཙུག་ལག་ཁང་ཆུང་ངུ་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་གནས་ཤིང་། དེ་ནི་ཡོན་ཏན་འོད་ཀྱིས་ཡང་དག་པའི་རྣམ་དབྱེ་ཟེར་བའི་བསྟན་བཅོས་མཛད་པའི་གནས་ཡིན་པར་གསུངས། མདོར་ན་གོང་གསལ་རྒྱའི་ཡིག་ཆ་ཁག་ཏུ་འཁོད་པའི་སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར་ནི་སློབ་དཔོན་རང་ཉིད་ཀྱིས་མཛད་པའི་གཞུང་ལུགས་ཁག་གི་མཛད་བྱང་དང་། འཕགས་བོད་ཀྱི་ཆོས་འབྱུང་ཁག་ཏུ་གསལ་བ་དང་གཏན་ནས་མི་འདྲ་བ་ཞིག་གོ།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༠

[2]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༥

[3]  བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༨༩ པ། ཤོག་གྲངས་ ༡༤༤༢

[4]  ཡོན་ཏན་འོད་ཀྱི་རྟོགས་བརྗོད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༡༧ན༣

[5]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཁ༽ སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༥ ལོ། ཤོག་ ༩

[6]  བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པ། ཤོག་གྲངས་ ༣༥

[7]  ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༩༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༡ ནས་ ༢༧༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *