ག༽ སློབ་དཔོན་ཡོན་ཏན་འོད་དུས་ནམ་ཞིག་བྱོན་མིན།

ག༽ སློབ་དཔོན་ཡོན་ཏན་འོད་དུས་ནམ་ཞིག་བྱོན་མིན།

 

དེ་ཡང་བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ་ལས[1]།

འབུམ་ཕྲག་འདུལ་བའི་དགོངས་དོན་བདུད་རྩིའི་གཏེར། །

རྣམ་དཔྱོད་ཀླུ་ཡི་དབང་པོས་བསྲུབས་པ་ལས། །

ལེགས་བཤད་འོད་དཀར་འགྱེད་པའི་དཔལ་ཡོན་ཏན། །

འཕགས་པ་ཡོན་ཏན་འོད་ལ་ཕྱག་འཚལ་ལོ། །

ཞེས་དང་། དེ་བཞིན་མཁས་བཙུན་བཟང་པོས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[2]།

ཤཱཀ་འོད་ཡོན་ཏན་འོད་གཉིས་འདུལ་བསྟན་གྱི། །

མཆོག་ཅེས་བསྔགས་པ་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཡོན་ཏན་འོད་དུས་ནམ་ཞིག་བྱོན་ནམ་ཞེ་ན། སློབ་དཔོན་ཡོན་ཏན་འོད་རང་ཉིད་ཀྱི་གསུང་འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བའི་འགྱུར་བྱང་ལས[3]།

རྒྱལ་བའི་ཡུམ་ལ་ལེགས་པའི་བློ་མངའ་འཕགས་པ་ཐོགས་མེད་བཞིན་དུ་དྲི་མེད་དོན་ཤེས་ཁྱོད། །ཕྱོགས་ཀྱི་གླང་པོའི་བསྡུས་དོན་འདི་ལ་ཡང་ནི་མི་མཉམ་དེ་དང་འདྲ་བར་ཁྱོད་ཀྱིས་གཟུང༌། །སློབ་དཔོན་ཆོས་མཆོག་བཞིན་དུ་ཚད་མ་ལ་མཁས་ཁྱོད་ཀྱིས་ཕྱི་རོལ་དོན་གྲུབ་ལ་སྟེར་བ། །སློབ་དཔོན་དབྱིག་གཉེན་ལྟ་བུར་སེམས་ཅན་རྣམས་ལ་ཁྱོད་ནི་དོན་གཉེར་ལ་དགའ་མཛོད་ནི་སྟེར། །དཔལ་ལྡན་བློ་གྲོས་འབྱུང་གནས་ཞེས་བྱ་བཅོམ་ལྡན་འདས་ཀྱི་བསྟན་པའི་བསླབ་འཛིན་ནི། །གསོལ་དང་བཞི་ཡི་ལས་ཀྱི་ཆོ་གས་དགེ་སློང་རྣམ་དག་བསྙེན་རྫོགས་མཆོག་ནི་ཐོབ་གྱུར་ནས། །གཞན་རྣམས་ལ་ཡང་རུང་དབང་ཐོབ་ནས་རང་གིས་རབ་ཏུ་དབྱུང་ཕྱིར་མཁན་པོ་མཛད་པ་སྟེ། །རང་གི་རྣམ་བཤད་སྒྱུར་བར་བྱེད་པའི་སྦྱིན་བདག་དེ་ནི་ཡུན་རིང་པོར་ནི་གནས་གྱུར་ཅིག །

ཅེས་གསུངས་པ་ལྟར་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་དང་། རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོ། སློབ་དཔོན་ཆོས་མཆོག །འཛམ་གླིང་མཁས་པའི་གཙུག་རྒྱན་སློབ་དཔོན་དབྱིག་གཉེན། དཔལ་ལྡན་བློ་གྲོས་འབྱུང་གནས་ལ་སོགས་པ་སློབ་དཔོན་ཡོན་ཏན་འོད་ཀྱི་སྔོན་དུ་བྱོན་ཟིན་པར་གསུངས་ལ། སློབ་དཔོན་ཡོན་ཏན་འོད་དབྱིག་གཉེན་གྱི་དངོས་སློབ་ཡིན་ན་དུས་རབས་བཞི་པ་དང་ལྔ་པའི་ནང་དུ་བྱོན་དགོས་ཤིང་། རྒྱ་གར་ཆོས་འབྱུང་ནང་ཡོན་ཏན་འོད་ནི་རྒྱ་གར་གྱི་རྒྱལ་པོ་ཤྲཱི་ཧར་ཤ་སྟེ་ཚུལ་ཁྲིམས་ཉི་མའི་དབུ་བླ་ཡིན་པར་གསལ་ཡོད་པར་མ་ཟད། རྒྱལ་པོ་ཤྲཱི་ཧར་ཤ་ནི་དུས་རབས་དྲུག་པའི་དུས་མཇུག་ཏུ་སྐུ་འཁྲུངས་ཤིང་ (590-648) འདས་པ་དང་། ཐང་སན་བླ་མ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད། རྒྱལ་པོའི་ཤྲཱི་ཧར་ཤའི་དབུ་བླ་ཡིན་ན་དུས་རབས་དྲུག་པའི་དུས་མཇུག་ཏུ་ཡིན་དགོས་ལ། ཐང་སན་གྱི་སྐུ་དུས་སུ་བཞུགས་དགོས་པ་ལྟར་སྣང་ཡང་། ཐང་སན་ (603-664) ལམ་ཡིག་ལས[4]། རི་དེའི་ནུབ་བྱང་དུ་རྒྱང་གྲགས་སུམ་ཅུ་ཙམ་ན་གཙུག་ལག་ཁང་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་འདུས་པ་ཐེག་ཆེན་ཤ་སྟག་སྟེ། གུ་ཎ་མ་ཏི་སྟེ་ (སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མ།) སློབ་དཔོན་བློ་གྲོས་ཀྱིས་མུ་སྟེགས་པ་བཏུལ་བའི་གནས་སོ། །དེར་ཕྱིས་སུ་རིམ་པར་དགེ་འདུན་འཕེལ་མུ་སྟེགས་པ་བར་མ་ཆད་པར་ནང་པར་བསྒྱུར་ཏེ་འདུས་པས་ལྗོངས་སུ་གྱུར། དེའི་གཡས་ལོགས་ན་ཡོན་ཏན་འོད་རང་གིས་བཞེངས་པའི་གཙུག་ལག་ཁང་ཞིག་ཡོད། ཅེས་ཐང་སན་བླ་མ་རྒྱ་གར་དུ་བྱོན་སྐབས་ཡོན་ཏན་འོད་ཅེས་པ་མེད་པ་དང་། ཡོན་ཏན་འོད་ཀྱིས་བཞེངས་པའི་གཙུག་ལག་ཁང་ངམ་ཡོན་ཏན་འོད་རབ་ཏུ་བྱུང་བའི་ས་གནས་ཏེ། སློབ་དཔོན་ཡོན་ཏན་འོད་ཀྱི་བསྟན་བཅོས་ཡང་དག་པའི་རྣམ་དབྱེ་མཛད་ས་བཅས་ལ་གནས་གཟིགས་ཏུ་ཕེབས་པ་ལྟར་སྔོན་གྱི་སློབ་དཔོན་གྷུ་ན་པྲ་བྷའམ་སློབ་དཔོན་ཡོན་ཏན་འོད་ཅེས་གསལ་བ་ལྟར་སྐབས་ཐོག་དེར་སྐུ་འཚོ་བཞུགས་མིན་པར་དེ་སྔོན་ནས་བྱོན་ཟིན་པ་གསལ་ཡོད་ཅིང་། ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[5]། གྲོང་ཁྱེར་གྱི་མཐར་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པ་ནི། ཚད་མ་མཁན་པོ་ཛི་ན་སུ་ཏྲ་སྟེ་རྒྱལ་བའི་བུ་ཞེས་བྱ་བས་ས་སྡེའི་འགྲེལ་པ་མཛད་པའི་གནས་དང་། ཚད་མ་ལ་མཁས་པ་བཟང་འོད་དང་། ཡོན་ཏན་འོད་རབ་ཏུ་བྱུང་བའི་གནས་ཡིན། ཞེས་གསལ་ལོ།།

དེར་བརྟེན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། སློབ་དཔོན་འདི་ཉིད་རྒྱལ་པོ་ཧར་ཤའི་མཆོད་གནས་གཙོ་བོ་ཞིག་ཡིན་གསུངས་པས། རྒྱལ་པོ་ཤྲཱི་ཧར་ཤ་སྟེ་ཚུལ་ཁྲིམས་ཉི་མ་ཞུ་བ་འདི་ཉིད་ཐང་སན་ཙང་རྒྱ་གར་འཕགས་ཡུལ་དུ་སླེབས་སྐབས་ཀྱི་རྒྱ་གར་གྱི་ཡུལ་ལུང་དུ་མ་དབང་དུ་བསྡུས་པའི་རྒྱལ་པོ་སྙན་གྲགས་ཅན་ཞིག་ཡིན་པར་མ་ཟད། ཕྱི་ལོ་ ༥༩༠ ལོར་རྒྱལ་པོ་ཤྲཱི་ཧར་ཤ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༦༠༦ ལོར་སྲིད་དབང་བཟུང་། ཕྱི་ལོ་ ༦༤༨ ལོར་འདས་པར་བརྟེན་སློབ་དཔོན་ཡོན་ཏན་འོད་དུས་སྐབས་འདིའི་སྐབས་སུ་བྱོན་པར་ཁ་ཚོན་བཅད་ཆོག་པར་སེམས། རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[7]། བརྒྱ་ཕྲག་ལྔ་པའི་སྨད་ཙམ་ནས་བྱོན་ཏེ་དགུང་ལོ་རིང་དུ་བཞུགས་པ་ནི་སྣང་ངོ༌། ། (A.D 6) ཞེས་ཀྱང་བྱུང་ངོ་།།

དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[8]ཀྱང་། ས་བྱ། ཕྱི་ལོ་ ༥༨༩ ཀླུ་ཀུན་ཏུ་དགའ་བའི་ཟློས་གར་རྩོམ་མཁན་རྒྱལ་པོ་ཚུལ་ཁྲིམས་ཉི་མའམ་དཔལ་དགའ་བའི་ལྷའམ་ཤྲཱི་ཧརྵ་དེ་བ་འཁྲུངས། དགུང་ལོ་ ༥༩ བཞུགས། སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་རིང་ངོ་འདི་ན་ཡོད་དེ། རྒྱལ་པོ་ཤྲཱི་ཧརྵ་ནི་ཡོན་ཏན་འོད་ཀྱི་སྦྱིན་བདག་ཡིན་པར་གཙུག་ཕྲེང་ན་བཤད་ཡོད། ཏཱ་ར་ནཱ་ཐས་རྒྱལ་པོ་ཤྲཱི་ཧརྵ་དབྱིག་གཉེན་གྱི་སྐུ་ཚེ་སྨད་དང་། ཡོན་ཏན་འོད་ཀྱི་སྐུ་ཚེའི་སྨད་ཧརྵའི་བུ་རྒྱལ་པོ་ངང་ཚུལ་གྱི་དུས་ཡིན། ཞེས་བཤད་དེ་དེ་ལྟར་ན་གོང་བཀོད་ལྟར་དབྱིག་གཉེན་ཐོ་ཐོ་རི་དང་དུས་མཉམ་པར་ཏཱ་ར་བས་བཤད་པ་ལ་དཔྱད་རྒྱུ་ཡོད་དོ། །རྗེ་ཙོང་ཁ་པས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོར། རྒྱ་ནག་དགོངས་འགྲེལ་གྱི་ལུང་དྲངས་པའི་ནང་ན་སློབ་དཔོན་ཧྱན་ཙང་ཞེས་པ་ནི་ཞོན་ཙང་གི་རྒྱ་ཡིག་དང་གནད་གཅིག་གོ །ཞེས་ཀྱང་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༤ བར།

[2]  རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༥༧༩

[3]  བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཟུ༽ དེབ་ཨང་ ༨༩ པ། ཤོག་གྲངས་ ༡༤༤༢

[4]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༥

[5]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༧༤

[6]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧

[7]  རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༤༣༢

[8]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༠༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༧ ནས་ ༢༤༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *